༈ སྨོན་ལམ་ཚིག་མཛོད་ཆེན་མོ་དབུ་འབྱེད་སྐབས་སུ་གནང་བའི་གསུང་བཤད།

༄༅།། འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེས་དབུས་པའི་ས་སྐྱའི་བསྟན་བདག་རྣམ་པ་ཚོ་དང་། སྐྱབས་ཡུལ་དགེ་འདུན་གྱི་སྡེ། གདན་སའི་རྒྱལ་སྲས་བླ་སྤྲུལ་ཁག་དང་། མཁན་ལས་ཟུར་རྣམ་པ། གཞན་ཡང་འདིར་མཛད་སྒོ་ལ་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པ།  ལྷག་པར་དུ་སྨོན་ལམ་ཚིག་མཛོད་ཀྱི་ཐུགས་འགན་བཞེས་མཁན་ད་ལྟ་འདིར་རྩོམ་སྒྲིག་པའི་ཕྱག་ཁྱེར་བཞེས་མཁན་ཚོ་དང་། འདིར་ཕེབས་མ་ཐུབ་པའི་རྩོམ་སྒྲིག་པ་ཡང་དགའ་རབ་ཡོད་ཚོད་འདུག  དེ་དག་ཚང་མར་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་དེ་དཔེ་དེབ་དང་དྲྭ་རྒྱ་གཉིས་ཀའི་ཐོག་ྋགོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དབུ་འབྱེད་ཀྱིས་འཇིག་རྟེན་ཡོངས་ལ་གསོལ་སྩལ་གནང་བ་དེ་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ལས་དོན་ཞིག་ཡིན་པར་བརྟེན། དགེ་བཤེས་སྨོན་ལམ་ལགས་ཀྱིས་གཙོས་ལས་དོན་འདིའི་ཐོག་ཕྱག་ལས་གནང་མཁན་ཡོངས་སུ་རྫོགས་པ་དང་། དེ་ལ་འབྲེལ་བ་ཐོགས་པའི་སྐྱེ་བོ་ཚང་མ་ལ་ངས་སྙིང་ནས་རྗེས་སུ་ཡི་རང་དང་། ལས་དོན་འདི་བསྟན་པ་དང་སྐྱེ་འགྲོ་ཡོངས་ལ་ཕན་པའི་རླབས་ཆེན་གྱི་མཛད་པ་ཞིག་རེད། དེ་ལ་ཐུགས་རྗེ་ཆེ་དང་། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྤྱིར་བཏང་ཤེས་བྱའི་གསལ་བའི་དབྱེ་བ་ལ་མཐའ་མེད་པས། མིང་དང་ཚིག་གི་ཚོགས་ལའང་མཐའ་མེད། ཇི་སྲིད་ངེས་ཚིག་སོ་སོ་ཡང་དག་པའི་རིག་པ་མ་ཐོབ་ཀྱི་བར་དུ་ཚིག་གི་མཐའ་དང་མིང་གི་མཐར་སླེབས་རྒྱུ་མེད། དེས་ན་ཕྱོགས་གཅིག་ནས་ང་ཚོས་མིང་ཚིག་འབུམ་ཕྲག་འགའ་ཤས་དང་། དཔེ་དེབ་ཉིས་བརྒྱ་བརྒལ་བ་ལ་ཧོབ་ཏེ་བལྟས་ན་འབོར་ཆེན་པོ་ཞིག་ཡིན་རུང་། ཤེས་བྱའི་གྲངས་འབོར་དང་བསྡུར་ན་དེ་ཙམ་གྱིས་ཧ་ལས་རྒྱུ་མེད། དེ་འདིར་ངས་ཅིའི་ཕྱིར་ཞུ་གི་ཡོད་ཅེ་ན། ལས་དོན་འདི་དེ་རིང་སྒོ་འབྱེད་གནང་ནས་གྲུབ་པ་ཞིག་མིན། ད་དུང་མི་རབས་ནས་མི་རབས་བརྒྱུད་དེ་འགྲོ་དགོས་པ་དང་། ཇི་སྲིད་ང་ཚོའི་སྐད་ཡིག་གནས་པ་དེ་སྲིད་འདི་དང་འདི་འདྲའི་ལས་དོན་མུ་མཐུད་གཞོན་སྐྱེས་ཚོས་འགན་བཞེས་ནས་གནང་དགོས་པ་དེ་གལ་ཆེན་པོ་རེད། འདི་ད་ལྟ་ངས་གློ་བུར་དུ་དྲན་སོང་།

ཕྱོགས་གཞན་ཞིག་ནས་ཞུས་ན། སྤྱིར་བཏང་མིང་འདོགས་ཕྱོགས་ལ་དེ་ཙམ་ཁྱད་པར་མེད་ཀྱང་། གཞུང་ལུགས་འདི་ལྟ་བུ་ལ་མིང་མཛོད་ཅེས་མ་བཏགས་པར་ཚིག་མཛོད་ཅེས་བཏགས་པའི་རྒྱུ་མཚན་གང་ཡིན་ནམ་སྙམ་པ་ཞིག་བློ་ལ་ཤར་སོང་། འོན་ཀྱང་དེ་ནི་ང་ཚོས་གསར་དུ་གཏོད་པ་མིན་པར། མིང་མཛོད་ལ་ཚིག་མཛོད་ཅེས་བཏགས་པ་དེ་རྒྱ་གར་ནས་བྱུང་བའི་ལམ་སྲོལ་རེད། དེར་བརྟེན་ང་ཚོས་རྒྱ་གར་ནས་དཔེ་བླངས་ཏེ། ཤབྡ་ཀོཥ་ཅེས་པ་དེ་ཚིག་མཛོད་ལ་བསྒྱུར་བ་རེད། ཤབྡ་ནི་ཚིག་དང་། ཀོཥ་ནི་མཛོད་ཀྱི་དོན་རེད། རིག་པའི་གཞུང་ལུགས་དང་མི་མཐུན་ཞེས་བརྗོད་ཀྱི་མེད། ངེས་པའི་ཚིག་གི་རྣམ་གཞག་དང་བསྟུན་ན་གཅིག་པ་རེད།

