༈ སྦྱོར་ཆོས་དྲུག་གི་བཀའ་ཁྲིད།

(༢༠༢༠ ཕྱི་ཟླ་ ༣ ཚེས་ ༨) ཉིན་དང་པོ། སྔོན་འགྲོ་ཆོས་བཤད།

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག། འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ།། ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན།། སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས།། ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས།། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།། ཞེས་གསུངས་པ་བཞིན། ང་ཚོས་ད་ལྟའི་གནས་སྐབས་སུ་འཐོབ་དཀའ་བ་དལ་བརྒྱད་འབྱོར་བཅུ་ཚང་བ་མི་ལུས་རིན་པོ་ཆེ་ཐོབ། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཕྲད་དཀའ་བ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་ཕྲད་པའི་སྐབས་འདིར་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པའི་གཏན་གྱི་འདུན་མ་སྒྲུབ་པའི་གོ་སྐབས་ཤིག་སླེབས་ཡོད། འདི་ལྟ་བུའི་དལ་བའི་རྟེན་འདི་དོན་ཆེ་བ་ཙམ་དུ་མ་ཟད། རྒྱུ་དང་དཔེ་ངོ་བོ་བཅས་གང་གི་སྒོ་ནས་བསམས་ཀྱང་ཡང་ཡང་རྙེད་པར་དཀའ་བ། དེ་བཞིན་རྙེད་པའི་ལུས་རྟེན་འདི་ཡང་རིང་དུ་མི་གནས་པར་འཆི་བར་ངེས་པ་དང་ནམ་འཆི་ལ་ངེས་པ་མེད་པར་བརྟེན་ནམ་མཁའི་གློག་ལྟར་འཇིག་སླ་བ་རེད། དེར་བརྟེན་ཚེ་འདི་སྣང་གི་འཇིག་རྟེན་གྱི་བྱ་བ་རྣམས་ཞིང་པས་སྦུན་པ་འཕྱར་བ་ལྟ་བུའི་སྙིང་པོ་མེད་པར་རྟོགས་ནས་ཉིན་དང་མཚན་ཀུན་ཏུ་ཚེ་ལྷག་ཇི་ཙམ་ཡོད་པ་དེའི་རིང་ལ་སྙིང་པོ་ཡང་དག་པ་ཞིག་བླངས་ནས་མ་མཐའ་ལའང་སྐྱེ་བ་ཕྱི་མའི་མདུན་མ་སྒྲུབ་པ་ཞིག་དང་། དེ་ལས་ལྷག་པ་བྱུང་ན་ཐར་པའི་གོ་འཕང་སྒྲུབ་ཐུབ་པ། རབ་ཏུ་བྱུང་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་ཐུབ་པ་ཞིག་ངེས་པར་དུ་དགོས་པ་ཡིན་པ་རེད།

དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཚུལ་ཡང་ཆོས་རྣམ་པར་དག་པ་ཞིག་སྒྲུབ་པའི་ཐོག་ནས་ལེན་དགོས་པ་ཡིན། ཆོས་རྣམ་པར་དག་པ་ཞིག་སྒྲུབ་པར་བྱེད་པ་ལ་ཆོས་ཤེས་དགོས་པ་དང་། ཆོས་ཤེས་པ་ལ་ཆོས་ལ་ཐོས་པ་བྱེད་དགོས་ཤིང་། ཐོས་པ་མ་བྱས་པར་ཆོས་ཤེས་པའི་ཐབས་ཤེས་མེད། དེར་བརྟེན་ངེས་པར་དུ་རང་གིས་ཉམས་སུ་བླང་བྱའི་ཆོས་རྣམས་བླ་མའི་དྲུང་ནས་ཐོས་པ་གསག་རྒྱུ་དང་། སོ་སོས་དཔེ་ཆ་བཀླགས་ནས་ཤེས་པར་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཐོས་པ་མ་བྱས་པའམ་ཆོས་ཀྱི་གནས་ཚུལ་ཡག་པོ་མ་ཤེས་པར་ཆོས་བྱེད་འདོད་ཀྱི་བསམ་པ་ཙམ་ཡོད་ནའང་སྔགས་བགྲངས་པ་ཙམ་དང་། ལུས་ངག་གིས་ཕྱག་འཚལ་སྐོར་སྦྱོང་བྱེད་པ་ལྟ་བུ་མ་གཏོགས། དོན་དུ་ཆོས་ཀྱི་སྙིང་པོ་རང་གི་སེམས་དེ་བཅོས་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཐོག་ནས་སློབ་རྒྱུ་དེ་ཁག་པོ་བྱེད་ཀྱི་རེད། དེར་བརྟེན་ཐོག་མར་དམ་པའི་ཆོས་ཐོས་དགོས་ཤིང་། ཐོས་བྱའི་ཆོས་དེའང་ཡང་དག་པ་ཞིག་དགོས་པ་དང་། དེ་ཡང་སོ་སོའི་གཏན་གྱི་འདུན་མ་སྒྲུབ་པའི་ཐབས་ལ་འོས་འཚམས་དགོས་རྒྱུ་དེའང་གལ་ཆེན་པོ་རེད། དེས་ན་དམ་པའི་ཆོས་ཡང་དག་པ་ཞིག་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ཚང་དགོས། སྦྱོར་དངོས་རྗེས་གསུམ་ཚང་བའི་ཐོག་ནས་ཉམས་སུ་ལེན་པ་ལའང་ཐོག་མ་ཆོས་བྱེད་པའི་སྔོན་འགྲོ་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏཱི་ཤའི་བླ་མ་གསེར་གླིང་པ་ཆེན་པོ་ཆོས་ཀྱི་གྲགས་པས་སངས་རྒྱས་ཀྱིས་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྦྱོར་བའི་ཆོས་དྲུག་ཅེས་པའི་ཐ་སྙད་དམ་མན་ངག་གི་རྒྱུན་དེ་བྱུང་བ་རེད།

སྤྱིར་ལམ་ཇི་འདྲ་ཞིག་ཉམས་སུ་ལེན་པའམ་དགེ་སྡིག་གི་བྱ་བ་གང་ཞིག་བྱས་ཀྱང་སྦྱོར་དངོས་རྗེས་གསུམ་ཆ་ཚང་བ་བྱུང་ན་བྱ་བ་དེ་སྟོབས་ཆེ་བ་དང་། ལས་ཡིན་ནའང་སྟོབས་ཆེ་བ་ཞིག་ཡོང་གི་ཡོད། སྦྱོར་དངོས་རྗེས་གསུམ་མ་ཚང་བ་ཡིན་ན་ལས་དེ་སྟོབས་ཆེ་བ་མི་ཡོང་བ་རེད། ལྷག་པར་དུ་དགེ་བའི་བྱ་བ་སྤྱི་དང་། དམིགས་སུ་བཀར་ནས་ལམ་ལ་བློ་སྦྱོང་བའི་སྐབས་སུ་རང་གི་རྒྱུད་ལ་བསྒོམ་བྱའི་ལམ་ཡང་དག་པ་ཉམས་མྱོང་འཐོན་མིན་ནི་དེའི་སྔོན་གྱི་ཚོགས་བསགས་སྒྲིབ་སྦྱངས་དང་གསོལ་འདེབས་སོགས་སྦྱོར་བའི་ཆོས་ཡང་དག་པ་ཞིག་བྱས་མིན་ལ་རག་ལུས་པ་རེད། དེར་བརྟེན་བོད་གངས་ཅན་གྱི་ལྗོངས་སུ་ཇོ་བོ་ཆེན་པོའི་བརྒྱུད་པ་ནས་བྱུང་བའི་ལམ་ཉམས་སུ་ལེན་པའི་རིམ་པའི་སྔོན་འགྲོ་ལ་སྦྱོར་བའི་ཆོས་དྲུག་གི་སྐོར་ལ་ད་རིང་ང་ཚོས་འཆད་ཉན་མདོར་བསྡུས་ཤིག་བྱེད་རྒྱུ་ཡིན་པ་རེད། སྤྱིར་སྦྱོར་བའི་ཆོས་དྲུག་ལག་ལེན་དུ་བསྟར་ཚུལ་ལམ་ཉམས་སུ་ལེན་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་དེའི་ནང་ནས་ད་ལྟ་ང་ཚོས་དྭགས་པོ་བླ་མ་འཇམ་དཔལ་ལྷུན་འགྲུབ་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བ་སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་གཞིར་བཟུང་ཐོག་ནས་འཆད་ཉན་ཞུ་རྒྱུ་ཡིན། སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་གྱི་ཕྱག་དཔེ་འདིར་དཔར་སྐྲུན་དང་འགྲེམས་སྤེལ་གནང་ཡོད་ཙང་། ཁྱེད་རང་ཚོས་གཟིགས་རྒྱུ་ལའང་སྟབས་བདེ་ཡོང་རྒྱུ་རེད། གང་ལྟར་བཤད་བྱའི་དམ་པའི་ཆོས་དེ་སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་གྱི་ཐོག་ནས་སྦྱོར་བའི་ཆོས་དྲུག་མདོར་བསྡུས་བཤད་རྒྱུ་ཡིན། སྤྱིར་ཚིག་གི་ཐོག་ནས་སྦྱོར་བའི་ཆོས་དྲུག་ཅེས་གསུངས་པ་བཞིན་སྔོན་འགྲོ་དང་། དངོས་གཞི། མཇུག་གསུམ་གྱི་ནང་ནས་སྔོན་འགྲོ་བྱ་བའི་སྐོར་དེ་ཡིན་པ་རེད། ཡིན་ནའང་ལས་དང་པོ་བ་ཆོས་ལ་ཞུགས་མ་ཐག་པ་དེ་ཚོས་ཆོས་དྲུག་པོ་འདི་ཉམས་སུ་ལེན་ཐུབ་ན་དེ་རང་གིས་ཆོས་དངོས་གཞི་དང་མཚུངས་པ་ཞིག་ཡོང་རྒྱུ་རེད། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་སྐྱེད་རིམ་དང་རྫོགས་རིམ་སོགས་ལམ་གཞི་རྒྱ་ཆེན་པོ་སྒོམ་པའི་ནུས་པ་མེད་པ་རྣམས་ཀྱིས་སྦྱོར་བའི་ཆོས་དྲུག་གི་ཉམས་ལེན་ཆ་ཚང་བ་བྱེད་ཐུབ་ན་དེ་རང་གི་ཐོག་ནས་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུ་དང་། ས་ཆོད་ཡོད་པ། ཆོས་ཞེས་པ་མིང་དོན་མཚུངས་པ་ཞིག་བྱེད་ཐུབ་པ་ཡོང་རྒྱུ་རེད།

ལམ་རིམ་ལ་སོགས་པ་གཞུང་ཆེན་མོ་ལ་ཐོས་བསམ་བྱས་ནས་སྒོམ་སྒྲུབ་ཉམས་ལེན་བྱེད་ཐུབ་མཁན་ཞིག་ཡིན་ན་འདི་ནི་སྔོན་འགྲོའི་ཚུལ་དེ་རེད། གསུང་ཆོས་གོ་སྒྲིག་གནང་མཁན་ཚོས་མོན་གྱི་ཁུལ་ལ་གྲྭ་བཙུན་དང་ཁྱིམ་པ་ཆོས་ལ་དད་པ་ཡོད་མཁན་མང་པོས་སྦྱོར་ཆོས་རྒྱུན་དུ་ཁ་ཏོན་གྱི་ཚུལ་དུ་འདོན་མཁན་མང་པོ་ཡོད་ཚུལ་གསུང་གི་འདུག དེར་བརྟེན་གལ་ཏེ་སྒོམ་སྒྲུབ་ཉམས་ལེན་བྱེད་མི་ཐུབ་མཁན་ཞིག་ཡིན་ནའང་རྒྱུན་དུ་འདོན་པའི་སྐབས་སུ་དོན་རྣམས་མཁྱེན་ནས་གསུང་ཐུབ་ན་བོད་པའི་ཁ་རྒྱུན་དུ་ཚིག་བཟང་པོ་ཞལ་ནས་གསུངས། དོན་བཟང་པོ་ཡིད་ལ་དྲན་ཞེས་གསུངས་པ་བཞིན་ཚིག་དོན་མཚུངས་པ་ཞིག་ཡོང་རྒྱུ་རེད། དེས་ན་ད་རིང་འདིར་སྦྱོར་ཆོས་ཀྱི་བཤད་ཁྲིད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

དེ་ལའང་ཐོག་མར་ཆོས་ཉན་པའི་ཀུན་སློང་དེ་ཡང་དག་པ་ཞིག་དགོས་པར་བརྟེན། ཚེ་འདི་སྣང་གི་མངོན་འདོད་དང་སྐྱེ་བ་ཕྱི་མའི་མངོན་འདོད་ཙམ་མིན་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ངེས་པར་འཐོབ་དགོས་པ་དང་། དེ་འཐོབ་པའི་ཆེད་དུ་ངས་ཆོས་ཉན་རྒྱུ་ཡིན་བསམ་པའི་བྱང་ཆུབ་སེམས་བཅོས་མ་ཚུན་ཆད་ཀྱི་ཐོག་ནས་ཆོས་ཉན་དགོས་པ་དང་། ཉན་པའི་ཚུལ་དེའང་འགལ་རྐྱེན་སྣོད་ཀྱི་སྐྱོན་གསུམ་སྤང་བ་དང་། མཐུན་རྐྱེན་འདུ་ཤེས་དྲུག་བསྟེན་པ་སོགས་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར་གསལ་བཏབ་ནས་གསན་དགོས་པ་རེད།

སྤྱིར་བཏང་སྦྱོར་བའི་ཆོས་དྲུག་སྐོར་ལ་ཕྲན་བུའི་ཞིབ་ཚགས་པོས་ངོ་སྤྲོད་བྱེད་དགོས་བྱུང་ན་འདི་ལའང་རྒྱ་ཆེན་པོ་ཡོད་རེད། ད་རེས་འཆད་ཉན་གྱི་དུས་ཚོད་ཉིན་ཤས་ལས་མེད་པ་དང་། ཆོས་ཐུན་ཡང་ཐུང་ཐུང་། དེ་བཞིན་མོན་སྐད་དུ་བསྒྱུར་དགོས་པ་བཅས་ལ་བརྟེན་ཞིབ་ཚགས་པོས་འགྲོ་ཐུབ་པའི་རེ་བ་མེད། དེས་ན་ས་བཅད་མ་སྟོང་ཙམ་དང་ཚིག་དོན་ཙམ་ཞུ་རྒྱུ་མ་གཏོགས། རྒྱས་བཤད་དང་དྭོགས་གཅོད་སོགས་ཀྱི་གོ་སྐབས་ཁག་པོ་རེད་འདུག དེ་བཞིན་དེ་རིང་ཉིན་དང་པོར་སྦྱོར་ཆོས་ཆ་ཚང་བ་ཞིག་བླ་མའི་ཕྱག་བཞེས་ལྟར་བཏོན་པ་ཡིན་ཙང་དེ་ལའང་དུས་ཚོད་དགའ་རབ་འགོར་བ་རེད། དེས་ན་བར་དུ་ཆོས་མཚམས་གཞག་མི་དགོས་པ་བྱ་རྒྱུ་ཡིན།

ཐོག་མ་སྦྱོར་བའི་ཆོས་དྲུག་ནི་དང་པོ་གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་དོན་ཚན་གཉིས་འདུས་ཤིང་། སྦྱོར་བའི་ཆོས་རེའི་ནང་དོན་ཚན་གཉིས་རེ་ཡོད། ཐོག་མར་གནས་དང་ཁང་པ་བྱི་དོར་བྱེད་རྒྱུ་དེ་རེད། དེ་ཡང་གད་བརྒྱབས་ནས་གཙང་མ་བཟོ་རྒྱུ་དང་། དེ་ནས་མཆོད་པ་འབུལ་བའི་ཡུལ་ལམ་བྱིན་རླབས་ཞུ་བའི་ཡུལ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་རྒྱུ་དེ་རེད། གཉིས་པ་མཆོད་པ་གཡོ་མེད་པར་བཙལ་ལ་བཀོད་པ་མཛེས་པར་བཤམ་པ་ཞེས་པ་ནི་མཆོད་པའི་རྒྱུ་གཡོ་དང་མ་འདྲེས་པའམ་ཡང་དག་པ་ཞིག་བཙལ་ནས་དེ་བཀོད་པ་མཛེས་པར་བཤམ་རྒྱུ་དེ་རེད། གསུམ་པ་སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་ནམ་སྤྱོད་ལམ་ཅི་བདེར་འཁོད་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྒྱུད་དང་འདྲེས་ངེས་སུ་བྱ་རྒྱུ་དེ་རེད། དགེ་སྦྱོར་བྱེད་པའི་སྐབས་རང་ཉིད་བསྡད་སའི་གདན་དང་ཁྲི་ཇི་ལྟར་དགོས་པ་དང་། དེའི་ཐོག་ཏུ་ལུས་ཀྱི་གནད་ཇི་ལྟར་བཅོས་ནས་བསྡད་དགོས་པ། དེ་ནས་དགེ་སྦྱོར་གྱི་ཐོག་མ་ལྟ་བུ་དེ་སྐྱབས་འགྲོ་དང་། སེམས་བསྐྱེད། ཚད་མེད་བཞི་རྣམས་ཚིག་ཙམ་འདོན་པ་མིན་པར། སེམས་ལ་གཡོ་འགུལ་ཐེབས་པ་ཞིག་ཡོང་དགོས་པ་དེ་རེད། བཞི་པ་ཚོགས་ཞིང་གསལ་བཏབ་པ་ནི་སྦྱོར་ཆོས་ཀྱི་གཙོ་བོ་ཚོགས་བསག་པ་དང་སྒྲིབ་པ་སྦྱང་རྒྱུ་དེ་རེད། ལྔ་པ་བསག་སྦྱང་གི་གནད་བསྡུས་པ་ཡན་ལན་བདུན་པ་མཎྜལ་དང་བཅས་པ་འབུལ་བ་དེ་རེད། སྡིག་པ་བཤག་པ་དང་ཚོགས་བསག་པའི་ཐབས་རྣམ་གྲངས་མང་པོ་ཡོད་པ་དེ་དག་གནད་བསྡུས་ན་སངས་རྒྱས་ཀྱིས་མདོ་ལས་གསུངས་པའི་ཡན་ལག་བདུན་པ་དེ་རེད། སྤྱིར་བཏང་ཡན་ལག་བརྒྱད་དང་། ཡན་ལག་བདུན། ཡན་ལག་དྲུག་སོགས་ཀྱི་བཤད་ཚུལ་མི་འདྲ་བ་དང་གོ་རིམ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། སྦྱོར་ཆོས་ནང་གི་ཡན་ལག་བདུན་གྱི་འགྲོ་སྟངས་དེ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ནས་གསུངས་པ་བཞིན་རེད། དེ་ཡང་ཡན་ལག་བདུན་པོ་ནི་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རངས། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ། དགེ་བ་བསྔོ་བ་བཅས་རེད། དྲུག་པ་གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་སུ་བྱ་བ་ནི་བསག་སྦྱང་གནད་དུ་བསྣུན་པ་སོང་བའི་རྗེས་སུ་རང་གི་རྒྱུད་ལ་ལམ་གང་དང་གམ་བསྒོམ་ནའང་དེའི་རྟོགས་པ་མྱུར་དུ་སྐྱེ་བའི་ཆེད་དུ་བླ་མ་ཚོགས་ཞིང་གི་ལྷ་ཚོགས་ལ་གསོལ་འདེབས་མན་ངག་བཞིན་དུ་རྒྱུད་དང་འདྲེས་ངེས་སུ་བྱ་རྒྱུ་དང། དེ་ཡང་ཚིག་ཙམ་བཏོན་པ་མིན་པར། གསོལ་བའི་འདེབས་པའི་སྐབས་སུ་དོན་གྱི་གོ་རིམ་ཇི་ལྟར་བློ་ལ་འཆར་དགོས་པ་དེ་བླ་མའི་མན་ངག་བཞིན་དུ་རང་གི་རྒྱུད་དང་འདྲེས་ངེས་སུ་བྱ་རྒྱུ་དེ་རེད། སྦྱོར་ཆོས་དེ་དག་སྔོན་དུ་འགྲོ་ན་ལམ་བསྒོམ་པའི་སྣོད་དུ་རུང་བའམ་འོས་ཆོས་ཚང་བ་ཡིན།

 

སྦྱོར་བའི་ཆོས་དང་པོ་གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ།

སྦྱོར་བའི་ཆོས་དང་པོ་གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ་དེ་རེད། གནས་ཁང་ཞེས་པ་ཚིག་གཉིས་རེད། གནས་ཞེས་པ་ནི་རང་ཉིད་གང་དུ་སྒྲུབ་པ་བྱ་བའི་ཡུལ་དང་། ཁང་པ་ཞེས་པ་ནི་དགེ་སྦྱོར་བྱ་སའི་ཁང་པ་རེད། བྱི་ཞེས་པ་ནི་གད་སྙིགས་རྣམས་འཕྱག་རྒྱུ་དང་། དོར་ཞེས་པ་ནི་གད་སྙིགས་རུག་རུག་བཟོས་པ་རྣམས་འདོར་ཚུལ་དེ་རེད། ཆོས་ཚད་ལྡན་སྒྲུབ་པ་ལ་གནས་བཟང་པོ་ཞིག་མ་བྱུང་ན་ཆོས་ལམ་དུ་ལྷོང་དཀའ་ཞིང་། དེར་བརྟེན་མདོ་སྡེ་རྒྱན་ནང་། བློ་ལྡན་གང་དུ་སྒྲུབ་པའི་ཡུལ།། ལེགས་པར་རྙེད་དང་གནས་བཟང་དང་།། ས་བཟང་བ་དང་གྲོགས་བཟང་དང་།། རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན།། ཞེས་ཆོས་སྒྲུབ་པའི་གནས་ཇི་ལྟར་དགོས་པ་དེ་བསྟན་པ་རེད། དེ་ཡང་ལེགས་པར་རྙེད་དང་ཞེས་པ་བླ་མ་དང་དཔེ་ཆ་སོགས་ཆོས་ཀྱི་མཐུན་རྐྱེན་རྙེད་སླ་བ་དང་། གནས་བཟང་བ་ཞེས་པ་ནི་འདུ་འཛི་དང་སྐད་ཅོར་སོགས་བར་ཆད་ཉུང་བ། ས་བཟང་བ་ཞེས་པ་ནི་ས་ཆུ་མི་འཕྲོད་པ་དཔེར་ན་ཧ་ཅང་ཚ་བ་ཆེན་པོ་དང་ཧ་ཅང་གྲང་ངར་ཆེན་པོ་ལ་སོགས་མེད་པ། གྲོགས་བཟང་བ་ཞེས་པ་ནི་གྲོགས་ཚངས་པ་མཚུངས་པར་ཆོས་སྒྲུབ་པའི་གྲོགས་ཡོད་པ། རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན་པ་ཞེས་པ་ནི་ཟས་གོས་གནས་མལ་འཕྲོད་བསྟེན་གྱི་ཡོ་བྱད་ཀྱིས་མི་ཕོངས་པ་ཞིག་དགོས་པར་གསུངས།

གནས་ཁང་བྱི་དོར་ནི་སྦྱོར་བའི་ཆོས་ཐམས་ཅད་ཀྱི་ནང་ནས་ཐོག་མར་ཡོང་དགོས་པ་དེ་གང་རེད་ཅེ་ན། རང་ཉིད་གང་དུ་ཉམས་ལེན་བྱ་བའི་ཡུལ་དེ་དང་ཁང་པ་དེ་ཁོར་ཡུག་གཙང་མ་ཞིག་དང་། ལུས་སེམས་ལ་འཕྲོད་པོ་སོགས་ལམ་ཉམས་སུ་ལེན་པའི་མཐུན་རྐྱེན་ཡག་པོ་ཞིག་མ་བྱུང་ན། ཁོར་ཡུག་མི་མཐུན་པའི་ནང་རྒྱུན་རིང་པོ་ཉམས་ལེན་བྱས་པ་ཡིན་ནའང་ཉམས་རྟོགས་སྐྱེ་དཀའ་བ་རེད། གད་སྙིགས་བྱི་དོར་མ་བྱས་པར་མང་པོ་བསགས་པ་ཡིན་ན་གནས་ཀྱི་ཁོར་ཡུག་དེ་ཉམས་ཆག་འགྲོ་ཞིང་། ཁང་པའི་ནང་དུའང་གད་སྙིགས་མང་པོ་ཡོད་ན་ཁང་པའི་ཁོར་ཡུག་ཉམས་ཆག་འགྲོ་བ་རེད། ཆོས་སྒྲུབ་པའི་ཐོག་མར་གནས་ཁང་བྱི་དོར་བྱེད་དགོས་པ་ནི་ཆོས་སྒྲུབ་པའི་སྐབས་སུ་ཚོགས་ཞིང་གསལ་བཏབ་པ། སྤྱན་འདྲེན་པ། དེ་ལ་མཆོད་པ་འབུལ་བ་སོགས་ཀྱི་བྱ་བ་བྱེད་དགོས་པར་བརྟེན། བླ་མ་རྒྱལ་བ་སྲས་བཅས་སྤྱན་འདྲེན་ཞུ་ཡུལ་དེ་གཙང་མ་དགོས། དཔེར་ན་དེང་སང་འཇིག་རྟེན་པ་ལ་ཆ་བཞག་ནའང་མི་ཆེན་དཔོན་ཆེན་ཕེབས་པའི་ཁང་པ་དང་སྲང་ལམ་སོགས་གཙང་བཟོ་བྱེད་པ་དང་། གལ་ཏེ་གཙང་མ་མེད་ན་མ་གུས་པ་ལྟ་བུར་མཐོང་བ་རེད། དེར་བརྟེན་ཚོགས་ཞིང་སྤྱན་འདྲེན་པ་དང་སྐྱབས་ཡུལ་གསལ་བཏབ་པ་སོགས་ཀྱི་ཆེད་དུ་གང་དུ་སྤྱན་དྲང་བའི་ཡུལ་དེ་གཙང་ཞིང་ཡིད་དུ་འོང་བ་དགོས་པ་དེ་གལ་ཆེན་པོ་རེད། དེ་ལྟ་བུ་གཙང་ཞིང་ཡིད་དུ་འོང་བ་ཡོང་བའི་ཆེད་དུ་མི་གཙང་བའི་རྡུལ་རྣམས་གད་བདར་དང་། གད་བདར་བྱས་པའི་རྡུལ་རྣམས་གནས་ཤིག་ལ་དོར་ནས་གཞན་ལ་མི་གནོད་པ་བྱེད་པ་སོགས་ནི་གནས་ཁང་བྱི་དོར་བྱས་པ་རེད།

སྤྱིར་ད་ལྟའི་གནས་སྐབས་སུ་འཇིག་རྟེན་ཁྱོན་ཡོངས་ལ་འགྲོ་བ་མི་ཙམ་མིན་པར་སྲོག་ཆགས་ཚང་མར་ཉེན་ཁ་ཆེ་ཤོས་ཤིག་གང་རེད་ཅེ་ན། ཁོར་ཡུག་ཉམས་ཆག་སོང་བའི་གནས་སྟངས་ཀྱི་ཐོག་ནས་དཀའ་ངལ་འཕྲད་པ་དེ་རེད། ཁོར་ཡུག་ཉམས་ཆག་འགྲོ་བའི་རྒྱུ་མཚན་ནི་སྤྱིར་བཅུད་ཀྱི་སེམས་ཅན་དང་། ཁྱད་པར་འགྲོ་བ་མིའི་རིགས་ཀྱིས་གང་བྱུང་མང་བྱུང་བྱས་ནས་གད་སྙིགས་དང་རྫས་ངན་པ། མི་གཙང་བ་དེ་དག་གང་སར་ཁྱབ་སྤེལ་བྱས་པར་བརྟེན། དེའི་དབང་གིས་ཁོར་ཡུག་ཉམས་ཆག་དང་། དེ་ལ་བརྟེན་ནས་ནད་རིམས་དང་། ཚེ་ཐུང་བ། ལུས་མི་བདེ་བ་མ་ཟད། སྲོག་ཆགས་གཞན་ལའང་གནོད་སྐྱོན་ཡོང་གི་ཡོད། དེར་བརྟེན་གནས་ཁང་བྱི་དོར་བྱེད་ཅེས་པ་དེས་གད་སྙིགས་རྣམས་ངོ་ཤེས་དགོས་པའང་གལ་ཆེན་པོ་རེད། གད་སྙིགས་ཀྱི་མཚན་ཉིད་འཇོག་དཀའ་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་ལེགས་བྱང་སྒྲིག་འཛུགས་ (United Nations Educational, Scientific and Cultural Organization) (UNESCO) ཀྱིས་དངོས་པོ་གང་ཞིག་རང་གི་གནས་དང་བྱ་བ་ལས་ལོགས་སུའམ་མི་མཐུན་པར་ཕྱིན་ན་གད་སྙིགས་རེད་ཅེས་སྒྲ་དོན་ཞིག་བཞག་འདུག  དཔེར་ཟས་ཞིམ་པོ་ཞིག་སྡེར་མའི་ནང་ཡོད་ན་དེ་ནི་བཟའ་རུང་བ་ཡིན་པས་གད་སྙིགས་ཆགས་ཀྱི་མེད། དེ་ལྟ་བུའི་ཟས་ཞིམ་པོ་དེ་ལམ་གྱི་དཀྱིལ་དུ་བོར་ཡོད་ན་དེ་ཁྱི་སོགས་ཀྱིས་བཟའ་ན་མ་གཏོགས་མིས་བཟའ་མི་རུང་བ་ཆགས་ཟིན་པས་གད་སྙིགས་སུ་གྱུར་པ་རེད། དེ་བཞིན་དངོས་པོ་གང་ཞིག་བྱ་བ་གང་གི་ཆེད་དུ་ཡིན་པ་དེ་ལ་མིན་པར་བྱ་བ་གཞན་ཞིག་ལ་བཀོལ་བ་ཡིན་ན་དེ་ཡང་གད་སྙིགས་སུ་འགྱུར་རྒྱུ་རེད། དཔེར་ན་མགོའི་ཞྭ་མོ་ཞིག་བཙོག་པ་བླུག་སྣོད་དུ་བེད་སྤྱོད་བྱེད་ན་ཞྭ་མོ་དེ་གད་སྙིགས་ཆགས་པ་རེད། གང་ལྟར་དངོས་པོ་གང་ཞིག་རང་གི་བྱ་བ་གང་ཡིན་པ་དེ་བྱས་ཟིན་པའི་རྗེས་སུ་གད་སྙིགས་ཆགས་པ་ནི་དཔེར་ན་རྫ་ཕོར་དང་ཤིང་ལོའི་སྡེར་མ་ཞིག་ཡིན་ན་ཇི་སྲིད་དུ་དེའེི་བྱ་བ་བྱེད་པ་དེ་སྲིད་དུ་གད་སྙིགས་མིན་ཞིང་། ཇ་བཏུངས་ཟིན་པ་དང་ཟས་བཟས་ཟིན་པའི་རྗེས་སུ་དེ་གད་སྙིགས་ཆགས་རྒྱུ་རེད། དེ་ལྟ་བུའི་གད་སྙིགས་རྣམས་དོར་བ་ནི་གནས་ཁང་བྱི་བ་ཞེས་པ་དེ་རེད། སྤྱིེར་གནའ་རབས་སྲོལ་རྒྱུན་གྱི་དུས་སུ་གད་སྙིགས་ཕྱི་ལ་འདོར་རྒྱུར་དཀའ་ངལ་གང་ཡང་མེད། གང་ལགས་ཤེ་ན། གད་སྙིགས་ཚང་མ་རང་བཞིན་འབྱུང་བའི་གནས་བབས་དང་མཐུན་པ་ཤ་སྟག་རེད། སྲོག་ཆགས་ཀྱི་ལུས་དང་མིའི་ལུས་རྟེན་ལྟ་བུར་ཆ་མཚོན་ནའང་ཤི་ཚར་བའི་རྗེས་སུ་རོ་དེ་གད་སྙིགས་ཆེ་ཤོས་ཤིག་རེད། དེ་མེར་བསྲེགས་བཏང་བ་དང་། བྱར་སྦྱིན་པ། ཆུ་ལ་བསྐྱུར་བ་ཡིན་ནའང་རང་བཞིན་གྱིས་ས་ཆུ་མེ་རླུང་གི་ཁམས་རྣམས་སོ་སོའི་འབྱུང་བའི་ནང་ཐིམས་ནས་གང་ཡང་མ་ལྷག་པར་བརྟེན་དེས་ཁོར་ཡུག་ལ་གནོད་རྒྱུ་གང་ཡང་མེད།

