༈ བདེན་གཉིས་ཀྱི་རྣམ་གཞག་སྐོར།

༄༅།། དེ་རིང་གི་བརྗོད་གཞི་ནི་བདེན་གཉིས་ཀྱི་རྣམ་གཞག་དེ་རེད། བདེན་གཉིས་ཀྱི་རྣམ་གཞག་ནི་གཅིག་བྱས་ན་རྒྱ་ཆེན་པོ་རེད། གཅིག་བྱས་ན་རྒྱ་ཆུང་ཆུང་རེད། གང་ལྟར་བདེན་པ་གཉིས་ཀྱི་རྣམ་གཞག་བཤད་པའི་དགོས་པ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཚང་མས་ཤེས་དགོས། དེང་སང་ནང་པ་ཚང་མས་བདེན་པ་གཉིས་ཀྱི་རྣམ་གཞག་ཅིག་བཤད་མུས་རེད། སྤྱིར་བཏང་བདེན་པ་གཉིས་ཀྱི་རྣམ་གཞག་བཤད་རྒྱུ་དེ་ནང་པའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ཡིན་པ་མ་ཟད། ཐེག་ཆེན་གྱི་ཆོས་སྐད་ཅིག་མིན་འགྲོ་བསམ་གྱི་འདུག ནང་པའི་བསྟན་པ་འཇིག་རྟེན་དུ་མ་བྱུང་གོང་དུ་གྲུབ་མཐའ་སྨྲ་བ་གཞན་དག་དེ་ཚོས་བདེན་པ་གཉིས་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བཏང་ཨེ་ཡོད་སྙམ། སྤྱིར་བདེན་པ་དང་། འཁོར་བ། ཐར་པ། སྒོམ། བསམ་གཏན་ལ་སོགས་པའི་ཐ་སྙད་ནི་ཚིག་རྙིང་པ་རེད། དེ་དག་ནང་པའི་བསྟན་པ་འཇིག་རྟེན་དུ་མ་བྱུང་བའི་གོང་ནས་བེད་སྤྱོད་བྱེད་ཀྱི་ཡོད། དེ་ཚོ་ནང་པའི་བསྟན་པའི་ནང་བླངས་ཏེ་གོ་བ་རྒྱག་སྟངས་མི་འདྲ་བ་བཤད་པ་རེད། སྤྱིར་བཏང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྔོན་མ་ནས་ཡོད་མུས་རེད། འོན་ཀྱང་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ཞེས་བདེན་པ་རིམ་པ་གཉིས་འཇོག་པའི་བསམ་ཚུལ་དེ་ནང་པ་ནས་བྱུང་བ་ཡིན་ཤས་ཆེ། རྗེས་སུ་རིག་བྱེད་མཐའ་པ་དེ་ཚོས་ཐ་སྙད་དང་དོན་དམ་གྱི་ཁྱད་པར་ཕྱེ་བ་རྣམས་ནང་པ་ནས་དཔེ་བླངས་པ་མིན་ནམ་སྙམ། ཐེག་ཆེན་གྱི་མདོའི་ནང་བདེན་གཉིས་ཀྱི་རྣམ་གཞག་ཧ་ཅང་རྒྱས་པར་གསུངས་པ་དང་། བདེན་གཉིས་ཀྱི་ཚིག་དེ་ཧ་ཅང་མང་པོ་བེད་སྤྱོད་བཏང་བ་རེད། ཐེག་དམན་གྱི་མདོའི་ནང་བདེན་གཉིས་ཀྱི་རྣམ་གཞག་གསུངས་པ་དེ་ཉུང་ཉུང་མིན་འགྲོ  འོན་ཀྱང་ཐེག་དམན་གྱི་བསྟན་བཅོས་ནང་བདེན་གཉིས་ཀྱི་རྣམ་གཞག་མང་པོ་ཡོང་། ཡིན་ནའང་ཐེག་དམན་གྱི་བསྟན་བཅོས་ནང་ཡོད་པའི་བརྡ་ཆད་དེ་དག་ཐེག་དམན་གྱི་མདོའི་ནང་ཡོད་པའི་ཁྱབ་པའང་མེད། རིམ་པས་ཐེག་ཆེན་དང་མཉམ་དུ་འབྲེལ་བ་བྱུང་ནས་ཐེག་ཆེན་གྱི་བསམ་ཚུལ་དང་བརྡ་ཆད་མང་པོ་ཐེག་དམན་གྱི་བསྟན་བཅོས་ནང་སླེབས་པའང་ཡོད། དེས་ན་ཐེག་དམན་གྱི་མདོ་གསུངས་པའི་སྐབས་སུ་བདེན་པ་གཉིས་ཀྱི་རྣམ་དབྱེ་ཕྱེ་ནས་གསུངས་ཡོད་མིན་ཤེས་ཀྱི་མི་འདུག  ཕལ་ཆེར་གསུངས་ཡོད་པ་གཞིར་བཞག་བྱེད་རྒྱུ་ཡིན།

བདེན་པ་གཉིས་ཀྱི་རྣམ་གཞག་མཛད་དགོས་པ་དེ་གང་རེད་ཅེ་ན། གལ་ཏེ་སངས་རྒྱས་ཀྱིས་བདེན་པ་གཉིས་ཀྱི་རྣམ་གཞག་མཛད་མེད་ན་བདེན་པ་ལ་དཀྲི་བའི་ལམ་གྱི་རིམ་པ་དེ་ཡག་པོ་འཇོག་མི་ཐུབ། དོན་དམ་བདེན་པ་དེ་ཚུ་རོལ་མཐོང་བའི་ལས་དང་པོ་བའི་སྐྱེ་བོས་ལམ་སེང་མཐོང་མི་ཐུབ་ཅིང་། ཐ་སྙད་ཀུན་རྫོབ་ཀྱི་ཆོས་དེ་དག་ལ་བདེན་པ་བཞག་ཆོག་པའི་རྣམ་གཞག་ཅིག་མེད་ན། བདེན་པ་ལ་དཀྲི་བའི་ལམ་གྱི་རིམ་པ་དེ་དཀའ་བར་གྱུར་པར་བརྟེན། ཚང་མའི་མདུན་ལ་མཐོང་རྒྱུ་ཡོད་པའི་ཐ་སྙད་པའི་བདེན་པའམ་ཀུན་རྫོབ་བདེན་པ་འཇོག་པ་དེ་བདེན་པ་ཙམ་པོ་བ་ལྟ་བུ་དང་། དེ་ནས་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཟིགས་པའི་བདེན་པ་ངོ་མ་བཅས་རྣམ་གཞག་གཉིས་མཛད་པ་དེ་སངས་རྒྱས་ཀྱི་ཐབས་ལ་མཁས་པའི་ཁྱད་ཆོས་བླ་མེད་ཅིག་རེད། དབུ་མ་རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།། བདེན་པ་གཉིས་ལ་ཡང་དག་བརྟེན།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་།། དམ་པའི་དོན་གྱི་བདེན་པ་འོ།། ཞེས་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་སྟངས་ལ་གཞིག་ན་ངེས་པར་དུ་བདེན་པ་གཉིས་ཀྱི་རྣམ་གཞག་དེ་ཐབས་ལ་མཁས་པའི་ཚུལ་ཆེན་པོ་ཞིག་ཡིན་པ་དེ་མངོན་ཐུབ། ནང་པའི་བསྟན་པའི་རྗེས་སུ་བྱུང་བའི་དུས་ཕྱིས་ཀྱི་གྲུབ་མཐའ་སྨྲ་བ་གསར་པ་མང་ཆེ་བས་ཀུན་རྫོབ་དང་དོན་དམ་གྱི་ཐ་སྙད་དེ་མ་བླངས་ནའང་དེ་དང་མཚུངས་པའི་བདེན་པ་གཉིས་ཀྱི་རྣམ་གཞག་དེ་བཤད་ཀྱི་ཡོད། འོན་ཀྱང་ཀྲྀཥྞམཱུརྟིས་ (Jiddu Krishnamurti) ཀུན་རྫོབ་བདེན་པའི་རྣམ་གཞག་ཁས་མི་ལེན་པ་མ་ཟད། ཀུན་རྫོབ་ལ་བདེན་པའི་ཐ་སྙད་མི་སྦྱར་ཞིང་། བདེན་པ་ཡིན་ན་ཀུན་རྫོབ་རྒྱུ་མེད་པ་དང་། ཀུན་རྫོབ་ཚར་ན་བདེན་པ་མིན། དེས་ན་བདེན་པ་གཅིག་པུ་དེ་སོ་སོ་རང་རིག་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་མ་གཏོགས། སྒྲ་རྟོག་གིས་གཟུང་དུ་མེད་པ་དང་། བརྗོད་དུ་མེད་པ། བླ་མས་སློབ་མ་ལ་བསྟན་དུ་མེད་པ་སོགས་ཀྱི་རྣམ་གཞག་བཤད་རུང་། དེ་ལ་དོན་དམ་ཞེས་མ་བརྗོད་པ་མ་གཏོགས། ནང་པའི་དོན་དམ་བདེན་པ་འཇོག་ཚུལ་དང་ཧ་ཅང་ཐག་ཉེ་པོ་ཡོད། དེས་ན་ཁོང་གིས་ཀུན་རྫོབ་ལ་བདེན་པ་མེད་ཅེས་བརྗོད་པ་མ་གཏོགས། ཐ་སྙད་ཀྱི་དངོས་པོ་ཞིག་ཡོད་པ་དང་། དེ་ནི་དོན་དམ་པའི་བདེན་པ་མ་ཡིན་པ་ཞིག་ཁས་ལེན་གྱི་ཡོད།