གནས་ཚུལ་གཞན་ཞིག་གང་ཞུ་འདོད་བྱུང་ཞེ་ན། ད་ལྟའི་ཚིག་མཛོད་ཆེན་མོ་འདི་འབོར་དང་། ཕྱག་ལས་གནང་མཁན་གྱི་རྩོམ་སྒྲིག་པའི་སྒྲིག་འཛུགས། དུས་ཚོད་ཐུང་ཐུང་ནང་བཟོ་ཐུབ་པ་བཅས་ཀྱི་ཆ་ནས་ཚང་མས་ཡ་མཚན་དངོས་བྱུང་ལྟ་བུ་ཞིག་ལ་བརྩི་ཞིང་། ཡ་མཚན་དངོས་བྱུང་ལ་བརྩི་དགོས་པའི་གནད་དོན་རྩ་བ་དེ་གང་ལ་ཐུག་ཅེ་ན། བོད་ཀྱི་སྐད་ཡིག་དེ་དེ་ཙམ་གྱི་ཕྱུག་པོ་ཡིན་པ་གསལ་པོར་མཚོན་པ་དང་། གནས་ཚུལ་འདིའི་ཐོག་ནས་བོད་ཀྱི་སྐད་ཡིག་དེ་ཇི་ཙམ་གྱི་ཕྱུག་པོ་ཡིན་པ་དེ་མཁྱེན་ཐུབ་པ་བྱུང་ཡོད།

བོད་ཀྱི་སྐད་ཡིག་ནི་སོ་སོའི་ཕ་སྐད་ཡིན་སྟབས། ཨ་ཕའི་ཁ་ཕོར་གཙང་ཞེན་གྱིས་བསྟོད་བསྔགས་ཞུས་པ་མིན་རུང་། ད་ལྟ་སའི་གོ་ལ་འདིའི་སྟེང་རྒྱལ་སྤྱིའི་གནས་ཚུལ་དང་བསྟུན་ན། སྐད་ཡིག་བདུན་སྟོང་ལྷག་ཅིག་གསོན་གནས་ཡིན་པ་དེའི་ནང་ལ་ནང་པའི་ཆོས་དང་། ནང་དོན་རིག་པའི་གཞུང་ལུགས་ཀྱི་རང་རྩོམ་དང་སྒྲ་སྒྱུར་གཉིས་ཀའི་ཐོག་ནས། གྲངས་འབོར་གྱི་ཆ་ནས་ཡིན་ནའང་རུང་། སྤུས་ཀའི་ཆ་ནས་ཡིན་ནའང་རུང་། བོད་སྐད་ནང་ཡོད་པ་དེ་རྩེ་ཕུད་ཆགས་ཡོད་ཅེས་ངས་སྔོན་མ་ནས་ཞུ་མུས་ཡིན། ད་བར་དེ་མ་རེད་ཅེས་དགག་པ་གནང་མཁན་བྱུང་མ་སོང་། ངས་ཞུས་པ་དེ་ངའི་ཚོད་དཔག་རེད་མ་གཏོགས། དངོས་སུ་ས་གནས་ས་ཐོག་ལ་ཕྱིན་ནས་གྲངས་ཀ་བརྒྱབས་པ་དང་མཚུངས་བསྡུར་བྱས་པ་བྱུང་མེད། དེང་སང་གི་སྐད་ཆ་བཤད་སྟངས་ལྟར་ན། Survey བྱས་ནས་གྲུབ་དོན་རྙེད་པ་མིན། ཡིན་ནའང་ངས་ཚོད་དཔག་ཞུས་པ་དེ། གལ་ཏེ་བདེན་པ་མིན་ན། དེང་རབས་ཀྱི་བྱུང་རབས་སྨྲ་བ་དང་། གྲངས་ཚད་སྨྲ་བ་ཚོས་དེ་བདེན་པ་མ་རེད་ཅེས་གསུང་དགོས་པའི་ཐུགས་འགན་ཡོད་ཀྱང་། ད་བར་གསུང་མཁན་བྱུང་མ་སོང་། མ་འོངས་པར་གསུང་མཁན་བྱུང་ན་དགའ་བསུ་ཞུ་རྒྱུ་ཡིན། དེས་ན་གསུང་མཁན་མ་བྱུང་བར་ནང་དོན་རིག་པའི་གཞུང་ལུགས་སྐད་ཡིག་གཞན་ནས་སྒྲ་སྒྱུར་བ་དང་། སྐད་ཡིག་རང་གི་ནང་ལ་ཐད་ཀར་བརྩམས་པ་གཉིས་ཀ་བོད་ཀྱི་སྐད་ཡིག་ནང་ཡོད་པ་བཞིན་འཇིག་རྟེན་འདིའི་སྐད་ཡིག་གཞན་གང་གི་ནང་དུའང་མེད་ཅེས་ཞུ་རྒྱུ་ཡིན།