དེང་སང་བརྒྱ་ཕྲག་ཉེར་གཅིག་པའི་ནང་གད་སྙིགས་མང་པོ་ཞིག་ལོ་བརྒྱ་ཕྲག་མང་པོ་སོང་ནའང་ཉམས་ནས་འབྱུང་བར་མ་ཐིམས་པར་ལྷག་པ་མང་པོ་རེད། གད་སྙིགས་དེ་ཚོ་ཁོར་ཡུག་ལ་གནོད་པ་བྱེད་མཁན་ཆེ་ཤོས་ཤིག་རེད། དཔེར་ན་འགྱིག་ཤོག་གི་སྣོད་རྣམས་བསྐྱར་དུ་འགྱིག་ཤོག་གི་དངོས་པོ་བཟོས་ན་མ་གཏོགས། དེ་ཉམས་རྒུད་ཕྱིན་ནས་མེད་པར་འགྲོ་རྒྱུ་མེད། ད་ལྟ་ས་གནས་ཁ་ཤས་ནང་པོ་ལི་ཐིན་ (Polythene) ཞེས་པའི་འགྱིག་ཤོག་སྲབ་པོ་དེ་ལམ་ནག་གི་འོག་ཏུ་བཏིང་རྒྱུར་བེད་སྤྱོད་གཏོང་བ་རེད། དངོས་པོ་གཞན་རྣམས་སོ་སོའི་འབྱུང་བའི་ནང་ཐིམས་རུང་། འགྱིག་ཤོག་སྲབ་པོའི་བླུག་སྣོད་དེ་ལམ་ཟུར་དུ་འདོར་བ་དེ་ཚོ་མ་ཉམས་པར་དེ་རང་ལྷག་པར་བརྟེན་བ་ཕྱུགས་སོགས་ཀྱིས་བཟས་ཏེ་གནོད་པའི་དཀའ་ངལ་ཡོང་མུས་རེད། དེ་ལས་དེང་སང་འཕྲུལ་ཆས་རིགས་ཀྱི་གད་སྙིགས་ (E-waste) དེ་ཉེན་ཚབས་ཆེ་ཤོས་ཤིག་རེད། དཔེར་ན་གཟུགས་མཐོང་རླུང་འཕྲིན་ (Television) དང་། ཀམ་པིའུ་ཀྲར། (Computer)  རླུང་འཕྲིན་ (Radio) སོགས་ནང་བླུག་རྒྱུའི་མེ་ལ་སོགས་པ་རྣམས་ཆུའི་ནང་འབོར་ན་ཆུ་བཙོག་པ་བཟོ་བ་དང་། ས་འོག་ཏུ་སྦས་ན་ས་བཙོག་པ་བཟོ་བ། གང་དུ་ཡིན་ནའང་མི་འགྲིགས་པ་ཤ་སྟག་རེད། དེ་ལས་ཧ་ཅང་ཉེན་ཚབས་ཆེ་བ་ནི་རྡུལ་ཕྲན་མཚོན་ཆའི་རིགས་ཀྱི་གད་སྙིགས་ (Nuclear waste) དེ་ཚོ་རེད། དེ་ནི་ལོ་བརྒྱ་ཕྲག་དང་སྟོང་ཕྲག་མང་པོའི་རིང་ལ་གང་དུ་བཞག་སའི་ས་ཆ་ཚང་མ་འཕྲོ་བརླག་གཏོང་བ་རེད། དེ་ལྟ་བུའི་གད་སྙིགས་རྣམས་བྱི་དོར་བྱེད་རྒྱུ་དེ་ཁག་ཤོས་རེད། དེས་ན་ང་ཚོས་གད་སྙིགས་དེ་ཚོའི་རིགས་རྣམས་འབྲེལ་བ་བྱེད་མི་དགོས་པར། སོ་སོའི་ངོས་ནས་གད་སྙིགས་རིགས་དེ་ཚོ་བཟོ་མི་དགོས་པ་གཙོ་འདོན་བྱེད་དགོས། རྫས་སྦྱོར་ངན་པའི་གད་སྙིགས་དང་། འཕྲུལ་ཆས་ཀྱི་གད་སྙིགས། རྡུལ་ཕྲན་མཚོན་ཆའི་གད་སྙིགས་ཀྱིས་སེམས་ཅན་ཡོངས་རྫོགས་ལ་གནོད་འཚེ་བྱེད་ཀྱི་ཡོད། གད་སྙིགས་དེ་དག་འདོར་ས་ཧ་ཅང་རྙེད་ཁག་པོ་རེད། གང་དུ་འདོར་ནའང་ས་ཆུ་མེ་རླུང་སོགས་ཆ་ཚང་ལ་གནོད་རྒྱུ་ཞིག་རེད། དེར་བརྟེན་བླ་མ་རྒྱལ་བ་སྲས་བཅས་སྤྱན་འདྲེན་འོས་པ་དང་། རང་གི་འཕྲོད་བསྟེན་དང་འཚམས་པའི་གནས་ཁང་གཙང་ཞིང་ཡིད་དུ་འོང་བ་ཞིག་དགོས་ན་གད་སྙིགས་རིགས་དེ་དག་གང་ཐུབ་ཀྱིས་ཉེ་བར་མི་ཡོང་བ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད།

དེས་ན་གནས་ཁང་ཞེས་པའི་གནས་ནི་རང་ཉིད་གནས་ཡུལ་གྱི་གྲོང་གསེབ་ལྟ་བུ་དང་། ཁང་ནི་སོ་སོས་ཆོས་ཉམས་ལེན་བྱ་སའི་ཁང་པ་དེ་རེད། དེ་གཉིས་ཀྱི་གཙང་སྦྲའི་ཐོག་ལ་དོ་སྣང་བྱེད་རྒྱུ་དེ་སྤྱིར་འགྲོ་བ་མིའི་ཡ་རབས་ཀྱི་སྤྱོད་ལམ་དང་། ཁྱད་པར་དུ་སྤྱི་ཚོགས་ཀྱི་དཔལ་ཡོན་ཐོག་ནས་ཀྱང་གལ་ཆེན་པོ་རེད། ཆོས་ཉམས་ལེན་བྱེད་མཁན་ཚོ་ལ་དེ་བས་ཀྱང་གལ་ཆེན་པོ་རེད། དེས་ན་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་དོ་སྣང་བྱེད་རྒྱུ་དེ་འཇིག་རྟེན་གྱི་བྱ་བ་རྐྱང་པ་ཞིག་ལ་ངོས་འཛིན་མ་བྱས་པར་ཆོས་དང་འབྲེལ་བ་ཞིག་ལའང་ངོས་འཛིན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེ་ཡང་སྦྱོར་བའི་ཆོས་དྲུག་གི་ནང་ནས་དང་པོར་སླེབས་པ་དེའང་མཁྱེན་དགོས། དེང་སང་ཉམས་ཆག་གམ་རུལ་སུངས་འགྲོ་བའི་གད་སྙིགས་བླུག་སྣོད་དང་། རུལ་སུངས་མི་འགྲོ་བའི་གད་སྙིགས་བླུག་སྣོད་སོགས་གད་སྙིགས་བླུག་སྣོད་མི་འདྲ་བ་གཉིས་གསུམ་འཇོག་གི་ཡོད། ཡིན་ནའང་ང་ཚོས་གད་སྙིགས་རྣམས་སོ་སོར་མ་བླུག་པར་བསྲེས་ནས་གཡུག་པ་དེ་ནི་འདོར་སྟངས་མ་འགྲིགས་པ་རེད། ད་ལྟའི་སྤྱི་ཚོགས་ནང་དཀའ་ངལ་ཆེ་ཤོས་ཤིག་གད་སྙིགས་ཀྱི་འདུ་འགོད་ (Waste Management) དེ་རེད། དེ་ཡག་པོ་མ་བྱུང་བའི་དབང་གིས་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཡོང་མུས་རེད། དེས་ན་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་ཡ་རབས་སྤྱོད་བཟང་ཙམ་མ་ཟད། ཆོས་ཉམས་ལེན་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད། སོ་སོ་བསྡད་ས་རྐྱང་པ་མ་གཏོགས། ཕྱི་ལ་འགྲོ་བའི་སྐབས་སུ་ལམ་དང་གྲོང་ཁྱེར་གཞན་གྱི་ས་གནས་ཀྱི་ཁོར་ཡུག་ལ་དོ་སྣང་མ་བྱས་པ་དེའང་འགྲིགས་ཀྱི་མེད། གང་དུ་ཕྱིན་པ་ཡིན་ནའང་རེད། གང་དུ་བསྡད་པ་ཡིན་ནའང་རེད། ཚང་མ་འགྲོ་བ་མིའི་གནས་ཡུལ་ཡིན་ཙང་དེ་ལ་དོ་སྣང་དང་སྲུང་སྐྱོབ་གཅིག་གྱུར་བྱེད་དགོས་པ་དེ་སོ་སོའི་ལས་འགན་ཡིན་པར་བསམ་དགོས་པ་དེ་གལ་ཆེན་པོ་རེད།

འདུལ་བའི་ལུང་ལས་གཙང་སྦྲ་བྱེད་པ་ལ་ཕན་ཡོན་ལྔ་གསུངས་པ་རེད། དེ་ཡང་རང་གི་སེམས་དྭང་བ་དང་། གཞན་གྱི་སེམས་དྭང་བ། དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དགའ་བར་འགྱུར་བ། མཛེས་པའི་ལས་གསོག་པ། ཕྱི་མ་མཐོ་རིས་སུ་སྐྱེས་པ་བཅས་རེད། ཆོས་ཉམས་ལེན་བྱེད་མཁན་ཞིག་ཁོར་ཡུག་གཙང་མ་ལ་བསྡད་ཐུབ་ན་རང་གི་སེམས་དྭང་བ་དང་། མི་གཞན་ཞིག་ཡིན་ནའང་སེམས་མི་འཁྲུགས་པ། དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་སངས་རྒྱས་ཀྱི་དྲུང་ནས་ཆོས་སྒྲུབ་པའི་གང་ཟག་ལ་མཐུན་རྐྱེན་སྒྲུབ་པའི་དམ་བཅས་ཡོད་ཀྱང་། རང་གི་གནས་ཡུལ་དེ་མི་གཙང་བ་ཡོད་ན་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་འགྲོ་རྒྱུ་དང་གང་ཟག་དེ་དག་ལ་སྲུང་སྐྱོབ་བྱེད་དཀའ་བ་རེད། དེས་ན་གཙང་སྦྲ་ཡག་པོ་བྱེད་ན་ཡུལ་ལྷ་གཞི་བདག་དང་དཀར་ཕྱོགས་ཀྱི་ལྷ་རྣམས་ལའང་ཕན་པ་རེད། མཛེས་པའི་ལས་གསོག་པ་ལ་འགྲེལ་ཚུལ་མི་འདྲ་བ་གཉིས་རེད། སྐྱེ་བ་ཕྱི་མ་གང་དུ་སྐྱེས་ཀྱང་གཟུགས་བཟང་པོ་ཡོང་བའམ་ཚུལ་ཁྲིམས་གཙང་མ་ཡོང་བ་རེད། དེ་ནས་དགའ་ལྡན་དང་དག་པ་མཁའ་སྤྱོད་སོགས་དག་པའི་ཞིང་དུ་སྐྱེ་འདོད་ཡོད་ན་ཚེ་འདིར་གཙང་སྦྲ་བྱེད་དགོས། དེ་ལྟ་བུའི་གཙང་སྦྲའི་ཕན་ཡོན་ལྔ་བསམས་ནས་གནས་ཁང་བྱི་དོར་ཚུལ་བཞིན་བྱེད་དགོས་པ་དེ་གལ་ཆེན་པོ་རེད།

ཚོགས་བསག་པ་དང་སྒྲིབ་པ་སྦྱང་བ་གཉིས་ལའང་གནས་ཁང་བྱི་དོར་བྱེད་པ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡིན་པའི་སྒྲུབ་བྱེད་ལ་གནས་བརྟན་ལམ་ཆུང་པའི་རྣམ་ཐར་དེ་༧སྐྱབས་རྗེ་རྣམ་པ་ཚོས་ངེས་པར་དུ་གསུང་གི་ཡོད། སྤྱིེར་འཕགས་པ་ལམ་ཆུང་པའི་རྣམ་ཐར་ཧ་ཅང་རིང་པོ་རེད། འདིར་བཤད་ན་དུས་ཚོད་འགོར་རྒྱུ་རེད། མདོར་བསྡུས་ནས་ཞུ་ན། ལམ་ཆུང་པ་དེ་བྲམ་ཟེ་ཞིག་རེད། ཁོང་ཧ་ཅང་དབང་པོ་རྟུལ་བར་བརྟེན་སྒྲ་སློབ་པའི་སྐབས་སུ་སྭཱསྟི་ཞེས་པ་དེ་ཟླ་བ་གཅིག་ལའང་བློ་འཛིན་གནང་མ་ཐུབ་པ་རེད། དེ་ནས་རིག་བྱེད་སློབ་པའི་སྐབས་སུའང་བྷཱུརྦྷུབཿཞེས་པའང་མ་བྱངས་པར་བརྟེན་རིག་བྱེད་དང་སྒྲའི་སློབ་དཔོན་ཚང་མས་མ་ཉར་བར་མགོན་མེད་སྐྱབས་མེད་དུ་ལྷག་པ་རེད། སྐབས་དེར་ཁོང་གི་གཅེན་པོ་གནས་བརྟན་ལམ་ཆེན་པ་ནི་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་སངས་རྒྱས་ཀྱི་ཉན་ཐོས་གྲས་སུ་ཡོད་པ་རེད། འཕགས་པ་ལམ་ཆེན་པ་དང་ལམ་ཆུང་པ་གཉིས་ཀ་འཕགས་པའི་གནས་བརྟན་བཅུ་དྲུག་པའི་ཁོངས་སུ་ཡོད། འཕགས་པ་ལམ་ཆེན་པས་ལམ་ཆུང་པ་འདུལ་བར་གཟིགས་ནས་རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་དུ་རབ་ཏུ་དབྱུང་ནས་ཆོས་ཀྱི་ཚིགས་སུ་བཅད་པའི་ཚིགས་བཅད་གཅིག་ཟླ་བ་གཅིག་གི་བར་དུ་བསླབས་ཀྱང་མ་ལོབ་པ་རེད། དེ་ནས་འཕགས་པ་ལམ་ཆེན་པས་ཁོང་ཚར་གཅོད་པའི་སྒོ་ནས་འདུལ་དགོས་སམ་ཡང་ན་བྱམས་པའི་སྒོ་ནས་འདུལ་དགོས་པ་གཟིགས་པ་ན་ཚར་གཅོད་པའི་སྒོ་ནས་འདུལ་དགོས་པར་གཟིགས་ནས་བཀའ་བཀྱོན་དྲག་པོ་དང་བཅས་རྒྱལ་བྱེད་ཀྱི་ཚལ་གྱི་ཕྱི་ལ་བསྐྲད་པ་རེད། ལམ་ཆུང་པ་ཕྱི་ལ་ངུས་ནས་བཞུགས་པའི་སྐབས་སུ་སངས་རྒྱས་དངོས་སུ་དེར་བྱོན་ནས་གནས་ཚུལ་རྣམས་མཁྱེན་པ་ན་རང་གི་ཉེ་གནས་སུ་ཉར་ནས་རྒྱལ་བྱེད་ཀྱི་ཚལ་དུ་ཐོག་མར་དགེ་སློང་ཚོའི་ལྷམ་གཙང་བཟོ་དང་། དེ་ནས་རྡུལ་སྤོངས་དྲི་མ་སྤོངས་ཞེས་པ་བསླབས་ཏེ་གད་བདར་བྱེད་དུ་བཅུག་པ་རེད། རྡུལ་སྤོངས་ཞེས་པ་ནི་གད་སྙིགས་འཕྱག་རྒྱུ་ཡོད་པའི་སྐབས་སུ་འདོན་རྒྱུ་དང་། དྲི་མ་སྤོངས་ཞེས་པ་ནི་ཕྱི་བདར་གཏོང་རྒྱུ་ཡོད་པའི་སྐབས་སུ་འདོན་རྒྱུ་རེད། གང་ལྟར་རྡུལ་ཞེས་པ་ཉོན་སྒྲིབ་དང་། དྲི་མ་ཞེས་པ་ཤེས་སྒྲིབ་ཀྱི་དོན་ཡིན་པ་རེད། གང་མཚམས་ཤིག་ནས་ལམ་ཆུང་པ་དྲི་མ་ཕྲན་བུ་དག་པའི་སྐབས་སུ་རྡུལ་སྤོངས་དྲི་མ་སྤོངས་ཞེས་པའི་ཚིག་གཉིས་པོ་བློར་ཆུད་པ་རེད། དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ནས་ཉིན་གང་པོ་གད་བདར་བྱེད་ནའང་གད་སྙིགས་གཙང་སེལ་མ་ཐུབ་པ་རེད། དེ་ལ་བརྟེན་ནས་ལས་ཀྱི་སྒྲིབ་པ་དག་ནས་རིམ་པས་ཤེས་རབ་ཀྱི་སྣང་བ་འབྱེད་པ་ན་གད་བདར་བྱེད་བཞིན་པའི་སྐབས་སུ་རྡུལ་ཞེས་པ་ནི་ས་རྡུལ་མིན་པར་ཉོན་མོངས་པའི་རྡུལ་རེད་འདུག དེར་བརྟེན་ཉོན་མོངས་པའི་རྡུལ་དེ་སྤོང་དགོས་པ་དང་། དེ་བཞིན་དྲི་མ་ཞེས་པ་ནི་ཤེས་བྱའི་དྲི་མ་ཡིན་པས་དེ་སྤོང་དགོས་སྙམ་པ་བྱུང་སྟེ་རིམ་པས་ཟག་པ་ཟད་པའི་ཡེ་ཤེས་མངོན་དུ་བྱས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རེད། དེ་ནས་སངས་རྒྱས་ཀྱི་བཀའ་བཞིན་ཁོང་གི་ཡོན་ཏན་བསྒྲགས་པའི་ཆེད་དུ་དགེ་སློང་མ་རྣམས་ལ་རྡུལ་སྤོངས་དྲི་མ་སྤོངས་ཞེས་པའི་ཚིག་གཉིས་ལ་ཉིན་མཚན་བདུན་བར་དུ་འགྲེལ་བཤད་གནང་བའི་བྱུང་བ་ཡོད་རེད། གལ་ཏེ་འཕགས་པ་ལམ་ཆེན་པ་དང་ལམ་ཆུང་པའི་རྣམ་ཐར་རྒྱས་པར་གཟིགས་འདོད་ན་འདུལ་བ་ལུང་གཞིའི་ནང་ཡོད་པ་དང་། དེ་བཞིན་འདུལ་བའི་གླེང་འབུམ་ནང་དུ་བཏུས་པའང་ཡོད། དེར་བརྟེན་གད་བདར་བྱེད་རྒྱུ་ནི་སྡིག་སྒྲིབ་སྦྱང་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་པ་དང་། ང་ཚོས་གད་བདར་བྱེད་པའི་སྐབས་སུའང་ཁ་ནས་རྡུལ་སྤོངས་དྲི་མ་སྤོངས་ཞེས་པའི་ཚིག་དེ་འདོན་ན་ཡག་པོ་ཡོད་རེད། གལ་ཏེ་དེ་རྒྱས་པར་འདོན་འདོད་ན། རྡུལ་ནི་ས་རྡུལ་མ་ཡིན་འདོད་ཆགས་རྡུལ།། རྡུལ་ནི་འདོད་ཆགས་མིང་སྟེ་རྡུལ་གྱི་མིན།། མཁས་པ་གང་གིས་རྡུལ་དེ་རྣམ་སྤངས་པ།། དེ་དག་བདེ་གཤེགས་བསྟན་ལ་བག་ཡོད་འགྱུར།། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ལ་སྦྱར་ནས་འདོན་སྲོལ་ཡང་ཡོད། དེང་སང་གད་བདར་དེ་སོ་སོའི་བྱ་བ་མིན་པར་གད་པ་ཞེས་གཞན་ཞིག་ལ་བསྒུག་རྒྱུ་དེ་མ་འགྲིགས་པ་རེད། ཆོས་སྒྲུབ་པའི་གང་ཟག་ཅིག་ཡིན་ན་སྦྱོར་བའི་ཆོས་དྲུག་ནང་གནས་ཁང་བྱི་དོར་དང་པོར་ཡོང་བ་ཡིན་ཙང་། རང་གིས་ལག་བདར་ནས་གད་ཕྱིས་བྱེད་དགོས་པ་དེ་གལ་ཆེན་པོ་རེད། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

 

ཉིན་གཉིས་པ།

(༢༠༢༠ ཕྱི་ཟླ་ ༣ ཚེས་ ༩)

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི།། སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ།། གྲུ་འདི་ཕྱི་ནས་རྙེད་དཀའ་བས།། རྨོངས་པ་དུས་སུ་གཉིད་མ་ལོག། ཅེས་གསུངས་པ་བཞིན་དལ་བརྒྱད་འབྱོར་བཅུ་ཚང་བའི་མིའི་ལུས་རྟེན་རྣམ་པར་དག་པ་ཡོད་པ་འདིས་སྒྲུབ་ནུས་ན་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོའི་ཆུ་བོ་ལས་སྒྲོལ་བར་ནུས་པ་གྲུ་ལྟ་བུ་ཡིན་པ་དང་། དེ་ལྟ་བུའི་རྟེན་བཟང་པོ་དེ་ཡང་ཡང་རྙེད་དཀའ་བ་ཡིན་ཙང་། ད་རེས་ལན་ཅིག་རྙེད་པའི་སྐབས་འདིར་རྨོངས་པ་ཞེས་འབོད་དེ་དུས་ཚོད་ཡོད་པའི་སྐབས་སུ་རྣམ་གཡེང་གི་གཉིད་མ་ལོག་པར་ངེས་པར་དུ་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ལ་འབད་དགོས་ཞེས་གསུངས། དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཚུལ་ཡང་ཆོས་རྣམ་པར་དག་པ་ཞིག་སྒྲུབ་པའི་ཐོག་ནས་གནང་རྒྱུ་མ་གཏོགས་མེད། ཆོས་རྣམ་པར་དག་པ་སྒྲུབ་པ་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་རིམ་གྱིས་བློ་སྦྱང་དགོས་པ་རེད། འབྲོམ་སྟོན་པའི་གསུང་ལས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ།། གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི།། བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་འདི།། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར།། ཞེས་གསུངས་པ་བཞིན་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་གང་ཟག་གཅིག་གི་ཉམས་ལེན་དུ་བསྡུས་ན་བསླབ་པ་གསུམ་ཡིན་ཞིང་། དེ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བརྟེན་ནས་འགྲོ་དགོས་པར་བརྟེན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་ཐོས་བསམ་རྣམ་པར་དག་པ་ཞིག་བྱེད་དགོས། དེའི་སྔོན་འགྲོར་བླ་མ་གསེར་གླིང་པའི་གདམས་ངག་ལས་བྱུང་བའི་སྦྱོར་བའི་ཆོས་དྲུག་གི་རྣམ་གཞག་དེ་ངེས་པར་དུ་ཉམས་སུ་ལེན་ཐུབ་ན་དགེ་སྦྱོར་རམ་ཐོས་བསམ་བྱས་པ་ཐམས་ཅད་གནད་དུ་སྨིན་པ་དང་ལམ་དུ་ལྷོང་བ་ཞིག་ཡོང་རྒྱུར་བརྟེན། ཐོག་མར་སྦྱོར་ཆོས་དྲུག་ལ་ཐོས་བསམ་བྱས་ནས་ཉམས་སུ་བསྟར་ཐུབ་ན་སྐྱེ་བ་གཏན་གྱི་འདུན་མ་ངེས་པར་སྒྲུབ་ཐུབ་པ་ཡོང་རྒྱུ་རེད།

སྦྱོར་བའི་ཆོས་དྲུག་གི་དང་པོ་གནས་ཁང་བྱི་དོར་བྱས་པ་དང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པ་ཞེས་པ་ལས་གནས་ཁང་བྱི་དོར་བྱས་པའི་སྐོར་ཁ་སང་མདོར་བསྡུས་ཤིག་ཞུས་ཟིན་པ་རེད། ད་རིང་ཞུ་རྒྱུ་ནི་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྐོར་དེ་རེད། གནས་ཁང་བྱི་དོར་བྱས་པའི་སྐོར་ཁ་སང་ཞུས་པ་བཞིན་རྒྱུན་དུ་སྦྱོར་བའི་ཆོས་དྲུག་གི་ཉམས་ལེན་ཆ་ཚང་བ་ཡོང་བའི་ཆེད་དུ་ཉིན་ལྟར་རང་གི་གནས་ཁང་ལ་གད་བདར་བྱེད་དགོས་མེད་ནའང། རྡུལ་སྤོངས་དྲི་བ་སྤོངས་ཞེས་པའི་ཚིག་དེ་ཁ་ཏོན་དུ་བྱས་ནས་མཆོད་གཤོམས་དང་རང་གི་གདན་སོགས་ལ་རྨ་བྱའི་སྒྲོ་སོགས་ཀྱིས་དྲིལ་ཕྱིས་བྱེད་རྒྱུ་སོགས་གནས་ཁང་བྱི་དོར་གྱི་ཡན་ལག་ཚང་བ་ཞིག་བྱེད་དགོས། རྒྱུན་དུ་གནས་ཁང་དང་རང་གི་གནས་ཡུལ་ལ་གཙང་སྦྲ་འཕྲོད་བསྟེན་བྱེད་རྒྱུ་སོགས་ལ་ཉམས་ལེན་གྱི་གནད་ཤེས་པ་ཡིན་ན་སྦྱོར་ཆོས་ནང་གི་དང་པོ་དེ་ཆགས་ཀྱི་ཡོད། གད་བདར་དང་གད་སྙིགས་ཕྱི་ལ་འདོར་བའི་སྐབས་སུ་རྡུལ་སྤོངས་དྲི་མ་སྤོངས་ཞེས་པ་དང་། རྡུལ་ནི་ས་རྡུལ་མ་ཡིན་འདོད་ཆགས་རྡུལ།། ཞེས་སོགས་ཀྱི་དོན་བློ་ལ་དྲན་བཞིན་པའི་ངང་ནས་གནང་བ་ཡིན་ན་བསོད་ནམས་རླབས་ཆེ་གསོག་ཐུབ། གང་ལྟར་གད་བདར་བྱེད་རྒྱུ་བྱ་བ་ཞན་པ་ཞིག་ལ་མ་བརྩི་བར། དེ་ནི་དགེ་བའི་ཉམས་ལེན་ཞིག་གི་ངོ་བོར་ཆ་བཞག་ནས་བྱེད་དགོས་པ་དང་། ལྷག་པར་དུ་ཡུལ་ལུང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ལྗོན་ཤིང་འདེབས་འཛུགས་སོགས་དུས་ནས་དུས་སུ་བྱེད་ཐུབ་ན་ཕན་ཡོན་ཆེན་པོ་ཡོང་བ་རེད། དཔེར་ན། སྐུ་གཟུགས་དང་མཆོད་རྟེན་བཞེངས་རྒྱུ་སོགས་ལ་མཐུན་རྐྱེན་མང་པོ་འཛོམས་དགོས་ཤིང་། གལ་ཏེ་རྒྱུ་ནོར་གྱིས་འགྲོ་སོང་གཏོང་རྒྱུ་ཡོད་ནའང་དངོས་པོ་གཞན་མང་པོ་ཞིག་བསྒྲུབ་དགོས་པ་རེད། ཡིན་ནའང་ཤིང་སྣ་འདེབས་འཛུགས་དང་། ཤིང་ནགས་བདག་གཅེས། གཙང་སྦྲ་བྱེད་རྒྱུ་སོགས་ནི་སུས་ཀྱང་བྱེད་ཐུབ་པ་ཞིག་རེད། དེ་ལ་མཐུན་རྐྱེན་གཞན་འཛོམས་དགོས་པ་མེད། དེས་ན་དེ་ཚོ་ལྷག་བསམ་རྣམ་དག་གིས་བྱེད་ན་དགེ་བའི་བྱ་བ་རླབས་པོ་ཆེར་འགྲོ་ཐུབ།

སྦྱོར་བའི་ཆོས་དང་པོའི་ཆ་ཤས་གཉིས་པ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པ་ཞེས་པ་ནི་གང་དུ་སྒོམ་སྒྲུབ་ཉམས་ལེན་བྱ་སའི་ཁང་པ་དེའི་ནང་ཕྱག་དང་མཆོད་པ་འབུལ་བའི་ཡུལ་ལ་དཀོན་མཆོག་གི་སྐུ་གསུང་ཐུགས་ཀྱི་རྟེན་ཚང་བ་ཞིག་ངེས་པར་དུ་བཀྲམ་དགོས། ང་ཚོ་ནང་པའི་ཡུལ་ལུང་དེ་ཚོའི་ནང་ཡུལ་གྱི་གོམས་པའི་གཤིས་ལུགས་ཀྱིས་ཁང་པ་ཚང་མའི་ནང་མཆོད་ཁང་ཞིག་ཡོད་མུས་རེད། གལ་ཏེ་མཆོད་ཁང་ཞིག་མེད་ནའང་རང་གིས་སྒོམ་སྒྲུབ་ཉམས་ལེན་བྱ་སའི་ཁང་པ་དེའི་ནང་ཕྱག་དང་མཆོད་པ་འབུལ་བའི་ཡུལ་དུ་སྐུ་གསུང་ཐུགས་ཀྱི་རྟེན་ཞིག་ངེས་པར་དུ་བཤམ་དགོས། སྤྱིར་བཏང་། གང་ལ་མོས་པ་གཙོ་བྱེད་པ།། དེ་ཡི་མདུན་ན་ཐུབ་པ་བཞུགས།། ཞེས་གསུངས་པ་བཞིན་རང་ལ་དད་པའི་མོས་པ་རྣམ་པར་དག་པ་ཞིག་ཡོད་ན་འགྲམ་དུ་སྐུ་གསུང་ཐུགས་ཀྱི་རྟེན་མེད་ནའང་སངས་རྒྱས་སྲས་དང་བཅས་པ་དད་པ་ཡོད་པའི་ས་ཕྱོགས་སུ་བཞུགས་ཀྱི་ཡོད་རེད། འོན་ཀྱང་གདུལ་བྱ་ལས་དང་པོ་བ་སོ་སོ་སྐྱེ་བོ་ཐ་མལ་པ་ལ་མིག་གིས་མཇལ་རྒྱུ་ཡོད་པ་དང་། ལག་པས་རེག་རྒྱུ་ཡོད་པའི་རྟེན་ཞིག་ཡོད་ན་ཤེས་པ་གཏད་པའི་དམིགས་རྟེན་ཞིག་ཆགས་ཀྱི་ཡོད་ཙང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་རྒྱུ་དེ་གལ་ཆེན་པོ་རེད།

སྐུ་ཡི་རྟེན་ནི་སྐུ་འདྲ་སོགས་རེད། གསུང་གི་རྟེན་ནི་གསུང་རབ་ཡིག་ཐོག་ཏུ་བྲིས་པའི་པོ་ཏི་སོགས་རེད། ཐུགས་ཀྱི་རྟེན་ནི་མཆོད་རྟེན་དང་། དྲིལ་བུ་རྡོ་རྗེ། ཚ་ཚ་སོགས་རེད། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རྟེན་ཚང་བ་ཞིག་མཆོད་གཤོམས་ཐོག་བཤམ་ཐུབ་ན་ཕུན་སུམ་ཚོགས་པའི་ཡན་ལག་རེད། མ་མཐའ་ལའང་སངས་རྒྱས་ཀྱི་སྐུ་གཟུགས་ཤིག་དང་། འཇམ་དཔལ་མཚན་བརྗོད་ལྟ་བུའི་དཔེ་ཆ་ཞིག། མཆོད་རྟེན་ལྟ་བུ་ཞིག་བཅས་གསུམ་འཛོམས་ན་ཚང་བ་རེད།

སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་ཚུལ་ཡང་བསྟན་པའི་བདག་པོ་སྟོན་པའི་སྐུ་དབུས་དང་། སོ་སོའི་བླ་མའི་སྐུ་དེའི་མདུན་དུ་འཇོག་རྒྱུ། གང་ལྟར་སྐུ་ཆེ་ཆུང་གིས་བཀྲམ་བདེ་ལོད་ཡོད་ན་བླ་མའི་སྐུ་གཙོ་བོར་བཞག་ནའང་འགྲིགས་ལ། སངས་རྒྱས་ཀྱི་སྐུ་གཙོ་བོར་བཞག་ནའང་འགྲིགས། དེ་རྗེས་ཡི་དམ་དང་སངས་རྒྱས་བྱང་སེམས་གཞན་གྱི་སྐུ་རྣམས་རིམ་པས་བསྒྲིག་རྒྱུ་དང་། དཔེར་ན་ཡི་དམ་གྱི་སྐུ་ལྟ་བུ་ཡིན་ན་རྒྱུད་སྡེ་རིམ་པའི་དབང་གིས་རྒྱུད་སྡེ་གོང་མའི་སྐུ་རྣམས་མདུན་དུ་གཞག་རྒྱུ་རེད། དེ་ནས་གསུང་གི་རྟེན་བརྒྱད་སྟོང་སོགས་སངས་རྒྱས་ཀྱི་སྐུ་ཡི་རྟེན་གྱི་ཕྱག་གཡས་སུ་འཇོག་པ་དང་། གཡོན་དུ་ཐུགས་ཀྱི་རྟེན་མཆོད་རྟེན་སོགས་བཞག་པ་རེད། དེ་ལ་སྐུ་གསུང་ཐུགས་རྟེན་གྱི་དཔར་དང་། ཐང་ག  འབུར་སྐུ་སོགས་གང་བྱུང་ནའང་ཁྱད་པར་མེད། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རྟེན་གྱི་ནང་དུ་འཇིག་རྟེན་པའི་ལྷ་དེ་འདྲ་གཞག་མི་རུང་བ་རེད། གལ་ཏེ་འཇིག་རྟེན་ལས་འདས་པའི་སྲུང་མ་ཡིན་ན་མཐའ་ལ་བཀྲམ་ན་འགྲིགས། བོད་གངས་ཅན་གྱི་ལྗོངས་སུ་དགོན་པའི་ནང་མགོན་ཁང་རྣམས་དགོན་པའི་ཟུར་དུ་འཇོག་རྒྱུ་དེའང་སྐུ་གསུང་ཐུགས་ཀྱི་རྟེན་ནང་མི་འདྲེས་པའི་ཆེད་དུ་རེད། དེར་བརྟེན་ལས་དང་པོ་བ་རྣམས་ཀྱིས་མ་ཤེས་པར་སྐུ་ཡོད་ཚད་སྐུ་གསུང་ཐུགས་ཀྱི་རྟེན་ནང་བསྒྲིག་ན་མི་འགྲིགས་པ་རེད། དེའི་ནང་འཇིག་རྟེན་དྲེགས་པའི་སྐུ་ཡང་ཡོད་སྲིད། དེས་ན་སྐུ་རྟེན་དབུས་དང་། གསུང་རྟེན་གཡས། ཐུགས་རྟེན་གཡོན་དུ་བསྒྲིག་དགོས། དེའི་གོ་རིམ་ཡང་བླ་མ་དང་། ཡི་དམ། སངས་རྒྱས། བྱང་སེམས། མཁའ་འགྲོ  ཆོས་སྐྱོང་བཅས་རིམ་པས་བཤམ་དགོས། དེ་ནས་སྐུ་གསུང་ཐུགས་ཀྱི་རྟེན་ཐེངས་གཅིག་བཀྲམས་ཟིན་ན་ཡང་ཡང་བཀྲམ་དགོས་མེད། ཡིན་ནའང་སྦྱོར་ཆོས་ཀྱི་ཡན་ལག་ཚང་བའི་ཆེད་དུ་གནས་ཁང་བྱི་དོར་བྱེད་པའི་སྦྱོར་བའི་ཆོས་དེ་ཟིན་པ་དང་ཆབས་ཅིག་ཏུ་རང་གི་མཆོད་གཤོམས་ནང་བསྒྲིགས་པའི་སྐུ་གསུང་ཐུགས་རྟེན་ལ་མཇལ་དགོས། གང་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྦྱོར་བའི་ཆོས་ཀྱི་ཡན་ལག་དེའི་དོད་དུ་ཉིན་ལྟར་ཡོན་ཆབ་བམ་སྤོས་སོགས་ཕུལ་བའི་རྗེས་སུ་སྐུ་གསུང་ཐུགས་རྟེན་དེ་ཚོ་རྒྱུན་ལྡན་ནས་ཤེས་མུས་ཡིན་ཞེས་མ་བཞག་པར་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་མཇལ་བ་ཡིན་ན་ཕན་ཡོན་ཆེན་པོ་ཐོབ་པ་རེད། དམ་ཆོས་པདྨ་དཀར་པོ་ལས། བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ།། འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང་།། དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་།། ཞེས་བྱུང་བ་ལྟར་སེམས་འཁྲུགས་བཞིན་པའི་གནས་སྐབས་ལ་སངས་རྒྱས་ཀྱི་སྐུ་གཟུགས་ལ་བལྟས་པ་ཡིན་ནའང་སངས་རྒྱས་མཇལ་བའི་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་གི་ཡོད་ན། དད་པ་དང་གུས་པའི་ངོས་ནས་སངས་རྒྱས་ཀྱི་སྐུ་གཟུགས་ལ་ཡང་ཡང་མཇལ་བ་ལ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པ་སྨོས་ཅི། དེས་ན་གོང་དུ་ཞུས་པ་བཞིན་ཉིན་ལྟར་གད་བདར་བྱེད་དགོས་ཀྱི་མེད་རུང་། གནས་ཁང་བྱི་དོར་གྱི་ཡན་ལག་ཚང་བའི་ཆེད་དུ་རྡུལ་སྤོངས་དྲི་མ་སྤོངས་ཀྱི་ཚིག་འདོན་བཞིན་བྱེད་རྒྱུ་དང་། དེ་བཞིན་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྦྱོར་ཆོས་ཀྱི་ཡན་ལག་ཚང་བའི་ཆེད་དུ་བཀྲམས་ཟིན་པའི་སྐུ་གསུང་ཐུགས་རྟེན་ལ་མཇལ་རྒྱུ་སོགས་བྱེད་ན་གནས་ཁང་བྱི་དོར་བྱས་པ་དང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་གོ་ཆོད་པ་རེད།

 

སྦྱོར་བའི་ཆོས་གཉིས་པ་མཆོད་པ་གཡོ་མེད་པར་བཙལ་ལ་བཀོད་པ་མཛེས་པར་བཤམ་པ།

སྦྱོར་བའི་ཆོས་གཉིས་པ་ནི་མཆོད་པ་གཡོ་མེད་པར་བཙལ་ལ་བཀོད་པ་མཛེས་པར་བཤམ་པ་ཞེས་པ་དེ་རེད། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམས་པའི་རྗེས་སུ་རྒྱུན་དུ་མཆོད་པ་འབུལ་བཤམས་བྱེད་དགོས། དངོས་སུ་བཤམས་པའི་མཆོད་པ་རྩ་བ་ནས་མེད་པར་ཐམས་ཅད་ཡིད་ཀྱིས་སྤྲུལ་པ་དང་བློས་བླངས་པ་ཤ་སྟག་བྱེད་ནའང་མ་འོས་པ་མེད། འོན་ཀྱང་ལས་དང་པོ་བ་ཏིང་ངེ་འཛིན་གྱི་ནུས་པ་མ་ཐོབ་པ་རྣམས་ལ་དངོས་སུ་བཤམ་རྒྱུ་དགོས་པ་དེ་གལ་ཆེན་པོ་རེད། མཆོད་པ་བཤམ་ཚུལ་ནི་ཐོག་མར་མཆོད་པའི་རྒྱུ་བཙལ་བའི་སྐབས་སུ་གཡོ་མེད་པ་དགོས་རྒྱུ་གལ་ཆེན་པོ་རེད། མཆོད་པའི་རྒྱུ་སྒྲུབ་པའི་ཚུལ་དེ་ཡན་ལག་དང་པོ་རེད། དེ་ནས་ཡན་ལག་གཉིས་པ་དེ་བཀོད་པ་མཛེས་པར་བཤམ་རྒྱུ་དེ་རེད། མཆོད་པའི་རྒྱུ་གཡོ་མེད་པ་མ་བྱུང་བར་གཡོ་དང་བཅས་པ་ལས་བསྒྲུབས་པའི་རྫས་ཀྱིས་མཆོད་པ་འབུལ་ན་ཕན་ཡོན་གྱི་ཚབ་ཏུ་ཉེས་པའམ་སྡིག་པ་ཡོང་རྒྱུ་རེད། དེས་ན་མཆོད་པའི་རྒྱུ་གཡོ་མེད་པ་བཙལ་རྒྱུ་དེ་གལ་ཆེན་པོ་རེད། གཡོ་དེ་ལའང་རྒྱུ་ཡི་གཡོ་དང་ཀུན་སློང་གི་གཡོ་གཉིས་རེད། དེ་ཡང་ཐོག་མར་མཆོད་པའི་རྒྱུ་སྒྲུབ་པའི་སྐབས་སུ་བསམ་ཚུལ་དང་སྤྱོད་ལམ་མ་དག་པ་བྱུང་བ་ནི་རྒྱུ་ཡི་གཡོ་དང་། ཀུན་སློང་གི་གཡོ་ནི་མཆོད་པ་འབུལ་བའི་སྐབས་སུ་རྒྱུ་ཡི་ཀུན་སློང་དང་དུས་ཀྱི་ཀུན་སློང་མ་དག་པས་ཕུལ་བ་ལ་ཟེར། མཆོད་པའི་རྒྱུ་སྒྲུབ་པའི་སྐབས་སུ་མ་རུང་བའི་གཡོ་ལ་ལོག་པའི་འཚོ་བ་ལྔ་ཞེས་རིན་ཆེན་ཕྲེང་བ་དང་བཤེས་སྤྲིངས་ལས་གསུངས་ཡོད། ལོག་པའི་འཚོ་བ་ལྔ་ནི་རབ་བྱུང་དང་ཆོས་པ་ལ་འབྱུང་ཉེ་བ་དང་། ཁྱིམ་པ་ཕལ་པ་ལ་དེ་ཚོ་ཡོང་བའི་གོ་སྐབས་ཉུང་བ་རེད།

རྒྱུ་ཡི་གཡོ་ལོག་འཚོ་ལྔ་ནི་ཁ་གསག་དང་། གཞོགས་སློང་། རྙེད་པས་རྙེད་པ་འཚོལ་བ། ཐོབ་ཀྱིས་འཇལ་བ། ཚུལ་འཆོས་བཅས་རེད། དང་པོ་ཁ་གསག་ནི་སྦྱིན་པའམ་འབུལ་བ་ཡག་པོ་ཞིག་སྟེར་ན་སྙམ་ནས་ཁ་མཁས་པོས་བསྟོད་བསྔགས་དང་བདེན་པ་མིན་པའི་གནས་ཚུལ་བཤད་དེ་སྦྱིན་བདག་དགའ་པོ་བཟོ་རྒྱུ་དེ་རེད། གཉིས་པ་གཞོགས་སློང་ནི་དངོས་སུ་མ་སློང་བར་སྐད་ཆའི་ཞོར་དུ་གོ་རྒྱུ་བཏང་བ་དེ་རེད། གསུམ་པ་རྙེད་པས་རྙེད་པ་འཚོལ་བ་ནི་ཕར་ཆུང་ངུ་ཞིག་སྤྲད་ནས་ཚུར་དེ་ལས་ཆེ་ཙམ་འཐོབ་ཐབས་བྱེད་པ་དེ་རེད། ལྷ་ས་བའི་གཏམ་དཔེར། རྟ་རྔས་གཡག་རོ་འདྲུད་པ་ཞེས་ཕར་རྟ་རྔ་ཙམ་བཏང་ནས་ཚུར་གཡག་རོ་ཙམ་འདྲུད་པའི་བསམ་བློ་བཏང་བ་རེད། དེ་ནི་དགོན་པ་ཁག་དང་བླ་མ་ཁག་ལ་ཡོང་བའི་ཉེན་ཁ་ཡོད་རེད། སྦྱིན་བདག་ཁག་ལ་ཁ་བཏགས་དང་སྦྱིན་རྟེན་སྲུང་མདུད་ཕྲེང་བ་སོགས་སྤྲད་ནས་ཚུར་ལ་འབུལ་བ་ཆེ་ཙམ་རྙེད་ཐབས་བྱེད་ཀྱི་ཡོད། དེ་དག་ནི་ཀུན་སློང་རྣམ་དག་གིས་གནང་ན་སྐྱོན་མེད། ཡིན་ནའང་དེའི་ལན་དུ་རྙེད་པ་ཞིག་ཡོང་བའི་རེ་བ་བྱས་ནས་སྤྲད་པ་དེ་ལ་རྙེད་པས་རྙེད་པ་འཚོལ་བ་ཟེར། བཞི་པ་ཐོབ་ཀྱིས་འཇལ་བ་ནི་སྤྲད་དགོས་པ་ལ་ཆུང་ཆུང་དེ་ཚོ་ཆེན་པོ་བཟོ་བ་དང་། རྗེས་སུ་སྤྲད་རྒྱུ་དེ་ཚོ་མགྱོགས་པ་བླང་རྒྱུ་སོགས་རེད། དཔེར་ན་ལས་ཀྱི་སྣེ་མོ་བས་ཉེས་པ་སོགས་ཚད་ལས་བརྒལ་བ་བཏང་བ་དང་། ཚོང་པས་ཚོང་གི་ཁེ་སྤོགས་ཚད་ལས་བརྒལ་བ་བླངས་པ་སོགས་ནི་ཐོབ་ཀྱིས་འཇལ་བ་རེད། ལྔ་པ་ཚུལ་འཆོས་ནི་རྒྱུན་དུ་རང་གི་སྤྱོད་ལམ་ཐབས་ཆག་ཅིག་མ་གཏོགས་མེད་ཀྱང་། སྦྱིན་བདག་གི་མདུན་ལ་ཧ་ཅང་བཙུན་པོ་ཡིན་མདོག་དང་། སྒོམ་ཉམས་ལེན་བྱེད་མཁན་མིན་པ་ལ་ཡིན་པར་འཆོས་པ་ལ་ཚུལ་འཆོས་ཟེར། དེ་ལྟ་བུའི་ལོག་འཚོའི་ངང་ནས་བསྒྲུབས་པའི་རྒྱུ་ཞིག་ཡིན་ན་མཆོད་པའི་རྒྱུ་ལ་མི་འོས་པ་རེད། གལ་ཏེ་དེ་ལྟ་བུ་ཞིག་ཡོད་ན་རང་གིས་ལོངས་སྤྱད་པ་ལས་མཆོད་པ་འབུལ་ན་ལེགས། ལོག་པའི་འཚོ་བ་དང་མཉམ་དུ་མི་ཚེ་སྐྱེལ་དགོས་བྱུང་ན་མི་ཚེའི་འདུན་ལམ་དེ་ཧ་ཅང་གིས་ཐབས་སྐྱོ་པོ་རེད། འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ཡང་དག་པའི་འཚོ་བ་ནི་སྤྱིར་དེ་འཕགས་ལམ་གྱི་ཡན་ལག་ཡིན་རུང་། ལས་དང་པོ་བའི་ཉམས་ལེན་ལ་སྦྱར་བའི་སྐབས་སུའང་ལོག་འཚོ་དང་མ་འདྲེས་པའི་འཚོ་བ་དེ་ལ་ཡང་དག་པའི་འཚོ་བ་ཞེས་བརྗོད་ཀྱི་ཡོད། སྤྱོད་འཇུག་ལས། བདག་ནི་དེང་ཉིད་ཤི་ཡང་བླའི།། ལོག་འཚོས་ཡུན་རིང་གསོན་མི་རུང་།། ཞེས་ང་དེ་རིང་ཤི་བ་ཡིན་ནའང་ཁྱད་པར་མེད་ཀྱང་། ལོོག་འཚོའི་ཐོག་ནས་ཡུན་རིང་གསོན་པ་དེ་ཕན་ཐོགས་མེད་ཅེས་གསུངས། སྤྱིར་སོ་སོའི་འཚོ་བ་སྐྱེལ་སྟངས་དེ་ལོག་འཚོ་དང་མ་འདྲེས་པ་དགོས་པ་དང་། ལྷག་པར་དུ་སྐབས་འདིའི་གཡོ་ནི་ལོག་འཚོ་ལྔ་པོ་གང་རུང་བརྒྱུད་ནས་ཡོང་བ་མིན་པ་ཞིག་དགོས། དཔེར་ན་ཁྱིམ་པ་ལ་གོང་དུ་བཤད་པའི་ལོག་འཚོ་ལྔ་པོ་མ་བྱུང་བ་ཡིན་ནའང་། གཡོ་སྒྱུའི་ངང་ནས་ཚོང་གི་ཁེ་སྤོགས་དང་ཁྲལ་བརྐུས་སོགས་ཡང་དག་པའི་ལམ་ལས་མ་བྱུང་བའི་འཚོ་བ་རྣམས་ལོག་འཚོ་ཡིན་པར་བརྟེན་མཆོད་པའི་རྫས་སུ་མི་རུང་བ་རེད།

མཆོད་པའི་རྒྱུ་དེ་ལོག་འཚོ་དང་མ་འདྲེས་པ་ཡིན་ནའང་མཆོད་པ་འབུལ་བའི་གནས་སྐབས་ཀྱི་ཀུན་སློང་ཡང་དག་པ་ཞིག་མེད་པར་འཇིག་རྟེན་ཆོས་བརྒྱད་དང་འདྲེས་ན་ཀུན་སློང་གི་གཡོ་རེད། དེ་ཡང་མཆོད་པ་འབུལ་བའི་ཀུན་སློང་ལ་ཁེ་འདོད་དང་གྲགས་འདོད་སོགས་ཚེ་འདིའི་བདེ་སྐྱིད་ཀྱི་ཆེད་དུ་མཆོད་པ་འབུལ་བའི་ཉེན་ཁ་ཆེན་པོ་ཡོད་རེད། སྤྱིེར་ནང་པའི་རྗེས་འཇུག་ཡིན་ནའང་ཆོས་ཀྱི་གནད་དོན་མ་ཤེས་པ་མང་པོ་ཞིག་གིས་ཚེ་འདིའི་ནད་དྲག་པ་དང་བྱ་བ་ལམ་འགྲོ་ཡོང་བ་སོགས་ཀྱི་ཆེད་དུ་ཕྱག་མཆོད་འབུལ་དང་ཞབས་རིམ་བསྒྲུབ་རྒྱུ་སོགས་གོམས་གཤིས་བཟང་ངན་ལ་མ་ལྟོས་པར་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཡོད་མུས་རེད། ལྷག་པར་ནང་པའི་སྤྱི་ཚོགས་ཁ་ཤས་ནང་ཆོས་བྱེད་རྒྱུ་དེ་ཧ་ལམ་ཚེ་འདིའི་བདེ་སྐྱིད་བསྒྲུབ་རྒྱུ་ཁོ་ན་ཡིན་པ་ལྟ་བུ་ཞིག་ལ་བསམ་བློ་གཏོང་མཁན་མང་པོ་རེད། དེར་བརྟེན་ངེས་པར་དུ་ཆོས་ཞེས་པ་ཚེ་ཕྱི་མ་ཕན་ཆད་ལ་ཕན་པའི་བྱ་བ་ལ་ཟེར་བ་མ་གཏོགས། ཚེ་འདིའི་ཆེད་དུ་གང་བསྒྲུབས་པ་དེ་ཆོས་ཀྱི་ནང་དུ་སླེབས་ཀྱི་མེད། དེས་ན་ནད་ན་ཚ་དྲག་བསྐྱེད་ཆེད་དུ་ཞབས་རིམ་བྱེད་ནའང་ཀུན་སློང་དེ་རང་དོན་རྐྱང་པ་མིན་པར་དལ་འབྱོར་ཚང་བའི་རྟེན་འདི་ལྟ་བུ་རྙེད་དཀའ་བ་དང་། ད་རིང་ང་མ་ཤི་བར་དྲག་བསྐྱེད་བྱུང་ན་ཚེ་ལྷག་ལ་ཆོས་རྣམ་པར་དག་པ་ཞིག་བྱས་ནས་སེམས་ཅན་ལ་ཕན་ཐོགས་ཡོང་བའི་རེ་བ་ཡོད་པར་བརྟེན། ངས་ན་ཚ་དྲག་པའི་ཆེད་དུ་ཞབས་རིམ་བསྒྲུབ་རྒྱུ་ཡིན་བསམ་པ་བྱུང་ན་ཀུན་སློང་དེ་ཕྲན་བུ་བཟང་དུ་ཕྱིན་པ་རེད། དེ་མིན་ཚེ་འདི་སྣང་གི་དམིགས་ཡུལ་རྐྱང་པ་བཟུང་ནས་མཆོད་པ་འབུལ་བ་ཡིན་ནའང་ཕན་ཐོགས་གང་ཡང་མེད། དགེ་བར་འགྲོ་རྒྱུའི་ཚབ་ཏུ་འདི་སྣང་གི་བྱ་བ་ཞིག་ཏུ་འགྲོ་བ་རེད། དེར་བརྟེན་ཀུན་སློང་འདི་སྣང་གི་བྱ་གཞག་དང་མ་འབྲེལ་བ་དང་། དེ་བཞིན་སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་ཙམ་གྱི་ཆེད་དུ་དམིགས་ནས་མཆོད་པ་འབུལ་བ་ཡིན་ན་སྐྱེས་བུ་ཆུང་ངུའི་མཆོད་པ་དང་། རང་ཉིད་ཐར་པའི་གོ་འཕང་ཙམ་འཐོབ་པའི་ཆེད་དུ་དམིགས་ནས་མཆོད་པ་འབུལ་བ་ཡིན་ན་སྐྱེས་བུ་འབྲིང་གི་མཆོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་མཆོད་པ་འབུལ་བ་ཡིན་ན་སྐྱེས་བུ་ཆེན་པོའི་མཆོད་པ་ཆགས་པ་ཡིན། དེར་བརྟེན་མཆོད་པ་མ་འབུལ་གོང་དུ་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་ཡིད་ལ་འཆར་དུ་བཅུག་ནས་མཆོད་པ་འབུལ་བའི་རྒྱུའི་ཀུན་སློང་དང་མཆོད་པ་འབུལ་བའི་སྐབས་ཀྱི་དུས་ཀྱི་ཀུན་སློང་གཉིས་ཀ་འདི་སྣང་གི་རྣམ་རྟོག་གིས་མ་ཟིན་པར་ངེས་པར་དུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་ཆེད་དུ་ཡིན་བསམ་པའི་བློ་ཞིག་བྱུང་ན་མཆོད་པ་དེ་ཚད་དང་ལྡན་པ་དང་རླབས་ཆེན་པོ་ཞིག་ཡོང་རྒྱུ་རེད། དེ་ལྟར་མཆོད་པའི་རྒྱུ་ལ་གཡོ་དང་ལོག་འཚོས་མ་འདྲེས་པ་དང་། མཆོད་པ་འབུལ་བའི་ཀུན་སློང་ཡང་གཡོ་དང་མ་འདྲེས་པ་ཞིག་དགོས། སྤྱིར་ནང་པའི་སྲོལ་རྒྱུན་དང་། ལྷག་པར་དུ་བོད་གངས་ཅན་ལྗོངས་སུ་ཡོན་ཆབ་ཀྱི་མཆོད་པ་དེ་ཧ་ཅང་དར་ཁྱབ་བྱུང་བ་རེད། སྤྱིར་བོད་ཀྱི་ཆུ་དེ་ཡན་ལག་བརྒྱད་ལྡན་ཡིན་ཞིང་། ཆུའི་མཆོད་པ་དེ་ཐོག་མར་སྒྲུབ་པའི་སྐབས་སུ་གཡོ་མི་འབྱུང་བ་དང་། འབུལ་བའི་སྐབས་སུའང་སེར་སྣ་ལ་སོགས་པ་མི་འབྱུང་བ་རེད།

དེང་སང་ཆུ་ཡང་རིན་པ་སྤྲད་ནས་ཉོ་དགོས་པའི་དུས་ཚོད་ཡིན་པས་གཡོ་དང་མ་འདྲེས་པར་གཙང་མ་ཆགས་གྲབས་ཡོད་མེད་ཐེ་ཚོམས་རེད། ཡིན་ནའང་ཡོན་ཆབ་འབུལ་བའི་ལམ་སྲོལ་མི་ནུབ་པ་ཡོད་པ་དེ་ཡག་པོ་རེད། ལུང་པ་འདིར་ཡང་ཡོན་ཆབ་འབུལ་མཁན་མང་པོ་འདུག  སྤྱིར་རི་རྒྱུད་ལ་གནས་པའི་མི་རྣམས་ཕལ་ཆེར་ད་ལྟའང་ཆུ་གཙང་མ་མཆོད་པ་འབུལ་འོས་པ་རྒྱུགས་ཆུ་སོགས་ནས་རྙེད་ཀྱི་ཡོད་རེད་བསམ་གྱི་འདུག ད་ལྟ་ས་གནས་གཞན་གྱི་ཆུ་བཞིན་འབགས་བཙོག་ཆེན་པོ་དེ་འདྲ་མེད་པའི་སྐབས་རེད། དེ་ནི་རྒྱུན་རིང་ཐུང་ཇི་ཙམ་གནས་ཐུབ་མིན་ཤེས་ཁག་པོ་རེད། དེས་ན་ཆུའི་མཆོད་པ་ཡོན་ཆབ་འབུལ་ཚུལ་དེ་སྐྱེས་བུ་མཆོག་དམན་ཚང་མས་རྒྱུན་དུ་ལག་ལེན་བསྟར་རྒྱུ་ཞིག་ཡིན་ཙང་། དེ་བཀོད་པ་མཛེས་པ་ཇི་ལྟར་བཤམ་དགོས་པའི་ཐོག་དགོངས་པ་བཞེས་དགོས། དེ་ཡང་ཡོན་ཆབ་འབུལ་བའི་སྐབས་སུ་འབུལ་ཡུལ་གྱི་ཏིང་རྣམས་གཙང་མ་དང་། ཀྱག་ཀྱོག་མེད་པ། བར་སྟོང་ཚད་ལྡན་ཡོད་པ། དེའི་ནང་ཆུ་ཧ་ཅང་ཁེངས་པ་དང་ཉུང་བ་མིན་པར་རན་འཚམས་ཡོད་པ་སོགས་ཀྱི་ཐོག་ནས་འབུལ་ཐུབ་ན་རླབས་ཆེན་གྱི་བསོད་ནམས་གསོག་པའི་རེ་བ་ཡོད། ཡོན་ཆབ་འབུལ་སྣོད་ཏིང་རྣམས་གཙང་མ་བཀྲུ་བ་དང་། རས་ཀྱིས་ཕྱིས་པ་སོགས་བྱས་ཏེ་དྲི་མ་མེད་པ་དང་ཐལ་བ་མེད་པར་གཙང་མ་ཞིག་དགོས། དེ་བཞིན་སྒྲིག་པའི་སྐབས་སུའང་སྟོང་པ་བསྒྲིག་ན་རྟེན་འབྲེལ་ལ་གནོད་པ་ཡིན་ཙང་། ཐོག་མར་ཏིང་ཞིག་ནང་ཆུ་ཕྱེད་ཙམ་བླུགས་པ་དེ་ནས་ཏིང་རིམ་བཞིན་གཅིག་གིས་གཅིག་ལ་བླུགས་ཏེ་མཐར་ཏིང་ཚང་མའི་ནང་ཆུ་ཐིགས་ཕྲན་བུ་ཡོད་པ་བྱེད་དགོས། དེའི་བང་རིམ་འདྲོང་པོ་ཀྱག་ཀྱོག་མེད་པ། ཏིང་རེའི་བར་དུ་ནས་འབྲུ་ཤོང་ཙམ་གྱི་བར་ཁྱད་ཡོད་པ་བྱེད་དགོས། ཆ་ཚང་བཀྲམས་ཟིན་པའི་རྗེས་སུ་དཔོན་པོ་ཆེན་པོ་ལ་གཡོག་པོ་གསར་པས་གསོལ་ཇ་ཞུས་པ་བཞིན་ལག་གཉིས་ཀྱིས་ཆུ་སྣོད་བཟུང་སྟེ་གུས་ཞབས་ཆེན་པོས་ཆུ་རྒྱུན་ནས་འབྲུ་མ་ཞེས་ཐོག་མར་ཆུའི་རྒྱུན་ཕྲ་མོ་དང་། དཀྱིལ་དུ་སྦོམ་པ། མཐའ་མ་ཁེངས་གྲབས་སྐབས་ཕྲ་མོ་བཅས་འབུལ་དགོས་པ་དང་། དེ་བཞིན་ཧ་ཅང་ཁེངས་པ་མིན་པ་དང་ཧ་ཅང་སྟོང་པ་མིན་པར་ཁ་ལ་སྟོང་པ་ཕྲན་བུ་ཡོད་པ་དགོས། གང་ལྟར་གཡོ་འགུལ་ཕྲ་མོས་ཏིང་ནང་གི་ཆུ་མི་འབོ་བ་ཞིག་དགོས། ད་དུང་མཐུན་རྐྱེན་འབྱོར་ན་ཡོན་ཆབ་ཀྱི་ཆུ་དེ་དྲི་བཟང་དང་ཁ་ཆེ་ཤ་ཁ་མ་སོགས་པ་ཉུང་ཟད་བླུགས་ཏེ་ཆུ་མདོག་སེར་པོར་བསྒྱུར་བ་དང་། གལ་ཏེ་མཐུན་རྐྱེན་མ་འཛོམས་ན་ཁྱད་པར་གང་ཡང་མེད། མཆོད་པ་འབུལ་བའི་སྐབས་སུའང་མཆོད་པའི་གཟུངས་ལ་སོགས་པ་འདོན་པ་དང་། དེ་མིན་ཨཱོཾ་ཨཱ་ཧཱུྃ་ཞེས་པའི་ཚིག་འདོན་ན་བར་ཆད་ཀྱིས་མི་ཚུགས་པ་དང་ཡི་དྭགས་སོགས་གདོན་གྱིས་མི་བརླམས་པའི་ཁྱད་པར་ཡོད། ཏིང་ཕྱིས་ནས་བཞག་པའི་སྐབས་སུའང་ཁ་ཕྱེ་ནས་མི་བཞག་པར་དེའི་ཐོག་རས་སོགས་ཀྱིས་ཁ་བཀབ་ནས་གཞག་དགོས། དེ་ལྟ་བུའི་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་འབུལ་ཐུབ་ན་ཡག་པོ་ཡོད་རེད། དེ་བཞིན་ཏིང་ཆེ་ཆུང་སྣ་ཚོགས་དང་། ཁ་དོག་སྣ་ཚོགས། རྒྱུ་སྣ་ཚོགས་ལས་གྲུབ་པ་ཡོད་ན་དེ་དག་སྒྲིག་པའི་སྐབས་སུ་སྤེལ་མ་དང་། བསྟར་ཆགས་སོགས་གང་མཛེས་བྱེད་དགོས། དེ་བཞིན་མེ་ཏོག་དང་། བདུག་སྤོས། སྣང་གསལ་སོགས་ཀྱི་སྒྲིག་སྟངས་ཀྱང་གང་བྱུང་མིན་པར་བཀོད་པ་མཛེས་པ་དང་། ཡིད་དུ་འོང་བ། ཆ་མཚུངས་པོ་བསྒྲིག་དགོས་པ་གལ་ཆེན་པོ་རེད། གང་ལྟར་མིག་གིས་བལྟས་པའི་སྐབས་སུ་བཀོད་པ་གང་མཛེས་བསྒྲིག་པ་ཡིན་ན་བཀོད་པ་མཛེས་པར་བཤམ་ཞེས་པ་དེ་ཡོང་རྒྱུ་རེད།

 

སྦྱོར་བའི་ཆོས་གསུམ་པ་སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་ནམ་སྤྱོད་ལམ་ཅི་བདེར་འཁོད་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྒྱུད་དང་འདྲེས་ངེས་སུ་བྱ་བ།