གྲུབ་མཐའ་ཞེས་པ་ཚང་མ་གང་ནས་ཡོང་གི་ཡོད་ཅེ་ན། དངོས་པོའི་གནས་ལུགས་དེ་ང་ཚོས་མཐོང་བ་བཞིན་ཡོད་དམ། ཡང་ན་ང་ཚོས་མཐོང་བ་ལས་མི་འདྲ་བ་ཞིག་འདུག དེའི་ཐོག་བརྟག་དཔྱད་བྱེད་པའི་སྐབས་སུ་སོ་སོའི་རིགས་པ་ཆེ་ཆུང་གིས་གྲུབ་དོན་རྙེད་སྟངས་མི་འདྲ་བ་སྣ་ཚོགས་བྱུང་བའི་དབང་གིས་ཕྱི་ནང་གི་གྲུབ་མཐའ་རྣམས་བྱུང་བ་རེད། དེས་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་འཇོག་སྟངས་ཇི་ལྟར་ཡིན་ཞེ་ན། གཞི་བུམ་པ་ལྟ་བུ་གཅིག་ལ་བལྟས་པའི་སྐབས་སུ་ང་ཚོས་ཇི་ལྟར་མཐོང་བ་བཞིན་བུམ་པའི་དོན་གྱི་གནས་སྟངས་དེ་དེ་རང་རེད་དམ། ཡང་ན་གཞན་ཞིག་རེད་ཅེས་པའི་བརྟག་དཔྱད་བྱེད་རྒྱུ་དེ་གྲུབ་མཐའི་དཔྱད་པ་བྱེད་སྟངས་རེད། དེ་ལྟར་བརྟག་དཔྱད་བྱེད་པའི་སྐབས་སུ་ང་ཚོས་བལྟས་པ་བཞིན་དོན་ལའང་དེ་རང་ཡིན་པར་སྣང་བ་དེ་གྲུབ་མཐའ་ལ་བློ་ཁ་མ་ཕྱོགས་པ་དང་། ཡིན་ནའང་རིགས་པ་ལ་བློ་ཁ་ཕྱོགས་ནས་བརྟག་དཔྱད་བྱེད་པའི་སྐབས་སུ་ང་ཚོའི་མཐོང་ཚུལ་དེ་དང་དོན་གྱི་གནས་ཚུལ་གཉིས་པོ་མི་འདྲ་བ་ཡོང་དུས་གཞི་ནས་རྙོག་དྲྭ་ཡོང་གི་ཡོད། གཅིག་བྱས་དུས་བུམ་པ་མེད་ཅེས་ལབ་དགོས་པ་དང་། ཡང་གཅིག་བྱས་དུས་བུམ་པ་དེ་གང་ལའང་མ་ལྟོས་པར་ཡོད་ཅེས་ལབ་དགོས་པ་ལྟ་བུ་ང་ཚོའི་མཐོང་ཚུལ་དང་དོན་གྱི་གནས་ཚུལ་གཉིས་མཐུན་ན་དེ་གས་འགྲིགས་པ་དང་། མི་མཐུན་ན་འཇོག་སྟངས་ཐོག་ནས་རྣམ་གཞག་སྣ་ཚོགས་ཤིག་བྱེད་དགོས་པ་ཆགས་ཀྱི་ཡོད། དེས་ན་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་བཞག་དགོས་པར་གྱུར།

གོ་དོན་རགས་པ་ཙམ་གཙོ་བོར་བྱས་ནས་བཤད་ན། ད་ལྟ་ང་ཚོའི་ཐ་སྙད་པའི་བློའམ་འཆར་ཅན་བསམ་བློ་གཏོང་བའི་བློ་དེ་ནི་མཐར་ཐུག་པའི་བློ་མིན། དེ་ནི་སྒྲིབ་པ་དང་བཅས་པའི་བློ་རེད། དཔེར་ན་མིག་ཤེལ་ནག་པོ་གྱོན་ནས་ལྟ་བའི་ཤེས་པ་སྤྱིར་བཏང་བ་དང་། མིག་ཤེལ་ནག་པོ་མེད་ནས་ལྟ་བའི་ཤེས་པ་སྤྱིར་བཏང་བ་གཉིས་མི་འདྲ་བ་རེད། དེས་ན་མིག་ཤེལ་ནག་པོ་གྱོན་པའི་སྐབས་སུ་གཟུགས་མི་མཐོང་ཞེས་བརྗོད་མི་ཤེས། སྐབས་དེར་གཟུགས་ཆ་ཚང་མཐོང་ཡང་། ནག་ཤས་ཅན་ཞིག་མཐོང་། དེས་ན་ང་ཚོས་མཐོང་བ་དེ་དང་ཕྱི་རོལ་ཏུ་ཡོད་པའི་གཟུགས་གཉིས་གཅིག་པ་གཅིག་རྐྱང་རེད་དམ་ཞེ་ན། དེ་ནི་གཅིག་པ་གཅིག་རྐྱང་མིན། མིག་ཤེལ་ནག་པོ་གྱོན་མཁན་གྱིས་དོན་ལ་ཡོད་པ་བཞིན་མིན་པར་ཁ་དོག་འགྱུར་ནས་མཐོང་བ་རེད། ཐ་མལ་པའི་ཤེས་པས་གང་ཡུལ་དུ་བྱེད་ནའང་སྒྲིབ་བྱེད་ཀྱི་རྐྱེན་ཞིག་ཡོད་པ་མ་གཏོགས། དེ་མེད་པར་ལྟ་ཐུབ་པའི་ཐབས་ཤེས་མེད། དེས་ན་ང་ཚོས་མཐོང་བ་དང་ཡུལ་གྱི་གནས་ཚུལ་གཉིས་གཅིག་པ་མེད། སྐྱེ་བ་ཐོག་མ་མེད་པ་ནས་མཉམ་དུ་ཡོང་བའི་མ་རིག་བག་ཆགས་ཀྱི་སྒྲིབ་པ་དེ་ཤེས་པའི་མཉམ་དུ་ཡོད་པར་བརྟེན། བློས་ཇི་ལྟར་མཐོང་བ་བཞིན་དོན་ལ་མེད་པ་དེ་གཏན་འཁེལ་བ་རེད། དངོས་པོ་ལ་སྒྲིབ་བྱེད་ཕལ་པ་ཞིག་བྱུང་ནའང་དབང་པོའི་ཤེས་པའི་མཐོང་ཚུལ་དེ་འགྱུར་ན། ཐོག་མེད་ནས་བསགས་པའི་མ་རིག་བག་ཆགས་ཀྱིས་ཤེས་པ་བསླད་ཡོང་དུས་མཐོང་ཚུལ་འགྱུར་བ་བཤད་མི་དགོས་པ་རེད། དཔེར་ན་མིག་ཤེལ་གྱོན་ནས་མཐོང་བའི་གཟུགས་དེ་ཁྱོན་ནས་མེད་ཅེས་བཤད་མི་ཐུབ། གལ་ཏེ་གཟུགས་དེ་དེ་ལྟ་བུ་མེད་ནའང་མཐོང་རྒྱུའི་གཟུགས་ཤིག་ཡོད་པ་མ་གཏོགས། གསར་པ་ཞིག་མཐོང་བ་མིན། གང་ལྟར་གཞི་གཅིག་ཡོད་པ་ལ་མཐོང་ཚུལ་མི་འདྲ་བ་རེད། དེ་ནི་རྗེས་སུ་སྒྲིབ་པ་དང་བྲལ་བའི་སྐབས་སུ་གཞན་ཞིག་མཐོང་རྒྱུ་རེད། དེས་ན་བདེན་པ་མ་བཞག་ཐབས་མེད་རེད། སྤྱིེར་འཇིག་རྟེན་པའི་ཤེས་པ་ཕལ་པ་ལ་སྣང་བའི་དངོས་པོ་དེ་རྫུན་པ་དང། འཕགས་པའི་མཉམ་གཞག་ཡེ་ཤེས་ལ་སྣང་བའི་དངོས་པོ་དེ་བདེན་པ་ཡིན་རུང་། འདིར་བདེན་པ་མིན་པ་ལ་བདེན་པ་འཇོག་དགོས་པ་དེ་གང་རེད་ཅེ་ན། དེ་ནི་ཁྱོན་ནས་མེད་ཅེས་བརྗོད་མི་ཐུབ་པ་རེད། ད་ལྟའི་ང་ཚོས་མཐོང་བའི་བུམ་པ་དེ་སངས་རྒྱས་འཕགས་པའི་རྣམ་མཁྱེན་གྱིས་གཟིགས་ཀྱི་རེད་དམ་ཞེ་ན། དེ་ནི་གཟིགས་ཀྱི་རེད། གལ་ཏེ་དེ་མ་གཟིགས་ན་བུམ་པ་མེད་པར་ཐལ་བ་རེད། སངས་རྒྱས་འཕགས་པའི་རྣམ་མཁྱེན་གྱིས་བུམ་པ་གཟིགས་ཚུལ་དེ་ད་ལྟ་ང་ཚོའི་བུམ་འཛིན་རྟོག་པས་བུམ་པ་མཐོང་ཚུལ་དང་གཅིག་པ་རེད་དམ་ཞེ་ན། དེ་ནི་རྦད་དེ་ཐ་དད་རེད། སངས་རྒྱས་འཕགས་པའི་རྣམ་མཁྱེན་གྱིས་བུམ་པ་གཟིགས་ཚུལ་དེ་བུམ་པའི་གནས་སྟངས་ཇི་ལྟ་བ་བཞིན་དུ་གཟིགས་པ་དང་། ང་ཚོའི་བུམ་འཛིན་རྟོག་པས་བུམ་པ་འཛིན་ཚུལ་དེ་བུམ་པའི་གནས་ཚུལ་ལ་སྒྲོ་བཏགས་པའམ་སྣོན་པ་བརྒྱབས་ནས་མཐོང་བ་རེད། ཡིན་ནའང་བུམ་འཛིན་རྟོག་པའི་ཡུལ་དུ་གྱུར་པའི་བུམ་པ་དེ་བདེན་པ་མ་རེད་ཅེས་བརྗོད་མི་ཐུབ། གང་ལྟར་ཀུན་རྫོབ་པའི་བློ་ཡི་ཡུལ་དུ་གྱུར་པའི་བུམ་པ་དེ་མེད་ཅེས་བརྗོད་མི་ཐུབ། བུམ་པ་དེ་ཡོད་ཀྱང་ཕྲན་བུ་བསྲེས་ནས་ཡོད། དེར་བརྟེན་བདེན་པའི་རྣམ་གཞག་ལ་ཐ་སྙད་པའི་བདེན་པའམ་ཀུན་རྫོབ་པའི་བདེན་པ་དང་མཐར་ཐུག་པའི་བདེན་པའམ་དོན་དམ་པའི་བདེན་པ་ཞེས་རིམ་པ་གཉིས་བྱེད་དགོས་པར་གྱུར།