གཉིས་པ་དེ་གང་ཞུ་གི་ཡོད་ཅེ་ན། བོད་སྐད་དུ་བསྒྱུར་བ་དེ་ལེགས་སྦྱར་གྱི་སྐད་རྐྱང་པ་ནས་མིན་ཞིང་། ཡུ་གུར་དང་། ཞང་ཞུང་། རྒྱ་ནག་གི་སྐད་སོགས་སྐད་ཡིག་མང་པོ་ནས་ཀྱང་བསྒྱུར་བ་མ་ཟད། རྒྱ་གར་གྱི་སྐད་ལ་མཚོན་ནའང་ཡུལ་མི་རང་བཞིན་པའི་སྐད་དང་། ཟུར་ཆག་གི་སྐད། སཾསྐྲྀ་ཏའི་སྐད་བཅས་གསུམ་ག་ནས་བོད་སྐད་དུ་བསྒྱུར་བ་ད་ལྟ་བཀའ་བསྟན་ནང་བཞུགས་ཡོད། དེར་བརྟེན་སྐད་ཡིག་དང་པོ་ནས་སྐད་ཡིག་གཉིས་པ་ལ་བསྒྱུར་བའི་སྒྲ་སྒྱུར་གྱི་སྤུས་ཚད་བོད་སྐད་ནང་ཡོད་པ་བཞིན་འཇིག་རྟེན་ཁྱོན་ཡོངས་ཀྱི་སྐད་རིགས་གང་ལའང་མེད་ཅེས་ངས་ཐག་བཅད་ནས་ཞུ་མུས་ཡིན། དེ་ལྟར་ཞུ་རྒྱུའི་ཐོབ་ཐང་ཡོད་མེད་མི་ཤེས་ཀྱང་། སྤོབས་པ་ཞིག་ངེས་པར་དུ་ཡོད།  གལ་ཏེ་ད་ལྟའི་སྒྲ་སྒྱུར་གྱི་རྣམ་གཞག་མང་པོ་ཡོད་པ་ལ་མཚུངས་བསྡུར་གྱིས་ཉམས་ཞིབ་གནང་ན་གཟིགས་ཐུབ། ལྷག་པར་དུ་ལེགས་སྦྱར་དང་གནས་ཚད་མཉམ་པའི་སྐད་ཡིག་ད་ལྟའི་འཇིག་རྟེན་གྱི་ཁྱོན་འདི་ལ་བོད་སྐད་མ་གཏོགས་མེད། དེས་ན་སྒྲ་སྒྱུར་ཐོག་ནས་ཨང་དང་པོ་ཡིན།

རྩོམ་ཡིག་ (Literature) གི་འབོར་གྱི་ཆ་ནས། ནང་དོན་རིག་པ་ཡིན་ནའང་རེད། ཐ་སྙད་རིག་པ་ཡིན་ནའང་རེད། ཡུལ་མིའི་ཞབས་གཞས་དང་སྙན་རྩོམ་སོགས་ཡིན་ནའང་རུང། གང་ལྟར་དེང་རབས་སྤྱི་ཚོགས་ཀྱི་ནང་རྩོམ་རིག་ཅེས་ཐ་སྙད་གདགས་ས་ཡོངས་རྫོགས་ལ་བལྟས་ན། བོད་ཀྱི་སྐད་ཡིག་ནང་བྱུང་བ་བཞིན་སྐད་ཡིག་གཞན་གང་དུའང་བྱུང་མེད། གང་ལགས་ཤེ་ན། དེ་ལ་གཟིགས་སྟངས་ཕྱོགས་གཉིས་ཡོད། རྒན་གཞོན་གྱི་ཆ་ནས་བརྩི་ན། བོད་ཀྱི་སྐད་ཡིག་དེ་ཧ་ཅང་གཞོན་ཞིང་། ལོ་ཆིག་སྟོང་སུམ་བརྒྱ་ཡས་མས་མ་གཏོགས་ཕྱིན་མེད། དེ་བཞིན་བོད་ཀྱི་སྐད་ཡིག་ཕ་སྐད་ཀྱི་ཚུལ་དུ་ལོངས་སྤྱོད་མཁན་ས་ཡ་དྲུག་ཙམ་མ་གཏོགས་མེད། དེས་ན་མི་ཉུང་ཉུང་ས་ཡ་དྲུག་ཙམ་གྱིས་དུས་ཚོད་ཐུང་ཐུང་མི་ལོ་ཆིག་སྟོང་བཞི་བརྒྱ་ཡས་མས་ནང་རྩོམ་རིག་འབོར་ཆེན་པོ་དེ་ཙམ་བཏོན་ཐུབ་པའང་ཡ་མཚན་དངོས་བྱུང་རང་རེད། དེ་ནི་ང་ཚོས་ཐུགས་ལ་འཇོག་དགོས། དེ་དག་ཚང་མ་གང་ནས་བྱུང་བ་རེད་ཅེ་ན། ཐོན་མི་སཾ་བྷོ་ཊ་སོགས་ང་ཚོའི་ཕ་མེས་ཀྱི་མི་རབས་ནས་བཟུང་སྟེ། ཧ་ལམ་བསྟན་པ་སྔ་དར་གྱི་དུས་ཚོད་ཡོངས་སུ་རྫོགས་པ་དང་། བསྟན་པ་ཕྱི་དར་གྱི་དུས་ཚོད་དགའ་རབས་བར་བོད་ཀྱི་ནང་ལ་མི་ལོ་ལྔ་བརྒྱ་ཙམ་རིང་ལ་སྒྲ་སྒྱུར་གྱི་ལས་རིམ་འགྲོ་ཞིང་། གང་ལྟར་བརྒྱ་ཕྲག་བདུན་པ་ནས་མགོ་བཙུགས་ཏེ་བརྒྱ་ཕྲག་བཅུ་གཉིས་ཀྱི་མགོ་སྟོད་བར་དུ་སྒྲ་སྒྱུར་གྱི་ལམ་རིམ་འགྲོ་བསྡད་པ་རེད། བོད་ཀྱི་རྩོམ་རིག་འབོར་ཆེན་པོ་རེད་ཅེས་ཞུས་པ་དེའང་འབོར་ཆེན་པོ་དང་སྤུས་དག་པོ་གཉིས་ཀ་རེད་ཅེས་ཞུ་གི་ཡོད།