སྦྱོར་བའི་ཆོས་གསུམ་པ་ནི་སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་ནམ་སྤྱོད་ལམ་ཅི་བདེར་འཁོད་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྒྱུད་དང་འདྲེས་ངེས་སུ་བྱ་རྒྱུ་དེ་རེད། དེ་ཡང་ཁ་ཏོན་དང་སྒོམ་སྒྲུབ་སོགས་དགེ་བའི་བྱ་བ་བྱེད་པའི་སྐབས་སུ་རྒྱུན་དུ་བསྡད་སའི་སྟན་བདེ་བ་ཞིག་དགོས། གལ་ཏེ་སྟན་དེ་བདེ་པོ་མེད་ན་ཐུན་རིང་པོ་བསྡད་པའི་སྐབས་སུ་གཟུགས་པོ་མི་བདེ་བ་དང་བསྡད་མི་ཐུབ་པ་ཡོང་རྒྱུ་རེད། གལ་ཏེ་སྟན་བདེ་བ་དེའི་ཐོག་ཡུན་རིང་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་ཡིན་ན་སྟན་དེའི་འོག་ཏུ་ཤིང་གི་ཁྲི་དྲྭ་མིག་ཅན་ཞིག་ཡོད་ན་གདན་ལ་རླན་མི་འཁོར་བ་དང་མི་རུལ་བའི་ཁྱད་པར་ཡོད། ཤིང་གི་ཁྲི་དྲྭ་མིག་ཅན་ཞེས་པ་ནི་བསྡད་ས་དེ་པང་ལེབ་ལྟ་བུ་མིན་པར་བར་དུ་རླུང་འགྲོའི་སྟོང་པ་དྲྭ་མིག་ཡོད་པ་ལ་བརྗོད། ཁྲི་དྲྭ་མིག་ཅན་དེའི་སྟེང་དུ་སྟན་ཧ་ཅང་མི་མཁྲེགས་པ་དང་ཧ་ཅང་འབོལ་པོ་མིན་པ་དགོས། གལ་ཏེ་འབོལ་ཆེས་ན་ལུས་ཕར་ཚུར་ཡོ་བ་དང་། ཧ་ཅང་མཁྲེགས་དྲགས་ན་རྒྱུན་རིང་པོ་བསྡད་སྐབས་འཕོངས་ན་བ་ཡིན། དེར་བརྟེན་སོ་སོའི་ལུས་ཀྱི་བབས་དང་བསྟུན་ནས་བྱེད་དགོས། ཁ་ཤས་མཁྲེགས་པ་ལ་དགའ་བ་དང་། ཁ་ཤས་འབོལ་པོ་ལ་དགའ་བ་སོགས་ཅི་རིགས་རེད། སྟན་དེའང་རྒྱབ་ཅུང་ཟད་མཐོ་བ་དང་མདུན་ཅུང་ཟད་དམའ་བ་ཞིག་དགོས། དེང་སང་དགོན་པ་ཁ་ཤས་ནང་གདན་གྲུ་བཞི་མ་ཕྱོགས་གཅིག་ལ་སྲབ་པ་དང་ཕྱོགས་གཅིག་ལ་མཐུག་པ་དེ་འདྲ་མཐོང་རྒྱུ་འདུག  གལ་ཏེ་གདན་དེ་རྒྱབ་ཅུང་ཟད་མཐོ་བ་དང་མདུན་ཅུང་ཟད་དམའ་བ་ཡོད་ན་བསྡད་པའི་སྐབས་སུ་སྒལ་ཆིགས་འདྲོང་པོ་ཡོང་བ་ལ་སྟབས་བདེ་བ་རེད། མདུན་མཐོ་བ་དང་རྒྱབ་དམའ་བ། དེ་བཞིན་རྒྱབ་མདུན་ལ་མཐོ་དམའི་ཁྱད་པར་མེད་ན་སྒལ་ཚིགས་འདྲོང་པོ་ཡོང་རྒྱུ་ཁག་པོ་རེད། སྟན་དེའི་འོག་ཏུ་ས་དཀར་གྱིས་གཡུང་དྲུང་གཡས་སུ་འཁྱིལ་བ་ཞིག་འབྲི་བའི་སྲོལ་ཡོད་རེད། གལ་ཏེ་རང་གིས་དགེ་སྦྱོར་ཉམས་ལེན་བྱེད་པའི་སྟན་ལོགས་སུ་ཡོད་ན་དེའི་འོག་ཏུ་རྩྭ་དུར་བ་དང་ཀུ་ཤ་ཁ་ནང་དུ་བསྟན་ནས་བཞག་ན་སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་ཉམས་ལེན་ལ་འཁྱེར་བ་ཞེས་པ་ཡོང་རྒྱུ་རེད། དེ་ནས་རབ་ཏུ་བྱུང་བ་ཡིན་ན་སྟན་དེའི་ཐོག་ཏུ་གདིང་བ་བཏིང་བ་དང་། ཁྱིེམ་པ་ཡིན་ན་ཁ་གདན་བཏིང་བ་དེ་ཡང་ཡང་མི་འཁུམ་པ་ཏག་ཏག་སྲ་བ་བསྡད་ཐུབ་ན་ཡག་པོ་ཡོད་རེད། དེ་མིན་བསྡད་རིམ་བཞིན་ཁ་གདན་དེ་ཁ་ཐུག་བཟོ་དགོས་བྱུང་ན་དོན་མེད་ཀྱི་ལས་ཀ་ཞིག་རེད། རྒྱུན་དུ་གཏན་འཇགས་གཞག་རྒྱུའི་གདིང་བ་ཡིན་ནའང་ཕྲན་བུ་མཐུག་པ་ཞིག་བྱུང་ན་ཡག་གི་རེད། དེ་ལྟ་བུ་ལ་སྟན་བདེ་བ་ཞེས་བརྗོད།

དེ་ལྟ་བུའི་ཁྲི་དང་སྟན་ཚུལ་དང་མཐུན་པ་ཞིག་བྱུང་ན་དངོས་སུ་དགེ་སྦྱོར་བྱེད་པའི་སྐབས་སུ་སྡོད་སྟངས་དེ་རབ་ཏུ་བྱུང་ན་རྣམ་སྣང་གི་ཆོས་བདུན་ལྡན་དང་། དེ་མིན་སོ་སོ་གང་བདེར་བསྡད་ནའང་འགྲིགས། ལུས་རྣམ་སྣང་གི་ཆོས་བདུན་ལྡན་ནི་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་དང་། ལག་པ་མཉམ་གཞག། སྒལ་ཚིགས་མདའ་ལྟར་བསྲང་བ། དཔུང་པ་གཉིས་རང་བབས། མིག་སྣ་རྩེར་ཕབ་པ། མགོ་བོ་ཅུང་ཟད་གུག་པ། ལྕེ་རྩེ་རྐན་ལ་སྦྱར་བ་བཅས་རེད། དེ་བདུན་པོ་ཆ་ཚང་ཡོང་ཐུབ་ན་ཡག་པོ་རེད། གལ་ཏེ་ཡོང་མ་ཐུབ་ནའང་སྒལ་ཚིགས་འདྲོང་པོ་དགོས་པ་དེ་གལ་ཆེ་ཤོས་རེད།

དང་པོ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ཞེས་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ལ་མཇལ་ན་ཤེས་རྒྱུ་རེད། རྐང་པ་གཡོན་པའི་མཐིལ་གྱེན་དུ་བསྟན་ནས་རྐང་པ་གཡས་པའི་བརླ་ཡི་སྟེང་དུ་བཞག་པ་དང། རྐང་པ་གཡས་པའི་མཐིལ་གྱེན་དུ་བསྟན་ནས་རྐང་པ་གཡོན་པའི་བརླ་ཡི་སྟེང་དུ་བཞག་པ་ལ་རྡོ་རྗེ་སྐྱིལ་ཀྲུང་ཟེར། དེ་ནི་ནང་པ་སངས་རྒྱས་པའི་རྡོ་རྗེ་སྐྱིལ་ཀྲུང་ཞེས་པ་དེ་རེད། རིག་བྱེད་པའི་རྡོ་རྗེ་སྐྱིལ་ཀྲུང་ནི་རྐང་པའི་མཐིལ་སྟོད་གཉིས་འཕོངས་ཀྱི་འོག་ཏུ་བཞག་སྟེ་པུས་མོ་གཉིས་ས་ལ་བཙུགས་ནས་ལག་པ་གཉིས་པུས་མོའི་སྟེང་དུ་བཞག་པ་ལ་ཟེར། གལ་ཏེ་ཆུང་དུས་ནས་རྡོ་རྗེ་སྐྱིལ་ཀྲུང་བསྡད་རྒྱུར་གོམས་ན་དཀའ་ངལ་མེད། འོན་ཀྱང་ཆུང་དུས་ནས་གོམས་མེད་ན་རྡོ་རྗེ་སྐྱིལ་ཀྲུང་བསྡད་པ་ལ་ལག་པས་རོགས་བྱེད་དགོས་ཀྱི་ཡོད། གལ་ཏེ་རྐང་པ་རང་བབས་ཀྱིས་བཞག་མི་ཐུབ་པར་རྡོ་རྗེ་སྐྱིལ་ཀྲུང་བསྡད་ནའང་དུས་ཚོད་ཕྲན་བུ་སོང་བའི་རྗེས་སུ་རྐང་པ་ན་བ་སོགས་ཀྱིས་ཐུན་རིང་པོ་མི་ཡོང་། དེས་ན་རྡོ་རྗེ་སྐྱིལ་ཀྲུང་བསྡད་མི་ཐུབ་མཁན་ཚོས་ཕྱེད་སྐྱིལ་བསྡད་ནའང་འགྲིགས་ཤིང་། དེ་ནི་རྐང་པ་གཡོན་པ་ནང་དང་རྐང་པ་གཡས་པ་ཕྱི་ལ་དཔེར་ན་རྗེ་བཙུན་སྒྲོལ་མའི་བཞུགས་སྟངས་ལྟ་བུ་རེད། རྐང་པ་གཅིག་གི་ཐོག་ཏུ་གཅིག་བརྩེགས་ནས་རྒྱུན་རིང་བསྡད་ན་བདེ་པོ་མེད། དེས་ན་གཡོན་པ་ནང་དང་གཡས་པ་ཕྱི་ལ་བྱས་ནས་བསྡད་ན་ཕྱེད་སྐྱིལ་རེད།

གཉིས་པ་ལག་པ་མཉམ་བཞག་ལ་བྱེད་ཚུལ་མི་འདྲ་བ་གཉིས་རེད། ལག་པ་གཡོན་པ་འོག་དང་གཡས་པ་སྟེང་དུ་བྱས་ཏེ་སོར་མོ་བསྣོལ་ནས་མཐེ་བོང་གཉིས་རྩེ་སྤྲད་པ་དེ་སྔགས་ཀྱི་ཏིང་ངེ་འཛིན་སྒྲུབ་པའི་སྐབས་སུ་མཉམ་བཞག་འདི་ལྷག་པར་དུ་དགོས་པ་ཞིག་རེད། གཞན་ནི་ལག་པ་གཡོན་པ་ཁ་གྱེན་དུ་བསྟན་ནས་གཡས་པས་དེའི་སྟེང་ཁ་སྦུབས་ཏེ་ཕན་ཚུན་བཟུང་ནས་བསྡད་པ་དེའང་མཉམ་བཞག་གི་ཁོངས་སུ་འགྲོ་བ་རེད། ལག་པ་དེ་ནི་རྐང་པའི་སྟེང་དང་ལྟེ་བའི་འོག་ཏུ་འཇོག་དགོས།

གསུམ་པ་སྒལ་ཚིགས་མདའ་ལྟར་བསྲང་བ་ཞེས་པ་ནི་ལུས་ཀྱི་སྒལ་ཚིགས་རྣམས་ཡོ་ཁྱུག་དང་དགྱེ་སྒུར་མེད་པར་ཐད་ཀར་འདྲོང་པོ་མདའ་ལྟར་བསྲངས་ནས་བཞུགས་དགོས།

བཞི་པ་དཔུང་པ་གཉིས་རང་བབས་ཞེས་པ་ནི་མང་ཆེ་བ་གཞུ་ལྟ་བུ་སྒོར་སྒོར་བསྡད་པ་རེད། ཐོག་མ་ནས་སྒལ་ཆིགས་འདྲོང་བའི་གོམས་གཤིས་ཡོད་ན་ལག་པ་གཉིས་མི་གུག་པར་རྩིབས་མའི་འགྲམ་དུ་ཁ་ཐུག་ལ་བསྡད་པ་རེད། དེ་ནི་སྒལ་ཚིགས་འདྲོངས་པོ་ཡོད་པའི་རྟགས་རེད། གལ་ཏེ་ལག་པ་མཉམ་བཞག་བྱེད་སྐབས་ལུས་ལ་མ་བྱར་བར་ཕྲན་བུ་གུག་ཙམ་བསྡད་ན་སྒལ་ཚིགས་འདྲོང་པོ་མེད་པའི་རྟགས་རེད། ཡིན་ནའང་དེ་ནི་སྔགས་ཀྱི་རྩ་རླུང་ཉམས་ལེན་བྱེད་མཁན་ལ་དགོས་པ་མ་གཏོགས། སྦྱོར་ཆོས་ཉམས་ལེན་བྱེད་མཁན་ལ་སྒལ་ཚིགས་འདྲོངས་ཙམ་ཡོད་ན་འགྲིགས་པ་རེད། དེས་ན་དཔུང་པ་རང་བབས་སུ་གཞག་རྒྱུ་དེ་རྒྱུན་དུ་ཇི་ལྟར་ཡོད་པ་དེ་ཙམ་གཞག་རྒྱུ་རེད།

ལྔ་པ་མིག་སྣ་རྩེར་ཕབ་པ་ཞེས་པ་ནི་མིག་སྣ་རྩེ་མཐོང་ཙམ་བྱེད་པ་མ་གཏོགས། མིག་སྣ་རྩེ་ལ་ཤུགས་ཆེན་པོས་མཐོང་ཐབས་བྱེད་ན་གང་མཚམས་ནས་མི་བདེ་བ་ཡོང་རྒྱུ་རེད། གང་ལྟར་མིག་གིས་མདུན་དུ་བལྟས་ནས་སྣའི་གཤོག་པ་མཐོང་ཙམ་བྱུང་ན་འགྲིགས་པ་རེད།

དྲུག་པ་མགོ་བོ་ཅུང་ཟད་གུག་པ་ཞེས་པ་ནི་མགོ་བོའི་འདུག་སྟངས་དེ་ཕྲན་བུ་གུག་པ་ཞིག་ལ་ཟེར། གང་ལྟར་ཨོལ་མདུད་དེ་མ་མཐོང་ཙམ་དགོས། གལ་ཏེ་མགོ་བོ་གྱེན་དུ་བྱས་ན་ཨོལ་མདུད་མཐོང་རྒྱུ་རེད།

བདུན་པ་ལྕེ་རྩེ་རྐན་ལ་སྦྱར་བ་ཞེས་པ་ནི་ལྕེའི་རྩེ་མོ་དེ་རྐན་ལ་སྦྱར་བ་ལ་ཟེར། ནམ་རྒྱུན་བཞིན་མཆུ་དང་སོ་རང་བབས་སུ་འཇོག་དགོས། དེ་ནི་ཁ་གདངས་པ་མ་ཡིན་པ་དང་ཤུགས་ཀྱིས་བཙུམ་པའང་མ་ཡིན་པར་ནམ་རྒྱུན་སྣང་མེད་བསྡད་པའི་སྐབས་སུ་ཁ་དང་སོའི་གནས་སྟངས་གང་ཡོད་པ་དེ་རང་གཞག་རྒྱུ་རེད། དེ་ལྟ་བུའི་ཆོས་བདུན་ལ་ལུས་རྣམ་སྣང་གི་ཆོས་བདུན་ཞེས་བརྗོད། གཞུང་འགའ་ཞིག་ནང་རྣམ་སྣང་གི་ཆོས་བརྒྱད་ཞེས་ཀྱང་འབྱུང་ཞིང་། དེ་ནི་བདུན་པོ་དེའི་སྟེང་དུ་དབུགས་བགྲངས་པའམ་རླུང་རོ་དགུ་ཕྲུགས་བསལ་བ་དེ་བསྣན་ན་བརྒྱད་རེད། ལུས་དང་འབྲེལ་བ་ཡོད་པ་ནི་ཆོས་བདུན་པོ་དེ་རང་རེད། དེ་ལ་འོད་དཔག་མེད་ཀྱི་ཆོས་སམ་མི་བསྐྱོད་པའི་ཆོས་ཞེས་མ་བརྗོད་པར། རྣམ་སྣང་གི་ཆོས་ཞེས་བརྗོད་དགོས་པ་ནི་སངས་རྒྱས་རྣམ་པར་སྣང་མཛད་ནི་ཕུང་པོ་ལྔའི་ནང་ནས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་དག་ཆ་དེ་ཡིན་ཙང་། ད་ལྟ་ནས་ང་ཚོས་གཟུགས་ཕུང་གི་སྡོད་སྟངས་ཀྱང་རྣམ་སྣང་དང་མཚུངས་པའམ་རྣམ་སྣང་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱེད་དགོས་པ་ཡིན། ཆོས་བདུན་པོ་དེའི་ནང་ནས་ངེས་པར་དུ་དགོས་པ་ནི་སྒལ་ཚིགས་འདྲོང་པོ་དེ་རེད། དེ་ནས་རྐང་པ་སྐྱིལ་ཀྲུང་བྱེད་པའམ་བཟང་པོའི་འདུག་སྟངས་དེ་རེད། དེ་བཞིན་སྤྱོད་ལམ་ཅི་བདེར་འཁོད་ཞེས་པ་ནི་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་བཞི་པོ་གང་རུང་ཐོག་ནས་སྒོམ་སྒྲུབ་ཉམས་ལེན་བྱེད་རྒྱུ་ཡོད་པ་ཞིག་རེད། ད་ལྟ་ཝེཏ་ནམ་ (Vietnam) སོགས་ཀྱི་བརྒྱུད་པའི་ནང་འགྲོ་བའམ་འཆག་བཞིན་པའི་ངང་སྒོམ་པ་དང་། ཉལ་བཞིན་པའི་ངང་སྒོམ་པ། ཞབས་སྟེགས་སྟེང་སྒོམ་པ་སོགས་ཚང་མ་འགྲིགས་ཀྱི་ཡོད། གང་ལྟར་སྒལ་ཚིགས་འདྲོང་པོ་བྱུང་ན་སྤྱོད་ལམ་ཇི་ལྟར་འཁོད་ནའང་འགྲིགས་པ་རེད། དེའི་ནང་ནས་འདུག་སྟངས་ཡག་ཤོས་ནི་རྡོ་རྗེ་སྐྱིལ་ཀྲུང་དེ་རེད། ཡིན་ནའང་སྤྱོད་ལམ་གཞན་རྣམས་ཀྱང་མི་རུང་བ་མེད། དེ་ཡན་ཆད་སྦྱོར་ཆོས་གསུམ་པའི་ནང་སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་ནམ་སྤྱོད་ལམ་ཅི་བདེར་འཁོད་ཅེས་པའི་ཆ་ཤས་དེ་ཟིན་པ་རེད། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྒྱུད་དང་འདྲེས་ངེས་སུ་བྱ་བ་ཞེས་པ་དེ་རེད།

སྐྱབས་འགྲོ་བྱེད་པའི་སྐབས་སུ་སྐྱབས་ཡུལ་གསལ་བཏབ་དགོས། འདིར་ཆོ་གའི་གཞུང་གི་ཚིག་བཞིན་འགྲོ་རྒྱུ་ཡིན། སྤྱིེར་སྦྱོར་ཆོས་ཀྱི་སྐབས་སུ་སྐྱབས་ཡུལ་དང་ཚོགས་ཞིང་ཐ་དད་དུ་གསལ་འདེབས་པའི་ཕྱག་བཞེས་ཤིག་དང་། སྐྱབས་ཡུལ་དང་ཚོགས་ཞིང་གཉིས་གསལ་འདེབས་མི་དགོས་པར་གཅིག་པ་བྱས་ནས་གསལ་འདེབས་པའི་ཕྱག་བཞེས་བཅས་གཉིས་རེད། དཔེར་ན་ལམ་རིམ་ཆེ་ཆུང་སོགས་སུ་སྐྱབས་ཡུལ་དང་ཚོགས་ཞིང་གཅིག་ཏུ་གསལ་འདེབས་པ་རེད། སྐྱབས་ཡུལ་དང་ཚོགས་ཞིང་གསལ་འདེབས་ཚུལ་ལམ་རིམ་སོ་སོར་མི་འདྲ་བ་མང་པོ་རེད། ད་ལྟ་འདིར་སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་གྱི་ཐོག་ནས་ཞུ་བར་བརྟེན། སྐྱབས་ཡུལ་དང་ཚོགས་ཞིང་གསལ་འདེབས་ཚུལ་ནི་ལམ་རིམ་མྱུར་ལམ་དམར་ཁྲིད་ནས་གསུངས་པ་ལྟར་རེད། མྱུར་ལམ་དམར་ཁྲིད་ནང་དུའང་ཚོགས་ཞིང་གསལ་འདེབས་ཚུལ་ལ་བླ་མ་མཆོད་པ་དང་མཚུངས་པར་ཚོགས་ཞིང་གསལ་འདེབས་ཚུལ་དང་། བླ་མ་མཆོད་པ་དང་མི་འདྲ་བར་ཐུབ་དབང་གཙོ་བོར་བྱས་ནས་ཚོགས་ཞིང་གི་གསལ་འདེབས་ཚུལ་བཅས་གཉིས་གསུངས་པ་རེད། ཡིན་ནའང་ཁྱེད་ཚོའི་ཕྱག་ཏུ་ཡོད་པའི་ངག་འདོན་དེའི་ནང་དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་བླ་མ་མཆོད་པའི་ཚོགས་ཞིང་གསལ་འདེབས་ཚུལ་དང་གཅིག་པ་བྱས་ནས་ཚང་མ་སྔགས་དང་འབྲེལ་བ་ཞིག་རེད། སྦྱོར་ཆོས་འདི་སྤྱིར་བཏང་སྔགས་དང་འབྲེལ་བ་ཡིན་རུང་། སྐབས་རེ་མཆོད་པ་བྱིན་རླབས་ལ་སོགས་པ་མདོ་ཕྱོགས་གཙོ་བོ་དང་། ཚོགས་ཞིང་གསལ་འདེབས་ཚུལ་སྔགས་ཕྱོགས་གཙོ་བོ་རེད། དེར་བརྟེན་འདིའི་ནང་སྐྱབས་ཡུལ་དང་ཚོགས་ཞིང་ཐ་དད་དུ་བྱས་ནས་ཐོག་མར་སྐྱབས་ཡུལ་གསལ་བཏབ་པ་དང་། དེ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ཚད་མེད་བཞི་བསྒོམས་ནས་སྐྱབས་ཡུལ་བསྡུས་པ་རེད། དེ་ནས་ཚོགས་ཞིང་གསལ་བཏབ་པ་རེད། དེས་ན་ཡན་ལག་བདུན་པ་འབུལ་ཡུལ་གྱི་ཚོགས་ཞིང་དང་། སྐྱབས་འགྲོ་སེམས་བསྐྱེད་བྱ་སའི་སྐྱབས་ཡུལ་གཉིས་ཐ་དད་རེད། ཁྱེད་རང་ཚོ་ཚང་མས་ལམ་རིམ་ཁྲིད་ཆེན་བརྒྱད་པོའི་ཁྲིད་༧གོང་ས་མཆོག་གི་སྐུ་མདུན་ནས་གསན་མྱོང་བ་ཤ་སྟག་ཡིན་གྱི་རེད། དེར་བརྟེན་སོ་སོས་ག་རེ་སྟབས་བདེ་བ་དེ་གནང་རྒྱུ་རེད། དེ་ནི་བླ་མ་སོ་སོའི་རང་གི་ཐུན་མོང་མ་ཡིན་པའི་མན་ངག་གི་རྒྱུན་དང་ཉམས་བཞེས་གནང་སྲོལ་ཞིག་རེད། དེ་ནས་གང་ཉམས་སུ་བླངས་པ་ཡིན་ནའང་རྒྱུན་དུ་གཅིག་གྱུར་བྱེད་ན་ཡག་པོ་ཡོད་རེད། སྐབས་རེ་མི་འདྲ་བ་སོགས་བྱེད་ན་དམིགས་རྣམ་གསལ་པོ་དང་ཉམས་རྟོགས་སྐྱེ་བ་ལ་ཁག་པོ་ཡོད་རེད། ཐོག་མ་ནས་གང་ལག་ལེན་དུ་བསྟར་བ་དེ་རྒྱུན་ལྡན་བྱེད་ཐུབ་ན་ཕན་ཐོགས་ཆེ་བ་ཡོད་རེད།

ཐོག་མར་སྐྱབས་ཡུལ་གསལ་འདེབས་སྟངས་ནི་ཁྱེད་ཚོའི་ཕྱག་གི་ཕྱག་དཔེའི་ཚིག་ལ་གཟིགས་ན་སྟབས་བདེ་བ་ཡོང་རྒྱུ་རེད། རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར། ཞེས་པའོ།། རང་གི་མདུན་གྱི་ཐད་ཅེས་པ་ནི་སོ་སོ་རྡོ་རྗེ་སྐྱིལ་ཀྲུང་ལ་བསྡད་པའམ་སྤྱོད་ལམ་ཇི་ལྟར་བསྡད་ཡོད་ནའང་མཐོ་དམན་ནི་བླ་མ་ཐུབ་པའི་དབང་པོ་ལ་མཇལ་བའི་སྐབས་སུ་ཕྲན་བུ་ཐོད་ལ་ཡོད་པ་ཞིག་དགོས། བཞུགས་ཁྲི་ནི་ས་ལ་མིན་པར་སྨིན་མཚམས་ཀྱི་ཐད་དུ་ནམ་མཁར་ཡོད་པ། སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་བཞུགས་ཁྲི་ཆེན་པོ་དེ་ནི་སྡིངས་ཆ་ལྟ་བུ་ཆེན་པོ་ཞིག་དགོས། ཁྲི་ཆེན་པོ་དེའི་ཕྱོགས་རེར་སེངྒེ་གཉིས་རེ་དང། སེངྒེ་དེ་དག་རྐང་པ་གཉིས་པོ་ས་ལ་འཛུགས་པ་དང་། ལག་པ་ཡ་གཅིག་ས་ལ་འཛུགས་པ། ལག་པ་ཡ་གཅིག་གིས་སེངྒེའི་ཁྲི་དེ་བཏེགས་པ་ཞིག་དགོས། ཁྲི་ཆེན་པོ་དེ་དང་སོ་སོའི་བར་དུ་ཐག་རིང་ཐུང་ནི་ལངས་ནས་རྐྱང་ཕྱག་བཙལ་ན་བཞུགས་ཁྲིའི་མདུན་དུ་སླེབས་ཙམ་དགོས། ཁྲི་ཆེན་པོ་དེའི་སྟེང་དུ་ཁྲི་ཆུང་བ་ལྔ་བརྒྱབ་དགོས་ཤིང་། ཁྲི་དཀྱིལ་མ་དེ་ཅུང་ཟད་མཐོ་བ་དང་། དེའི་ཕྱོགས་བཞིའི་ཁྲི་རྣམས་ཅུང་ཟད་དམའ་བ་དགོས་ཀྱང་། བཞུགས་ཁྲི་དཀྱིལ་མ་དེའི་རྒྱབ་ཀྱི་བཞུགས་ཁྲི་དེ་ནམ་མཁའ་ལ་ཅུང་ཟད་མཐོ་བ་ཡོད་ན་མདུན་ནས་མཇལ་ཐུབ་པ་རེད། དེ་ལྟར་བཞུགས་ཁྲི་ལྔ་གསལ་བཏབ་དགོས། སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་ནང་བཞུགས་ཁྲི་གཅིག་མ་གཏོགས་ཚིག་ཟིན་དུ་མི་གསལ་ཡང་། དོན་དུ་བཞུགས་ཁྲི་ལྔ་དགོས། དེ་ནས་སྣ་ཚོགས་པདྨ་ཞེས་པ་དེ་བཞུགས་ཁྲི་དཀྱིལ་མའི་སྟེང་དུ་སྣ་ཚོགས་པདྨའི་གདན་དང་། པདྨ་ལ་སྤྱིར་པདྨ་དང་སྣ་ཚོགས་པདྨ་ཞེས་གཉིས་ཡོད་པ་ལས་སྣ་ཚོགས་པདྨ་ནི་ཕྱོགས་བཞིའི་འདབ་མ་དེ་དཀར་པོ་དང་། མཚམས་བཞིའི་འདབ་མ་དེ་སེར་དམར་སྔོ་ལྗང་གི་མདོག་མི་འདྲ་བ་བཞི་བཅས་པདྨ་འདབ་མ་བརྒྱད་པ་ཡོད་པ་ཞིག་ལ་ཟེར། དེ་ལྟ་བུའི་སྣ་ཚོགས་པདྨའི་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེ་ལྟ་བུའི་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བླ་མ་ཤཱཀྱ་ཐུབ་པ་དེ་བསྒོམ་རྒྱུ་རེད། དེ་ལྟར་བཞུགས་ཁྲི་དང་། དེའི་སྟེང་དུ་སྣ་ཚོགས་པདྨ་དང། ཟླ་བ། ཉི་མ་བཅས་གདན་གསུམ་བརྩེགས་ཀྱི་ཐོག་ཏུ་རང་གི་རྩ་བའི་བླ་མ་ཞལ་མཇལ་དུས་ཀྱི་རྣམ་པ་ཅན་ཡིན་པ་ལ་དེ་གློ་བུར་དུ་འགྱུར་ནས་ཤཱཀྱ་ཐུབ་པའི་རྣམ་པ་དང་། དེ་ཡང་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ། སྐུ་མདོག་གསེར་བཙོ་མ་ལྟ་བུའི་སེར་པོ། དབུ་གཙུག་ཏོར་དང་ལྡན་པ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་པས་ས་གནོན་ཞེས་པ་ནི་ཕྱག་མཐིལ་ཞབས་པུས་ཐོག་བཞག་ནས་ཕྱག་མཛུབ་ཀྱི་རྩེ་མོ་ས་ལ་ཐུག་པའམ་པདྨའི་གདན་ལ་ཐུག་པ་ཞིག་དགོས། ཕྱག་གཡོན་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསོལ་བ་ཞེས་པའི་ཆོས་གོས་ལ་ཆོས་གོས་དང་རྣམ་སྦྱར་གཉིས་བྱས་ཀྱང་རུང་ལ། ཆོས་གོས་དང་རྣམ་སྦྱར་རྔུལ་གཟན་བཅས་གསུམ་བྱས་ཀྱང་རུང་། གང་ལྟར་སྐུ་སྨད་ལ་མཐང་གོས་དང་། སྐུ་སྟོད་ལ་ཆོས་གོས་དང་རྣམ་སྦྱར་མཆོད་པ་ཞིག་དགོས། དེ་ནས་མཚན་དཔེས་བརྒྱན་པའི་དྭངས་གསལ་འོད་ཀྱི་རང་བཞིན་ཅན་སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཞེས་སངས་རྒྱས་ཤཱཀྱ་ཐུབ་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དང་། འོད་འདོམས་གང་དང་ལྡན་པ། ས་གནོན་མཉམ་བཞག་མཛད་པ། དབུ་གཙུག་ཏོར་ལྡན་པ་ཞིག་ཡོད་བསམ་དགོས། ཤཱཀྱ་ཐུབ་པའི་སྐུ་དེའི་ཆེ་ཆུང་ནི་ཕལ་ཆེར་མི་ཚད་ལས་མ་ཆུང་ན་ཡག་པོ་ཡོད། དེ་ཉིད་ཀྱི་མཐའ་སྐོར་དུ་དངོས་དང་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ། ཞེས་བཞུགས་ཁྲི་ཆེན་པོ་དེའི་དཀྱིལ་དུ་ཤཱཀྱ་ཐུབ་པའི་སྐུ་བཞུགས་པའི་བཞུགས་ཁྲིའི་མཐའ་སྐོར་དུ་བཞུགས་ཁྲི་བཞི་ཡོད་པ་ལས། སྟོན་པའི་ཕྱག་གཡས་པའི་བཞུགས་ཁྲིའི་སྟེང་དུ་རྗེ་བཙུན་བྱམས་པ་མགོན་པོ་ལྷའི་བུའི་རྣམ་པ་ཅན་བཟང་པོའི་འདུག་སྟངས་དང་། སྟོན་པའི་ཕྱག་གཡོན་པའི་བཞུགས་ཁྲིའི་སྟེང་དུ་རྗེ་བཙུན་འཇམ་དཔལ་དབྱངས། སྟོན་པའི་རྒྱབ་ཀྱི་བཞུགས་ཁྲིའི་སྟེང་དུ་རྒྱལ་བ་རྡོ་རྗེ་འཆང་། སྟོན་པའི་མདུན་གྱི་བཞུགས་ཁྲིའི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡོད་པ་དང་། དེ་ལྟ་བུའི་གཡས་རྗེ་བཙུན་བྱམས་པའི་མཐའ་སྐོར་དུ་འཕགས་པ་ཐོགས་མེད་ནས་བཟུང་སྟེ་རང་གི་རྩ་བའི་བླ་མའི་བར་གྱི་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ཁྲོམ་ཚོགས་སམ་སྒོར་སྒོར་བསྐོར་ནས་བཞུགས་པ་དང་། གཡོན་རྗེ་བཙུན་འཇམ་དབྱངས་ཀྱི་མཐའ་སྐོར་དུ་མགོན་པོ་ཀླུ་སྒྲུབ་ནས་བཟུང་སྟེ་རང་གི་རྩ་བའི་བླ་མའི་བར་གྱི་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ཁྲོམ་ཚོགས་སམ་སྒོར་སྒོར་བསྐོར་ནས་བཞུགས་པ། རྒྱབ་རྒྱལ་བ་རྡོ་རྗེ་འཆང་གི་མཐའ་སྐོར་དུ་ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མ་རྣམས་ཁྲོམ་ཚོགས་སམ་སྒོར་སྒོར་བསྐོར་ནས་བཞུགས་པ། མདུན་རང་གི་རྩ་བའི་བླ་མའི་མཐའ་སྐོར་དུ་རང་གི་ཆོས་འབྲེལ་དངོས་ཐོབ་ཀྱི་དྲིན་ཅན་རྩ་བའི་བླ་མ་ཐམས་ཅད་ཁྲོམ་ཚོགས་སམ་སྒོར་སྒོར་བསྐོར་ནས་བཞུགས་པ་གསལ་བཏབ་དགོས། དེང་སང་སློབ་མ་ཁ་ཤས་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་ག་ཚོད་ཡོད་མིན་འདྲི་ན། གྲངས་ཀ་གཞི་ནས་བརྒྱབ་དགོས་པ་ཡོང་གི་འདུག  དེས་ན་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་རྒྱུན་དུ་གཙོ་བོར་བསྒོམ་དགོས་པར་བརྟེན། དེ་དག་གི་སྐུ་ཡི་རྣམ་པ་དང་། གསུང་གི་གདངས། ཐུགས་ཀྱི་འཁྱེར་སོ་མཐའ་དག་སེམས་ལ་ཤར་མུུས་ཡིན་ན་ཡག་པོ་ཡོད་རེད། དེ་ལྟ་བུའི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་སྒོམ་པའི་སྐབས་སུ་བཞུགས་གདན་མི་འདྲ་བ་རེད། གལ་ཏེ་བླ་མ་ཞལ་བཞུགས་པ་ཡིན་ན་འབོལ་གདན་དང་། དེའི་སྟེང་དུ་གདིང་བ། དེའི་སྟེང་དུ་བླ་མ་བཞུགས་པ་བསྒོམ་དགོས། ཅི་སྟེ་བླ་མ་མྱ་ངན་ལས་འདས་ཟིན་པ་ཡིན་ན་པདྨ་ཟླ་བ་ཉི་མ་བཅས་གདན་གསུམ་གྱི་སྟེང་དུ་བཞུགས་པར་བསྒོམ་དགོས། དེ་མིན་འདས་པའི་བླ་མ་ཐམས་ཅད་པད་ཟླའི་གདན་ལ་བཞུགས་པ་ཤ་སྟག་རེད། བླ་མའི་གྲངས་ནི་འོག་ཏུ་གསོལ་འདེབས་ནང་བྱུང་བ་བཞིན་བསྒོམ་དགོས། དེ་ལྟ་བུའི་ཕྱོགས་བཞིའི་བཞུགས་ཁྲིའི་མཐའ་སྐོར་དུ་ཐོག་མར་ཡི་དམ་གྱི་རིམ་པས་བསྐོར་ཞིང་། དེའི་སྒོམ་ཚུལ་ལ་མན་ངག་གི་ལུགས་མི་འདྲ་བ་གཉིས་རེད། དང་པོ་ནི་བྱ་རྒྱུད་དང་། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་བཅས་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཕྱོགས་བཞིའི་བཞུགས་ཁྲི་བཞི་ལས་མདུན་གྱི་བཞུགས་ཁྲིའི་མཐའ་སྐོར་དུ་བླ་མེད་དང་། གཡས་ཀྱི་བཞུགས་ཁྲིའི་མཐའ་སྐོར་དུ་སྤྱོད་རྒྱུད། གཡོན་གྱི་བཞུགས་ཁྲིའི་མཐའ་སྐོར་དུ་རྣལ་འབྱོར་རྒྱུད། རྒྱབ་ཀྱི་བཞུགས་ཁྲིའི་མཐའ་སྐོར་དུ་བྱ་རྒྱུད་བཅས་ཀྱི་ལྷ་ཚོགས་རྣམས་བཞུགས་པ་བཅས་བཞུགས་ཁྲིམ་སོ་སོའི་མཐའ་སྐོར་དུ་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་སྐོར་ཆུང་དུ་ཡོད་པ་དང། གཉིས་པ་ནི་ཕྱོགས་བཞིའི་བཞུགས་ཁྲི་བཞི་གའི་མཐའ་སྐོར་དུ་སྐོར་ཆེན་གྱི་རིམ་པ་དང་པོར་རྣལ་འབྱོར་བླ་མེད་ཀྱི་ཡི་དམ་དང་། རིམ་པ་གཉིས་པར་རྣལ་འབྱོར་རྒྱུད། རིམ་པ་གསུམ་པར་སྤྱོད་རྒྱུད། རིམ་པ་བཞི་པར་བྱ་རྒྱུད་བཅས་ཀྱི་ལྷ་ཚོགས་ཀྱིས་བསྐོར་ནས་བཞུགས་པ་དེ་སྟབས་བདེ་བ་ཡོད། དེ་ནས་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱི་མཐའ་སྐོར་དུ་སངས་རྒྱས་དང་། བྱང་སེམས། དཔའ་བོ་མཁའ་འགྲོ  ཆོས་སྐྱོང་སྲུང་མ་རྣམས་རིམ་པས་བཞུགས་པ་བསྒོམ་དགོས། སྐྱབས་ཡུལ་གྱི་ཐང་ག་ནི་ཕལ་ཆེར་ཡོད་མ་རེད། འོན་ཀྱང་ཚོགས་ཞིང་གི་ཐང་གའི་ནང་གཟིགས་ན་ཇི་ལྟར་བཞུགས་པ་རྣམས་རགས་པ་ཙམ་ངོ་འཕྲོད་རྒྱུ་རེད། གལ་ཏེ་ཞིབ་ཚགས་པོས་བསྒོམ་རྒྱུའི་འདུན་པ་དང་ནུས་པ་ཡོད་ན་སྦྱོར་ཆོས་ཀྱི་ཁྲིད་ཡིག་དང་ལམ་རིམ་རྣམ་གྲོལ་ལག་བཅངས་སོགས་ནང་གསལ། ད་ལྟ་ཞིབ་ཚགས་པོས་ཞུ་ན་ཐུགས་ལ་ངེས་པ་ཞིག་ཨེ་ཡོང་བསམ་གྱི་འདུག

