༈ བསྟན་པའི་གསལ་བྱེད་མཚུངས་མེད་སེར་ཤུལ་ཁྲི་ཟུར་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་ལ་བསྔགས་པའི་རབ་ཏུ་བྱེད་པ་དད་གསུམ་པདྨ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།།

༄༅།།  ཨོཾསྭསྟི། ཀུན་ཁྱབ་ཀུན་བྱེད་སྤྲོས་བྲལ་གཉུག་མའི་གཤིས།། ཤེས་དང་ཤེས་བྱའི་སྒྱུ་འཕྲུལ་རབ་འབྱམས་སྤྲིན།། རྣམ་མང་རྣམ་པར་སྤྲོ་དང་བསྡུ་བའི་མགོན།། རིགས་ཀུན་རིགས་ཀྱི་བདག་པོས་ཤིས་པ་སྩོལ།།  ཐུབ༵་བསྟན༵་བཤད་སྒྲུབ་བྱ་བས་ལེགས་འཛིན་པའི།། སྙ༵ན་གྲགས༵་ས་གསུམ་ཁྱོན་ལས་ཡོངས་བརྒལ་ཞིང་།། ཆོས༵་ཀྱི༵་ཡང་སྙིང་ཟབ་གསང་ཡིད་བཞིན་ནོར།། རྒྱ༵ལ་མཚ༵ན་རྩེར་མཆོད་འགྲོ་ལ་ཕན་བདེ་སྦྱིན།།  གང་གི་འཕྲིན་ལས་བསམ་མི་ཁྱབ་པའི་རླབས།། མཐའ་ཡས་འགྲོ་ཁམས་རྒྱ་མཚོའི་རྗེས་གཡོ་བ།། བརྗོད་ལ་འཕགས་ཆེན་ཚོགས་ཀྱང་ངལ་གྱུར་ན།། ཚུ་རོལ་མཐོང་བ་བདག་ལྟས་ཇི་ལྟར་གླེང་།།  འོན་ཏང་ཐུན་མོང་འགྲོ་བའི་སྤྱོད་ཡུལ་དུ།། གསལ་བའི་མཛད་པའི་ཆ་ཤས་ཉུང་ཟད་ཙམ།། དྭང་བས་བརྗོད་པའང་སྐལ་བ་བཟང་སྙམ་དུ།། སྨྲ་བའི་འབབ་སྟེགས་དོན་ལྡན་སྒྲུབ་ལ་གཞོལ།།  འགྲོ་བའི་གདུང་སེལ་རྒྱལ་བའི་བསྟན་པ་ཡིས།། མ་ཁྱབ་པའམ་ཉམས་པའི་ཕྱོགས་གང་དེར།། བརྩེ་ཆེན་སྙིང་རྗེས་བསྐྱོད་པའི་སྙིང་སྟོབས་ཀྱིས།། གསལ་བའི་སྨོན་ལམ་རྒྱལ་སྲས་སྨོན་པའི་མཆོག།  དེ་ལྟའི་རྣམ་དག་སྨོན་པའི་མཐུ་སྨིན་པས།། གངས་ལྗོངས་རྒྱལ་བསྟན་རི་དབང་དུས་ཀྱིས་མཚོར།། བྱིང་ཚེ་བཤད་སྒྲུབ་ལུས་སྟོབས་ཀྱིས་བཏེག་པའི།། ཁྱབ་འཇུག་རུས་སྦལ་གཟུགས་ཀྱི་རྣམ་ཐར་བརྗིད།།  རླབས་ཆེན་འཕྲིན་ལས་འོད་རླབས་འབར་བའི་གཟིས།། དུས་ཀྱི་རྒུད་པའི་སྨག་རུམ་གཞིལ་དང་ལྷན།། སྙིགས་འགྲོའི་བདེ་སྐྱིད་པད་ཚལ་འབུམ་བཞད་པའི།། གྲགས་པའི་དབྱངས་སྙན་ཕྱོགས་ཀྱི་བུ་མོས་སྒྲོགས།།  དམ་པའི་ཡང་སྤྲུལ་ཧ་རི་ཙན་དན་ལྗོན།། ན་ཚོད་ཡལ་འདབ་ཁོ་ལག་མ་རྫོགས་ཀྱང་།། ངོ་མཚར་ཡོན་ཏན་དྲི་བསུང་འགོག་མེད་དུ།། སྐལ་ལྡན་གདུལ་བྱའི་དྲི་འཛིན་སེམས་པར་བྱས།།  