ཀུན་རྫོབ་ཀྱི་ཀུན་ཞེས་པ་དེ་ཉེ་སྒྱུར་རེད། ལེགས་སྦྱར་སྐད་དུ་སཾ་རེད། རྫོབ་ཅེས་པ་ནི་སྒྲིབ་པར་བྱེད་པའི་དོན་རེད། རྣམ་པ་ཐམས་ཅད་དུ་སྒྲིབ་པར་བྱེད་པའི་བློ་ཡི་ངོར་ཡོད་པའི་བདེན་པ་ལ་ཀུན་རྫོབ་བདེན་པ་ཟེར། རྣམ་པ་ཐམས་ཅད་དུ་སྒྲིབ་པ་དང་བྲལ་བའི་ཡང་དག་པའམ་ཇི་ལྟར་ཡོད་པ་བཞིན་སྣང་བའི་བློ་ཡི་ངོར་ཡོད་པའི་བདེན་པ་ལ་དོན་དམ་པའི་བདེན་པ་ཟེར། དེ་ནི་གྲུབ་མཐའ་སྨྲ་བ་ནང་གསེས་ཀྱི་དབྱེ་བ་མ་ཕྱེ་བའི་སྤྱི་ཡོངས་བདེན་པ་གཉིས་ཀྱི་རྣམ་གཞག་བྱེད་སྟངས་རེད། དཔེར་ན། བུམ་པའི་སྟེང་གི་དགག་བྱ་བཀག་ཙམ་གྱི་ཆ་དེ་བུམ་པའི་ཆོས་ཉིད་རེད། དེ་ལྟ་བུའི་བུམ་པའི་གནས་ལུགས་མཐར་ཐུག་པ་དེ་བློ་གང་གི་ངོར་བདེན་པ་རེད་ཅེ་ན། གཉིས་སྣང་ནུབ་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོར་བདེན་པ་རེད། དེར་བརྟེན་དེ་ནི་དོན་དམ་པའི་བདེན་པ་རེད། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་ཆོས་ཅན་བུམ་པ་དེ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོར་བདེན་པ་མ་རེད། དེ་ནི་ཐ་སྙད་པའི་བློ་ཡི་ངོར་བདེན་པ་རེད། དེ་ལྟ་བུའི་ཐ་སྙད་པའི་བློ་དེ་སྒྲིབ་པ་དང་བཅས་པ་རེད། བུམ་པ་ནི་ཐ་སྙད་པའི་ཀུན་རྫོབ་པའི་ངོར་བདེན་པ་ཡིན་ཙང་། བུམ་པ་ཀུན་རྫོབ་བདེན་པ་དང་། བུམ་པའི་སྟེང་གི་ཆོས་ཉིད་དེ་དོན་དམ་པའི་བདེན་པ་ཞེས་རགས་ཙམ་དེ་ལྟར་བཤད་ཆོག། འོན་ཀྱང་གྲུབ་མཐའ་སྨྲ་བ་སོ་སོའི་འདོད་པ་ཕྱེ་བའི་སྐབས་སུ་གོང་གི་གོ་དོན་དེས་མི་ཁྱབ་པ་རེད། དེང་སང་མངོན་པ་མཛོད་ནས་གསུངས་པའི་བྱེ་བྲག་སྨྲ་བའི་བདེན་གཉིས་ཀྱི་འཇོག་ཚུལ་འདོད་མཁན་གྱི་ནང་པ་མེད་དམ་སྙམ། འཕགས་པ་གནས་བརྟན་སྡེ་པས་བདེན་གཉིས་ཀྱི་རྣམ་གཞག་མི་བཤད་ཅིང་། གལ་ཏེ་བཤད་ནའང་མངོན་པ་མཛོད་ནས་གསུངས་པ་ལྟར་གྱི་བདེན་གཉིས་ཀྱི་རྣམ་གཞག་མི་བྱེད་པ་འདྲ།

ནང་པའི་གྲུབ་མཐའ་སྨྲ་བོ་སོ་སོའི་བདེན་གཉིས་ཀྱི་ཚིག་ཙམ་མཚུངས་ཀྱང་འཇོག་ཚུལ་མི་འདྲ་བ་རེད། ཁ་ཆེ་བྱེ་བྲག་སྨྲ་བ་སོགས་བྱེ་བྲག་སྨྲ་བ་ཕལ་ཆེ་བས་དོན་དམ་བདེན་པ་དང་རྫས་ཡོད་གཉིས་གཅིག་པ་དང་། ཀུན་རྫོབ་བདེན་པ་དང་བཏགས་ཡོད་གཉིས་གཅིག་པ་ཡིན་པར་འདོད། འོན་ཀྱང་བྱེ་བྲག་སྨྲ་བའི་ལུགས་ཀྱིས་རྫས་ཡོད་དང་བཏགས་ཡོད་འཇོག་ཚུལ་དང་། སེམས་ཙམ་པའི་ལུགས་ཀྱིས་རྫས་ཡོད་དང་བཏགས་ཡོད་འཇོག་ཚུལ། དེ་བཞིན་གྲུབ་མཐའ་གོང་མའི་ལུགས་ཀྱིས་རྫས་ཡོད་དང་བཏགས་ཡོད་འཇོག་ཚུལ་རྣམས་ཚིག་མཚུངས་ཀྱང་དོན་མི་འདྲ་བར་བརྟེན་འཁྲུགས་རྒྱུ་མེད། བྱེ་བྲག་སྨྲ་བ་ཕལ་ཆེ་བས་དོན་དམ་བདེན་པ་དེ་ཅ་ལག་དེ་མེད་པ་བཟོས་པའི་སྐབས་སུ་འདི་རེད་སྙམ་པའི་བློ་སྐྱེ་རྒྱུ་མེེད་པ་དང་། ཡང་ན་ཆ་ཤས་སོ་སོ་ནས་བསལ་ན་འདི་རེད་སྙམ་པའི་བློ་སྐྱེ་རྒྱུ་མེད་པ། དེ་ཡང་བཏགས་དོན་བཙལ་བའི་སེལ་སྟངས་དེ་མིན་པར་རགས་པའི་སྒོ་ནས་སེལ་སྟངས་དེ་རེད། དཔེར་ན་ད་ལྟ་ངའི་མདུན་དུ་ལེབ་ལེབ་བཞག་པ་དེ་ལ་དེབ་ཀྱི་བློ་སྐྱེ་ཡང་། རྗེས་སུ་དེ་དབྲལ་ནས་ཧྲུག་ཧྲུག་བཟོས་ན་གད་སྙིགས་ལས་དེབ་མིན། དེས་ན་དེབ་དེ་ཧྲུག་ཧྲུག་བཟོས་ཟིན་པ་ན་དེབ་ཀྱི་བློ་མི་སྐྱེ་བ་རེད། མངོན་པ་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན།། བསལ་ན་དེ་བློ་མི་འཇུག་པ།། ཞེས་བུམ་པ་བཅག་ཚར་ན་དེ་ལ་བུམ་པ་མི་བརྗོད་པ་དང་། གལ་ཏེ་མ་བཅོམ་པ་ཡིན་ནའང་གཞན་བསལ་བའི་ཐོག་ནས་དཔེར་ན་དམག་ལྟ་བུ་ལ་དམག་མི་རེ་རེ་ནས་དམག་ཅེས་མི་བརྗོད་པ་ལྟ་བུ་རེད། དེས་ན་བཅོམ་པའམ་ཆ་ཤས་བསལ་བའི་ཚེ་ན་དེ་འཛིན་པའི་བློ་འཇུག་མི་ནུས་པ་དེ་ལ་ཀུན་རྫོབ་བདེན་པ་ཟེར། དོན་དམ་གྱི་བདེན་པ་ནི་བཅོམ་ནའང་དེ་བློ་མི་འདོར་བ་དང་ཆ་ཤས་བསལ་ནའང་དེ་བློ་མི་འདོར་བ་དེ་རེད། དཔེར་ན་བུམ་པ་ཀུན་རྫོབ་བདེན་པ་ཡིན་ནའང་། བུམ་པའི་སྟེང་གི་ཁྱད་ཆོས་མི་རྟག་པ་དེ་དོན་དམ་བདེན་པ་ཡིན། དེ་ཡང་རྩོད་གཞི་ཅན་རེད། ཁོང་ཚོར་རྩོད་མེད་དོན་དམ་བདེན་པར་གཞག་རྒྱུ་དེ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་སོགས་ཆ་མེད་ཁས་བླངས་པ་ཡིན། དེ་ལྟར་ཆ་མེད་ཁས་བླངས་ནས་ཕྱི་དོན་བསྒྲུབ་ཀྱི་ཡོད། གྲུབ་མཐའ་འོག་མ་ཚོས་ཕྱི་དོན་འདོད་སྐབས་ཆ་མེད་ཅིག་ཁས་མ་བླང་ན་མི་འགྲིགས་ཤིང་། རྡུལ་གྱི་ཆུང་བའི་མཐར་ཐུག་པ་ལ་ཕྱོགས་ཀྱི་ཆ་མེད་ཅེས་ཟེར། གང་ལྟར་དེ་ལ་བགོ་བཤའ་བརྒྱབ་རྒྱུ་མེད་པའི་དོན་རེད། དེ་ལྟ་བུའི་རྡུལ་གྱི་ཆུང་བའི་མཐར་ཐུག་པ་དེ་དོན་དམ་བདེན་པར་འདོད། དེ་བཞིན་སྐད་ཅིག་སྔ་ཕྱི་ཕྱེ་ནས་མཐར་དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མ་དེ་ལ་ཆ་ཕྱེ་རྒྱུ་མེད་ཙང་དོན་དམ་བདེན་པར་འདོད། དེ་བཞིན་འདུས་མ་བྱས་ཀྱི་ནམ་མཁའ་ཡང་དོན་དམ་བདེན་པར་འདོད།