ཡང་ལས་དང་པོ་བ་གསལ་སྣང་བཏོན་མ་ཐུབ་མཁན་ཡིན་ན་སངས་རྒྱས་ཀྱི་སྐུའི་རྣམ་པ་དེ་བློ་ལ་ཡག་པོ་འཆར་ནས་དེའི་མཐའ་སྐོར་དུ་བླ་མ་དང་། ཡི་དམ། སངས་རྒྱས། བྱང་སེམས་སོགས་ཕྲ་ལམ་མེར་བཞུགས་ཡོད་སྙམ་པ་ཞིག་དགོས། གལ་ཏེ་རེ་རེ་བཞིན་ནས་གསལ་སྣང་མ་ཐོན་པ་ཡིན་ནའང་ཁྱད་པར་མེད། གང་ལྟར་བཞུགས་ཡོད་སྙམ་པའི་མོས་པ་བྱེད་ན་འགྲིགས་པ་རེད། དེ་ནས་བླ་མ་སངས་རྒྱས་ལ་སོགས་དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་པའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་གྱི་པུ་ཏིའི་རྣམ་པར་བཞུགས་ཡོད་པ་བསམ་དགོས། ཚོགས་ཞིང་རྣམས་ཀྱང་རང་ཉིད་ལ་དགྱེས་པའི་ཚུལ་དང་། རང་ཉིད་ཀྱང་ཚོགས་ཞིང་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་དད་པ་ཆེན་པོའི་ངང་ནས། ཞེས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་བློ་སྦྱོང་ཚུལ་ལ་ཐོག་མར་སྐྱབས་འགྲོའི་རྒྱུ་ལ་འཇིགས་པ་དང་ཡིད་ཆེས་དགོས། སེམས་བསྐྱེད་ཀྱི་རྒྱུ་ལ་སྙིང་རྗེ་ཆེན་པོ་དགོས། དེར་བརྟེན་ཐོག་མར་སྐྱབས་འགྲོའི་རྒྱུ་འཇིགས་པ་དང་ཡིད་ཆེས་ཀྱི་བློ་སྐྱེ་བའི་ཆེད་དུ་བསམ་བློ་ཇི་ལྟར་གཏོང་དགོས་ཤེ་ན། དེས་ན་བདག་དང་མ་སེམས་ཅན་ཐམས་ཅད་ཅེས་རང་ཉིད་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་ལ་མ་ཞེས་པའི་སྒྲས་བསྙད་དེ་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་ཚེ་འདིའི་བར་དུ་སྤྱིར་འཁོར་བ་དང་ཞེས་འཁོར་བའི་སྡུག་བསྔལ་དྲུག་དང་བརྒྱད་ལ་སོགས་པ་བཤད་པ་དེ་ཚོ་དང་། ཁྱད་པར་དུ་དམྱལ་བ་ཡི་དྭགས་དུད་འགྲོ་བཅས་ངན་སོང་གསུམ་གྱི་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་འདུག་ཏུ་ཟིན་ཀྱང་། ད་དུང་སྡུག་བསྔལ་གྱི་གཏིང་དང་མཐའ་རྟོགས་དཀའ་བར་འདུག  ཅེས་སྡུག་བསྔལ་ཧ་ཅང་མང་པོ་མྱངས་ཟིན་རུང་། ད་དུང་མ་འོངས་པ་ལ་སྡུག་བསྔལ་དུས་ཚོད་དེ་ལྟ་བུ་ཞིག་ལ་མཚམས་ཆོད་ཀྱི་རེད་ཅེས་གཏིང་དང་མཐའ་རང་གི་ཁ་ཐབས་ལ་བལྟས་ན་རྟོགས་དཀའ་བ་རེད་འདུག  དེས་ན་ད་རེས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་མི་ལུས་ཁྱད་པར་ཅན་ཐོབ། མཇལ་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་དུས་ཚོད་ཕུན་སུམ་ཚོགས་པ་འདིར་འཁོར་བའི་སྡུག་བསྔལ་མཐའ་དག་སྤངས་པའི་ཐར་པ་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ད་ལྟ་ཉིད་ནས་ཐོབ་པར་མ་བྱས་ན། ལུས་རྟེན་འདི་འཇིག་ན་སླར་ཡང་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ཅི་རིགས་པ་ཞིག་མྱོང་དགོས་པར་འདུག་ཅེས་པ་དེས་སྐྱབས་འགྲོའི་རྒྱུ་འཇིག་པ་ལ་བློ་སྦྱོང་ཚུལ་དང་། དེས་ན་སྡུག་བསྔལ་དེ་དག་ལས་སྐྱོབ་པའི་ནུས་པ་མདུན་ན་གསལ་བཏབ་ནས་བཞུགས་པའི་བླ་མ་དཀོན་མཆོག་གསུམ་ལ་ཡོད་པས། བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ་སྙམ་དུ་བསམ་དགོས། སྐྱབས་སུ་འགྲོ་བའི་རྒྱུ་སྣ་ཚོགས་ཡོད་པའི་ནང་ནས་སྐབས་འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་བྱ་རྒྱུ་དེ་རེད། དེའི་ཆེད་དུ་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་རྒྱུ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕོང་ཐོབ་པའི་སེམས་བསྐྱེད་སྔོན་དུ་བཏང་བའི་འདུན་པ་དེའི་ངང་ནས་སྐྱབས་འགྲོ་བྱ་རྒྱུ་རེད། འདིའི་ནང་ཚིག་གསལ་པོ་ཡོད་ཙང་ཚིག་རིས་བཞིན་བསམ་བློ་བཏང་ན། ཐོག་མར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་པའི་འཇིགས་པ་དེ་རང་གི་རྒྱུད་ལ་ཡོད་པ་དང་། དེ་ལྟ་བུའི་འཇིགས་པ་ལས་སྐྱོབ་པའི་ནུས་པ་དེ་མདུན་ན་བཞུགས་པའི་བླ་མ་དཀོན་མཆོག་ལ་ཡོད་པ། དེ་ལྟ་བུའི་བླ་མ་དཀོན་མཆོག་ལས་སངས་རྒྱས་ནི་སྐྱབས་སྟོན་པ་པོ་དང་། ཆོས་ནི་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་འགོག་བདེན་དང་ལམ་བདེན་གཉིས་ཡིན་ཞིང་། ལམ་བདེན་ནི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་རྒྱུའི་རྩ་བ་མ་རིག་པའི་འཛིན་སྟངས་དང་དངོས་སུ་འགལ་བའི་བློ་ཞིག་རེད། དེ་ལྟ་བུའི་བློ་དེ་ལ་མ་རིག་པ་ས་བོན་དང་བཅས་པ་དྲུང་ནས་འཇོམས་པའི་ནུས་པ་ཡོད་རེད། དེས་ན་སྐྱོབ་པའི་ནུས་པ་བླ་མ་དཀོན་མཆོག་ལ་ཡོད་ཚུལ་ནི་དད་པ་ཙམ་མིན་པར་རིགས་པའི་ལམ་ནས་སྒྲུབ་ཐུབ་པ་ཞིག་རེད། དེ་ལྟ་བུའི་ཡིད་ཆེས་ཡོད་ཙང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་པའི་བློ་དེ་ཚིག་འདིའི་ནང་ཡོད་པ་བཞིན་བསམ་བློ་བཏང་ནས་བློ་ཁུལ་ངེས་ཤེས་པ་ཞིག་བྱེད་དགོས་པ་གལ་ཆེན་པོ་རེད།

དེ་ནས་སྐྱབས་འགྲོ་དངོས་ནི་བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། ཞེས་པ་དེ་རེད། སྤྱིར་བླ་མ་ལ་སྐྱབས་སུ་མཆི་ཞེས་པ་དེ་སྐྱབས་གནས་དཀོན་མཆོག་བཞི་རུ་མཐོང་བ་ལྟ་བུ་ཡོད། ནུབ་ཕྱོགས་པའི་མི་ནང་པའི་ཆོས་ལ་འདྲིས་མེད་པ་མང་པོ་ཞིག་གིས་གནས་བརྟན་སྡེ་པས་སྐྱབས་འགྲོ་བྱེད་ཚུལ་དང་། བོད་པས་བླ་མ་ལ་སྐྱབས་སུ་མཆི་ཞེས་པའི་སྐྱབས་འགྲོ་བྱེད་ཚུལ་གཉིས་མི་འདྲ་བར་མཐོང་ནས་བོད་པའི་ཆོས་ལ་བླ་མའི་ཆོས་ (Lamaism) ཞེས་བརྗོད་པའི་གོ་སྐབས་བྱུང་བ་རེད། འོན་ཀྱང་སྐྱབས་གནས་དཀོན་མཆོག་གསུམ་ལས་བཞི་པ་གང་ཡང་མེད་ཅིང་། སངས་རྒྱས་དཀོན་མཆོག་གི་ནང་དུ་བླ་མ་དང་སངས་རྒྱས་གཉིས་པོ་འདུས་པ་རེད། ཡིན་ནའང་རང་ཅག་ལས་དང་པོ་བ་སངས་རྒྱས་དངོས་སུ་མཇལ་བའི་སྐལ་བ་མེད་པ་རྣམས་ལ་སངས་རྒྱས་ཀྱི་གདུང་འཚོབ་བམ་སྐུ་ཚབ་དེ་བླ་མས་གནང་གི་ཡོད་པ་དང། སངས་རྒྱས་ཀྱི་འཕྲིན་ལས་རང་ལ་འཇུག་པའི་འཇུག་སྒོ་དེའང་བླ་མ་ཡིན་ཙང་། སངས་རྒྱས་དཀོན་མཆོག་གི་ནང་ནས་བླ་མ་ལ་དམིགས་ཀྱིས་བཀར་ནས་སྐྱབས་སུ་འགྲོ་བ་རེད། དེར་བརྟེན་སྐྱབས་འགྲོ་འགའ་ཞིག་གི་སྐབས་སུ་སོ་སོས་ཡི་དམ་གྱི་ལྷ་གང་ཉམས་ལེན་བྱེད་པ་དེ་ལའང་ཟུར་དུ་སྐྱབས་སུ་འགྲོ་བྱེད་པའི་སྲོལ་ཡོད་རེད། དེས་ན་དེ་ནི་སྐྱབས་བཞི་ཡོད་པའི་དོན་མ་རེད།

བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པའི་སྐབས་སུ་རང་གི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་གཙོ་བོར་གྱུར་པའི་སྐྱབས་ཡུལ་གྱི་ཞིང་དུ་བཞུགས་པའི་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད། ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མ་ཡོངས་སུ་རྫོགས་པ་ལ་སྐྱབས་སུ་འགྲོ་བའི་མོས་པ་བྱེད་རྒྱུ་དང་། སངས་རྒྱས་ལ་སྐྱབས་སུ་མཆི་ཞེས་པས་སངས་རྒྱས་ཤཱཀྱ་ཐུབ་པ་གཙོ་བོར་གྱུར་པའི་སྐྱབས་ཡུལ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་བའི་མོས་པ་བྱེད་རྒྱུ། ཆོས་ལ་སྐྱབས་སུ་མཆི་ཞེས་པས་དེ་དག་གི་ཐུགས་རྒྱུད་ལ་ཡོད་པའི་ཆོས་དཀོན་མཆོག་དང་། དེ་དག་གིས་གསུངས་པའི་ལུང་གི་ཆོས་ལ་སྐྱབས་སུ་འགྲོ་བའི་མོས་པ་བྱེད་རྒྱུ། དགེ་འདུན་ལ་སྐྱབས་སུ་མཆི་ཞེས་པས་བྱང་ཆུབ་སེམས་དཔའ་དང་ཉན་རང་དགྲ་བཅོམ་ལ་སོགས་པའི་དགེ་འདུན་གྱི་ཚོགས་ལ་སྐྱབས་སུ་འགྲོ་བའི་མོས་པ་བྱེད་རྒྱུ་བཅས་རེད། དེ་ཡང་དོན་ཡིད་ལ་དྲན་བཞིན་པའི་ངང་ནས་སྐྱོར་རྒྱུ་རེད། དེ་རིང་གི་དུས་ཚོད་རྫོགས་པར་བརྟེན་འདིར་གཞག་རྒྱུ་ཡིན། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

 

ཉིན་གསུམ་པ།

(༢༠༢༠ ཕྱི་ཟླ་ ༣ ཚེས་ ༡༠)

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་དཔལ་ལྡན་ཟླ་བ་གྲགས་པས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ།། གལ་ཏེ་འདི་དག་འཛིན་པར་མི་བྱེད་ན།། གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ།། དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར།། ཞེས་གསུངས་པ་བཞིན་ད་ལྟའི་གནས་སྐབས་སུ་ང་ཚོ་ངན་སོང་ལོག་པར་ལྟུང་བའི་མི་ཁོམ་པའི་གནས་སུ་མི་སྐྱེ་བར་ཆོས་སྒྲུབ་པའི་རང་དབང་ཡོད་པ་དང་། དེ་བཞིན་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལ་སོགས་པ་ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམས་པའི་སྐབས་འདིར་རང་གིས་རང་ལ་དྲིན་ཆུང་དུ་མ་སོང་བའི་ཐོག་ནས་སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་སོགས་སྐྱེ་བ་གཏན་གྱི་མདུན་མ་སྒྲུབ་པའི་བྱ་བ་ཞིག་ད་ལྟ་ནས་བྱེད་མ་ཐུབ་པ་ཡིན་ན། སྐྱེ་བ་རྗེས་མ་སླར་ཡང་འདི་ལྟ་བུའི་ལུས་རྟེན་རྙེད་དང་མི་རྙེད་ནི་རང་གི་ད་ལྟའི་སྒོ་གསུམ་གྱི་སྤྱོད་པ་ལ་བལྟས་ན་ཚོད་དཔག་ཐུབ་པ་ཡིན་ཙང་། ངན་སོང་གི་གཡང་སར་ལྷུང་བའི་རྗེས་ལ་ཡར་སློང་མཁན་དེ་དཀོན་པོ་རེད། སྤྱོད་འཇུག་ལས། གནས་དེར་སྐྱབས་ཡོད་མ་ཡིན་ན།། དེ་ཚེ་བདག་གིས་ཅི་བྱར་ཡོད།། ཅེས་གསུངས་པ་བཞིན་རེད། ད་ལྟ་རང་དབང་ཡོད་པའི་དུས་འདི་ལ་ཆོས་བྱས་ནས་འདུན་མ་བསྒྲུབས་པ་ཞིག་མ་བྱུང་ན། ཕྱི་མ་ཕྱི་མ་ལ་ཡོང་བའི་རེ་བ་དང་སྨོན་ལམ་བྱས་པ་དེ་ལ་ངེས་པ་གང་ཡང་མེད། དེས་ན་དལ་བའི་རྟེན་བཟང་ལན་གཅིག་རྙེད་པའི་སྐབས་འདིར་བཀའ་གདམས་གོང་མ་ཚོས་ཟླ་གཅིག་ཟླ་གཉིས་མ་ཤི་ན་སྐྱེ་མ་ཕྱི་མའི་མདུན་མ་འགྲུབ་པ་ཞིག་དང་། ལོ་གཅིག་ལོ་གཉིས་མ་ཤི་ན་སྐྱེ་བ་གཏན་གྱི་མདུན་མ་འགྲུབ་པ་ཞིག་བྱེད་དགོས་ཞེས་གསུངས་པ་བཞིན་རེད། དེར་བརྟེན་དལ་བའི་རྟེན་ལ་སྙིང་པོ་ངེས་པར་དུ་ལེན་དགོས་པ་དང་། སྙིང་པོ་ལེན་པའི་ཚུལ་ཡང་གང་བྱུང་དང་རྨོངས་དད་ཙམ་གྱིས་མི་ཆོག་པར་གང་ཉམས་སུ་བླང་རྒྱུའི་ཆོས་ཀྱི་དོན་དེ་ལེགས་པར་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་རེད། དེ་ལྟ་བུ་ཤེས་པ་ལའང་ཐོས་བསམ་གྱི་སྒོ་ནས་སློབ་སྦྱོང་བྱེད་དགོས། དེ་བཞིན་ཐོས་བསམ་བྱ་བའི་གཞུང་དེའང་། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་པོར་བླང་བར་བྱ།། ཞེས་གསུངས་པ་བཞིན་རང་གི་ཉམས་ལེན་ལ་ཉེ་བར་མཁོ་བའི་གཞུང་དེ་དག་སྔོན་ལ་སློབ་སྦྱོང་བྱེད་དགོས་པ་རེད། དེར་བརྟེན་ལམ་གང་ཉམས་སུ་བླང་ནའང་ལམ་གྱི་ཉམས་ལེན་དེ་གནད་དུ་སྨིན་པ་ཡོང་བའི་ཆེད་དུ་སྔོན་འགྲོ་སྦྱོར་བའི་ཆོས་རྣམས་གལ་ཆེན་པོ་རེད། དེ་ལྟ་བུའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ཅེས་བླ་མ་གསེར་གླིང་པས་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ནས་བཏུས་ནས་ཐ་སྙད་མཛད་པ་བཞིན་སྦྱོར་བའི་ཆོས་དྲུག་གི་རིམ་པ་ཉམས་སུ་ལེན་པའི་ཚུལ་མདོ་ཙམ་བཤད་པའི་སྐབས་སུ་བབས་པ་རེད། གང་ལྟར་ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག  གང་ཟག་ཐེག་པ་ཆེན་པོའི་གྲལ་དུ་ཚུད་པ་དགོས་ཞེས་གསུངས་པ་བཞིན་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཀྱིས་ཟིན་པའི་སྒོ་ནས་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་རང་དོན་ཡིད་བྱེད་ཀྱི་བློས་མ་ཟིན་པར་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་དགོས་པ་རེད།

གང་གསན་པར་བྱ་བའི་ཆོས་སྦྱོར་བའི་ཆོས་དྲུག་གི་རིམ་པ་ལ་གནས་ཁང་བྱི་དོར་བྱས་པ་དང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པ་དང་། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམ་པ་ཞེས་པའི་ས་བཅད་དང་པོ་གཉིས་སོང་ཟིན་པ་དང་། སྦྱོར་ཆོས་གསུམ་པ་སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་ནམ་སྤྱོད་ལམ་ཅི་བདེར་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྒྱུད་དང་འདྲེས་ངེས་སུ་བྱ་བ་ཞེས་པ་དེའི་ཡན་ལག་དང་པོ་སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་ཞེས་པ་སོང་བ་དང་། ཡན་ལག་གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་ཚད་དང་ལྡན་པ་ཞིག་ཡོང་བའི་སྐོར་ལ་ཁ་སང་མདོར་བསྡུས་ཤིག་ཞུས་ཟིན་པ་རེད།

དངོས་གནས་བྱས་ན་སྐབས་འདིར་སྐྱབས་འགྲོའི་སྔོན་འགྲོའི་ཁྲིད་ཆེན་དྲུག་སོགས་སྐྱབས་འགྲོའི་ཁྲིད་ཆ་ཚང་བ་ཞིག་འདིའི་སྐབས་སུ་འགྲོ་དགོས་ཀྱང་། དུས་ཚོད་མེད་པར་བརྟེན་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། སྐྱབས་འགྲོའི་དོན་ཚང་བ་ཞིག་ངེས་པ་ལ་གང་གིས་སྐྱབས་སུ་འགྲོ་བའི་རྒྱུ་དང་། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ། སྐྱབས་སུ་སོང་བའི་ཚད། སྐྱབས་སུ་འགྲོ་བའི་བསླབ་བྱ་སོགས་ས་བཅད་སྣ་མང་གི་ཐོག་ནས་ལམ་རིམ་ཁག་ནང་ཡོང་བ་རེད། འདིར་ཕེབས་པ་མང་ཆེ་བ་ལམ་རིམ་གསན་མྱོང་མཁན་ཡིན་ཙང་ཕལ་ཆེར་མ་མཁྱེན་པ་མེད་ཚོད་རེད།

གང་གིས་སྐྱབས་སུ་འགྲོ་བའི་རྒྱུ་ལ་འཇིགས་པ་དང་ཡིད་ཆེས་གཉིས་མེད་དུ་མི་རུང་བ་རེད། འཇིགས་པ་དེའང་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་ལྟ་བུར་མཚོན་ན་ངན་སོང་གི་སྡུག་བསྔལ་ལས་འཇིགས་པའི་འཇིགས་པ་དང་། སྐྱེས་བུ་འབྲིང་གི་སྐྱབས་འགྲོ་ལྟ་བུར་མཚོན་ན་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལ་འཇིགས་པའི་འཇིགས་པ་དང་། ལྷག་པར་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་འཇིགས་པའི་འཇིགས་པ། སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་ལྟ་བུར་མཚོན་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལ་འཇིགས་པའི་འཇིགས་པ་དང་། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་མནར་བ་ལ་འཇིགས་པའི་འཇིགས་པའམ་སེམས་ཅན་ལ་དམིགས་པའི་སྙིང་རྗེས་དྲངས་པའི་འཇིགས་པ་ཞིག་དགོས། དེ་ལྟ་བུའི་འཇིགས་པ་དང་ཆབས་ཅིག་ཏུ་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པ་ཡིད་ཆེས་པ་ཞེས་པ་དེ་རྨོངས་དད་ཙམ་མིན་པར། ལམ་གྱི་བདེན་པས་ཉོན་མོངས་པའི་ས་བོན་བག་ཆགས་དང་བཅས་པ་དྲུང་ནས་འབྱིན་རུང་ཡིན་པ་དེ་རིགས་པའི་ལམ་ནས་རྟོགས་ཐུབ་པ་ཞིག་བྱུང་ན་ལམ་གྱི་བདེན་པ་ལ་སྐྱོབ་པའི་ནུས་པ་ཡོད་པ་དེ་ཤེས་ཐུབ་པ་ཡིན། དེར་བརྟེན་རིགས་པས་དྲངས་པའི་ཡིད་ཆེས་རྙེད་པ་ཞིག་དགོས། དེས་ན་སྐྱབས་སུ་འགྲོ་བའི་རྒྱུ་འཇིགས་པ་དང་ཡིད་ཆེས་གཉིས་རང་གི་རྒྱུད་ལ་མྱོང་བ་ཐོན་ངེས་ཤེས་པ་ཞིག་ཡོང་བའི་ཆེད་དུ་ཡང་ནས་ཡང་དུ་དཔྱད་སྒོམ་དང་འཇོག་སྒོམ་སྤེལ་མའི་ཐོག་ནས་བློ་སྦྱང་དགོས།

གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི་སྐྱབས་གནས་དཀོན་མཆོག་གསུམ་རེད། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི།། ཐར་པ་འདོད་པ་རྣམས་ཀྱི་སྐྱབས།། ཞེས་གསུངས་པ་བཞིན་སྐྱབས་ལ་གསུམ་ལས་མང་བ་མི་དགོས་པ་དང་ཉུང་བ་མི་འདུ་བ་བྱས་ནས་གྲངས་ངེས་སུ་མཛད་པ་རེད། སངས་རྒྱས་ནི་སྐྱབས་སྟོན་པ་པོ་དང་། ཆོས་ནི་སྐྱབས་དངོས། དགེ་འདུན་ནི་སྐྱབས་སྒྲུབ་པའི་ཟླ་གྲོགས་བཅས་ཡིན། དེ་ཡང་སྐྱབས་དངོས་ཆོས་དཀོན་མཆོག་ཡིན་རུང་། ཆོས་དཀོན་མཆོག་ཇི་བཞིན་སྟོན་པའི་སྟོན་པ་ཡང་དག་པ་ཞིག་མེད་ན། གང་ཟག་ཐ་མལ་པས་ཆོས་དཀོན་མཆོག་གི་གནས་ལུགས་རྟོགས་མི་ཐུབ། ཆོས་ཉམས་སུ་ལེན་པའི་སྐབས་སུ་གྲོགས་ཚངས་པ་མཚུངས་པར་སྤྱོད་པའི་དགེ་འདུན་གྱི་སྡེ་མེད་ནའང་མི་འགྲིགས་པ་རེད། དཔེར་ན་ནད་པ་ཚབས་ཆེན་ཞིག་ནད་ལས་གྲོལ་བའི་ཆེད་དུ་སྨན་པ་ཡག་པོ་ཞིག་དང་། སྨན་ཚད་དང་ལྡན་པ། ནད་གཡོག་ཡག་པོ་ཞིག་དགོས་པ་བཞིན་ང་ཚོ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་གྲོལ་བ་ལའང་སྐྱབས་སྟོན་པ་པོ་དང་། སྐྱབས་དངོས། སྐྱབས་སྒྲུབ་པའི་ཟླ་གྲོགས་གསུམ་མ་ཚང་ན་གྲོལ་མི་ཐུབ་པ་རེད། དེར་བརྟེན་སངས་རྒྱས་ལ་སྐྱབས་སྟོན་པ་པོའི་འདུ་ཤེས་དང་། ཆོས་ལ་སྐྱབས་དངོས་ཀྱི་འདུ་ཤེས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་ཀྱི་འདུ་ཤེས་ཀྱི་ཐོག་ནས་སྐྱབས་སུ་འགྲོ་བ་ཡིན་ཙང་སྐྱབས་སུ་འགྲོ་བའི་ཡུལ་དུ་དཀོན་མཆོག་གསུམ་དུ་གྲངས་ངེས་པ་རེད།

ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་ནི་འཇིགས་སྐྲག་གིས་དྲངས་པའི་བློ་དེས་སྐྱབས་འཚོལ་བའི་སྐབས་སུ་སྐྱབས་གནས་དེ་ལ་འཇིགས་པ་ལས་སྐྱོབ་པའི་ནུས་པ་ཡོད་པ་ཡིད་ཆེས་པའམ་བློ་ལིང་གིས་འགེལ་བ་ཞིག་དགོས། བློ་ལིང་གིས་འགེལ་བ་ཞེ་ན་གསོལ་བ་སྨོན་ལམ་འདེབས་པ་ཙམ་མིན་པར། སྐྱབས་དངོས་ལམ་གྱི་བདེན་པ་དེ་རང་གི་རྒྱུད་ལ་སྐྱེ་བར་བྱེད་པའི་ཐབས་ཤེས་བྱ་རྒྱུ་དེ་རེད། དེ་ནི་སྐྱབས་སུ་འགྲོ་བའི་ཚུལ་ངོ་མ་དེ་རེད།