གལ་ཏེ་ཡག་པོ་གཟིགས་ན། བོད་ཀྱི་བླ་མ་གསུང་འབུམ་པོ་ཏི་བརྒྱ་ལས་བརྒལ་བ་ཡོད་པ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང། ཀུན་མཁྱེན་བུ་སོགས་བླ་མ་དུ་མ་བྱུང་ཡོད། དེ་ཙམ་དུ་མ་ཟད་ད་ལྟ་ང་ཚོས་མ་རྙེད་པ་དང་། པར་ལ་མ་ཐོན་པའི་རྩོམ་རིག་ཧ་ཅང་ཕོན་ཆེན་པོ་ལྷག་ཡོད་པའང་ཧ་ཅང་གསལ་པོ་རེད། ངས་ག་རེ་ཞུ་གི་ཡོད་ཅེ་ན། ཐོག་མར་བོད་ཀྱི་སྐད་ཡིག་གཏན་ལ་ཕབ་པའི་སྐབས་སུ་དམིགས་ཡུལ་གཙོ་བོ་ནི་ནང་དོན་རིག་པའི་གཞུང་ལུགས་ཡོངས་སུ་རྫོགས་པ་འབྲི་རྩོམ་ཐུབ་པ་དང་། རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞིའི་ནང་བཞུགས་པའི་ནང་པའི་བཀའ་བསྟན་གཙོ་བོར་གྱུར་པའི་གཞུང་ལུགས་ཡོངས་རྫོགས་བསྒྱུར་ཐུབ་པའི་ཆེད་དུ་རེད།

བོད་སྐད་ཡིག་ནང་གི་ཚིག་མཛོད་དང་པོ་དེ་ཕལ་ཆེར་བྱེ་བྲག་རྟོགས་བྱེད་ཆེ་བ་དང་། བྱེ་བྲག་རྟོགས་བྱེད་འབྲིང་བ། བྱེ་བྲག་རྟོགས་བྱེད་ཆུང་ངུ་བཅས་གསུམ་ལ་ཆ་བཞག་ན་མི་འགྲིགས་པ་མེད། བྱེ་བྲག་རྟོགས་བྱེད་གསུམ་པོ་དེ་ཕལ་ཆེར་ཁྲི་སྲོང་གི་སྐབས་ནས་དབུ་འཛུགས་གནང་སྟེ། མཐའ་བསྡོམས་དེ་ཁྲི་ལྡེ་སྲོང་བཙན་ (ཕྱི་ལོ་ ༧༦༡-༨༡༥) གྱི་སྐབས་སུ་ཕྱི་ལོ་ ༨༡༤ ལ་གནང་བ་རེད། བོད་ཀྱི་ཚིག་མཛོད་དང་པོ་བྱེ་བྲག་རྟོགས་བྱེད་ཆེན་པོའི་ནང་མིང་ཚིག་གི་གྲངས་ ༩༥༦༥ ཙམ་ཡོད་པ་དང་། དེ་བཞིན་བྱེ་བྲག་རྟོགས་བྱེད་ཆུང་བ། རྟོགས་བྱེད་འབྲིང་བ། སྒྲ་སྦྱོར་བམ་པོ་གཉིས་པའི་ནང་མིང་ཚིག་ ༤༡༣ ཙམ་ཡོད། ཡིན་ནའང་དེ་ཚོའི་མིང་ཚིག་འཇོག་སྟངས་དང་། འགྲེལ་བརྗོད་གནང་སྟངས། ལྷག་པར་དུ་སྐད་གཉིས་ལ་སྦྱར་ནས་གསུང་སྟངས་དེ་དག་དེང་རབས་སྒྲ་སྒྱུར་གྱི་ཚིག་མཛོད་གང་གིས་ཀྱང་འགྲན་མི་ཐུབ་པ་དེ་ཞིབ་ཏུ་གཟིགས་ན་མཁྱེན་ཐུབ།