མདོ་སྡེ་པས་བདེན་གཉིས་འཇོག་སྟངས་བྱེ་བྲག་སྨྲ་བ་དང་མི་འདྲ་ཞིང་། དེ་ཡང་སྒྲ་དང་རྟོག་པས་བཏགས་པ་ལ་མི་ལྟོས་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་པའི་དཔྱད་བཟོད་དུ་གྲུབ་པ་ལ་དོན་དམ་བདེན་པ་ཟེར། དོན་དམ་བདེན་པ་དང་། དངོས་པོ། རང་མཚན། མི་རྟག་པ། འདུས་བྱས། བདེན་གྲུབ་རྣམས་དོན་གཅིག་དང། དེ་འདྲ་མིན་པར་རྟོག་པས་བཏགས་ཙམ་དུ་གྲུབ་པ་ལས། རང་གི་སྡོད་ལུགས་ཀྱི་གྲུབ་པ་མེད་པ་ལ་ཀུན་རྫོབ་བདེན་པ་ཟེར། ཀུན་རྫོབ་བདེན་པ་དང་། སྤྱི་མཚན། རྟག་པ། འདུས་མ་བྱས། རྫུན་པར་གྲུབ་པ་རྣམས་དོན་གཅིག་རེད། ཀུན་རྫོབ་བདེན་པ་ཞེས་པའི་བློ་ཀུན་རྫོབ་པ་དེ་རྟོག་པ་ལ་འཇོག་ཅིང་། སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ལ་དོན་དམ་བདེན་པ་ཟེར། རྟོག་པ་རྣམས་སྣང་ཡུལ་ལ་འཁྲུལ་བ་ཡིན་ཙང་བློ་ཀུན་རྫོབ་པ་རེད། དེས་ན་སྣང་ཡུལ་ལ་འཁྲུལ་དང་འཁྲུལ་གྱི་ཁྱད་པར་གྱིས་བློ་ཀུན་རྫོབ་པ་དང་བློ་དོན་དམ་པར་འཇོག  སྐབས་འདིར་དོན་དམ་པར་དོན་བྱེད་ནུས་པ་ཞེས་པའི་དོན་དམ་པ་ནི་དངོས་གནས་དྲང་གནས་ཟེར་བའི་དོན་རེད། དོན་དངོས་པོའི་གནས་ཚུལ་ལ་རང་གི་འབྲས་བུ་སྐྱེ་བའི་དོན་བྱེད་ནུས་པ་ལ་དོན་དམ་བདེན་པ་དང་། དོན་དངོས་པོའི་གནས་ཚུལ་ལ་རང་གི་འབྲས་བུ་སྐྱེ་བའི་དོན་བྱེད་མི་ནུས་པ་དང་རྟོག་པས་བཞག་ཙམ་ཡིན་པ་ལ་ཀུན་རྫོབ་བདེན་པ་ཟེར། གང་ལྟར་འདི་ལྟར་བསམ་དགོས་ཏེ། བཙལ་བའི་ཚེ་ན་རྙེད་རྒྱུ་ཡོད་པ་དང་རང་གི་འབྲས་བུ་སྐྱེ་བའི་དོན་བྱེད་ནུས་པ་ལ་དོན་དམ་བདེན་པ་དང་། རྟོག་པ་ལ་སྣང་བ་ཙམ་མ་གཏོགས་བཙལ་བའི་ཚེ་ན་རྙེད་རྒྱུ་མེད་པ་དང་རང་གི་འབྲས་བུ་སྐྱེ་བའི་དོན་བྱེད་མི་ནུས་པ་ལ་ཀུན་རྫོབ་བདེན་པར་འཇོག་དགོས་ཀྱི་འདུག་བསམ་པ་རེད། དེ་ནི་འཇོག་ཚུལ་ཧ་ཅང་རགས་པ་རེད། འདི་དག་ནི་རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་འདོད་ཚུལ་རེད། ལུང་གི་རྗེས་འབྲང་གི་མདོ་སྡེ་པས་བྱེ་བྲག་སྨྲ་བ་དང་མཐུན་པར་བདེན་གཉིས་ཀྱི་རྣམ་གཞག་བྱེད།

སེམས་ཙམ་པས་བདེན་གཉིས་ཀྱི་རྣམ་གཞག་ཚིག་སྐྱོན་མ་བཅད་པར་བཤད་ན། ཐ་སྙད་ཀྱི་དོན་ལ་དཔྱོད་མཁན་གྱི་རིག་ཤེས་ཚད་མས་རྙེད་དོན་ལ་ཀུན་རྫོབ་བདེན་པ་དང་། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མས་རྙེད་དོན་ལ་དོན་དམ་བདེན་པ་ཟེར། དོན་དམ་དཔྱོད་བྱེད་ཅེས་པ་ནི་ཆོས་ཉིད་ཀྱི་དོན་ནམ་ཡུལ་གྱི་གནས་སྟངས་ཡོངས་སུ་གྲུབ་པའི་ཆ་ལ་རྣམ་པར་དཔྱོད་པར་བྱེད་མཁན་གྱི་རིགས་པ་ཚད་མ་དེ་ལ་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མ་དང་། དེ་བཞིན་སྟོང་གཞི་གཞན་དབང་དང་ཀུན་བཏགས་ཀྱི་ཆ་ལ་དཔྱོད་པར་བྱེད་མཁན་གྱི་རིག་ཤེས་ཚད་མ་ལ་ཐ་སྙད་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མ་ཞེས་བརྗོད་ཆོག  སྐབས་འདིར་དོན་དམ་ཞེས་པའི་དོན་དེ་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་འཇོག་ཅིང་། དོན་དམ་བདེན་པ་ནི་ཡོངས་གྲུབ་ལ་འཇོག  ཡོངས་གྲུབ་དང་། ཆོས་ཉིད། དོན་དམ་བདེན་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ་རྣམས་གཅིག་པ་ལྟ་བུ་རེད། གང་ལྟར་དོན་དམ་པའི་བདེན་པའི་དངོས་པོ་ཡིན་ན་བདེན་པར་གྲུབ་པ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་དགོས། ཀུན་རྫོབ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་མ་གྲུབ་པ་གཉིས་ཀ་འཇོག  གང་ལ་དམིགས་ནས་བསྒོམ་ན་སྒྲིབ་པ་ཟད་པར་འགྱུར་བའི་ལམ་ཞིག་ལ་དོན་དམ་བདེན་པ་ཞེས་པའི་དོན་དམ་དེ་རེད། འདིའི་འཇོག་སྟངས་ནི་གྲུབ་མཐའ་འོག་མ་གཉིས་ལས་ཧ་ཅང་ཕྲ་ཡང་། དབུ་མ་པའི་འཇོག་ཚུལ་ལྟར་ན་དེ་ཙམ་ཕྲ་བ་མིན།