སྐྱབས་སུ་སོང་བའི་ཚད་ནི་དེ་ལྟ་བུའི་འཇིགས་པ་དང་ཡིད་ཆེས་གཉིས་ལྡན་གྱི་ཐོག་ནས་ངས་ངེས་པར་དུ་ལམ་ཉམས་སུ་བླངས་ནས་འཇིགས་པ་དེ་ལས་སྐྱོབ་ནུས་པ་ཞིག་བྱེད་ཀྱི་ཡིན་སྙམ་པའི་བློ་ཐག་ཆོད་པོ་བྱུང་བའི་སྐབས་སུ་སྐྱབས་འགྲོ་རྒྱུད་ལ་སྐྱེ་བའི་ཚད་རེད། དེ་ནས་སྐྱབས་འགྲོ་བསྒོམ་དགོས། དེའི་སྔོན་དུ་སྐྱབས་ཡུལ་གསལ་བཏབ་དགོས། དེ་ནི་ཁ་སང་མདོ་ཙམ་ཞུས་པ་བཞིན་རང་གི་མདུན་གྱི་ཐད་དྲང་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་སྡིངས་ཆའི་ཁྲི་ཆེན་པོ་ཞིག་དང་། དེའི་སྟེང་གི་ཁྲི་ཆུང་བ་ལྔའི་ཐོག་ཏུ་བརྒྱུད་པ་གསུམ་གྱི་བླ་མ་དང་། ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ། དཀྱིལ་དུ་སྐྱབས་ཡུལ་གྱི་གཙོ་བོ་སྟོན་པ་ཐུབ་པའི་དབང་པོ། དེ་དག་གི་མཐའ་སྐོར་དུ་ཡི་དམ་དང་། སངས་རྒྱས། བྱང་སེམས། མཁའ་འགྲོ  ཆོས་སྐྱོང་རྣམས་བཞུགས་ཡོད་སྙམ་པ་དང་། རང་གིས་དེའི་མདུན་དུ་སྐྱབས་སུ་འགྲོ་བའི་སྐབས་སུ་གཙོ་བོ་རང་གི་རྒྱུད་ལ་འཇིགས་པ་དང་ཡིད་ཆེས་གཉིས་གསལ་བཏབ་དགོས། དེ་དང་ཆབས་ཅིག་ཏུ་དམིགས་པས་ལྕོགས་པ་ཡིན་ན་རང་གི་མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་ཡོངས་སུ་རྫོགས་པ་དེ་ངོ་བོ་རིགས་དྲུག་གི་སེམས་ཅན་ཡིན་པ་ལ་རྣམ་པ་སྨྲ་ཤེས་དོན་གོ་བ་མིའི་གཟུགས་སུ་ཡོད་པ། དེ་ཡང་ས་ཡི་དྲེག་པ་བཞིན་དུ་ནག་ཐིང་ཐིང་ཡོད་པ། དེ་ནས་རང་གིས་སྐྱབས་འགྲོ་བཏོན་པའི་སྐབས་སུ་སེམས་ཅན་ཐམས་ཅད་ཀྱང་རང་གི་མཉམ་དུ་སྐྱབས་འགྲོ་འདོན་གྱི་ཡོད་པ། དེ་ཡང་རང་གི་གཡས་གཡོན་ལ་ཚེ་འདིའི་ཕ་མ་དང་། རང་གི་མདུན་ལ་ཚེ་འདིའི་ཁོང་ཁྲོ་དང་ཞེ་སྡང་སྐྱེ་བའི་ཡུལ་དང་། འདོད་ཆགས་དང་ཕྲག་དོག་སྐྱེ་བའི་ཡུལ་རྣམས་ཡོད་པ། བླ་མ་སྐྱབས་ཡུལ་གྱི་ཚོགས་དེ་དག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་ཀྱི་ཡོད་པའི་དམིགས་པ་བྱ་དགོས། དེའི་མཇུག་ཐོགས་སུ། བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། ཞེས་པ་དེ་ངག་ནས་སྐྱོར་དགོས། བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པའི་ཚིག་འདོན་པའི་སྐབས་སུ་སྐྱབས་ཡུལ་དུ་གསལ་བཏབ་པའི་དངོས་དང་བརྒྱུད་པའི་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ཏེ་སྡིག་སྒྲིབ་དག་པ་དང་བྱིན་རླབས་ཐོབ་སོང་སྙམ་པའི་བདུད་རྩི་འབེབས་སྦྱང་དང་། མདོ་ལུགས་རྐྱང་པ་བྱེད་ན་འོད་ཟེར་འབེབས་སྦྱང་དང་། སྔགས་ལུགས་ལ་བདུད་རྩི་འབེབས་སྦྱང་བྱས་པ་རེད། དེ་བཞིན་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་པའི་ཚིག་འདོན་པའི་སྐབས་སུ་སྟོན་པ་ཐུབ་པའི་དབང་པོ་དང་། ཡི་དམ། སངས་རྒྱས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམས་པ་དང་། ཆོས་ལ་སྐྱབས་སུ་མཆིའོ་ཞེས་པའི་ཚིག་འདོན་པའི་སྐབས་སུ་སྐྱབས་ཡུལ་གྱི་མདུན་དུ་རང་རང་གིས་གསུངས་པའི་ལུང་གི་ཆོས་པོ་ཏིའི་རྣམ་པར་ཡོད་པ་དེ་དག་ལས་བདུད་རྩིའི་རྒྱུན་བབས་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམས་པ། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་པའི་ཚིག་འདོན་པའི་སྐབས་སུ་བྱང་སེམས་དང་། མཁའ་འགྲོ  ཆོས་སྐྱོང་རྣམས་ལས་བདུད་རྩིའི་རྒྱུན་བབས་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ཏེ་སྡིག་སྒྲིབ་དག་པ་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་སོང་སྙམ་པའི་མོས་པ་བྱེད་པའི་ཕྱག་སྲོལ་ཡོད་རེད། དེ་དག་གསལ་པོ་བྱས་ནས་སྐྱབས་འགྲོ་རེ་རེའི་ཐད་དུ་བྱིན་རླབས་ཞུ་རྒྱུ་སོགས་དམིགས་རྣམ་གསལ་བཏབ་ཐུབ་ན་ཧ་ཅང་ཡག་པོ་ཡོད་རེད། དེ་ལྟར་མ་ཐུབ་ནའང་སྐྱབས་སུ་འགྲོ་བའི་སྐབས་སུ་རང་གི་མཐའ་སྐོར་དུ་སེམས་ཅན་ཐམས་ཅད་ཡོད་པ་དང་། སྐྱབས་ཡུལ་གྱི་སྐུ་ལས་བདུད་རྩི་བབས་པ་རྣམས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཞུགས་སོང་སྙམ་པའི་མོས་པ་ཡིད་བྱེད་ཅིག་ངེས་པར་དུ་གནང་ཐུབ་ན་ཁྱད་པར་ཡོད་རེད།

སྐྱབས་འགྲོ་འབུམ་ཐེར་གསོག་མཁན་ཡིན་ན་སྐབས་འདིར་གསོག་པ་རེད། སྤྱིར་སྦྱོར་ཆོས་ཆ་ཚང་སྔོན་ལ་བཏང་ནས། གཤམ་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་ཤར་སྒོམ་ཆ་ཚང་བྱས་རྗེས། སྐབས་དེར་སྐྱབས་ཡུལ་བསྡུས་ཟིན་ནའང་། ཚོགས་ཞིང་གི་མདུན་དུ་སྐྱབས་འགྲོ་གསོག་ནའང་མི་འགྲིགས་པ་མེད། དེ་ཡང་ཕྱག་སྲོལ་ཞིག་རེད། འོན་ཀྱང་མང་ཆེ་བས་སྐྱབས་འགྲོའི་གྲངས་གསོག་དེ་སྐབས་འདིར་བྱེད་བདེ་བརྩི་མཁན་ཡོད་འདུག དེས་ན་སྐྱབས་འགྲོ་གྲངས་གསོག་གི་སྐབས་སུ་ཐོག་མ་བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། ཞེས་པའི་སྐྱབས་འགྲོ་བཞི་སྐོར་ཆ་ཚང་ཉེར་གཅིག་གམ་ཕྲེང་སྐོར་གཅིག་ཙམ་བཏོན་པ་དང་། དེ་ནས་གྲངས་གསོག་བྱེད་རྒྱུ་དེ་དཔེར་ན་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་དེ་གཅིག་པུ་ཐུན་གཅིག་ལ་བསགས་པའི་རྗེས་སུ་སྐྱབས་འགྲོ་བཞི་སྐོར་ཆ་ཚང་ཞིག་འདོན་པ་རེད། དེ་ལྟར་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་འབུམ་ཟིན་པ་དང་། སངས་རྒྱས་དང་། ཆོས། དགེ་འདུན་རྣམས་ཀྱང་དེ་བཞིན་གསོག་པ་ཡིན་ན། བདུད་རྩི་འབེབས་སྦྱང་གི་དམིགས་པ་བྱེད་མཁན་ལ་བདུད་རྩི་འབེབས་ཡུལ་ཡང་ཡང་བརྗེ་མི་དགོས་པའི་ཁྱད་ཡོད་ལ་སྟབས་བདེ་བའང་ཡོད། སྤྱིར་སྐྱབས་འགྲོ་བཞི་སྐོར་ཆ་ཚང་བཏོན་ནས་འབུམ་གསོག་མི་ཆོག་པ་མེད། འོན་ཀྱང་མན་ངག་གི་ལུགས་ལ་བདུད་རྩི་འབེབས་སྦྱང་གི་དམིགས་རྣམ་ལ་སོགས་པ་སྟབས་བདེ་ཡོང་ཆེད་སྐྱབས་འགྲོ་སོ་སོར་འབུམ་གསོག་པའི་ཕྱག་བཞེས་དེ་མང་ཆེ་བས་གནང་གི་ཡོད། གང་ལྟར་སྐྱབས་འགྲོ་གྲངས་གསོག་བྱེད་པའི་སྐབས་སུ་བསམ་བློའི་ནང་སྐྱབས་གནས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། རང་གི་རྒྱུད་ཀྱི་འཇིགས་པ། དཀོན་མཆོག་ལ་བློ་ལིང་གིས་འགེལ་བའི་ཡིད་ཆེས་བཅས་གང་ཐུབ་ཀྱིས་དམིགས་རྣམ་བསྐྱངས་ནས་རྒྱུད་ལ་སྐྱེ་ཐུབ་པ་བྱ་དགོས། དེ་མིན་ཚིག་རྐྱང་པ་འབུམ་གཅིག་གསོག་ནའང་རང་གི་བློ་ལ་ཡར་རྒྱས་དང་ཁྱད་པར་མ་བྱུང་ན་ཞིང་གི་མཐུ་ལ་བརྟེན་པའི་བསོད་ནམས་ཤིག་ཡོང་བ་མ་གཏོགས། དེ་ལས་གཞན་པའི་ལམ་གྱི་ས་ཆོད་ཡོང་ཁག་པོ་རེད། དེས་ན་དམིགས་རྣམ་བསྐྱངས་ནས་གསོག་ཐུབ་ན་ཕན་ཐོགས་ཆེ།

སྐྱབས་སུ་འགྲོ་བའི་བསླབ་བྱ་ནི་སྐྱབས་འགྲོ་རྒྱུད་ལྡན་གྱི་གང་ཟག་ཅིག་གིས་ཉམས་སུ་བླང་བའི་རིམ་པ་དེ་རེད། སྤྱིེར་སྐྱབས་འགྲོ་རྒྱུད་ལ་མེད་པ་ཞིག་གིས་སྐྱབས་འགྲོའི་བསླབ་བྱ་དང་འགལ་བའི་ཉེས་པ་བྱས་ནའང་རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་པ་ཡོང་བ་མ་གཏོགས། སྐྱབས་འགྲོའི་བསླབ་བྱ་དང་འགལ་བའི་ཉེས་པ་མེད། སྐྱབས་འགྲོ་རྒྱུད་ལྡན་གྱི་གང་ཟག་ཡིན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བའི་ཉེས་པ་བྱུང་བ་ན་ཕྱོགས་གཅིག་ནས་རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་པ་དང་། ཕྱོགས་གཞན་ནས་སྐྱབས་འགྲོའི་བསླབ་བྱ་དང་འགལ་བའི་ཉེས་པ་ཡོང་རྒྱུ་རེད། དེས་ན་སྐྱབས་འགྲོའི་བསླབ་བྱ་རྣམས་ངེས་དགོས་པ་གལ་ཆེན་པོ་རེད། དེ་ལ་སྐྱབས་གསུམ་སོ་སོའི་བསླབ་བྱ་དང་། སྐྱབས་གསུམ་སྤྱིའི་བསླབ་བྱ་གཉིས་ལས་སྐྱབས་གསུམ་སོ་སོའི་བསླབ་བྱ་ཞུ་ན། དགག་པའི་བསླབ་བྱ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བའི་དབང་གིས་སངས་རྒྱས་ལས་གཞན་པའི་ཚངས་པ་དང་དབང་ཕྱུག་སོགས་འཇིག་རྟེན་པའི་དྲེགས་པ་ལ་ཐར་པར་ཁྲིད་པའི་སྐྱབས་སུ་མི་འཛིན་པ་དང་། ཆོས་ལ་སྐྱབས་སུ་སོང་བའི་དབང་གིས་སེམས་ཅན་ལ་འཚེ་བ་མི་བྱེད་པ། གལ་ཏེ་སེམས་ཅན་ལ་འཚེ་བ་བྱེད་ན་ཆོས་དང་འགལ་བ་རེད། དེས་ན་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་ནི་འཚེ་བ་མེད་པ་དེ་རེད། དགེ་འདུན་ལ་སྐྱབས་སུ་སོང་བའི་དབང་གིས་ལྟ་བ་ལོག་པ་འཛིན་པ་དང་སྡིག་པ་ལ་སྐུལ་བའི་གྲོགས་དང་མི་འགྲོགས་པ་བཅས་རེད། དེ་བཞིན་སྒྲུབ་པའི་བསླབ་བྱ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བའི་དབང་གིས་སངས་རྒྱས་ཀྱི་སྐུ་གཟུགས་ལ་བརྙས་སྨོད་དང་། རིན་ཐང་འཇལ་བ། ལེགས་ཉེས་ཀྱི་དབྱེ་བ་ཕྱེ་བ་སོགས་མི་བྱེད་པ་དང་། ཆོས་ལ་སྐྱབས་སུ་སོང་བའི་དབང་གིས་དཔེ་ཆ་དང་དེའི་ཡིག་འབྲུ་སོགས་འགོམ་ཡུག་མི་བྱེད་པ། དགེ་འདུན་ལ་སྐྱབས་སུ་སོང་བའི་དབང་གིས་རྟགས་ཙམ་འཛིན་པའི་རབ་བྱུང་ཚུན་ཆད་ལའང་མ་གུས་པ་དང་སྐྱོན་བརྗོད་མི་བྱེད་པ་བཅས་རེད། དེ་ནས་སྐྱབས་གསུམ་སྤྱིའི་བསླབ་བྱ་ལ་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཡང་ནས་ཡང་དུ་སྐྱབས་སུ་འགྲོ་བ་དང་། བཀའ་དྲིན་དྲན་པའི་སྒོ་ནས་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ། དེ་ནི་ཞལ་ལག་གི་སྔོན་དུ་མཆོད་པ་འབུལ་རྒྱུ་དེ་རེད། གཞན་སྐྱབས་འགྲོ་ལ་འགོད་པའི་ཐབས་བྱེད་རྒྱུ། ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ། བྱ་བ་རྣམས་དཀོན་མཆོག་ལ་བློས་བཀལ་ནས་བྱེད་པ། དཀོན་མཆོག་གསུམ་པོ་སྲོག་དང་བཞད་གད་ཀྱི་ཆེད་དུའང་མི་གཏོང་བ་བཅས་རེད། དེ་ལྟ་བུའི་བསླབ་བྱ་རྣམས་རགས་པ་ཙམ་སེམས་ལ་ངེས་པར་བྱས་ནས་རྒྱུན་དུ་གང་ཐུབ་ཀྱིས་བླང་དོར་བྱ་རྒྱུའི་འབད་རྩོལ་བྱེད་ན་སྐྱབས་འགྲོ་བྱེད་པའི་དགོས་པ་ཚང་བ་རེད།

དེ་ནས་སེམས་བསྐྱེད་ཚུལ་ལ་སྨོན་སེམས་དང་འཇུག་སེམས་ཀྱི་སེམས་བསྐྱེད་དང་། དེ་གོང་འཕེལ་དུ་གཏོང་བའི་ཆེད་དུ་ཚད་མེད་བཞི་ལྡན་དུ་སྒོམ་པ། དེ་རྗེས་སེམས་བསྐྱེད་ཁྱད་པར་བ་བཅས་རིམ་པ་གསུམ་རེད། ཐོག་མར་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་རིམ་པ་ལ་རྗེ་བཙུན་བྱམས་པ་མགོན་པོ་དང་འཕགས་པ་ཐོགས་མེད་ནས་བརྒྱུད་པའི་བྱང་སེམས་དབང་རྟུལ་གྱི་དབང་དུ་བྱས་པའི་མན་ངག་རྒྱུ་འབྲས་བདུན་དང་། རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་བྱང་སེམས་དབང་རྣོན་གྱི་དབང་དུ་བྱས་པའི་བདག་གཞན་མཉམ་བརྗེ་བཅས་གཉིས་རེད། བློ་སྦྱོང་ཚུལ་གྱི་རིམ་པ་དེ་གཉིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏཱི་ཤའམ་རྗེ་བདག་ཉིད་ཆེན་པོ་མན་ཆད་ནས་གདམས་པ་གཅིག་ཏུ་འདྲེས་པ་རེད། དེས་ན་ཐོག་མར་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆེད་དུ་ལམ་རིམ་སོགས་ལ་སློབ་སྦྱོང་བྱས་ནས་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་གྱི་རིམ་པ་རྣམས་རགས་པ་ཙམ་ཤེས་ན་སེམས་བསྐྱེད་དེའང་ཚད་ལྡན་ཞིག་ཡོང་རྒྱུ་རེད། དེ་ལྟ་བུའི་གོ་རིམ་མ་ཤེས་པར་ཐད་ཀར་སངས་རྒྱས་ཆོས་ཚོགས་མ་འདོན་ནའང་སེམས་བསྐྱེད་ཚད་ལྡན་ཞིག་ཡོང་ཁག་པོ་རེད།

སེམས་བསྐྱེད་ནི་ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། ཞེས་པ་དེ་སྤྱིར་སྐྱབས་འགྲོ་སྔོན་དུ་སོང་ཟིན་རུང་། སླར་ཡང་འདི་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་བསྐྱར་ལྡབ་ཅིག་རེད། བྱང་ཆུབ་བར་དུ་ཞེས་པས་བྱང་ཆུབ་ཆེན་པོའི་གོ་འཕང་མ་ཐོབ་བར་དུ་སྐྱབས་སུ་མཆི་བ་ཡིན་ཙང་། ཐེེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་རེད། དེ་ནས་ བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།། ཞེས་རང་ཉིད་ཀྱིས་སྦྱིན་པ་སོགས་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པ་བཞི་སོགས་བྱང་ཆུབ་སེམས་པའི་སྤྱོད་པ་ཉམས་ལེན་བགྱིས་པ་འདི་དག་གིས་འགྲོ་བ་སེམས་ཅན་ལ་ཕན་པའི་དམིགས་ཡུལ་བཟུང་སྟེ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་ཤོག་ཅེས་གསུངས་པ་རེད། སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཙམ་གྱིས་བྱང་ཆུབ་ཀྱི་སེམས་སུ་མི་འགྱུར། བྱང་ཆུབ་ཀྱི་སེམས་ནི་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་གསུངས་པ་བཞིན་བྱང་ཆུབ་སེམས་དཔའི་དམིགས་ཡུལ་གཙོ་བོ་ནི་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བསྒྲུབ་རྒྱུ་དེ་རེད། དེ་ལྟ་བུའི་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བསྒྲུབ་པ་ལ་སངས་རྒྱས་ཀྱི་གོ་འཕང་དེ་ཐབས་ལམ་མམ་ལག་ཆ་དེ་རེད། དེས་ན་འགྲོ་བ་ལ་ཕན་པའི་ཕྱིར་དུ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་ཤོག་ཅེས་གསུངས་པ་རེད། ཚིག་འདི་ནི་སྨོན་སེམས་བསྐྱེད་པའི་ཚུལ་ལ་འགྲེལ་བའི་ལུགས་ཤིག་དང་། སྨོན་འཇུག་གི་སེམས་ཅིག་ཅར་དུ་འགྲེལ་ཚུལ་བཅས་གཉིས་རེད། བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་མཁན་ལས་དང་པོ་བ་ལ་སྨོན་སེམས་དང་འཇུག་སེམས་ཀྱི་དབྱེ་བ་དེ་ཙམ་ཞིབ་ཚགས་པོ་མ་བྱུང་ནའང་ཁྱད་པར་མེད། གང་ལྟར་ཚིག་གི་དོན་ནི་རང་གིས་སྦྱིན་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ངོ་བོར་གྱུར་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དེ་དག་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་ཤོག་ཅེས་སྨོན་པ་དང་། སྤྱོད་པ་ཉམས་ལེན་གྱིས་ཟིན་པ་ཡིན་ཙང་འཇུག་པའང་རེད། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་མདོར་བསྡུས་ན་དེ་ལྟར་རེད།

ཚད་མེད་བཞི་ནི་བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམས་བཅས་རེད། མདོ་ནས་གསུངས་པའི་རིམ་པའི་དབང་དུ་བྱས་ན། བཏང་སྙོམས་ཚད་མེད་མཐའ་མ་ལ་ཡོང་བ་དང་། ཡིན་ནའང་ཉམས་སུ་ལེན་པའམ་སྒོམ་པའི་སྐབས་སུ་བཏང་སྙོམས་ཚད་མེད་ཐོག་མར་ཡོང་བ་རེད། གང་ལགས་ཤེ་ན། བཏང་སྙོམས་ཚད་མེད་དེ་བློ་འབྱོངས་ངེས་ཤེས་པ་ཞིག་མ་བྱུང་ན་བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད་སྐྱེ་དཀའ་བ་རེད། སེམས་ཅན་ཐམས་ཅད་ལ་མཉམ་པའི་འདུ་ཤེས་སྐྱེས་པའི་རྗེས་སུ་བྱམས་པ་དང་སྙིང་རྗེ་ཕྱོགས་རིས་མེད་པར་ཐམས་ཅད་ལ་ཁྱབ་པ་ཞིག་ཡོང་ཐུབ། དེས་ན་མན་ངག་གི་ལུགས་ཀྱི་ཚད་མེད་བཞི་སྒོམ་པའི་སྐབས་སུ་བཏང་སྙོམས་ཚད་མེད་དང་པོ་བསྒོམ་རྒྱུ་རེད། དེ་ནས་དམིགས་རྣམ་སྐྱོང་བའི་ཚུལ་རྣམས་འདིར་ཞུ་མ་དགོས་པར་ལམ་རིམ་ཆེན་མོ་སོགས་སུ་གཟིགས་དགོས། གང་ལྟར་སྨོན་སེམས་དང་འཇུག་སེམས་བཅས་བྱང་ཆུབ་ཀྱི་སེམས་ཡར་རྒྱས་དང་བརྟན་པོ་ཡོང་བའི་ཆེད་དུ་ཚད་མེད་བཞིའི་དམིགས་རྣམ་ཟུར་དུ་སྐྱོང་བ་རེད། སྐབས་འདིར་ཚད་མེད་བཞི་པོའང་འདུན་པ་ཚད་མེད་དང་། སྨོན་པ་ཚད་མེད། ལྷག་བསམ་ཚད་མེད། གསོལ་འདེབས་ཚད་མེད་བཅས་བཞི་ལྡན་དུ་བསྒོམ་རྒྱུ་རེད། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་ན་ཅི་མ་རུང་། གནས་པར་གྱུར་ཅིག  གནས་པར་བདག་གིས་བྱའོ།། དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱུ་དེ་ཆགས་སྡང་ལས་བྱུང་བ་དང་། ཆགས་སྡང་མེད་པར་ཐམས་ཅད་ལ་སེམས་མཉམ་པའི་བཏང་སྙོམས་ལ་གནས་ན་ཅི་མ་རུང་སྙམ་པ་ནི་འདུན་པ་ཚད་མེད་རེད། གནས་པར་གྱུར་ཅིག་ཅེས་པ་ནི་སྨོན་ལམ་ཚད་མེད་རེད། གནས་པར་བདག་གིས་བྱའོ་ཞེས་པ་ནི་རང་གིས་ཁུར་དུ་འཁྱེར་བའི་ལྷག་བསམ་ཚད་མེད་རེད། ད་ལྟ་རང་ཉིད་ལ་དེ་ལྟ་བུ་བྱེད་པའི་ནུས་པ་མེད་པ་ཡིན་ཙང་། བྱེད་ནུས་པ་དེ་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་ཅེས་པ་ནི་གསོལ་འདེབས་ཚད་མེད་རེད། དེ་ནི་དམིགས་རྣམ་སྐྱོང་ཚུལ་གྱི་ཁྱད་པར་མི་འདྲ་བ་བླ་མའི་མན་ངག་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་བཞིན་དུ་ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་། ལྡན་པར་གྱུར་ཅིག  ལྡན་པར་བདག་གིས་བྱའོ།། དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང་། བྲལ་བར་གྱུར་ཅིག  བྲལ་བར་བདག་གིས་བྱའོ།། དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ།སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་བདེ་བ་དམ་པ་དང་མ་བྲལ་ན་ཅི་མ་རུང་། མི་འབྲལ་བར་གྱུར་ཅིག  མི་འབྲལ་བར་བདག་གིས་བྱའོ།། དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བྱམས་པ་ཚད་མེད་དང་། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད་བཅས་ལ་ཚད་མེད་བཞི་ལྡན་དུ་སྒོམ་ཚུལ་ཚིག་གསལ་པོ་ཡོད་ཙང་བསྐྱར་ཞུ་མི་དགོས་བྱ་རྒྱུ་ཡིན། དེ་ལྟར་ཚིག་གིས་བསྟན་པ་བཞིན་དགོངས་པ་བཞེས་ཐུབ་ན་དེ་གས་འགྲིགས་པ་རེད།

དབེན་ས་སྙན་བརྒྱུད་ཀྱི་མན་ངག་ནང་ཚད་མེད་བཞི་ལས་བྱམས་པ་ཚད་མེད་ཀྱི་སྐབས་སུ་རང་གི་བདེ་བ་དང་དགེ་བ་རྣམས་གཞན་ལ་བཏང་བ་དང་། སྙིང་རྗེ་ཚད་མེད་སྐབས་སུ་གཞན་གྱི་སྡུག་བསྔལ་དང་མི་དགེ་བ་རྣམས་རང་གིས་ལེན་པ་དང་། གཏོང་ལེན་གྱི་ཉམས་ལེན་ཡང་སྐབས་འདིར་སྒོམ་པའི་ཕྱག་སྲོལ་ཡོད། སྤྱིར་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་ནང་གཏོང་ལེན་སྒོམ་ཚུལ་དེ་མན་ངག་གི་གནད་ཁྱད་པར་ཅན་ཞིག་རེད། གལ་ཏེ་གཏོང་ལེན་ཉམས་ལེན་བྱེད་མཁན་ཡིན་ན་བྱམས་པ་ཚད་མེད་ཀྱི་སྐབས་སུ་གཏོང་བ་དང་། སྙིང་རྗེ་ཚད་མེད་ཀྱི་སྐབས་སུ་ལེན་པའི་དམིགས་རྣམ་སྐྱོང་བའི་ཕྱག་སྲོལ་ཡོད་རེད།

དེ་ནས་སེམས་བསྐྱེད་ཁྱད་པར་བའི་སྐོར་རེད། སེམས་བསྐྱེད་ཁྱད་པར་བ་ཡོང་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། སྤྱིར་སྦྱོར་ཆོས་ལ་མདོ་ལུགས་རྐྱང་པའང་ཡོད་རེད། ཡིན་ནའང་སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་འདི་ནི་སྔགས་བླ་མེད་དང་འབྲེལ་བ་རེད། འདི་ནི་སྤྱིར་མདོ་ལུགས་གཞིར་བཞག་ཡིན་པ་ལ་གནད་མང་པོ་ཞིག་སྔགས་བླ་མེད་དང་འབྲེལ་ཞིང་། ལྷག་པར་དུ་ཚོགས་ཞིང་བསྐྱེད་པའི་ཚུལ་དེ་བླ་མ་མཆོད་པ་བཞིན་གསུངས་ཡོད། དེར་བརྟེན་སྔགས་ལ་འཇུག་པ་ལ་སེམས་བསྐྱེད་ཙམ་པོ་བས་ཕན་མི་ཐོགས་པ་རེད། སེམས་བསྐྱེད་ཙམ་པོ་བ་ཞེ་ན་གཞན་དོན་དུ་རྫོགས་བྱང་ལ་དམིགས་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་སྙམ་པ་དང་། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་གསོག་དགོས་པ་དང་། དེ་ཡང་བསྐལ་པ་གྲངས་མེད་གསུམ་དུ་གསོག་དགོས་ན་ཧ་ཅང་ཐག་རིང་པོ་རེད། དེས་ན་སྔགས་ལམ་དུ་འཇུག་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་ཅེས་པ་དེ་ཇི་ལྟར་དགོས་ཤེ་ན། རང་གི་ངོས་ནས་བསྐལ་པ་གྲངས་མེད་གསུམ་ཕར་བཞག  བསྐལ་པ་གྲངས་མེད་མང་པོ་ལ་བྱང་ཆུབ་སེམས་དཔའི་སྤྱོད་ལ་བསླབས་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་བྱུང་ནའང་བློ་ཞུམ་པ་དང་སྒྱིད་ལུག་པ་མི་ཡོང་བའི་སྙིང་སྟོབས་ཤིག་དགོས་པ་དང་། ཡིན་ནའང་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པར་བསྐལ་པ་གྲངས་མེད་གསུམ་ལ་བསྒུག་མ་དགོས་པར་མྱུར་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་ལམ་བཙལ་དགོས་འདུག་སྙམ་པ་དེ་སྔགས་ལམ་དུ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ཁྱད་པར་བ་རེད། དེ་མིན་མྱུར་ལམ་ལ་འཇུག་པའི་དམིགས་ཡུལ་ནི་རང་ཉིད་དཀའ་ངལ་ཆུང་བ་དང་། བསྐལ་པ་གྲངས་མེད་མང་པོའི་རིང་ལ་ཚོགས་གསོག་པའི་དུས་ཚོད་འགོར་མི་དགོས་པའི་རང་དོན་ཡིད་བྱེད་ཀྱི་བློའི་དབང་དུ་སོང་ན་སྔགས་ལམ་དུ་འཇུག་པའི་སྣོད་དུ་མི་རུང་བ་རེད། སྔགས་ལམ་དུ་འཇུག་པའི་སྣོད་རུང་གི་གང་ཟག་དེ་ཕར་ཕྱིེན་ཐེག་པའི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ཀྱི་སྙིང་རྗེ་ལས་བརྒྱ་འགྱུར་གྱིས་སྟོབས་ཆེ་བའི་སྙིང་རྗེ་ཆེན་པོ་ཞིག་དགོས། གང་ལགས་ཤེ་ན། བསྐལ་པ་གྲངས་མེད་གསུམ་གྱི་རིང་ལ་སེམས་ཅན་སྡུག་བསྔལ་གྱིས་མནར་བ་རྣམས་ཀྱི་དོན་མ་བྱེད་པར་འཇོག་ཐབས་མེད་པའི་བསམ་ཚུལ་ཞིག་དགོས་པ་དེ་རེད། ལྷག་པར་དུ་བླ་མེད་ཀྱི་ལམ་དུ་ཞུགས་པ་རྣམས་ཀྱིས་འདིར་ཡོད་པ་བཞིན་ཁྱད་པར་སེམས་བསྐྱེད་ཅིག་དགོས། དེ་ཡང་ མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བསྒོམ་པ་ལ་འཇུག་པར་བགྱིའོ།། ཞེས་པ་དེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སྒོམ་མཁན་ཞིག་ཡིན་ན་ཏག་ཏག་བསྡད་ཀྱི་ཡོད། ཡང་སྦྱོར་ཆོས་གཅིག་པུ་ཉམས་ལེན་བྱ་རྒྱུ་ལས་དེའི་རྗེས་སུ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སྒོམ་མཁན་མིན་ན་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་ཞེས་གསུང་ནའང་མི་འགྲིགས་པ་མེད། དེ་མིན་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སྒོམ་མཁན་མིན་ན་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བསྒོམ་པ་ལ་འཇུག་པར་འགྱིའོ་ཞེས་པ་དེ་བདེན་པ་མིན་པའི་ཚིག་ཏུ་འགྱུར། དེས་ན་ཁྱད་པར་སེམས་བསྐྱེད་ངག་འདོན་དེ་ཚད་མེད་བཞིའི་རྗེས་སུ་ཡོང་བའི་རྒྱུ་མཚན་དེ་ལྟར་རེད།