སྤྱིར་བཏང་ཚིག་མཛོད་ཅེས་པ་དེ་བྱུང་རབས་ཀྱི་ཆ་ནས་ཧ་ཅང་རྙིང་པ་རེད། དེང་རབས་ཀྱི་བྱུང་རབས་སྨྲ་བ་ཚོས་ཚིག་མཛོད་དང་པོ་ཨེལ་བ་ (དེང་སང་གི་སི་རི་ཡ་) ནས་རྙེད་པ་དེ་ཡིན་པ་དང་། དེ་ནི་ཡེ་ཤུའི་སྔོན་གྱི་ལོ་ ༢༣༠༠ ཙམ་ལ་བྲིས་ཚུལ་བཤད། གང་ལྟར་ཚིག་མཛོད་ཅེས་པའི་ཐ་སྙད་དང་། ཚིག་མཛོད་ཅེས་པའི་བསམ་ཚུལ་ནི་སྐབས་དེ་དུས་ནས་ཡོད་པ་དང་། དེ་ནས་བཟུང་སྟེ་ད་བར་ཚིག་མཛོད་ཀྱི་རིམ་པ་མང་པོ་བྱུང་།

ད་ལྟ་གོང་དུ་ཞུས་པ་བཞིན་བྱེ་བྲག་རྟོགས་བྱེད་གཉིས་དང་། སྐད་ཡིག་གཞན་ནས་བསྒྱུར་བའི་ཚིག་མཛོད་ནི་ཨ་མར་ཀོཥ་ (མངོན་བརྗོད་འཆི་མེད་མཛོད་) དང་པོ་ཡིན། ཨ་མར་སིངྷས་ (འཆི་མེད་སེངྒེ་) བརྩམས་པའི་ལེགས་སྦྱར་གྱི་ཚིག་མཛོད་ལ་བརྟེན་ནས་བོད་ཀྱི་སྒྲ་སྒྱུར་གྱི་ལས་རིམ་ཐོག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། སྤྱིར་བཏང་བོད་དུ་བྱེ་བྲག་རྟོགས་བྱེད་ཆེན་པོས་མཚོན་པའི་ཚིག་མཛོད་འབྲི་བའི་ལམ་སྲོལ་དར་ཚུལ་ལ་བལྟས་ན། སྐབས་སོ་སོའི་དགོས་མཁོ་དང་། སྐབས་སོ་སོའི་གནས་བབ་དང་བསྟུན་ནས་བྱུང་བ་ཤ་སྟག་རེད། དེའི་ནང་ལ་དགོས་མཁོ་གཅིག་གང་ཡོད་དམ་ཞེ་ན། ཡི་གེའི་ཚིག་འབྲུ་དག་པོ་འབྲི་བའི་དོན་དུ་ཚིག་མཛོད་བཟོས་པའི་རིགས་གཅིག་རེད། དེའི་མིང་ལའང་དག་ཡིག་ཟེར་བ་རེད། དཔེར་ན་དག་ཡིག་ངག་སྒྲོན་དང་། དག་ཡིག་གསར་བུ་འཇུག་བདེ་སོགས་རེད། དེའི་དམིགས་ཡུལ་ནི་གཙོ་ཆེ་མིང་ཚིག་འབྲི་བའི་སྐབས་སུ་ཡི་གེ་དག་ཆ་གང་ཡིན་བསྟན་པའི་ཆེད་དུ་རེད། གཉིས་པ་སྐད་གཉིས་ཤན་སྦྱར་དེ་རེད། ལེགས་སྦྱར་དང་བོད་སྐད་ཀྱི་གཙོས་སྐད་གཉིས་ཤན་སྦྱར་བའི་ཚིག་མཛོད་རྣམས་ནི་སྒྲ་སྒྱུར་མཁན་ཚོའི་བེད་སྤྱོད་ཀྱི་ཆེད་དུ་ཡིན། བྱེ་བྲག་རྟོགས་བྱེད་ཆེ་ཆུང་ལ་སོགས་པ་མང་ཆེ་བ་དེའི་རིགས་ཡིན། གསུམ་པ་དོན་གཅིག་མིང་གྲངས་མང་པོ་ཡོད་པ་དང་། མིང་གཅིག་ལ་དོན་མང་པོ་ཡོད་པའི་རིགས་ལ་མངོན་བརྗོད་ཅེས་བཏགས་ཏེ། མངོན་བརྗོད་མཁས་པའི་རྣ་རྒྱན་ལ་སོགས་པ་རེད། ཡང་དེ་ལས་མི་འདྲ་བ་ཞིག་ལ། བརྡ་གསར་རྙིང་གི་ཁྱད་པར་ཕྱེ་བ་དཔེར་ན་ལི་ཤིའི་གུར་ཁང་སོགས་ཚིག་མཛོད་ཡིན་པ་གང་ཞིག་ལ་བརྗོད་བྱའི་གཙོ་བོ་བོད་ཀྱི་བརྡ་རྙིང་དང་། བརྡ་གསར་གྱི་ཁྱད་པར་ཇི་ལྟར་འགྲོ་ཚུལ་སྐོར་བཤད་ཀྱི་ཡོད། དེ་ལྟར་ད་བར་ཚིག་མཛོད་ཀྱི་རྣམ་གྲངས་མང་པོ་བྱུང་ཡོད། ༼ལྷག་པར་དུ་དེང་དུས་ནུབ་ཕྱོགས་སུ་ཨིན་ས་ཡི་ཀོ་ལོ་པེ་ཌི་ཡ་ (Encyclopedia) ཞེས་པའི་ཚིག་མཛོད་གྲགས་ཅན་དེ་རིགས་བྲིས་སྲོལ་བྱུང་བ་དང་མཚུངས་པར། བོད་མིས་གཞན་ལ་དཔེ་བལྟས་པ་མ་ཡིན་པར་རང་སྟོབས་ཀྱིས་དེ་འདྲའི་རྩོམ་ཡིག་སྤེལ་བ་སྔོན་གྱི་མཛོད་ཆེན་ཁག་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་མཛོད་ལྟ་བུ་དེང་རབས་ཀྱི་ཨིན་ས་ཡི་ཀོ་ལོ་པེ་ཌི་ཡ་ལས་ལྷག་པའི་ཁྱད་ཆོས་ལྡན་ཡོད་ཅིང་། མཚན་ལའང་ ‘ཤེས་བྱ་ཀུན་ཁྱབ་’ ཅེས་དོན་དང་མཐུན་པར་འདོགས་གནང་མཛད་ཡོད། དེང་རབས་ཀྱི་རྒྱ་གར་བས་ནུབ་ཕྱོགས་པ་ལས་དཔེ་བླངས་ནས་བྲིས་པའི་ ‘འཇིག་རྟེན་མཛོད་’ (བིཤྦ་ཀོཥ) ཅེས་བཏགས་པར་ཤེས་བྱ་ཀུན་ཁྱབ་ལས་ཁྱབ་ཆུང་བར་སྣང་།༽ དེ་བཞིན་ཉེ་བའི་ཆར་གྱི་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ནང་ལ་མཚོན་ན། སོག་པོ་ཆོས་གྲགས་ཀྱི་ཚིག་མཛོད་དེ་གྲགས་ཆེ་བ་གཅིག་རེད། རཱཧུལ་སཱཾཀྲྀཏྱཱཡན་ (Rahul Sankrityayan) བོད་དུ་ཕེབས་ནས་བོད་སྐད་ཀྱི་ཚིག་མཛོད་ཆུང་ངུ་དེ་འདྲ་བྲིས་ཡོད་ལ། མཐར་ཕྱིན་བཱ་བཱུས་ (Tharchin Babu) ཀྱང་བྲིས་ཡོད། ཕྱིས་སུ་ང་ཚོ་སྐྱབས་བཅོལ་དུ་སླེབས་ནས་བྲག་གཡབ་རིན་པོ་ཆེའི་ཚིག་མཛོད་དང་། དག་ཡིག་གསར་བསྒྲིགས་སོགས་མང་པོ་བྱུང་ཡོད། ༼བོད་ནང་དུའང་དུང་དཀར་ཚིག་མཛོད་ཆེན་པོ་སོགས་རླབས་ཆེན་གྱི་ལས་དོན་མང་པོ་བརྩམས་ཡོད།༽