དབུ་མ་པས་བདེན་གཉིས་ཀྱི་རྣམ་གཞག་འཇོག་སྟངས་ཀྱི་རྩ་བའི་བསམ་ཚུལ་ནི་སེམས་ཙམ་པ་དང་མཚུངས་ཤིང་། ཆོས་ཐམས་ཅད་ཀྱི་སྟེང་དུ་བདེན་གཉིས་ཕྱེ། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མས་རང་ཉིད་ལ་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་སུ་སོང་བའམ་རང་མངོན་སུམ་དུ་རྟོགས་པའི་བློས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ལ་དོན་དམ་བདེན་པ་ཟེར། སྐབས་འདིའི་དོན་དམ་ཞེས་པ་དེ་ཆོས་ཀྱི་གནས་ལུགས་མངོན་སུམ་དུ་མཐོང་བའི་འཕགས་པའི་མཉམ་གཞག་ཡེ་ཤེས་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མ་ཡིན་པ་དེའི་བློ་ངོར་བདེན་པ་ཡིན་ཙང་དོན་དམ་བདེན་པ་རེད། འདིའི་ལུགས་ལ་སྤྱིར་བདེན་པ་ཁས་མི་ལེན་པ་ཡིན་ཙང་། དོན་དམ་བདེན་པ་དང་བདེན་པ་ལའང་ཁྱད་པར་ཕྱེ་དགོས། དེ་བཞིན་ཀུན་རྫོབ་བདེན་པ་དང་བདེན་པ་ལའང་ཁྱད་པར་ཕྱེ་དགོས། གལ་ཏེ་ཚིག་སྐྱོན་མ་བཅད་པར་ལབ་ན། ཀུན་རྫོབ་བདེན་པ་ཡིན་ཡང་བདེན་པ་མིན་པ་དང་། དོན་དམ་བདེན་པ་ཡིན་ཡང་བདེན་པ་མིན། དེ་བཞིན་བདེན་པ་ཡིན་ཡང་བདེན་པར་གྲུབ་པ་མིན་ཞེས་བརྗོད་དགོས། གྲུབ་མཐའ་ཚང་མའི་ནང་རྣམ་གཞག་མཁྱེན་དགོས་པ་ནི་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཏུ་ཡོད་པ་གཉིས་དང་། དོན་དམ་དང་དོན་དམ་དུ་ཡོད་པ་གཉིས་ལ་དབྱེ་བ་ཕྱེ་དགོས། དེ་བཞིན་རྫུན་པ་དང་རྫུན་པར་གྲུབ་པ་གཉིས་དང་། བདེན་པ་དང་བདེན་པར་གྲུབ་པ་གཉིས་ལའང་ཁྱད་པར་ཡོད། དཔེར་ན་དབུ་མ་པའི་ལུགས་ལ་དོན་དམ་བདེན་པ་དེ་དོན་དམ་དུ་ཡོད་ཅེས་མི་བརྗོད་ཅིང་། དོན་དམ་དུ་གང་ཡང་མེད། དོན་དམ་དུ་ཡོད་པའི་ཆོས་གཅིག་ཀྱང་མེད་ཙང་དོན་དམ་པ་ཡིན་རུང་དོན་དམ་དུ་མ་གྲུབ་ཅེས་བརྗོད། ཧ་ཅང་རགས་པ་བཤད་ན། མ་བརྟག་མ་དཔྱད་པའི་བློ་ཡི་ངོར་ཇི་ལྟར་སྣང་བ་ལྟར་གྱི་དོན་དེ་ལ་ཀུན་རྫོབ་བདེན་པ་ཟེར། མ་བརྟག་མ་དཔྱད་པའི་བློ་དེ་ལ་ཐ་སྙད་འཇོག་བྱེད་ཀྱི་ཚད་མ་ཟེར། ཐ་སྙད་པའི་ཚད་མས་བུམ་པ་ལ་བརྟག་དོན་བཙལ་གྱི་མ་རེད། བུམ་པ་འཛིན་པའི་རྟོག་པ་དང་བུམ་པ་འཛིན་པའི་མིག་ཤེས་ཀྱིས་བུམ་པ་བཟུང་བ་ན་དེ་ནི་བརྟག་དོན་བཙལ་ནས་རྙེད་ནས་བཟུང་བ་མིན། བུམ་འཛིན་མིག་ཤེས་ཀྱིས་བུམ་པའི་གདགས་གཞི་མཐོང་བ་དང་། དེ་ནས་བུམ་འཛིན་རྟོག་པ་ལ་ཐ་སྙད་སྦྱར་བ་ན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དེ་ལ་བུམ་པའོ་སྙམ་པའི་འདོགས་བྱེད་ཀྱི་རྟོག་པ་ཚད་མས་ཕར་བཏགས་ཙམ་གྱིས་ཚིམས་པར་བྱས་ནས་དེ་ནས་ཕར་མ་བཙལ་བ་རེད། ཤིང་རྟ་ལྟ་བུར་མཚོན་ན་དེ་ལ་རྣམ་བདུན་གྱིས་ཤིང་རྟའི་ཡན་ལག་རེ་རེ་ནས་མ་བཙལ་བར་གདགས་གཞི་ཚོགས་ཙམ་ལ་འདོགས་བྱེད་ཀྱི་རྟོག་པས་བཏགས་ཙམ་མཐོང་མཁན་གྱི་ཤིང་རྟ་འཛིན་པའི་མ་བརྟག་མ་དཔྱད་པའི་བློ་དེ་ཤིང་རྟ་འཇོག་བྱེད་ཀྱི་ཐ་སྙད་པའི་ཚད་མ་དེ་རེད། དེ་ལྟ་བུའི་ཤིང་རྟ་འཇོག་བྱེད་ཀྱི་ཐ་སྙད་པའི་ཚད་མ་དེའི་ངོར་ཤིང་རྟ་དེ་གྲུབ་པ་ཡིན་ཙང་ཀུན་རྫོབ་བདེན་པ་རེད། ཤིང་རྟའི་གནས་ལུགས་ཇི་ལྟར་ཡོད་པ་བཙལ་ནས་མ་རྙེད་པའི་བློ་དེ་གནས་ལུགས་མཐོང་བའི་བློ་རེད། དེ་ལྟ་བུའི་མ་རྙེད་པའི་མེད་དགག་ཙམ་མཐོང་བའི་བློ་དེ་གང་ལ་དམིགས་ནས་བསྒོམ་ན་སྒྲིབ་པ་ཟད་པར་འགྱུར་བའི་རྣམ་པར་དག་པའི་ལམ་དེའི་ངོར་བུམ་པ་བདེན་པར་མ་གྲུབ་པ་དེ་བདེན་པ་ཡིན་ཙང་དེ་ལ་དོན་དམ་བདེན་པ་ཟེར།

ཀུན་རྫོབ་བདེན་པ་ལ་ཡང་དག་པའི་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་བཅས་གཉིས་རེད། ཡང་དག་པའི་ཀུན་རྫོབ་ནི་འཇིག་རྟེན་པའི་ཤེས་པ་ཚད་མའི་སྣང་ངོར་གྲུབ་པ་དེ་ལ་ཟེར། ལོག་པའི་ཀུན་རྫོབ་ནི་འཇིག་རྟེན་པའི་ལོག་པའི་ཤེས་པའི་མདུན་ལ་གྲུབ་པ་ལ་ཟེར། དཔེར་ན་ཟླ་གཅིག་ཟླ་གཉིས་སྣང་བ་ལྟ་བུ་རེད། དབུ་མ་ཐལ་འགྱུར་བས་ཀུན་རྫོབ་ལ་ཡང་ལོག་གི་དབྱེ་བ་མི་ཕྱེ་བར་དེ་ནི་འཇིག་རྟེན་པའི་ཤེས་ངོར་འབའ་ཞིག་ཙམ་དུ་བཞག་པ་རེད། དབུ་མ་འཇུག་པ་ལས། འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི།། འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག།།ཅེས་ཀུན་རྫོབ་པའི་བློའི་ངོར་ཡང་ལོག་གི་ཁྱད་པར་བཞག་པ་མ་གཏོགས། སྤྱིར་ཡང་དག་ཀུན་རྫོབ་མེད་ཅེས་བརྗོད་པའང་ཡོད།

དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མའི་རྙེད་དོན་ནམ་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མ་གང་ལ་ཚད་མར་སོང་བའི་ཡུལ་ལ་དོན་དམ་བདེན་པ་དང་། ཀུན་རྫོབ་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མའི་རྙེད་དོན་ནམ་ཀུན་རྫོབ་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མ་གང་ལ་ཚད་མར་སོང་བའི་ཡུལ་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད། སྟབས་བདེ་པོས་བཤད་ན། དབུ་མ་པའི་ལུགས་ལ་སྟོང་ཉིད་དེ་དོན་དམ་བདེན་པ་དང་། སྟོང་ཉིད་ལས་གཞན་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་སྟོང་གཞི་ཆོས་ཅན་གྱི་ཆོས་ཐམས་ཅད་ཀུན་རྫོབ་བདེན་པ་རེད། གང་ལྟར་བདེན་གཉིས་ངོ་བོ་ཐ་དད་ན་གནོད་པ་བཞི་དང་། བདེན་གཉིས་ལྡོག་པ་ཐ་མི་དད་ན་གནོད་པ་བཞི་ལ་སོགས་པ་བཤད་ཡོད། དེས་ན་ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་བཞག་དགོས་པར་བརྟེན། དེ་གཉིས་ལ་ཡག་ཉེས་ཀྱི་དབྱེ་བ་མི་ཕྱེ་ཞིང་། དབུ་མ་འཇུག་པ་ལས། ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་དང།། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ།། ཞེས་ཐབས་དང་ཐབས་བྱུང་གི་འབྲེལ་བ་བཞག་ཡོད། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན།། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་གཟུགས་ཀྱི་སྟེང་གི་ཆོས་ཉིད་དེ་གཟུགས་ཀྱི་ངོ་བོ་ཡིན་པ་དང་། གཟུགས་དེ་གཟུགས་ཀྱི་ཆོས་ཉིད་ཀྱི་ངོ་བོ་ཡིན་པ། དེ་གཉིས་ཕན་ཚུན་ངོ་བོ་གཅིག་ཡིན་པ། ངོ་བོའི་ཆ་ནས་ཐ་མི་དད་པ། ལྡོག་པའི་ཆ་ནས་གཅིག་དེ་དགག་བྱ་བདེན་གྲུབ་བཀག་ཙམ་གྱི་དགག་པ་ཡིན་ཙང་དེའི་ལྡོག་ཆ་དེ་ཐ་དད་དང་། གཅིག་དེ་བུམ་མ་ཡིན་པ་ལས་ལོག་པ་ཙམ་གྱི་ཆོས་ཤིག་ཡིན་ཙང་དེའི་ལྡོག་ཆ་ཐ་དད་རེད། དེ་ལྟར་བདེན་གཉིས་ཀྱི་རྣམ་དབྱེ་མཛད་པའི་དགོས་པ་གཙོ་བོ་ནི་དོན་དམ་པར་ཆོས་ཐམས་ཅད་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་ནའང་། ཐ་སྙད་ཀུན་རྫོབ་ཏུ་རྒྱུ་རྐྱེན་རྟེན་འབྲེལ་གྱི་རྣམ་གཞག་ནམ་ཡང་མི་སླུ་བ་ཡིན་པ་བསྟན་པའི་ཆེད་དུ་རེད། གལ་ཏེ་བདེན་གཉིས་ཀྱི་རྣམ་གཞག་མ་བཤད་ན། སླུ་བ་མེད་པའི་རྒྱུ་འབྲས་ཀྱི་རྣམ་གཞག་མཐོང་སྐབས་ཆོས་ཐམས་ཅད་རང་གོ་ངོ་བོའམ་སྡོད་ལུགས་ཀྱི་ཆ་ནས་གྲུབ་པའི་བདེན་པར་ཡོད་པ་ཞིག་མེད་ན་རྒྱུ་འབྲས་ཀྱི་རྣམ་གཞག་འཇོག་མི་ཤེས་པར་དངོས་པོའི་ངོ་བོ་ལ་སྒྲོ་བཏགས་ནས་རྟག་མཐའ་ལ་ལྷུང་བ་དང་། དེ་དག་འགོག་པའི་ཆེད་དུ་དངོས་པོའི་ངོ་བོ་དེ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའམ་རང་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་མེད་པར་ཤེས་དུས་ཐ་སྙད་དུ་རྟེན་འབྲེལ་གྱི་རྣམ་གཞག་བཞག་མ་ཤེས་པར་ཐ་སྙད་ཀྱི་གནས་ཚུལ་ལ་རྨོངས་ནས་ཆོས་ཐམས་ཅད་གཏན་མེད་དུ་མཐོང་བའི་ཆད་མཐའ་ལ་ལྷུང་། དེས་ན་ཀུན་རྫོབ་ཏུ་སྣང་བའི་ཆོས་དང་། དོན་དམ་དུ་སྟོང་བའི་ཆོས་རྣམས་གཅིག་ཕན་གཅིག་གྲོགས་སུ་འགྲོ་བའི་རྣམ་གཞག་དེ་ཤེས་ན་དབུ་མའི་ལམ་དེ་ཤེས་པ་རེད།