གཞོན་ནུའི་དུས་ནས་མཚན་ལྡན་བཤེས་བསྟེན་ཏེ།། བསྟན་ལ་འཇུག་པའི་གོ་རིམ་མ་འཆོལ་བར།། ཚངས་སྤྱོད་བསླབ་པའི་ནོར་འཛིན་བརྟན་པའི་གཞིར།། གསན་བསམ་སྒོམ་པའི་སོ་ནམ་སྒྲུབ་ལ་གཞོལ།།  ཚུལ་གནས་ཐོས་བསམ་སྒོམ་པའི་ཡར་ངོའི་འགྲོས།། མཁས་བཙུན་བཟང་པོའི་ཆ་ཤས་ཡོངས་རྫོགས་ཤིང་།། འཆད་རྩོད་རྩོམ་པའི་འོད་དཀར་འབུམ་འགྱེད་པའི།། སྔོན་མེད་ཟླ་བ་སྐྱེ་རྒུ་ཀུན་དའི་གཉེན།།  བརྟན་མཁས་འདུལ་འཛིན་ངང་པའི་ཁྱུ་ཚོགས་ཀྱིས།། ཡོངས་མཛེས་ཐེག་ཆེན་དར་རྒྱས་འདུས་སྡེའི་མཚོ།། བདེན་གཉིས་གཤོག་འདབ་ཡངས་པའི་ངང་པའི་རྒྱལ།། གང་གིས་ཉེར་བཟུང་བཤད་སྒྲུབ་རླབས་ཕྲེང་འཕྱུར།།  སྔོན་བྱོན་དུས་གསུམ་གཟིགས་པའི་སྐྱེས་བུ་ཡིས།། བྱང་ཆུབ་ཕྱོགས་ཆོས་གྲངས་ཀྱི་གདན་རབས་སུ།། ལུང་རྟོགས་དཔལ་གྱིས་ཕྱུག་པའི་འདུལ་འཛིན་ཞིག། བྱོན་པའི་ལུང་དོན་ཀུན་ལ་གསལ་བར་མཛད།།  སྐྱེ་རྒུའི་བསོད་ནམས་ཞིང་མཆོག་ཏུ།། བྱིན་རླབས་འབར་བའི་རྟེན་གསུམ་དང་།། ཉམས་དགའི་གཙུག་ལག་ཁང་ཆེན་དག། བསིལ་ལྡན་འཛིན་མའི་རྒྱན་དུ་བསྐྲུན།།  ནད་པ་དབུལ་འཕོངས་མགོན་མེད་དང་།། རྐྱེན་ངན་གྱིས་གཙེས་དུཿཁ་ཡིས།། མནར་བ་རྣམས་ལ་བརྩེ་སེམས་ཀྱིས།། སྦྱིན་པ་རྣམ་བཞིས་དབུགས་དབྱུང་མཛད།།  སྣ་ཚོགས་ཤེས་བྱའི་སྐྱིད་ཚལ་དུ།། གནའ་དེང་རིག་གཞུང་པདྨའི་ཚོགས།། ཡོངས་བཞད་ཤེས་ཡོན་སྦྲང་རྩི་ཡིས།། བློ་གསལ་བུང་བ་ཚིམས་པར་མཛད།།  རབ་ཡངས་ས་ཡི་གོ་ལ་འདིའི།། ཤར་ནུབ་ཡུལ་གྲུ་རྣམ་མང་དུ།། གང་གི་ཞབས་སེན་འཁོར་ལོ་ཡིས།། ལེགས་ཚོགས་འབུམ་གྱི་རི་མོ་བཀོད།།  རྒྱལ་བའི་ཆོ་འཕྲུལ་རྗེས་དྲན་དུ།། རིས་མེད་གངས་རྒྱན་སྨོན་ལམ་ཆེ།། འཇམ་མགོན་རྒྱལ་བ་གཉིས་པ་ཡི།། མཛད་བཟང་སླར་གསོའི་གསོས་སུ་བསྒྲུབས།།  ནང་བསྟན་སློབ་གླིང་ཉམས་དགའ་བར།། བློ་གསལ་ལུང་རིགས་སྨྲ་བའི་ཚོགས།། ཟབ་རྒྱས་གཞུང་ལུགས་རྒྱ་མཚོ་ཆེར།། ཅི་དགར་རྩེན་པའི་མཐུན་རྐྱེན་བསྐྲུན།།  