དེ་དག་ཚང་མའི་རྩ་བའི་གཞི་རྟེན་བཅོལ་ཡུལ་ལྟ་བུ་དེ་ཐོག་མར་བྱེ་བྲག་རྟོགས་བྱེད་ཀྱི་སྐབས་ལ་རྗེ་བློན་ལྷན་འཛོམས་ཀྱི་ཐོག་ནས་བཀའ་འགྲོས་ཏེ་གཏན་ལ་ཕབ་པ་བཞིན། ཐ་སྙད་དེ་དག་འཆད་པ་པོ་དང་སྒྱུར་བ་པོ་སོ་སོས་ཐག་བཅད་མི་ཆོག་པར། སྒྲ་སྒྱུར་ཞུ་ཆེན་གནང་མཁན་གྱི་འདུན་ས་ལ་ཞུས་ནས་གཞི་ནས་ཐག་གཅོད་དགོས་པ་དེ་སྒྲ་སྦྱོར་བམ་གཉིས་ཀྱི་བཀོད་ཁྱབ་རེད། བཀོད་ཁྱབ་དེའི་ནང་ཆ་རྐྱེན་གཉིས་བཞག་ཡོད། ཆ་རྐྱེན་དང་པོ་དེ་ཆོས་ཀྱི་དོན་དང་མི་འགལ་བ་དང་། ཆ་རྐྱེན་གཉིས་པ་དེ་བརྡ་དག་གི་གཞུང་དང་མི་འགལ་བའི་ཐོག་ནས་སྐད་ཡིག་གཞན་དང་ཏག་ཏག་མཐུན་ན་གཞི་ནས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་ལ་ཞུས་ཏེ་གཏན་འབེབས་གནང་དགོས། བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་ཞེས་པ་ནི་ཆོས་རྒྱལ་ཚོའི་སྐབས་སུ་ཆོས་དོན་ལས་ཁུངས་ལྟ་བུ་དེ་རེད། དེ་ནི་ལས་ཁུངས་ཚང་མའི་ནང་ནས་མཐོ་ཤོས་དང་རྒྱལ་པོ་རང་གིས་དེའི་དབུ་ཁྲིད་གནང་གི་ཡོད། དེའི་འགན་འཛིན་རྣམས་ཀྱང་ཧ་ཅང་གནད་ཆེ་བའི་གྲས་ཡིན། དེ་ལྟར་གནང་བའི་ཉེར་ལེན་ལ་བརྟེན་ནས་ད་ལྟའི་བར་དུ་ང་ཚོའི་སྐད་ཡིག་དེ་ཁྱད་པར་དུ་འཕགས་པ་དང་། སྐད་ཡིག་དེའི་ནང་རླབས་ཆེན་གྱི་གཞུང་མང་པོ་བསྒྱུར་ཐུབ་པ་བྱུང་།