ལམ་གཙོ་རྣམ་གསུམ་ལས། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།། ཅེས་བདེན་གཉིས་རེས་འཇོག་མེད་པར་ཅིག་ཅར་དུ་རྟེན་འབྲེལ་མི་བསླུ་བའི་ཚུལ་མ་ཤེས་པ་ཡིན་ན་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་དེ་རྟོགས་ཐུབ་མེད། དེས་ན་ཁས་ལེན་མེད་པའི་ལྟ་བ་དང་། མི་བསླུ་བའི་རྒྱུ་འབྲས་གཉིས་གཞི་གཅིག་གི་སྟེང་དུ་འགལ་འདུ་མེད་པར་འཇོག་ཐུབ་ན་བདེན་གཉིས་ཀྱི་རྣམ་གཞག་དེ་ཤེས་པ་རེད། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་གཉིས་ཀྱི་རྣམ་གཞག་དེའི་སྟེང་ནས་འཇོག་དགོས་པ་ཡིན་ཙང་བདེན་གཉིས་ཀྱི་རྣམ་གཞག་ཤེས་རྒྱུ་དེ་གལ་ཆེན་པོ་རེད། ལྷག་པར་དུ་དེང་སང་ནུབ་ཕྱོགས་པའི་གྲུབ་མཐའ་སྨྲ་བ་དེ་ཚོ་དང་མཉམ་དུ་ནང་པའི་གྲུབ་མཐའི་རྣམ་གཞག་བཤད་དགོས་དུས་བདེན་གཉིས་ཀྱི་རྣམ་གཞག་དེ་ཡག་པོ་མ་ཤེས་ན་བགྲོ་གླེང་གི་ཆོས་ཅན་མཐུན་སྣང་བ་ཞིག་ཐོབ་ཁག་པོ་ཡོད་རེད། གང་ལྟར་ཕན་ཚུན་བགྲོ་གླེང་གི་གཞི་རྩ་ཞིག་རྙེད་ཁག་པོ་རེད། དེས་ན་ང་ཚོས་གཞི་གཅིག་གི་སྟེང་དུ་འགལ་འདུ་མེད་པར་འཇོག་ཐུབ་པའི་བདེན་གཉིས་ཀྱི་རྣམ་གཞག་ཤེས་ན་ཤར་ནུབ་ཀྱི་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ལྷན་དུ་དངོས་པོའི་གནས་ལུགས་ལ་དཔྱོད་པའི་གྲུབ་མཐའི་རྣམ་གཞག་བཤད་སྐབས་ནང་པའི་གྲུབ་མཐའ་དེ་ཧ་ཅང་གི་གཙང་མ་དང་། ལས་སླ་པོ། དེང་རབས་ཀྱི་ཚན་རིག་པ་དང་མཉམ་དུ་གོ་བརྡ་སྤྲོད་བདེ་པོ་ཡོང་རྒྱུ་ཚང་མའི་རྩ་བ་ཐུག་ས་དེ་བདེན་གཉིས་ཀྱི་རྣམ་གཞག་བྱེད་སྟངས་དེ་རེད།