ཕྱོགས་གླང་གྲགས་པའི་གཞུང་ལུགས་ལ།། རྣམ་པར་དཔྱོད་སླད་དགུན་ཆོས་དང་།། མཁས་རྣམས་ཐུབ་གསུང་ཟབ་རྒྱས་ཆོས།། བགྲོ་བའི་འདུན་ས་ཡངས་པར་ཕྱེ།། དེ་ལྟར་ཆོས་སྤྱོད་ལྔ་ཕྲག་ཟུང་།། རྫས་ལས་བྱུང་བའི་བསོད་ནམས་གཞི།། འཁོར་ལོ་གསུམ་གྱི་བྱ་བ་སོགས།། རྣམ་དཀར་མཛད་བཟང་གྲངས་ལས་འདས།།  ཕྱག་ན་པདྨོ་ངུར་སྨྲིག་འཛིན་པ་དང་།། བདེ་ལྡན་མགོན་པོ་མི་ཡི་གཟུགས་འཆང་བས།། བསྟན་པའི་མེ་རོ་གསོ་བའི་དེད་དཔོན་དུ།། བསྔགས་པའི་དབུགས་དབྱུང་ཁྱོད་ཀྱིས་བདག་གིར་མཛད།།  ཆེར་སྙིགས་དུས་ཀྱི་རྒུད་ཚོགས་རྣམ་པར་བདོ་བའི་སྨག་རུམ་མུན་པའི་ཀློང་།། རྣམ་འདྲེན་སྣང་བྱེད་ཉི་མས་ཡོངས་བཏང་ལུས་མེད་དཔུང་ཚོགས་ཅི་དགར་རྒྱུ།། རྣམ་གྲོལ་འདུན་ཅན་མཐའ་དག་འཇིགས་དང་རྨོངས་པས་འགྲོ་བར་འཕྱན་པ་ན།། རབ་གསལ་ཟླ་སྣང་གསར་པ་ཁྱོད་ནི་འགྲན་མེད་ངོ་མཚར་དངོས་བྱུང་ཉིད།།  ཐུ༵བ་བསྟ༵ན་བསིལ་ལྡན་ལྗོངས་སུ་སླར་གསོ་བའི།། སྙ༵ན་གྲ༵གས་བསྔགས་པའི་མེ་ཏོག་འཛིན་པ་གང་།། ཆོ༵ས་ཀྱི༵་ཞིང་སར་ཆོས་ཚུལ་སྤེལ་བའི་སླད།། རྒྱ༵ལ་མཚ༵ན་བཞིན་དུ་ཞབས་པད་བརྟན་པར་སྨོན།།  ངོ་མཚར་བརྗོད་བྲལ་བརྗོད་པའི་བྱ་བའི་ཁུར།། ཀུན་རྨོངས་བློ་དམན་བློ་ཡི་ཡུལ་མིན་ཡང་།། ནན་གྱིས་བསྐུལ་བའི་བསྐུལ་ངོ་མ་བཟློག་པར།། དྭང་བའི་ཡིད་ཀྱིས་ཡིད་ལ་གང་ཤར་སྨྲས།།  འདི་ལས་ཐོབ་པའི་རྣམ་དཀར་དལ་འབབ་རྒྱུན།། འགྲོ་བའི་སྡུག་ཀུན་དྲི་མ་འཁྲུད་དང་ལྷན།། འཕྲལ་ཡུན་ཕན་བདེའི་ལོ་ཏོག་སྤེལ་བཞིན་དུ།། བླ་མེད་བྱང་ཆེན་རྒྱ་མཚོར་གཞོལ་བར་སྨོན།། ཞེས་པ་འདིའང་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་མཁན་ལས་ལྷན་རྒྱས་ནས་ལྷ་གོས་རྟེན་བཅས་སྐུལ་མ་མཛད་པ་བཞིན། བོད་ཆེན་པོའི་རྒྱུད་དུ་སྐྱེས་པའི་བཙུན་གཟུགས་གདོང་དྲུག་སྙེམས་པའི་ལང་ཚོར་འབོད་པས་དྭང་བས་སྦྱར་བའོ།། ཇཡ་ཇགཏ།། །།