དེས་ད་ལྟའི་འཇིག་རྟེན་འདིའི་ནང་དུ་ནང་པའི་ནང་དོན་རིག་པ་ནི་འགྲོ་བ་སྤྱི་ཡོངས་ཀྱི་ཕན་བདེའི་གཞི་རྩ་ཡིན་པ་དེ་རིམ་པས་ངོ་འཕྲོད་ཀྱི་ཡོད། འདས་པའི་ལོ་ངོ་དྲུག་ཅུའི་རིང་ལ་བོད་བརྒྱུད་ནང་བསྟན་གྱི་འཕེལ་ཚད་ཇི་ཙམ་བྱུང་བ་ཚང་མས་མཁྱེན་གསལ་རེད། དེ་ལྟ་བུ་འཕེལ་ཚད་ཡོང་ཧ་ཅང་ཁག་པོ་རེད། དེ་ནི་མིས་འབད་བརྩོན་ལས་བྱུང་བ་མིན་པར། ཆོས་ཀྱི་སྤུས་ཀ་དང་། སངས་རྒྱས་ཀྱི་འཕྲིན་ལས། ྋགོང་ས་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་བཅས་ལ་བརྟེན་ནས་བྱུང་བ་རེད། མ་འོངས་པར་ནང་པའི་གཞུང་ལུགས་ལ་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱེད་ན། བོད་སྐད་ལ་མ་བརྟེན་ཐབས་མེད་རེད། བོད་སྐད་ལ་བརྟེན་དགོས་ན་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཚིག་མཛོད་རྒྱས་ཤིང་རྒྱས་པ་ལ་བརྟེན་དགོས། ད་ལྟའི་ཚིག་མཛོད་འདི་ལྟ་བུར་མཚོན་ན། གཙོ་ཆེ་བ་མིང་གི་ངེས་ཚིག་བཤད་ཀྱི་ཡོད། མིང་ཚིག་ལ་འགྲེལ་བཤད་བརྒྱབས་ནས་དོན་བསྟན་པའི་ཚིག་མཛོད་ནི་ཚང་མའི་ནང་ནས་ཕུལ་དུ་ཕྱིན་པ་དེ་ཡིན། དེ་ནི་དག་ཡིག་ཙམ་དང་། སྐད་གཉིས་ཤན་སྦྱར་ཙམ་མིན། གང་ཡིན་ཞེ་ན། གཞུང་ཆེན་མོ་ལ་སློབ་གཉེར་བྱེད་པའི་སྐབས་སུ་གཞུང་གི་གོ་དོན་མ་རྟོགས་པ་བྱུང་ན། འཕྲལ་མ་ཉིད་དུ་ཚིག་མཛོད་ཀྱི་ནང་བལྟས་ནས་གོ་དོན་རྟོགས་ཐུབ་པའི་མཐུན་རྐྱེན་དེ་བསྐྲུན་པ་རེད། རིག་པའི་གཞུང་ལུགས་དང་བསྟུན་པའི་མིང་དང་ཚིག་གི་ངེས་ཚིག་བཤད་པ་འདི་ལྟ་བུ་རྒྱས་པོ་བྱུང་བ་ད་རེས་དང་པོ་རེད་བསམ་གྱི་འདུག  དེར་བརྟེན་འདི་ལ་བརྟེན་ནས་བསྟན་པ་དང་རིག་གནས་གཉིས་ཀར་འབྱུང་འགྱུར་གྱི་དུས་རབས་མང་པོའི་བར་དུ་ཕན་ཐོགས་ཡོང་རྒྱུ་རེད། གལ་སྲིད་ཡོང་རྒྱུ་བསྡད་པའི་ང་ཚོའི་མི་རབས་ཚོས་རིན་ཐང་ཚོར་བ་དང་། བདག་པོ་རྒྱག་ཤེས་པ། མུ་མཐུད་ནས་ལས་ཀ་བྱེད་ཐུབ་པ་ཡིན་ན། ད་ལྟ་ནས་བརྩིས་པའི་ལོ་ཉིས་བརྒྱ་སུམ་བརྒྱའི་རྗེས་སུ། ད་ལྟ་ང་ཚོས་དུས་རབས་བདུན་པ་དང་བརྒྱད་པའི་མི་རབས་ཀྱི་བཀའ་དྲིན་དྲན་པ་བཞིན་སྐབས་དེར་ཁོང་ཚོས་ཀྱང་དེ་ལྟར་དྲན་སྲིད།