ད་ལྟ་ཕན་ལ་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་སྤྱིའི་རྣམ་གཞག་ཚང་མ་ཟིན་པའི་ཁུལ་རེད། དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་སྤྱིའི་རྣམ་གཞག་དེ་ཇི་ལྟར་བློ་ལ་ངེས་པར་བྱེད་དགོས་ཤེ་ན། ང་ཚོས་སློབ་ཚན་སློབ་པའི་རིམ་པ་དང་བསྟུན་ནས་གོ་བ་ཆགས་ཐུབ་ན་འགྲིགས་བསྡད་ཡོད། སངས་རྒྱས་ཀྱི་བསྟན་པ་གང་ནས་བྱུང་ཞེ་ན། ད་ལྟ་ནས་བརྩིས་པའི་ལོ་ ༢༥༣༠ སོ་གྲངས་སྔོན་དུ་རྒྱ་གར་དུ་བྱོན་པའི་སྟོན་པ་ཤཱཀྱ་སེངྒེ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བའི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་ཐུན་མོང་གདུང་བྱའི་སྣང་ངོར་ལུམྦིནཱིར་སྐུ་འཁྲུངས་ནས་དགུང་ལོ་ ༢༩ བར་འཇིག་རྟེན་གྱི་བདེ་བ་ལ་རོལ་བ་དང་། དེ་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་ཏེ་ངེས་འབྱུང་སྐྱེས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། ཆུ་བོ་ནཻརཉྫནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད། ཞིང་པའི་བུ་མོ་ལེགས་སྐྱེས་མའི་ས་ནས་ཞལ་ཟས་རགས་པ་གསོལ་ནས་སྐུ་གཟུགས་ཀྱི་ཁམས་གསོ་བར་མཛད། མཐའ་གཉིས་སྤངས་པའི་དབུ་མའི་ལམ་ལ་བརྟེན་ནས་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་གི་རྣམ་གཞག་ཚང་མ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད། བདུན་ཕྲག་བདུན་གྱི་རྗེས་སུ་ཝཱ་རཱ་ཎ་སཱིར་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་བཟུང་སྟེ་ལོ་ངོ་ཞེ་གཅིག་རིང་རྒྱ་གར་དུ་འཚོ་ཞིང་གཞེས་ནས་ཐེག་པ་ཆེ་ཆུང་གི་ཆོས་ཕུང་མང་པོ་གསུངས་པ་དེ་དག་ཚང་མ་སྡེ་སྣོད་གསུམ་དུ་བསྡུས། དེ་ནི་ནང་པའི་བསྟན་པའི་འབྱུང་ཁུངས་སམ་ངག་གི་རང་བཞིན་གྱི་ཁུངས་གཏུག་ས་དེ་རེད། སྡེ་སྣོད་གསུམ་པོ་ང་ཚོས་སློབ་སྦྱོང་བྱེད་རྒྱུར་བཟུང་ནས་ནང་པ་བྱེད་འདོད་ཡོད་ན་ཐོག་མར་སྐྱབས་འགྲོ་བྱེད་དགོས། སྐྱབས་འགྲོའི་རྒྱུ་ལ་འཇིགས་པ་དང་ཡིད་ཆེས་གཉིས་ཀྱི་ཐོག་ནས་སྐྱབས་ཡུལ་ངོས་བཟུང་བ་བྱུང་ན་ནང་པའི་གྲལ་དུ་ཚུད། སྐྱབས་འགྲོ་བྱས་པའི་རྗེས་སུ་གྲོལ་བ་དོན་དུ་གཉེར་དགོས། དེའི་ཆེད་དུ་བསླབ་པ་གསུམ་ཉམས་སུ་བླང་དགོས། འོ་ན་བསླབ་པ་གསུམ་ཉམས་སུ་བླང་དགོས་ན་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པའི་བསྒོམ་བྱ་དང་། དེ་བཞིན་ཚུལ་ཁྲིམས་ཀྱི་བསླབ་པའི་བསྲུང་བྱ་སོགས་གཞིའི་དངོས་པོ་ཇི་ལྟར་གཏན་ལ་ཕབ་དགོས་ཤེ་ན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གཉིས་དང་། རྣམ་བྱང་ཕྱོགས་ཀྱི་བདེན་པ་གཉིས་བཅས་བདེན་པ་བཞིའི་རྣམ་གཞག་གི་ཐོག་ནས་གཞི་ལམ་གྱི་རྣམ་གཞག་དེ་གཏན་ལ་ཕབ་དགོས། ཤེས་རབ་ཀྱི་བསླབ་པ་དང་ཏིང་ངེ་འཛིན་གྱི་བསླབ་པའི་བསྒོམ་བྱའི་ནང་དུའང་བདེན་བཞི་མི་རྟག་སོགས་བཅུ་དྲུག་དེ་ཕྲ་ཞིང་ཕྲ་བ་གཏན་ལ་ཕབ་པ་ལ་བདེན་བཞིའི་རྣམ་གཞག་དེ་ཤེས་དགོས། གལ་ཏེ་བདེན་པ་བཞི་ཤེས་ནའང་བདེན་བཞིའི་རྣམ་གཞག་གི་ནང་ནས་དམིགས་ཀྱིས་བཀར་ནས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་ལ་ཇི་ལྟར་ཀུན་འབྱུང་བདེན་པ་ལས་སྡུག་བསྔལ་བདེན་པ་སྐྱེ་བ་དང་། དེ་གཉིས་ཀྱིས་འཁོར་བའི་ནང་འཁོར་ལུགས་འཁོར་སྟངས་ཀྱི་རྣམ་གཞག་གསལ་པོ་ཤེས་པར་བརྟེན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་དེ་ཤེས་དགོས། དེ་ནི་བདེན་པ་བཞིའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་སྤྲོས་བཤད་ལྟ་བུ་རེད། དེ་ནས་ཐར་པ་སྒྲུབ་པའི་ལམ་གྱི་རིམ་པ་གཏན་ལ་ཕབ་པ་ལ་ཐེག་པ་གསུམ་རེད། ཐེག་པ་གསུམ་ལས་ཐེག་ཆེན་གྱི་ལམ་ལ་སློབ་མཁན་ཡིན་ན་ཇི་ལྟར་སློབ་དགོས་ཤེ་ན། སྦྱིན་སོགས་ཕར་ཕྱིན་གྱི་སྤྱོད་པ་དྲུག་ལ་བརྟེན་ནས་ཐེག་ཆེན་གྱི་ལམ་ལ་སློབ་དགོས། ཕར་ཕྱིན་དྲུག་གི་ནང་ནས་ཞི་གནས་དང་ལྷག་མཐོང་གཉིས་ཕར་ཕྱིན་མཐའ་མ་གཉིས་རེད། ཚུལ་ཁྲིམས་ཀྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པའི་སྒོ་ནས་ལམ་དངོས་སུ་བྱེད་མཁན་དེ་ཞི་ལྷག་གཉིས་ཡིན་ཙང་། ཕར་ཕྱིན་དྲུག་བཤད་པའི་རྗེས་སུ་སྤྲོས་བཤད་ཀྱི་ཚུལ་དུ་ཞི་ལྷག་གཉིས་སླེབས་པ་རེད། དེ་ནས་ཞི་ལྷག་གཉིས་ཀྱིས་གཞིའི་གནས་ལུགས་ལ་ཇི་ལྟར་དཔྱོད་པ་དང་། ལྷག་མཐོང་གིས་མཐོང་རྒྱུའི་དོན་དམ་པའི་བདེན་པ་དེ་གང་ཡིན་པ། དེ་ལྟ་བུའི་དོན་དམ་པའི་བདེན་པ་རྟོགས་པའི་རྗེས་སུ་ཐ་སྙད་པའི་ཆོས་ཀྱི་རྣམ་གཞག་ལ་རྟེན་འབྲེལ་གྱི་རྣམ་གཞག་ཇི་ལྟར་བྱེད་དགོས་པ། ལྷག་མཐོང་གི་བསྒོམ་བྱའི་གཙོ་བོ་ནི་སྣང་བ་རྟེན་འབྲེལ་དང་ཁས་ལེན་བྲལ་བའི་སྟོང་པ་གཉིས་རེད། དེ་གཉིས་བྱེ་བྲག་ཏུ་བཤད་པ་ལ་བདེན་པ་གཉིས་ཀྱི་རྣམ་གཞག་དེ་ཡོང་བ་རེད། དེ་ལྟར་བསྟན་པ་སྤྱིའི་རྣམ་གཞག་དེ་བང་བསྒྲིགས་པ་རེད། དེ་ལྟ་བུ་ཞིག་བསམ་བློའི་ནང་བང་རིམ་ཐོག་ནས་གོ་བ་ཞིག་ཆགས་ན་ནང་པའི་བསྟན་པ་ཆ་ཚང་ཤེས་ཀྱི་ཡོད་བརྗོད་ནའང་ཆོག

དེ་ནས་ལུགས་ལྡོག་གིས་བཤད་ན། བདེན་གཉིས་ནང་དེའི་རྣམ་གཞག་བཤད་པ་ཙམ་གྱིས་མི་ཕན་པར། དེའི་ཉམས་ལེན་ལ་ཞི་གནས་དང་ལྷག་མཐོང་བསྒོམ་དགོས། ཞི་ལྷག་གཉིས་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་པ་ལ་ཕར་ཕྱིན་སྔ་མ་བཞིའི་ཉམས་ལེན་སྔོན་དུ་མ་སོང་ན་ཡང་དག་པ་མི་ཡོང་བར་བརྟེན་སྤྱོད་པ་ཕྱིན་དྲུག་གི་རྣམ་གཞག་དེ་ཤེས་དགོས། སྤྱོད་པ་ཕྱིན་དྲུག་གི་རྣམ་གཞག་ཤེས་པ་ལ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་ཤེས་དགོས། ཐེག་ཆེན་གྱི་ལམ་ཡོངས་སུ་རྫོགས་པ་ཤེས་པ་ལ་ཐེག་པ་དམན་པ་གཉིས་ཀྱི་ལམ་གྱི་རིམ་པ་མ་ཤེས་ན་ཐེག་པ་ཆེན་པོས་གདུལ་བྱ་རིགས་ཅན་ཐམས་ཅད་ཀྱི་དོན་བྱེད་དགོས་པར་བརྟེན། ཐེག་དམན་གྱི་ལམ་དེ་རང་རྒྱུད་ལ་བསྐྱེད་པར་བྱེད་པ་མིན་ནའང་། ཡོངས་སུ་རྫོགས་པར་བྱ་བ་དང་ཤེས་པར་བྱ་བ་ཡིན་ཙང་། ཤེས་བྱའི་གཞི་ལ་ཐེག་པ་གསུམ་གྱི་ལམ་གྱི་རིམ་པ་ཤེས་དགོས། ཐེག་པ་གསུམ་གྱི་ལམ་གྱི་རིམ་པ་ཤེས་པ་ལ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་འཁོར་བ་འཁོར་ཚུལ་དེ་ལམ་གྱི་རྣམ་གཞག་གཏན་ལ་ཕབ་པ་ལ་མེད་དུ་མི་རུང་བའི་གཞི་ཡིན་ཙང་། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་དེ་ཤེས་དགོས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་བྱེ་བྲག་ཏུ་ཤེས་པ་ལ་སྤྱིར་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་དང་རྣམ་བྱང་ཕྱོགས་ཀྱི་བདེན་པ་གཉིས་རྒྱུ་འབྲས་འགྲོ་སྟངས་ཀྱི་བདེན་པ་བཞིའི་རྣམ་གཞག་དེ་ཤེས་དགོས། བདེན་པ་བཞིའི་རྣམ་གཞག་དེ་ཤེས་པ་ལ་བདེན་པ་བཞི་པོ་ཉམས་སུ་ལེན་པའི་བསླབ་པ་གསུམ་གྱི་གོ་རིམ་ཤེས་པ་ཙམ་དུ་མ་ཟད། ཚུལ་ཁྲིམས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་ཤེས་ནས་ཀུན་ནས་ཉོན་མོངས་དང་རྣམ་བྱང་ཕྱོགས་ཀྱི་འཇུག་ལྡོག་གི་རིམ་པ་དེ་ཤེས་པར་བྱ་དགོས། དེ་ལྟ་བུའི་བསླབ་པ་གསུམ་ལ་ཉམས་ལེན་དང་སློབ་གཉེར་གྱི་སྔོན་དུ་སྐྱབས་སུ་འགྲོ་བའི་ཚུལ་དེ་མ་ཤེས་ན་ནང་པའི་གྲས་སུ་མི་ཚུད་པ་ཡིན་ཙང་། སྐྱབས་འགྲོའི་རྣམ་གཞག་དེ་ཤེས་དགོས། དེ་འདྲའི་རྣམ་གཞག་ཐམས་ཅད་སྟོན་པའི་གཞུང་ནི་སྡེ་སྣོད་གསུམ་ཡིན་པར་བརྟེན། སྡེ་སྣོད་གསུམ་གྱི་རྣམ་གཞག་ཤེས་པ་ལ་དེ་ལྟར་ཐུག་པ་རེད། ད་རེས་ང་ཚོ་ཉིན་བཅུའི་རིང་བསྟན་པ་སྤྱིའི་རྣམ་གཞག་བཤད་པ་དེ་ལུགས་འབྱུང་ལུགས་ལྡོག་གི་ཚུལ་དུ་རྡོག་རྡོག་ལྟ་བུ་བཟོས་ན་དེ་ལྟར་རེད།