སེམས་བསྐྱེད་ཁྱད་པར་བའི་ངག་འདོན་ནང་མྱུར་བ་མྱུར་བར་ཞེས་མྱུར་བ་ཐེངས་གཉིས་ཀྱི་ནང་ནས་མྱུར་བ་དང་པོས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གསོག་པ་ལ་མ་ལྟོས་པར་ཚེ་གཅིག་ལ་སངས་རྒྱས་པའི་ཐབས་སྔགས་ནང་ཡོད་པ་དེ་བསྟན་པ་དང་། དེ་ཡང་བྱ་རྒྱུད་དང་སྤྱོད་རྒྱུད་ནང་ཚེ་གཅིག་ལ་སངས་རྒྱས་པ་ཡོད་ཀྱང་། ཚེའི་རིག་འཛིན་བསྒྲུབས་ཏེ་ཚེ་རིང་པོ་བསྐལ་པ་ལ་སོགས་པར་གནས་པ་དེའི་རིང་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་སངས་རྒྱས་ཀྱི་གོ་འཕང་དུ་འགྲོ་བ་དང་། མྱུར་བ་གཉིས་པས་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བསྟན་པ་རེད། དེ་ལྟར་སེམས་བསྐྱེད་ཁྱད་པར་བའི་ཚིག་དེ་རྒྱུད་དང་འདྲེས་ངེས་ཤེས་པ་ཞིག་བྱེད་དགོས། དེའི་སྐབས་སུ་སྐྱབས་འགྲོའི་སྔོན་དུ་སྐྱབས་ཡུལ་གསལ་བཏབ་པ་དེ་བསྡུ་དགོས། ཚད་མེད་བཞིའི་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ནས་སེམས་བསྐྱེད་ཁྱད་པར་བའི་བར་དུ་གསོལ་བ་གདབ་ས་དེ་གོང་དུ་གསལ་བཏབ་པའི་སྐྱབས་ཡུལ་དེ་རེད།

སྐྱབས་ཡུལ་རྣམས་སྡུད་པའི་ཚིག་འདིའི་ནང་མེད་ཀྱང་། སྡུད་ཚུལ་མི་འདྲ་བ་གསུམ་རེད། དང་པོ་ནི་མི་དམིགས་པའི་དབྱིངས་སུ་རྒྱས་བཏབ་པ་རེད། དེ་ནི་སྐྱབས་ཡུལ་གསལ་བཏབ་པ་དེ་དག་ཡལ་སོང་བ་ལྟ་བུ་ཞིག་རེད། གཉིས་པ་ནི་སྐྱབས་ཡུལ་རྣམས་འོག་ནས་རིམ་བཞིན་གོང་མ་གོང་མར་ཐིམས་པ་རེད། དཔེར་ན་ཆོས་སྐྱོང་སྲུང་མ་རྣམས་དཔའ་བོ་མཁའ་འགྲོ་ལ་ཐིམས་པ་དང་། དཔའ་བོ་མཁའ་འགྲོ་རྣམས་བྱང་སེམས་ལ་ཐིམས། བྱང་སེམས་རྣམས་སངས་རྒྱས་ལ་ཐིམས། སངས་རྒྱས་རྣམས་ཡི་དམ་ལ་ཐིམས། ཡི་དམ་རྣམས་བླ་མ་ལ་ཐིམས་པས་བླ་མ་སྡེ་བཞི་རྗེ་བཙུན་བྱམས་མགོན་དང་། རྗེ་བཙུན་འཇམ་དབྱངས། རྩ་བའི་བླ་མ། རྒྱལ་བ་རྡོ་རྗེ་འཆང་བཅས་ལ་ཐིམས། དེ་བཞི་པོའང་བླ་མ་ཐུབ་དབང་རྡོ་རྗེ་འཆང་ལ་ཐིམས། དེ་ནས་བླ་མ་ཐུབ་དབང་རྡོ་རྗེ་འཆང་འོད་སེར་པོའི་རྣམ་པར་ཞུ་ནས་རང་གི་སྤྱི་གཙུག་ནས་ཞུགས་ནས་སྙིང་གར་ཐིམས་པར་བསམས་པ་རེད། གསུམ་པ་ནི་སྐྱབས་ཡུལ་མ་བསྡུས་པར་མདུན་གྱི་ནམ་མཁའ་ལ་སྒོམ་པ་དེ་གནས་མཐོ་པོ་ཞིག་ཏུ་གཞག་རྒྱུ་དང་། དེ་ནས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་།། ཞེས་ཚོགས་ཞིང་སྤྱན་འདྲེན་པ་དང་ཆབས་ཅིག་སྐྱབས་ཡུལ་དེ་ཚོགས་ཞིང་ལ་བསྟིམས་པ་རེད། དེ་དག་ནི་སོ་སོའི་སེམས་ལ་གང་སྟབས་བདེ་བ་དེ་གནང་རྒྱུ་རེད། ཐོག་མར་གསལ་བཏབ་པའི་སྐབས་སུ་གསལ་སྣང་ཡག་པོ་ཞིག་ཡོད་ན་སྡུད་རིམ་དེ་དགོས་ཀྱི་རེད། གསལ་བཏབ་དུས་ནས་གསལ་སྣང་ཡག་པོ་ཞིག་མེད་ན་རང་བཞིན་གྱིས་ཡལ་འགྲོ་རྒྱུ་རེད། དེ་དག་ནི་སྐྱབས་ཡུལ་སྡུད་པའི་རིམ་པ་རེད།

དེ་ནས་ཚོགས་ཞིང་མ་བསྐྱེད་པའི་སྔོན་དུ་སྣོད་དང་མཆོད་རྫས་བྱིན་གྱིས་བརླབ་རྒྱུ་དེ་རེད། བླ་མ་མཆོད་པའི་སྐབས་སུ་ཡིན་ན། བདེ་ཆེན་ངང་ལས་རང་ཉིད་བླ་མ་ལྷ།། ཞེས་སོགས་གསུངས་པ་བཞིན་འདིར་ཡང་ཆོ་གའི་ཚིག་རིས་རྣམས་ཐུན་མོང་བའི་དབང་དུ་བྱས་པ་རེད། དེ་ཡང་ཐོག་མར་སྣོད་དང་མཆོད་རྫས་བྱིན་གྱིས་བརླབ་པའི་ཆེད་དུ། ཐམས་ཅད་དུ་ནི་ས་གཞི་དག།། གསེག་མ་ལ་སོགས་མེད་པ་དང་།། ལག་མཐིལ་ལྟར་མཉམ་བཻཌཱུརྱའི།། རང་བཞིན་འཇམ་པོར་གནས་གྱུར་ཅིག།། ལྷ་དང་མི་ཡི་མཆོད་པའི་རྫས།། དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ།། ཀུན་བཟང་མཆོད་སྤྲིན་བླ་ན་མེད།། ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག།། ཅེས་ཚིགས་བཅད་དང་པོ་དེས་གང་དུ་ཚོགས་ཞིང་གསལ་གདབ་པར་འགྱུར་བའི་ཕྱོགས་བཞི་དང་མཚམས་བརྒྱད་སྟེང་འོག་བཅས་ཐམས་ཅད་དུ་ས་གཞི་དེ་དག་ཚེར་མ་དང་རྡོ་ལ་སོགས་པའི་གསེག་མ་མེད་པ་དང་། ལག་མཐིལ་ལྟར་མཉམ་པ། རྒྱུ་བཻཌཱུརྱ་ལས་གྲུབ་པའི་རང་བཞིན་སྤང་མདོག་ལྟ་བུ་འཇམ་པོར་གནས་པར་གྱུར་ཅིག་ཅེས་པ་ས་གཞིའམ་སྣོད་བྱིན་གྱིས་བརླབ་པ་དང་། དེའི་ནང་དུ་ཚོགས་ཞིང་ལ་འབུལ་བའི་མིའི་ལུང་པར་ཡོད་པའི་མཆོད་པའི་རྫས་དེ་ཚོ་དང་། དེ་བཞིན་ལྷ་ཡུལ་གྱི་མེ་ཏོག་མནྡརབ་སོགས་མཆོད་པའི་རྫས་རྣམས་ས་གཞི་དེའི་སྟེང་དུ་ཡོན་ཆབ་དང་བདུག་སྤོས་སོགས་དངོས་སུ་བཤམས་པ་དང་། དེ་བཞིན་བསམ་བློས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྤྲུལ་ནས་མང་པོ་སྤེལ་ཏེ་ཀུན་བཟང་མཆོད་སྤྲིན་བླ་ན་མེད་པ་ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར་ཅིག་ཅེས་པ་ནི་མཆོད་རྫས་བྱིན་གྱིས་བརླབས་པ་རེད། དེ་ཡང་ཀུན་བཟང་མཆོད་སྤྲིན་ནི་དཔེར་ན་མཆོད་ཡོན་ལྟ་བུར་མཚོན་ན། མཆོད་ཡོན་གྱི་སྣོད་གཅིག་ལས་ཕྱོགས་གཉིས་སུ་འོད་ཟེར་འཕྲོས་ནས་སྣོད་གཉིས་དང་། སྣོད་གཉིས་པོ་དེ་ལས་ཕྱོགས་བཞིར་འོད་ཟེར་འཕྲོས་ནས་སྣོད་བརྒྱད། སྣོད་བརྒྱད་པོ་རེ་ལས་འོད་ཟེར་འཕྲོས་པ་སོགས་ལྡབ་འགྱུར་གྱིས་ཡིད་ཀྱིས་སྤྲུལ་པ་རེད། ཡིད་ཀྱིས་སྤྲུལ་པ་དང་བློ་ཡིས་བླངས་པ་གཉིས་ལའང་ཁྱད་པར་ཡོད། ཡིད་ཀྱིས་སྤྲུལ་པ་ནི་དངོས་སུ་མེད་པར་ཡིད་ཀྱིས་སྤྲུལ་རྒྱུ་དེ་རེད། བློ་ཡིས་བླངས་པ་ནི་རང་བཞིན་གྱིས་ཡོད་པ་ལ་བློས་དྭང་དུ་བླངས་ནས་འབུལ་རྒྱུ་ཞིག་རེད། དེས་ན་དེ་ལྟ་བུའི་ཚིག་དེ་བརྗོད་ནས། ཨོཾ་ནམོ་བྷགཝཏེ། བཛྲ་སཱར་པྲམརྡནེ། ཏཐཱགཏཡ། ཨརྷཏེ། སམྱཀྶཾབུདྡྷཱཡ། ཏདྱཐཱ། ཨོཾབཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེཛ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོདྷཱིཙིཏྟ་བཛྲེ། མཧཱ་བོདྷི་མཎྜོཔསཾཀྲམཎ་བཛྲེ། སརྦ་ཀརྨ་ཨཱཝརཎ་བིཤོདྷན་བཛྲེ་སྭཱཧཱ། ཞེས་པ་དེ་འདོན་དགོས། དེ་ནི་མཆོད་པའི་སྤྲིན་གྱི་གཟུངས་སམ་ལྷ་མོ་ཞིག་གིས་བྱིན་གྱིས་བརླབས་པའི་སྔགས་ཤིག་རེད། འདི་འདོན་པ་ཡིན་ན་མཆོད་པ་བྱིན་གྱིས་བརླབ་པ་དང་མཆོད་པ་འབུལ་བ་གཉིས་ཀའི་དོན་ཚང་ཡོད། དེ་ཡང་ཡིད་ཀྱིས་སྤྲུལ་པ་དེ་དག་ད་ལྟ་ང་ཚོ་ལ་ནུས་པ་མེད་པས་ཇི་ལྟར་སྤྲུལ་པ་བཞིན་ཡོང་མི་ཐུབ་པར་བརྟེན། དེ་ལ་སྔགས་དང་བདེན་སྟོབས་བརྗོད་ནས་སྤྲུལ་པ་བཞིན་འབྱུང་བར་གྱུར་ཅིག་ཅེས་བྱིན་གྱིས་བརླབ་པ་རེད། ང་ཚོ་ལ་མེད་པ་ཞིག་ཡིད་ཀྱིས་སྤྲུལ་ནས་འབུལ་བསྡད་ན་རྫུན་མ་རེད། དེས་ན་དེ་རྫུན་མི་འགྲོ་བའི་ཆེད་དུ་ཡིད་ཀྱིས་གང་སྤྲུལ་པ་རྣམས་དེ་དེ་བཞིན་དུ་འགྲུབ་པའི་དོན་དུ་གོང་གི་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་འདོན་པ་རེད། དེ་ནས་གཟུངས་དེ་བོད་སྐད་དུ་བསྒྱུར་བ་མིན་ནའང་དོན་གཅིག་པ་ཡིན་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་ཉིད་དུ་གྱུར་ཅིག  ཅེས་བོད་སྐད་དུ་བདེན་སྟོབས་བརྗོད་དེ་མཆོད་པ་བྱིན་གྱིས་བརླབ་པ་རེད། དེས་ན་ཁྲིད་ཡིག་དེ་དག་ནང་དྲང་སྲོང་རིག་སྔགས་གྲུབ་པ་རྣམས་ཀྱིས་རིག་སྔགས་ལ་བརྟེན་ནས་དངོས་པོ་མང་པོ་སྤྲུལ་ཐུབ་ན་སངས་རྒྱས་ཀྱི་གསུང་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་གཟུངས་ལ་བརྟེན་ནས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དེ་ཇི་བཞིན་ཡོང་ཐུབ་ཅེས་གསུངས། འོན་ཀྱང་རང་གི་ངོས་ནས་ཀྱང་གཟུངས་དེ་ལ་བརྟེན་ནས་ཡོང་བའི་ཡིད་ཆེས་དགོས་པ་རེད། དེ་ལྟར་གཟུངས་སྔགས་ལན་གསུམ་འདོན་པ་དང་། དེ་ནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་དབང་ཆེན་པོ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་རྟེན་འབྲེལ་གྱི་གནས་ཚུལ་བསམ་གྱིས་མི་ཁྱབ་པ་བཅས་ཀྱི་དབང་གིས་རང་གི་ཡིད་ཀྱིས་ཇི་ལྟར་སྤྲུལ་པ་བཞིན་མཆོད་པ་རྣམས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་ཅེས་བདེན་སྟོབས་བརྗོད་པ་རེད། འདི་ལྟ་བུའི་མཆོད་པ་བྱིན་རླབས་ཀྱི་གཟུངས་དང་བདེན་སྟོབས་གཉིས་འདོན་པ་བང་སྒྲིག་པའི་སྐབས་སུ་འདིར་སླེབས་པ་རེད། ཡིན་ནའང་དངོས་སུ་ཉམས་ལེན་གྱི་སྐབས་སུ་དགོས་མཁོ་བྱུང་ན་སྦྱོར་ཆོས་གཉིས་པ་མཆོད་པ་གཡོ་མེད་པར་བཙལ་ལ་བཀོད་པ་མཛེས་པར་བཤམ་པ་ཞེས་པའི་མཇུག་ཏུ་ཡོན་ཆབ་ལྟ་བུ་ཕུལ་ཟིན་མ་ཐག་ཀུ་ཤ་སོགས་ཀྱིས་ཆུ་ཤིག་བྲན་ནས་ཨཱོཾཨཱཿཧཱུྃ་ཞེས་བརྗོད་དེ་བདེན་སྟོབས་འདི་འདོན་ནའང་འགྲིགས་པ་རེད། དེ་ལྟར་མཆོད་པ་བཤམས་མ་ཐག་འདི་འདོན་ཡོད་ན་སྐབས་འདིར་མ་འདོན་ནའང་འགྲིགས། གལ་ཏེ་མཆོད་པ་བཤམས་མ་ཐག་འདོན་མེད་ན་དེ་འདོན་པའི་མཚམས་ནི་སྐྱབས་འགྲོ་སེམས་བསྐྱེད་སོང་ཟིན་པ་དང་། སྐྱབས་ཡུལ་བསྡུས་ཟིན་པ། ཚོགས་ཞིང་མ་བསྐྱེད་པའི་སྔོན་དུ་མཆོད་པ་བྱིན་རླབས་འདི་བྱེད་དགོས།

 

སྦྱོར་བའི་ཆོས་བཞི་པ་ཚོགས་ཞིང་གསལ་བཏབ་པ།

སྦྱོར་བའི་ཆོས་བཞི་པ་ཚོགས་ཞིང་གསལ་བཏབ་པ་ནི་ཕྲན་བུ་མགོ་རྙོག་ཙམ་ཡོད་པས་བློ་ལ་ངེས་བདེ་བའི་ཕྱིར་བསྡུས་ཙམ་ཞུ་རྒྱུ་ཡིན། འདི་ནི་ལམ་རིམ་བདེ་མྱུར་དང་། ལྷག་པར་དུ་མྱུར་ལམ་དམར་ཁྲིད་ཀྱི་གཞུང་ལ་བརྟེན་པའི་སྦྱོར་ཆོས་ཤིག་རེད། མྱུར་ལམ་ནང་དུའང་ཚོགས་ཞིང་གསལ་འདེབས་ཚུལ་མི་འདྲ་བ་གཉིས་གསུངས་ཡོད། གཞན་དེ་ཐུབ་དབང་གཙོ་བོར་བྱས་པའི་ཚོགས་ཞིང་ཞིག་རེད། དེ་ནི་འདིར་མེད་ཙང་ཞུ་མི་དགོས་པ་བྱ་རྒྱུ་ཡིན། འདིའི་ཚོགས་ཞིང་གསལ་འདེབས་སྟངས་ནི་བླ་མ་མཆོད་པའི་ཚོགས་ཞིང་གསལ་འདེབས་སྟངས་དང་གཅིག་རེད། བླ་མ་མཆོད་པའི་ཚོགས་ཞིང་གསལ་འདེབས་པའི་ཚིག་རིས་འདིར་དྲངས་པར་བརྟེན། སྔགས་བླ་མེད་དང་འབྲེལ་བ་རེད། འདིའི་སྒྲོམ་གཞི་རགས་པ་ཞིག་སྔོན་ལ་ཞུ་ན། རང་དང་ཐད་མཉམ་པའི་མདུན་ལ་བྱིན་གྱིས་བརླབས་པའི་ས་གཞི་བཻཌཱུརྱ་ལྟ་བུ་ཡོད་པ་དེའི་དཀྱིལ་དུ་འོ་མའི་མཚོ་དཀར་པོ་ཞིག་དང་། མཚོ་དེའི་དཀྱིལ་དུ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་དཔག་བསམ་གྱི་ཤིང་། དེ་ལྟ་བུའི་དཔག་བསམ་གྱི་ཤིང་གི་ཡར་ཙམ་ལ་ཡལ་ག་དང་ལོ་མ་ཐེར་ཐེར་ཆགས་ནས་སྡིངས་ཆ་ལྟ་བུ་ཆེན་པོ་ཡོད་པ། དེའི་སྟེང་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཤིང་ཁྲི་ཆེན་པོ། དེའི་སྟེང་དུ་སྐྱབས་ཡུལ་གསལ་འདེབས་པའི་སྐབས་སུ་ཁྲི་ཆུང་ཆུང་ལྔ་ཡོད་པ་དེའི་ཚབ་ཏུ་རིམ་པ་བཅུ་གཅིག་ཅན་གྱི་པད་མའི་འདབ་མ་ཆེན་པོ། དེ་ཡང་འོག་ཏུ་སྒོར་སྒོར་ཆེ་ཤོས་དང་། དེ་ནས་རིམ་བཞིན་སྐས་ལྟ་བུ་རིམ་པ་བཅུ་གཅིག་གི་སྟེང་དུ་པད་མའི་ཟེའུ་འབྲུ། དེའི་སྟེང་དུ་ཚོགས་ཞིང་གི་གཙོ་བོ་ངོ་བོ་བླ་མ་ཡིན་པ་ལ་རྣམ་པ་རྗེ་ཙོང་ཁ་པ། དེའི་ཐུགས་ཀར་སངས་རྒྱས་ཤཱཀྱ་ཐུབ་པ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་འཆང་དང་། དེའི་ཐུགས་ཀའི་དབུས་སུ་ཏིང་ངི་འཛིན་སེམས་དཔའ་ཧཱུྃ་ཡིག་བཅས་སེམས་དཔའ་སུམ་བརྩེགས་ཀྱི་བདག་ཉིད་ཅན། དེ་ནས་རིམ་པ་བཅུ་གཅིག་པོའི་སྟེང་དུ་རིམ་བཞིན་ཡི་དམ་དཀྱིལ་འཁོར་བཞི་དང་། རྒྱུད་སྡེ་བཞིའི་ལྷ་ཚོགས། སངས་རྒྱས། བྱང་སེམས། རང་རྒྱལ། ཉན་ཐོས། དཔའ་བོ་མཁའ་འགྲོ  ཆོས་སྐྱོང་སྲུང་མ་རྣམས་བཞུགས་ཤིང་། དེ་ནས་བླ་མ་སྡེ་བཞི་ནམ་མཁར་བཞུགས་པར་བསྐྱེད་པ་རེད། དེས་ན་ད་ལྟའི་ཚོགས་ཞིང་གི་གཙོ་བོ་དེ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ཞེས་ཞུ་བ་རེད། དེ་ཡང་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་དང་། རྣམ་པ་རྗེ་བཙུན་བློ་བཟང་གྲགས་པ་ཡིན་པ། དོན་དུ་སངས་རྒྱས་ཤཱཀྱ་ཐུབ་པ་གཞིའི་དམ་ཚིག་སེམས་དཔའ་ལ་ཡོད་པ། རྡོ་རྗེ་འཆང་ཡེ་ཤེས་སེམས་དཔའ་ལ་ཡོད་པ་བསམ་པ་རེད། འོན་ཀྱང་སྐྱབས་ཡུལ་གསལ་འདེབས་པའི་སྐབས་སུ་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཞེས་ངོ་བོ་བླ་མ་ཡིན་པ་ལ་རྣམ་པ་ཐུབ་པའི་དབང་པོ་རེད། དེས་ན་ཚོགས་ཞིང་གི་སྒྲོམ་གཞི་ནི་དེ་ལྟར་རེད། གང་ལྟར་མཚོ་ཞིག་དང་། དེའི་དཀྱིལ་དུ་དཔག་བསམ་གྱི་ཤིང་། དེའི་ཡལ་ག་གྱེས་པའི་སྟེང་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲི་ཆེན་པོ། དེའི་སྟེང་དུ་པད་མའི་འདབ་མའི་རིམ་པ་བཅུ་གཅིག་ཡོད་པ། རིམ་པ་བཅུ་གཅིག་གི་སྟེང་དུ་ཟེའུ་འབྲུ་ཡོད་པ་ཞིག་བསམ་དགོས། དེ་ནས་ཚིག་རིས་ནང་བྱུང་བ་བཞིན་བཀོད་དགོས། དེ་ཡང་། བདེ་སྟོང་དབྱེར་མེད་ལྷ་ལམ་ཡངས་པར་ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུས།། ལོ་མ་མེ་ཏོག་འབྲས་བུས་ཡོངས་མཛེས་འདོད་དགུའི་དཔག་བསམ་ལྗོན་པའི་རྩེར།། ཞེས་བླ་མ་ཚོགས་ཞིང་གི་ལྷ་ཚོགས་དེ་ནམ་མཁའི་དབྱིངས་ལ་བསྐྱེད་དགོས། སྤྱིར་བསྐྱེད་པའི་རིམ་པ་རྣམས་ལ་ནམ་མཁའི་འབྱུང་བ་དེ་མེད་དུ་མི་རུང་བ་རེད། འབྱུང་བ་གཞན་བཞི་པོ་རགས་པ་ཡིན་པས་གོ་ས་ནམ་མཁའ་དེ་མེད་ན་གཟུང་མི་ཐུབ། དེས་ན་ནམ་མཁས་གོ་ས་བསྐྲུན་པ་རེད། བདེ་སྟོང་གཉིས་སུ་མེེད་པའི་ཡེ་ཤེས་དེ་ལྷ་ལམ་མམ་ནམ་མཁའི་གཟུགས་སུ་བཀོད། འདིར་དབང་ཐོབ་དང་མི་ཐོབ་ཅི་རིགས་ཡོད་སྲིད་པས་འགྲེལ་བཤད་བརྒྱབ་རྒྱུ་མིན་ལ། འགྲེལ་བཤད་བརྒྱབ་ཁག་པོའང་རེད། སེར་ཀོང་རྡོ་རྗེ་འཆང་ཞེས་པའི་གྲུབ་ཆེན་གྲགས་ཆེན་པོ་དེ་༧སྐྱབས་རྗེ་རྣམ་པ་ཚང་མས་ཆོས་འབྲེལ་ཞུས་མྱོང་བའི་བླ་མ་ཞིག་རེད། ཁོང་དགོངས་པ་མྱ་ངན་ལས་འདས་ཁར་བླ་མ་མཆོད་པའི་བཀའ་ཁྲིད་འཕྲོ་ཅན་ཞིག་གནང་འདུག  སྐབས་དེར་བཀའ་ཁྲིད་གནང་བའི་སྐབས་སུ་བདེ་སྟོང་དབྱེར་མེད་ཅེས་པའི་བདེ་སྟོང་ཁོ་ནར་འགྲེལ་བཤད་ཉིན་གྲངས་བདུན་རིང་གནང་མཐར་གསུང་ཆོས་བར་མཚམས་བཞག་སྟེ་ཉིན་ཤས་རྗེས་དགོངས་པ་གཞན་དོན་དུ་གཤེགས་འདུག  དེས་ན་བདེ་སྟོང་ཞེས་པ་ནི་འདི་སྐད་ཅེས་པ་དང་གཅིག་པ་རེད། དེ་ནི་ཨེཝཾ་ཞེས་པ་རེད། ཨེཝཾ་གྱི་འགྲེལ་བཤད་གནང་བའི་སྐབས་སུ་བླ་མེད་ཀྱི་རྒྱུད་ཀྱི་དབང་དུ་བྱས་ན་རིམ་པ་གཉིས་ཀྱི་ལམ་ཡོངས་སུ་རྫོགས་པ་དེའི་ནང་ཚུད་པ་རེད། བདེ་སྟོང་དབྱེར་མེད་ཅེས་པ་ནི་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཆུ་ལ་ཆུ་བཞག་པ་ལྟ་བུ་ཡོད་སྙམ་པ་དང་། དེ་ནི་ལྷ་ལམ་གྱི་གཟུགས་སུ་བཀོད་པ་རེད། དེ་ནས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་མཐའ་ལ་བསྐོར་བ། དེའི་དབུས་སུ་དཔག་བསམ་གྱི་ཤིང་། དེ་ཡང་ལོ་མ་དང་མེ་ཏོག་འབྲས་བུ་ལྡན་པ། སྤྱིར་ཤིང་ལྗོན་པ་ཕལ་པ་ཡིན་ན་མེ་ཏོག་ཤར་བའི་སྐབས་སུ་འབྲས་བུ་མི་སྐྱེ་བ་དང་། མེ་ཏོག་ཡལ་བའི་རྗེས་སུ་གཞི་ནས་འབྲས་བུ་སྐྱེ་བ་རེད། གང་ལྟར་འབྲས་བུ་ཡོད་པའི་སྐབས་སུ་མེ་ཏོག་མེད། འོན་ཀྱང་དཔག་བསམ་ཤིང་འདིའི་ཁྱད་ཆོས་ནི་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་བཅས་པ་ཐམས་ཅད་དུས་གཅིག་ལ་ཡོད་པ་རེད། དེ་ལྟ་བུའི་དཔག་བསམ་གྱི་རྩེར། གདོང་ལྔ་འབར་བའི་རིན་ཆེན་ཁྲི་སྟེང་ཆུ་སྐྱེས་ཉི་ཟླ་རྒྱས་པའི་སྟེང་།། ཞེས་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཆེན་པོ་དེའི་སྟེང་དུ་པད་མ་དང་ཉི་མ་ཟླ་བ་བཅས་ཀྱི་གདན་སུམ་བརྩེགས་ཀྱི་སྟེང་དུ། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།། ཅེས་དབང་སྐུར་བ་དང་། རྒྱུད་བཤད་པ། མན་ངག་གནང་བ་བཅས་བཀའ་དྲིན་གསུམ་ལྡན་དང་། ཡང་སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ། སྔགས་ཀྱི་སྡོམ་པ་བཅས་འབོགས་པའི་རང་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་དེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་ཡིན་པ་དང་། རྣམ་པ་ངུར་སྨྲིག་འཛིན་པའི་དགེ་སློང་ཞལ་གཅིག་ཕྱག་གཉིས་འཛུམ་དཀར་འཕྲོ།། ཕྱག་གཡས་ཆོས་འཆད་གཡོན་པ་མཉམ་གཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས།། ཞེས་པ་རྣམ་པ་དེ་ཆོས་གོས་སེར་པོ་བཞེས་པའི་ངུར་སྨྲིག་འཛིན་པའི་དགེ་སློང་ཞལ་གཅིག་ཕྱག་གཉིས་པ་དང་། ཞལ་རས་འོད་ཟེར་འཛུམ་དཀར་འཕྲོ་བ། ཕྱག་གཡས་པ་ཆོས་འཆད་ཀྱི་ཕྱག་རྒྱ་དང་། ཕྱག་གཡོན་པ་མཉམ་གཞག་གི་ཐོག་ཏུ་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། གུར་གུམ་མདངས་ལྡན་ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་དབུ་ལ་མཛེས།། ཞེས་གུར་གུམ་གྱི་མདངས་ཞེས་པ་ནི་སེར་ལ་དམར་མདངས་ཆགས་པ་ཞིག་ལ་ཟེར། དེ་ལྟ་བུའི་གུར་གུམ་གྱི་མདངས་དང་ལྡན་པའི་ཆོས་གོས་གསུམ་གསོལ་བ། དེ་ཡང་ཆོས་གོས་གསུམ་ནི་བླ་གོས་དང་། རྣམ་སྦྱར། མཐང་གོས་བཅས་ལ་ཟེར། དེ་ནས་གསེར་མདོག་ཅན་གྱི་པཎ་ཞྭ་དབུ་ལ་བཞེས་པ། ཐུགས་ཀར་ཐུབ་དབང་རྡོ་རྗེ་འཆང་དབང་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ་།། ཞེས་བླ་མའི་སྐུའི་ཐུགས་ཀར་གཞིའི་དམ་ཚིག་སེམས་དཔའ་ཐུབ་དབང་གི་སྐུ་ཞིག་བསྐྱེད་པ་དང་། ཐུབ་དབང་སྐུའི་ཐུགས་ཀར་རྡོ་རྗེ་འཆང་བསྐྱེད་པ། དེ་ཡང་ཞལ་གཅིག་ཕྱག་གཉིས་དང་། སྐུ་མདོག་སྔོན་པོ་ཡིན་པ། རྡོར་དྲིལ་བཟུང་ནས་དབྱིངས་ཕྱུག་མར་འཁྱུད་ལྷན་སྐྱེས་བདེ་སྟོང་རོལ་པས་དགྱེས།། ཞེས་ཕྱག་གཡས་པས་རྡོ་རྗེ་དང་། ཕྱག་གཡོན་པས་དྲིལ་བུ་འཛིན་བཞིན་པའི་ངང་ནས་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ལ་འཁྱུད་པ་ལས་བདེ་སྟོང་གི་རོལ་པས་དགྱེས་པ། རྣམ་མང་རིན་ཆེན་རྒྱན་གྱིས་སྤྲས་ཤིང་ལྷ་རྫས་དར་གྱི་ན་བཟས་ཀླུབས།། ཞེས་རྣམ་པ་མང་པོའི་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ལྷ་ཡི་གོས་ཀྱི་ན་བཟའ་ཅན། མཚན་དཔེའི་རྒྱན་ལྡན་འོད་ཟེར་སྟོང་འབར་འཇའ་ཚོན་སྣ་ལྔས་བསྐོར་བའི་དབུས།། ཞེས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་ཟེར་སྟོང་འབར་བ། འཇའ་ཚོན་སྣ་ལྔས་བསྐོར་བའི་དབུས་སུ། རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པའི་ཕུང་པོ་རྣམ་དག་བདེ་གཤེགས་ལྔ་།། ཁམས་བཞི་ཡུམ་བཞི་སྐྱེ་མཆེད་རྩ་རྒྱུས་ཚིགས་རྣམས་བྱང་ཆུབ་སེམས་དཔའ་དངོས།། བ་སྤུ་དགྲ་བཅོམ་ཉི་ཁྲི་ཆིག་སྟོང་ཡན་ལག་ཁྲོ་བོའི་དབང་པོ་ཉིད།། འོད་ཟེར་ཕྱོགས་སྐྱོང་གནོད་སྦྱིན་གསང་བ་འཇིག་རྟེན་པ་རྣམས་ཞབས་ཀྱི་གདན།། ཞེས་པས་རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པའི་ཡེ་ཤེས་སེམས་དཔའ་ལ་ལུས་དཀྱིལ་བཀོད་པ་རེད། ལུས་དཀྱིལ་བཀོད་ཚུལ་བླ་མཆོད་ཁྲིད་ཡིག་སོགས་ལས་མཁྱེན་དགོས།