ལྷག་པར་དུ་མིང་ཚིག་གི་རིག་གནས་དེ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། ཞེས་གསུངས་པ་དེ་ཧ་ཅང་བསྡོམས་ཆེན་པོ་ཞིག་རེད། འདིར་བསླབ་པ་ཞེས་པ་དེ་ཤེས་ཡོན་གྱི་བསླབ་པ་ལ་བརྗོད་ཅིང་། དེ་ནི་ཤིཀྵཱ་ཞེས་པ་དེ་རེད། དེར་བརྟེན་ཤེས་ཡོན་གྱི་བསླབ་པ་ཡོངས་སུ་རྫོགས་པ་མིང་ཚིག་གིས་གཞི་འཛིན་དགོས།  འདིར་རིག་བྱེད་ཅེས་པ་དེ་རིག་བྱེད་བཞི་རྐྱང་རྐྱང་ལ་མི་ཟེར་བར། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཡོངས་སུ་རྫོགས་པ་ལ་གོ་དགོས། དེ་དག་ཐམས་ཅད་ཀྱི་རྒྱུ་ཡིན་སྟབས། དེ་རིང་འདིར་ཕྱག་ལས་ཧ་ཅང་སྤུས་དག་པོ་དང་། མཁས་པ་མང་པོ་མཉམ་རུབ་ཀྱིས་གནས་སོ་སོར་རྩོམ་སྒྲིག་ཚོགས་ཆུང་བཙུགས་པ་དེ་དག་གིས་མིང་ཚིག་བསྡུ་རུབ་དང་། མིང་ཚིག་རྣམས་ཆོས་བརྒྱུད་སོ་སོའི་ཐུན་མོང་མ་ཡིན་པའི་བཞེད་པ་དང་བསྟུན་ནས་འགྲེལ་བརྗོད་གནང་བ་དེ་དངོས་གནས་རླབས་ཆེན་གྱི་བྱ་བ་རེད། དེ་དག་ཚང་མར་ངས་རྗེས་སུ་ཡི་རང་དང་། དེ་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ཙམ་མིན་པར། བོད་ཀྱི་ཆོས་དང་ལེགས་བྱང་། དེ་བཞིན་འཇིག་རྟེན་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཉེ་བར་མཁོ་བའི་དངོས་པོ་ཐམས་ཅད་འགྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

ྋགོང་ས་མཆོག་གིས་གསུངས་པ་བཞིན་སེམས་ཀྱི་ཚན་རིག་དང་སྐད་ཡིག་ཚན་རིག་དེ་ད་ལྟ་གནས་ཚད་དམའ་པོ་རེད། རྡོག་རྡོག་ཞུ་ན། རྗོད་བྱེད་ཀྱི་སྒྲ་དེ་བརྗོད་བྱའི་དོན་ལ་དངོས་དབང་གིས་མི་འཇུག་པ་དེ་ནང་པས་མ་གཏོགས་ཤེས་ཀྱི་མེད། གང་ལྟར་སྒྲ་རྟོག་གཞན་སེལ་གྱི་དབང་གིས་འཇུག་པ་དེ་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། གལ་ཏེ་སྒྲ་རྟོག་གཞན་སེལ་གྱི་དབང་གིས་འཇུག་པའི་སྐོར་ལ་ཚན་རིག་པས་དོ་སྣང་བྱུང་ན། མ་འོངས་པར་སྒྲ་རྟོག་གཞན་སེལ་གྱིས་འཇུག་ཚུལ་དེའི་དབང་གིས་སྐད་ཡིག་གི་ཚན་རིག་དང་། དེ་མཚུངས་ཐ་སྙད་ཀྱི་རིག་པ་མང་པོ་ལ་འགྱུར་བ་རླབས་ཆེ་འགྲོ་བའི་གཞི་རྩ་ཡོད།

ང་ཚིག་མཛོད་ཀྱི་ལས་གཞི་དང་དམིགས་བསལ་གྱི་འབྲེལ་བ་མེད་པ་མ་ཟད། ཚིག་མཛོད་རིག་པའི་སློབ་ཕྲུག་ཀྱང་མིན། ཡིན་ནའང་དེ་རིང་འདིར་གཏམ་བཤད་བྱེད་དགོས་ཞེས་གསུངས་པ་རེད། སོ་སོའི་སློབ་ཚན་མིན་བཞིན་དུ་སེམས་ལ་གང་དྲན་ཞུས་པ་དེས་ཁ་ཤས་ཀྱི་ཐུགས་ལ་མི་འཚམས་པ་བྱུང་ཡོད་ན་བཟོད་གསོལ་ཞུ་རྒྱུ་ཡིན།

༼མཐའ་དོན། རླབས་ཆེན་གྱི་བྱ་བ་འདི་རིགས་རང་རེའི་ད་ལྟའི་གནས་བབས་ལ་གཞིགས་ཏེ་འགྲུབ་རེ་དཀའ་ཡང་། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དང་རྨད་དུ་བྱུང་བའི་དྲིན་ཉག་གཅིག་ལས་གྲུབ་པ་ཡིན་པས། རྒྱལ་བའི་དབང་པོའི་རྨད་བྱུང་འཕྲིན་ལས་ལས།། ལེགས་གྲུབ་སྨོན་ལམ་ཚིག་མཛོད་ཆེན་མོས་ཀྱང་།། བློ་གསལ་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང་།། རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག།།ཅེས་སྨོན་འདུན་ཞུ་རྒྱུ་ཡིན།༽ ཐུགས་རྗེ་ཆེ།།

(ཞུ་སྒྲིག་པའི་གསལ་བཤད། གསུང་བ་པོའི་ཐུགས་ལ་གསུང་འདོད་ཡོད་ཀྱང་། སྐབས་དེར་དུས་ཚོད་དབང་གིས་འཚེམས་ལུས་གྱུར་པ་ཡིག་ཕབ་ཞུ་དག་སྐབས་གསར་འཇུག་ཞུས་རིགས་རྟགས་འདིའི་ ༼ ༽ ནང་བཅུག་ཡོད།)

(གསུང་བཤད་འདི་ ༢༠༢༢ ཕྱི་ཟླ་ ༥ ཚེས་ ༢༧ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་དབུ་འབྱེད་སྐབས་སུ་གནང་ཞིང་། ཡིག་འབེབས་པ་ནི་འཇམ་དབྱམས་དཀར་པོ་ཡིན།)