དེ་བཞིན་རྒྱ་གར་གྱི་ཆོས་ཀྱི་བྱུང་བ་ལ་མཚོན་ན། ཐོག་མ་སྟོན་པ་ནས་བྱུང་བ་ཡིན་ཙང་སྟོན་པའི་རྣམ་ཐར་ཤེས་དགོས་པ་དེ་བརྗོད་མེད་རེད། སྟོན་པ་མྱ་ངན་ལས་འདས་ནས་གཏད་རབས་བདུན་གྱི་བར་དུ་རྒྱ་གར་གྱི་དགེ་འདུན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་རྡོག་རྡོག་ལྟ་བུ་བཞུགས་ཡོད། དེར་བརྟེན་བསྟན་པ་གཅིག་ནས་གཅིག་ལ་གཏད་དེ་གཏད་རབས་བདུན་བར་བསྟན་པ་རྨ་མེད་པར་བྱུང་། གཏད་རབས་བདུན་པོ་དེའི་རིང་ལ་སངས་རྒྱས་ཀྱི་བཀའ་བསྡུ་བ་དེ་རིམ་པ་གཉིས་སམ་གསུམ་བྱུང་། དེ་ནས་གཏད་རབས་རྫོགས་པ་དང་བཀའ་བསྡུ་བའི་རིམ་པ་རྣམས་ཟིན་པ་ན་ཉན་ཐོས་ཀྱི་སྡེ་པ་བཅོ་བརྒྱད་ལ་ཕྱེ་ནས་སྡེ་པ་མི་འདྲ་བ་མང་པོ་བྱུང་། སྡེ་པ་བཅོ་བརྒྱད་ཀྱི་རྩོད་པ་ཆོས་ཕྱོགས་སུ་ཞི་བའི་རྗེས་སུ་མི་རིང་བར་མགོན་པོ་ཀླུ་སྒྲུབ་བྱོན་ནས་ཐེག་ཆེན་གྱི་བསྟན་པ་དར་བར་མཛད། དེ་ནས་ཐེག་པ་ཆེན་པོའི་གཞུང་གི་རྣམ་གཞག་རྒྱས་པར་བྱེད་མཁན་གཙོ་ཆེ་བ་རྒྱན་དྲུག་དང་མཆོག་གཉིས་ཕེབས་ཤིང་། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་རིགས་ཚོགས་དྲུག་ལ་བརྟེན་ནས་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་དང་། དེ་ལ་འཕགས་པ་ལྷས་སྲོལ་འཛིན་ནས་ཡང་དག་པར་རྒྱས་པར་ཕྱེ། འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལྔ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་གྱི་ཤིང་རྟའི་སྲོལ་ཕྱེ་བ་དང་། དེ་ལ་སློབ་དཔོན་དབྱིག་གཉེན་གྱིས་སྲོལ་འཛིན་ནས་ཡང་དག་པར་རྒྱས་པར་ཕྱེ། ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་ལ་ཉམས་ལེན་བྱེད་པ་ལ་ཚད་མའི་རིག་པ་དེ་ཡང་དག་པ་མེད་ན་མི་འགྲིགས། ལྷག་པར་དུ་ཕྱི་རོལ་པ་དང་མཉམ་དུ་བསྟན་པའི་སྒྲོ་འདོགས་བཅད་དེ་བསྟན་པ་སྲུང་བའི་ཆེད་དུ་ཚད་མ་རིག་པ་མེད་ན་མི་འགྲིགས་པ་ཡིན་ཙང་། སློབ་དཔོན་ཕྱོགས་གླང་གིས་ཚད་མ་རིག་པའི་སྲོལ་ཕྱེ་བ་དང་། དེ་ལ་སློབ་དཔོན་ཆོས་གྲགས་ཀྱིས་རྒྱས་པར་གསལ་བར་མཛད། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དགོངས་པ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་གསལ་བར་བྱེད་པ་ལ་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་དང་། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དགོངས་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཐབས་ལ་ཚད་མ་རིག་པའི་རྣམ་གཞག་དགོས་པར་བརྟེན། དེ་གསལ་བར་བྱེད་པ་ལ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་གཉིས་བཅས་དེ་དག་རྒྱན་དྲུག་དང་། དེ་ནས་ཡུམ་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ། དེ་བཞིན་ཚད་མ་རིག་པ་བཅས་དོན་དུ་བསླབ་པ་གསུམ་ཉམས་སུ་ལེན་པའི་རིམ་པ་ལ་ཕན་པ་ཞིག་དགོས་ཤིང་། བསླབ་པ་གསུམ་གྱི་ནང་ནས་དང་པོ་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱས་པར་སྟོན་པར་མཛད་མཁན་ནི་འདུལ་བའི་སྡེ་སྣོད་རེད། འདུལ་བའི་སྡེ་སྣོད་གཞུང་རྒྱ་ཆུང་ངུ་ཞིག་གི་ནང་གསལ་བར་མཛད་མཁན་ནི་སློབ་དཔོན་ཡོན་ཏན་འོད་དང་། དེའི་གཞུང་རྣམས་གསལ་བར་མཛད་མཁན་ནི་ཤཱཀྱ་འོད་བཅས་མཆོག་གཉིས་ཡིན། དེ་ལྟ་བུ་རྒྱན་དྲུག་དང་མཆོག་གཉིས་ཀྱི་རྣམ་ཐར་མདོར་བསྡུས་ཤིག་ཤེས་ན་བསམས་པ་རེད། རྒྱན་དྲུག་མཆོག་གཉིས་ཀྱིས་སྲོལ་ཕྱེ་བའི་གྲུབ་མཐའ་ལ་དབུ་མ་པ་དང་སེམས་ཙམ་པ་གཉིས་ཡིན་ཙང་དེའི་སྐོར་བཤད་པ་རེད། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ནི་སྡེ་པ་བཅོ་བརྒྱད་ནང་སོང་ཟིན་པ་ལ་ཆ་བཞག་ནས་ཟུར་དུ་མ་བཤད་པ་རེད། དེ་ལྟར་རྒྱ་གར་ཆོས་འབྱུང་གི་ལོ་རྒྱུས་བཤད་སྟངས་རེད།

བོད་དུ་བྱུང་བའི་ལོ་རྒྱུས་དེ་ཆོས་དང་སྲིད་གཉིས་སུ་དབྱེ་བ་ཕྱེ་བ་རེད། བོད་དུ་ཆབ་སྲིད་ཀྱི་བྱུང་བ་ནི་གླང་དར་ཡན་ཆད་རྒྱལ་ཁབ་ཧྲིལ་པོ་གནས་པའི་སྐབས་དང་། དེ་ནས་རྒྱལ་ཁབ་དུམ་བུར་གྱུར་པའི་སྐབས། རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་རྒྱལ་ཁབ་གཅིག་ཆགས་པའི་སྐབས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་གྱར་བའི་སྐབས། ད་ལྟའི་བོད་ཀྱི་སྲིད་ཀྱི་གནས་སྟངས་སྐོར། ཤེས་ཡོན་དང་འབྲེལ་བའི་བོད་ཀྱི་སློབ་གྲྭ་ཁག་གི་གནས་སྟངས་བཅས་ཀྱི་ནང་སྔོན་གྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་ཆ་ཚང་བ་ཞིག་བྱུང་ན་སྙམ་ནས་བང་དེ་ལྟར་བསྒྲིགས་པ་རེད།

བོད་དུ་ཆོས་དར་སྟངས་སྐོར་བསྟན་པ་སྔ་དར་དང་ཕྱི་དར་གཉིས་སུ་ཕྱེ་ནས་བོད་མཐའ་དབུས་ཀུན་ཏུ་དར་ཚུལ་དང་། དེ་དག་ཆོས་བརྒྱུད་བཞིའི་ནང་འདུས་ནས་ཡོད་ཚུལ་ཀྱི་ཐོག་ནས་ཆོས་བརྒྱུད་བཞིའི་རྣམ་གཞག་བཅས་བོད་ཀྱི་ཆོས་ཀྱི་སྔོན་གྱི་བྱུང་བ་དང་ད་ལྟའི་བསྟན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བཤད་པ་རེད། དེ་ལྟར་ད་ལྟ་ཕན་ལ་ཉིན་བཅུའི་རིང་གི་བྱ་བ་རྣམས་རེད།

 

དྲི་བ་དྲིས་ལན།

དྲི་བ། ཀྲྀཥྞམཱུརྟིས་དོན་དམ་བདེན་པ་མ་གཏོགས་མི་འདོད་པ་དེ་ལ་འགྲེལ་བཤད་ཇི་ལྟར་བྱེད་ཀྱི་ཡོད་དམ།

ལན། བདེན་པ་ཞེས་པ་དེ་དོན་དམ་པའི་དངོས་པོའི་གནས་ལུགས་ལ་བརྗོད་པ་ཡིན་ཙང་། གཞན་དག་ཚང་མ་ལ་བདེན་པ་ཞེས་བརྗོད་མི་དགོས་པར་རྫུན་པ་ཞེས་བརྗོད་དགོས། ཀུན་རྫོབ་བདེན་པ་ལ་བདེན་པ་ཞེས་བརྗོད་དགོས་པ་མི་འདུག དོན་དམ་བདེན་པ་ལ་ལྟོས་ཏེ་གཞིའི་དངོས་པོ་ཐམས་ཅད་རྫུན་པ་ཡིན་ཙང་། དེ་ལ་རྫུན་པ་ཞེས་བརྗོད་ན་འགྲིགས། བདེན་པ་གཅིག་མ་གཏོགས། དེ་ལ་མཐོ་དམན་གཉིས་བཟོ་མི་དགོས། ཞེས་གསུངས།། །།

(༡༩༩༠ ཕྱི་ཟླ་ ༢ ཚེས་ ༡༣ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་པོའི་ཁབ་ཀྱི་གཞོན་ནུ་དོན་གྲུབ་མགྲོན་ཁང་དུ་སློབ་གཉེར་བ་རྒན་པ་རྣམས་ཀྱི་དགུན་ཆོས་སུ་བསྟན་པ་སྤྱིའི་རྣམ་གཞག་ཁོངས་གསུངས་པ་ཞིག་ཡིན།)