དེ་ནས་ མཐའ་བསྐོར་རིམ་བཞིན་དངོས་བརྒྱུད་བླ་མ་ཡིད་དམ་དཀྱིལ་འཁོར་ལྷ་ཚོགས་དང་།། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོས་བསྐོར་ནས་བཞུགས།། ཞེས་མཐའ་བསྐོར་རིམ་བཞིན་དངོས་བརྒྱུད་བླ་མ་བཀོད་ཚུལ་ནི་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་ཐུགས་ཀ་ལས་འོད་ཟེར་གཡས་སུ་འཕྲོས་པའི་འོད་ཀྱི་སྡིངས་ཆ་དེའི་སྟེང་དུ་རྗེ་བཙུན་བྱམས་པ་མགོན་པོ་དང་། འོད་ཟེར་གཡོན་དུ་འཕྲོས་པའི་འོད་ཀྱི་སྡིངས་ཆ་དེའི་སྟེང་དུ་རྗེ་བཙུན་འཇམ་དཔལ་དབྱངས། འོད་ཟེར་རྒྱབ་ཏུ་འཕྲོས་པའི་སྡིངས་ཆ་དེའི་སྟེང་དུ་རྒྱལ་བ་རྡོ་རྗེ་འཆང་། འོད་ཟེར་མདུན་དུ་འཕྲོས་པའི་སྡིང་ཆ་དེའི་སྟེང་དུ་རང་གི་ཆོས་འབྲེལ་དངོས་ཐོབ་ཀྱི་རྩ་བའི་བླ་མ་བཅས་བླ་མ་སྡེ་བཞི་ནམ་མཁའ་ལ་བཀོད་པ་དང་། དེ་ཡང་རྗེ་བཙུན་བྱམས་པའི་མཐའ་བསྐོར་དུ་རྒྱ་ཆེན་སྤྱོད་བརྒྱུད་དང་། རྗེ་བཙུན་འཇམ་དབྱངས་ཀྱི་མཐའ་བསྐོར་དུ་ཟབ་མོ་ལྟ་བརྒྱུད། རྩ་བའི་བླ་མའི་མཐའ་སྐོར་དུ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་ཁྲོམ་ཚོགས་སུ་བཀོད། རྒྱལ་བ་རྡོ་རྗེ་འཆང་གི་འོག་ཏུ་ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མ་རྣམས་གཅིག་སྟེང་དུ་གཅིག་བརྩེགས་ནས་ཐད་ཀར་མཐོ་བརྩེགས་སུ་ཡོད་པ། དེ་ཡང་མང་ཆེ་བས་ཚན་པ་ལྔ་བཟོས་ཤིང་། དཀྱིལ་དུ་དགེ་ལྡན་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་དང་། དེའི་གཡས་སུ་འཇིགས་བྱེད་དང་། དེའི་གཡས་སུ་གསང་བ་འདུས་པ། དགེ་ལྡན་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་དེའི་གཡོན་དུ་བདེ་མཆོག  དེའི་གཡོན་དུ་རང་ཉིད་གང་ལ་མོས་པའི་ཀྱེ་རྡོར་རམ་དུས་འཁོར་སོགས་ཀྱི་ཡི་དམ་གཅིག་བཅས་རེད། དེ་དག་ནི་ཐང་གའི་འབྲི་སྟངས་ལ་བལྟས་ན་ཤེས་ཐུབ། དགེ་ལྡན་ཕྱག་རྒྱ་ཆེན་པོའི་བརྒྱུད་པའི་བླ་མ་རྣམས་རྗེ་བཙུན་འཇམ་དབྱངས་ཀྱི་བྱིན་རླབས་ཉེ་བརྒྱུད་ཀྱི་གདམས་པ་ཡིན་ཙང་། རང་རང་གི་རྣམ་པ་མིན་པར་ཆ་ཚང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་པར་བསྒོམ་དགོས། དེ་ནས་པད་མའི་འདབ་མ་བཅུ་གཅིག་གི་སྟེང་གི་ཟེའུ་འབྲུའི་ཐོག་ཏུ་བླ་མ་བཞུགས་པ་དེའི་ཕྱོགས་བཞིའི་འདབ་མ་བཞིའི་རིམ་པ་དང་པོའི་སྟེང་དུ་གསང་བདེ་འཇིགས་གསུམ་དང་། ཀྱེ་རྡོར་རམ་དུས་འཁོར། ཡང་ན་རང་ཉིད་གང་ལ་མོས་པའི་ཡི་དམ་གཅིག་བཅས་བླ་མེད་ཀྱི་ཡི་དམ་བཞི་དང་། དེའི་འོག་གི་འདབ་མ་བཅུ་པ་དང་། དགུ་པ། བརྒྱད་པ། བདུན་པ་བཅས་ཀྱི་སྟེང་དུ་རིམ་བཞིན་རྣམ་འབྱོར་བླ་མེད་དང་། རྣམ་འབྱོར་གྱི་རྒྱུད། སྤྱོད་རྒྱུད། བྱ་རྒྱུད་བཅས་ཀྱི་ལྷ་ཚོགས། དེ་ནས་འདབ་མ་དྲུག་པ་དང་། ལྔ་པ། བཞི་པ། གསུམ་པ། གཉིས་པ། དང་པོ་བཅས་ཀྱི་སྟེང་དུ་རིམ་བཞིན་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པའི་སངས་རྒྱས་དང་། ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པའི་བྱང་ཆུབ་སེམས་དཔའ། རང་རྒྱལ། ཉན་ཐོས། དཔའ་བོ་མཁའ་འགྲོ  ཆོས་སྐྱོང་སྲུང་མ་བཅས་བཞུགས་པར་བསམ་དགོས། དེ་ཡང་ཆོས་སྐྱོང་སྲུང་མའི་ནང་སྐྱེས་བུ་གསུམ་གྱི་ཆོས་སྐྱོང་སྲུང་མ་རྣམས་ཡོད་ཅིང་། རྒྱལ་ཆེན་བཞི་པོ་ནི་སྟོན་པའི་དྲུང་ནས་དངོས་སུ་ཞལ་གྱིས་བཞེས་པའི་ཆོས་སྐྱོང་བའི་སྲུང་མ་ཡིན་ཙང་། དེ་དག་འཇིག་རྟེན་ལས་འདས་པ་ཡིན་ན་པད་འདབ་ནང་མ་ལ་འཇོག་པ་དང་། འཇིག་རྟེན་པ་ཡིན་ན་སེང་ཁྲི་ལས་ཕྲན་བུ་དམའ་བ་དང་དཔག་བསམ་གྱི་ཤིང་གི་ཡལ་ག་ཞིག་གི་ཐོག་ཏུ་ཕྱོགས་བཞིར་འཇོག་པ་རེད། དེ་ནི་ཚོགས་ཞིང་གི་སྒྲོམ་གཞི་རགས་པ་ཙམ་ཞུ་ན་དེ་ལྟར་རེད། ངས་མགྱོགས་པོ་ཞུས་པ་རྣམས་ཁྱེད་ཚོས་ཐུགས་ལ་ངེས་ཁག་པོ་ཡོང་རྒྱུ་རེད། དེས་ན་གཟབ་གཟབ་ཀྱིས་དམིགས་པ་སྐྱོང་འདོད་ཡོད་ན་བླ་མཆོད་ཁྲིད་ཡིག་ཆེན་མོ་དང་། ལམ་རིམ་རྣམ་གྲོལ་ལག་བཅངས་སོགས་ལ་གཟིགས་ན་གསལ་པོ་ཡོང་ངེས། དེ་རིང་གི་དུས་ཚོད་རྫོགས་པར་བརྟེན་འདིར་གཞག་རྒྱུ་ཡིན། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

ཉིན་བཞི་པ།

(༢༠༢༠ ཕྱི་ཟླ་ ༣ ཚེས་ ༡༡)

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས།། ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ཀྱང་།། གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག།།བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས།། ཞེས་གསུངས་པ་བཞིན་སྐྱེ་བོ་གང་ཞིག་གིས་གསེར་གྱི་སྣོད་རྡོ་རྗེ་ཕ་ལམ་སོགས་རིན་པོ་ཆེ་རིན་ཐང་བྲལ་བ་མང་པོས་སྤྲས་པ་དེ་ངན་སྐྱུགས་ལ་སོགས་པ་གད་སྙིགས་འཕྱག་པའི་ལས་སུ་བསྐུལ་བ་ཡིན་ན་དེ་ལ་ལྐུགས་པ་དང་གླེན་པའི་འདུ་ཤེས་བཞག་པ་རེད། དེ་ལས་ཀྱང་གླེན་རྟགས་ཚ་བ་ཞིག་གང་རེད་ཅེ་ན། དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཐོབ་ནས་དགེ་བ་ལ་མ་འབད་པར་སྡིག་པའི་ལས་ལ་ཞུགས་པ་དེ་རེད། གང་ལྟར་གསེར་སྣོད་རིན་ཆེན་སྤྲས་པས་ངན་སྐྱུགས་འཕྱག་པར་བྱེད་མཁན་གྱི་གང་ཟག་དེ་ལས་ཀྱང་མི་རུ་སྐྱེས་ནས་སྡིག་པའི་ལས་བྱེད་པ་དེ་ལྐུགས་རྟགས་ཚ་བ་དང་བླུན་ཚབས་ཆེ་བ་རེད་ཅེས་གསུངས།

དེས་ན་ང་ཚོས་མི་ལུས་ལན་གཅིག་ཐོབ་པའི་སྐབས་འདིར་དེ་ལྟ་བུའི་བླུན་པོའི་ངང་ཚུལ་དུ་མ་སོང་བར་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདིས་སྒྲུབ་ནུས་པའི་སྙིང་པོ་རྣམ་པར་དག་པ་ཞིག་བླང་རྒྱུའི་འབད་རྩོལ་གནང་དགོས། དེ་ཡང་དམ་པའི་ཆོས་ཉམས་སུ་ལེན་པའི་སྒོ་ནས་རང་གི་སེམས་རྒྱུད་ཉོན་མོངས་པའི་གཞན་དབང་དུ་སོང་བ་དེ་ལས་རང་དབང་ཐོབ་པའི་ཐབས་ཤེས་བྱེད་དགོས་ཀྱི་ཡོད། དེ་ལྟ་བུ་བྱེད་པ་ལའང་ཐོག་མར་ཆོས་ཐོས་དགོས། ནང་པ་སངས་རྒྱས་པའི་ཆོས་ཞེས་པ་རྨོངས་དད་ཙམ་གྱིས་ཡོང་ཐབས་མེད། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་རྒྱུ་མཚན་མ་ཤེས་པའི་ཐོག་ནས་དད་པ་བྱེད་ནའང་དད་པ་དེའི་ཕན་ཡོན་ཞིག་ཡོད་པ་མ་གཏོགས། དེས་རང་གི་སེམས་ལ་འགྱུར་བ་ཐེབས་པའི་ལམ་འཁྱོལ་ཐུབ་པ་ཞིག་མེད། དེས་ན་སངས་རྒྱས་ཀྱི་ཆོས་དེ་ངེས་པར་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་རྗེས་སུ་འབྲངས་ནས་ཐོག་མར་རང་གིས་དོན་རྟོགས་པ་དང་། དེ་བསམ་པས་སྒྲོ་འདོགས་གཅོད། དེ་སྒོམ་པའི་ཉམས་སུ་ལེན་ནས་རང་ཉིད་འཁོར་བ་ལས་ཐར་བའི་ཐབས་ཤེས་བྱེད་དགོས་པ་ཡིན་པ་རེད། དེར་བརྟེན་དམ་པའི་ཆོས་ངེས་པར་དུ་ཉན་དགོས་པ་དང་། དེ་ལའང་རྣམ་གྲངས་མང་པོ་ཡོད་པའི་ནང་ནས་རང་གིས་ཉམས་སུ་བླང་བདེ་བ་དང་སྐབས་སུ་བབས་པ་ཞིག་ངེས་པར་དུ་བདམ་དགོས། དེའི་ནང་ནས་ད་རེས་སྐབས་སུ་བབས་པ་ནི་ལམ་གྱི་རིམ་པ་ལ་སོགས་པའི་སྔོན་འགྲོ་མེད་དུ་མི་རུང་བ་སྦྱོར་བའི་ཆོས་དྲུག་དེ་རེད། དེ་ཡང་སྦྱོར་བའི་ཆོས་དྲུག་ནས་སྦྱོར་བའི་ཆོས་དང་པོ་གསུམ་སོང་ཟིན་པ་རེད། སྦྱོར་བའི་ཆོས་བཞི་པ་ཚོགས་ཞིང་གསལ་བཏབ་པའི་ཐོག་འཆད་ཉན་བྱེད་མུས་རེད། དེས་ན་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ལ་བརྟགས་ཏེ་བཟང་པོ་ཡོད་ན་འགྲིགས་པ་དང་། གལ་ཏེ་མེད་ན་སྐབས་འདིར་ཀུན་སློང་བཅོས་ནས་མཐའ་མ་ལའང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཆེད་དུ་ཆོས་འདི་ཉན་གྱི་ཡིན་སྙམ་པའི་ཀུན་སློང་གསལ་བཏབ་སྟེ་གསན་དགོས་པ་རེད།

ཚོགས་ཞིང་གསལ་འདེབས་པའི་ཚུལ་ནི་ཕྱག་དཔེའི་ནང་ཡོད་པ་བཞིན་ཁ་སང་རོབ་ཙམ་ཞུས་པ་ཡིན། དེ་ཚོ་ཞིབ་ཚགས་པོས་སྒོམ་མཁན་ཡིན་ན་སྐུ་ཐང་སོགས་མཇལ་ན་དངོས་བརྒྱུད་ཀྱི་བླ་མ་དང་། ཡི་དམ་གྱི་ལྷ་ཚོགས་སོགས་གྲངས་འདྲེན་ཐེབས་རྒྱུ་རེད། དེ་ལྟར་སྒོམ་པའི་སྐབས་སུ་བསམ་བློ་མ་གཏོང་མཁན་ཚོར་དྭོགས་པ་མི་ཡོང་རུང་། དངོས་གནས་མོས་པ་བྱས་ཏེ་སྒོམ་མཁན་རྣམས་ལ་སྐབས་རེ་ཐེ་ཚོམས་ཡོང་སྲིད། ཚོགས་ཞིང་འདིའི་པདྨ་སྒོར་སྒོར་ཡོད་པར་བརྟེན་ལྷ་ཚོགས་རྣམས་འཁོར་ནས་བཞུགས་པ་རེད། དེ་ལྟ་ན་རྒྱབ་ཀྱི་ལྷ་ཚོགས་རྣམས་ཞལ་རང་གི་མདུན་ལ་ཕྱོགས་ནས་བཞུགས་སམ། ཡང་ན་ཞལ་རྒྱབ་ཏུ་ཕྱོགས་ནས་བཞུགས་ཀྱི་རེད་ཅེས་ང་ལ་སྐད་ཆ་འདྲི་མཁན་ཡོང་གི་འདུག  དེ་ལ་ཐུགས་ཁག་ཡོད་མ་རེད། སྤྱིར་ཚོགས་ཞིང་སྒོམ་པའི་སྐབས་སུ་ཐམས་ཅད་དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཤ་སྟག་མ་གཏོགས། གདོས་བཅས་རགས་པ་མེད་པར་བརྟེན། ཕྱི་བལྟས་གནང་གསལ་རེད། དེས་ན་ཞལ་ཚུར་བསྟན་ནས་བཞུགས་ནའང་སྐྱོན་མེད། ཡིན་ནའང་མི་བདེ་བ་ཡོད་ན་སྐུ་ཐང་ནང་བྲིས་པ་བཞིན་ལྷ་ཚོགས་རྣམས་རྒྱབ་ཏུ་བསྒོམ་མི་དགོས་པར་མདུན་ལ་ཆ་ཚང་ཚུད་པ་ཞིག་བསྒོམ་ནའང་མི་འགྲིགས་པ་མེད། གང་ལྟར་རང་གི་བློ་ངོར་གང་བདེ་བྱེད་འཐུས། དེ་ནས་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་དེ་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་འཇམ་མགོན་ཙོང་ཁ་པ་ཆེན་པོ། དེའི་ཐུགས་ཀར་གཞི་དུས་ཀྱི་སེམས་དཔའ་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ། མཉམ་གཞག་དང་ས་གནོན་མཛད་པ། དེའི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང་ཡུམ་དང་བཅས་པ། དེའི་ཐུགས་ཀར་ཧཱུྃ་ཡིག་བཅས་སེམས་དཔའ་སུམ་བརྩེགས་ཀྱི་བདག་ཉིད་ཅན་དང་། དེ་ནས་བླ་མའི་སྐུ་ལ་ལུས་དཀྱིལ་བཀོད་སྟངས་ད་ལྟ་ཆོ་གའི་ནང་ཡོད་པ་དེ་གསང་བ་འདུས་པའི་ལུས་དཀྱིལ་བཀོད་སྟངས་རེད། གལ་ཏེ་བདེ་མཆོག་དང་འབྲེལ་ན་བདེ་མཆོག་གི་ལུས་དཀྱིལ་བཀོད་སྟངས་དང། འཇིགས་བྱེད་དང་འབྲེལ་ན་འཇིགས་བྱེད་ཀྱི་ལུས་དཀྱིལ་བཀོད་སྟངས་སོགས་སྐབས་བབ་ཁ་བསྒྱུར་བྱེད་ན་འགྲིགས་པ་རེད། དེ་ལྟར་བླ་མ་དང་ཡི་དམ་སངས་རྒྱས་སོགས་ཀྱི་ཚོགས་ཞིང་ཡོངས་སུ་རྫོགས་པ་གསལ་བཏབ་པ་ཚང་མའི་སྤྱི་བོར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་བཅས་ཡི་གེ་གསུམ་གྱིས་མཚན་པ་དེ་བསམ་བློ་གཏོང་དགོས། གཙོ་འཁོར་ཐམས་ཅད་སེམས་དཔའ་སུམ་བརྩེགས་ཀྱི་བདག་ཉིད་དུ་བསྒོམ་མ་ཐུབ་ནའང་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ་དེ་ངེས་པར་དུ་བསྒོམ་དགོས། དེ་ཡན་ཆད་ཀྱིས་ཚོགས་ཞིང་གསལ་འདེབས་པ་དེ་ཟིན་པ་ཡིན།

དེ་ནས་སྤྱན་འདྲེན་པ་ནི། དངོས་གནས་བྱས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཐག་རིང་པོ་ཞིག་ནས་སྤྱན་འདྲེན་རྒྱུ་ཞིག་མེད། ནམ་རྒྱུན་མཚན་ཉིད་པས་སངས་རྒྱས་ཚད་མས་མ་དམིགས་པའི་ས་ཕྱོགས་མེད་ཅེས་བཤད་པ་རེད། དེས་ན་ཡེ་ཤེས་གར་ཁྱབ་ལ་སྐུ་ཡིས་ཁྱབ་པ་ཡིན་ཙང་། སངས་རྒྱས་མེད་པའི་ས་གནས་མེད་པར་བརྟེན་སྤྱན་འདྲེན་དགོས་པ་མེད་པ་ལྟ་བུ་རེད། ཡིན་ནའང་ལས་དང་པོ་བ་བློ་ཡི་ནུས་པ་མ་སྨིན་པ་རྣམས་ཀྱི་བསམ་བློར་བདེ་བའི་ཆེད་དུ་སྤྱེན་འདྲེན་པ་རེད། སྤྱན་འདྲེན་ཚུལ་ལའང་ཆོས་སྐུའི་དབྱིངས་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་དང་། རང་བཞིན་གྱི་གནས་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་བཅས་མི་འདྲ་བ་གཉིས་རེད། དེ་ཡང་ཆོས་སྐུའི་དབྱིངས་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་ནི་ཕྱོགས་གཞན་ཞིག་ནས་སྤྱན་འདྲེན་མི་དགོས་པར་ཆོས་སྐུས་ཁྱབ་པའི་ཞིང་དེའི་ནང་ནས་གཟུགས་སྐུ་བཞིན་ལག་ཅན་གྱི་རྣམ་པར་གསལ་བར་བྱེད་པ་དང་། རང་བཞིན་གྱི་གནས་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་ནི་སངས་རྒྱས་དང་ཡི་དམ་གྱི་ལྷ་ཚོགས་སོ་སོར་དག་པའི་ཞིང་གི་གནས་བྱེ་བྲག་པ་ཡོད་པའང་ཡོད་ཅིང་། དཔེར་ན་འོད་དཔག་མེད་ལ་བདེ་བ་ཅན་གྱི་ཞིང་། སྒྲོལ་མ་ལ་པོཏཱལའི་ཞིང་སོགས་སོ་སོའི་ཞིང་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་རེད། ང་ཚོ་ལ་མཇལ་དུ་རུང་བ་ནི་སྤྲུལ་སྐུ་རེད། གང་ལྟར་ས་གནས་གཅིག་ནས་ས་གནས་གཞན་དུ་སྤྱན་འདྲེན་པ་ལྟ་བུ་རེད། དེ་དག་སྒོ་གསུམ་རྡོ་རྗེ་གསུམ་མཚན་ཧཱུྃ་ཡིག་འོད་ཟེར་ལྕགས་ཀྱུ་ཡིས།། རང་བཞིན་གནས་ནས་ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་བརྟན་པར་གྱུར།། ཞེས་བྱུང་བ་བཞིན་སྤྱན་འདྲེན་པའི་སྐབས་སུ་མདུན་ལ་དམ་ཚིག་པ་གསལ་བཏབ་པའི་ཚོགས་ཞིང་གི་ལྷ་ཚོགས་ཡོངས་སུ་རྫོགས་པའི་སྤྱི་བོ་དང་མགྲིན་པ་སྙིང་ག་བཅས་ཀྱི་སྒོ་གསུམ་ལ་ཨཱོཾ་ཨཱཿཧཱུྃ་བཅས་རྡོ་རྗེ་གསུམ་གྱིས་མཚན་པ་དང་། དེ་ནས་སྙིང་གའི་ཧཱུྃ་ཡིག་ལས་འོད་ཟེར་རྩེ་གུག་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུའི་ཞིང་རབ་འབྱམས་ལ་མཐའ་ཡས་པ་སྤྲོས་ཏེ་བླ་མ་ཡི་དམ་སོ་སོའི་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་རྣམས་སྤྱན་དྲངས་ཏེ་དམ་ཚིག་པ་གསལ་བཏབ་པའི་ཚོགས་ཞིང་གི་ལྷ་ཚོགས་སོ་སོ་ལ་དབྱེར་མེད་དུ་བརྟན་པར་གྱུར་སོང་སྙམ་པ་བྱེད། འདིེར་རང་བཞིན་གྱིས་གནས་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་དེ་གཙོ་བོ་བསྟན་པ་རེད། དེ་ནས་སྤྱན་འདྲེན་པའི་ཚིག་ནི་ཆོ་གའི་ནང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་།། བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ།། དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི།། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།། ཞེས་པའི་ཚིགས་བཅད་འདི་ནི་མདོའི་ཚིག་རེད། འདུལ་བའི་ལུང་དང་སྐྱེས་རབས་སོགས་སུ་གསལ། དེ་ནི་མགོན་མེད་ཟས་སྦྱིན་གྱི་བུ་མོ་མགདྷ་བཟང་མོ་ཞེས་པ་ཞིག་ཡུལ་མཐའ་འཁོབ་བུ་རམ་ཤིང་འཕེལ་དུ་བག་མར་བཏང་བ་དང་། དེས་སངས་རྒྱས་མ་མཇལ་བར་རྒྱུན་རིང་སོང་བ་ན་སངས་རྒྱས་སྤྱན་འདྲེན་པའི་ཆེད་དུ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རྭ་བར་བཅར་དགོས་བྱུང་ན་ཉིན་གྲངས་མང་པོ་འགོར་རྒྱུ་ཡིན་པར་བརྟེན། བུ་རམ་ཤིང་འཕེལ་གྱི་ས་གནས་ནས་མེ་ཐོག་འཐོར་ཞིང་སྤོས་བཟུང་སྟེ་གོང་གི་ཚིགས་བཅད་ཐོག་ནས་གསོལ་བ་བཏབ་པ་དེ་སངས་རྒྱས་ཀྱིས་གསན་ནས་རྫུ་འཕྲུལ་ཐོབ་པའི་དགེ་སློང་རྣམས་ཀྱི་ལྷན་དུ་བུ་རིམ་ཤིང་འཕེལ་གྱི་མགདྷ་བཟང་མོའི་གནས་སུ་ཕེབས་པའི་བྱུང་བ་ཡོད། དེས་ན་ཚིག་དེ་བྱིན་རླབས་ཅན་ཞིག་རེད། དེ་ལྟར་སངས་རྒྱས་ལ་སྐྱབས་སུ་འོས་པའི་རྒྱུ་མཚན་བཤད་པའི་སྐབས་སུ་ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ་དེ་གཅིག་རེད། སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་གཅིག་གྱུར་དུ་གཟིགས་པ་མ་གཏོགས། སེམས་ཅན་ཁ་ཤས་ལ་ཉེ་བ་དང་། ཁ་ཤས་ལ་རིང་བའི་རྣམ་པ་མེད་པ་ཡིན་ཙང་། མ་ལུས་སེམས་ཅན་ཀུན་གྱི་མགོན་དུ་གྱུར་པ་རེད། དེ་ནས་སངས་རྒྱས་ནི་ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད། ཕུང་པོའི་བདུད་སོགས་བདུད་བཞི་པོའི་དཔུང་བག་ཆགས་དང་བཅས་པ་མི་བཟད་པ་དེ་འཇོམས་པར་མཛད་མཁན་གྱི་ལྷ་དེའང་རེད། དེས་སྤངས་པ་ཕུན་ཚོགས་བསྟན་པ་རེད། དངོས་པོ་རྣམས་མ་ལུས་པར་ཡང་དག་པར་མཁྱེན་གྱུར་པ་ཞེས་པ་དེས་མཁྱེན་པ་ཕུན་ཚོགས་བསྟན་པ་རེད། དེ་ཡང་དངོས་རྣམས་ཞེས་པས་སྐབས་རེ་ཤེས་བྱ་དང་། སྐབས་རེ་དོན་བྱེད་ནུས་པའི་དངོས་པོ་སོགས་ཅི་རིགས་ལ་གོ་བ་རེད། འདིེར་ནི་ཤེས་བྱ་ལ་གོ་དགོས། ལེགས་སྦྱར་གྱི་སྐད་དུའང་གཉིས་ཀ་ལ་གོ་བ་ཡོད། ཡང་དག་པར་མཁྱེན་གྱུར་པ་ཞེས་པས་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་ཅིག་ཅར་དུ་གཟིགས་པ་ལ་གོ་དགོས་ཤིང་། ཀུན་རྫོབ་ཀྱི་ཇི་སྙེད་པའི་ཆོས་མཁྱེན་ནའང་དེ་ནི་ཇི་ལྟ་བའི་དབྱིངས་སུ་མཁྱེན་པ་རེད། དེ་ལྟ་བུའི་བཅོམ་ལྡན་འདས་འཁོར་དགེ་འདུན་དང་བཅས་པ་བུ་རམ་ཤིང་འཕེལ་གྱི་གནས་འདིར་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པ་རེད།

དགེ་ལྡན་སྙན་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་མན་ངག་ནང་ཚོགས་ཞིང་སྤྱན་འདྲེན་པའི་སྐབས་སུ་ཚོགས་ཞིང་རེ་རེའི་ལྷ་རེ་རེའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་མེད་འཕྲོས་པ་དེས་རང་གིས་སྒོམ་པའི་ཚོགས་ཞིང་ཡོངས་སུ་རྫོགས་པ་ཆ་ཚང་བ་རེ་སྤྱན་འདྲེན་པ་རེད། དེ་དག་ཆ་ཚང་གཅིག་ལ་གཅིག་ཐིམས་ནས་ཚོགས་ཞིང་ལ་ཐིམས་པའི་སྐབས་སུའང་ཚོགས་ཞིང་གི་དམ་ཚིག་པ་ལྷ་རེ་རེ་ལ་ཡེ་ཤེས་པའི་ཚོགས་ཞིང་ཆ་ཚང་བ་རེ་ཐིམས་པའི་མོས་པ་གནང་བ་རེད། གང་ལགས་ཤེ་ན། ལྷ་རེ་རེ་བཞིན་དུ་སྒོས་ཚན་པའམ་བྱེ་བྲག་པ་མིན་པར། ཚོགས་ཞིང་གི་གྲལ་དུ་བཞུགས་པའི་ཆོས་སྐྱོང་སྲུང་མ་ཡན་ཆད་ཚང་མ་སངས་རྒྱས་ཀྱི་ངོ་བོ་དང་། དེ་ཡང་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་པ་ཡོང་བའི་ཆེད་དུ་སོ་སོ་ལ་ཚོགས་ཞིང་ཆ་ཚང་བ་རེ་ཐིམས་པའི་མོས་པ་གནང་བ་རེད། དེ་ནས་ ཛཿཧཱུྃ་བཾ་ཧོཿ ཞེས་པའི་སྔགས་ཀྱི་ས་བོན་བརྗོད་པ་ལ་བརྟེན་ནས། (སྐབས་དེར་ཕྱག་རྒྱའི་ཐོག་ནས་ངོ་སྤྲོད་གནང་།) དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཞེས་པའི་དམ་ཚིག་པ་ནི་རང་གིས་སྒོམ་པའི་ཚོགས་ཞིང་དེ་རེད། ཡེ་ཤེས་པ་ནི་ད་ལྟ་སྤྱན་འདྲེན་པ་དེ་རེད། དེ་ལྟར་རང་གིས་སྤྱན་འདྲེན་པའི་ལྷ་ཚོགས་དང་དམ་ཚིག་པ་སྒོམ་པའི་ལྷ་ཚོགས་རྣམས་གཉིས་སུ་མེད་པར་གཅིག་ཏུ་ཆགས་པ་རེད། དེ་ནས་ཐོག་མར་སྐུ་ཁྲུས་གསོལ་བ་དེ་རེད། སྐུ་ཁྲུས་གསོལ་བ་སོགས་ནི་དུས་ཚོད་མེད་པས་བཤད་པ་ཞུ་མི་དགོས་བྱ་རྒྱུ་ཡིན། སྤྱིེར་ཁྲུས་གསོལ་དང་། ན་བཟའ་འབུལ་བ། རྒྱན་ཆ་འབུལ་བ་སོགས་ནི་མཆོད་པའི་གྲངས་སུ་འགྲོ་བ་རེད། ཆོ་ག་སྟབས་བདེ་བའི་དབང་དུ་བྱས་ན། ཁྲུས་གསོལ་མ་འདོན་ནའང་འགྲིགས། དེས་ཆོ་ག་ཆད་པའི་སྐྱོན་མེད། རྒྱས་སྤྲོས་བྱས་ན་མཆོད་པའི་མགོར་ཡོད་པ་བྱ་རྒྱུ་རེད། སྤྱིར་མཆོད་པའི་རིགས་རྣམས་ཞིབ་ཚགས་པོས་བལྟས་ན། རྒྱ་གར་གྱི་གནའ་བོའི་ཡུལ་ཆོས་དང་མཚུངས་པ་ཞིག་རེད། རྒྱ་གར་ཚ་བ་ཆེན་པོ་ཡིན་ཙང་ཐག་རིང་པོ་ནས་སྐུ་མགྲོན་ཕེབས་པའི་སྐབས་སུ་ཐོག་མར་ཆུ་འབུལ་བ་དང་། དེ་ནས་རྐང་པའམ་སྐུ་གཟུགས་བཀྲུ་བའི་ཁྲུས་གསོལ་སོགས་ཀྱི་ལམ་སྲོལ་ཡོད་རེད།

དེ་ཡང་། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ།། ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར།། རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན།། མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར།། ཞེས་ཁྲུས་གསོལ་འབུལ་བའི་གནས་ཁྲུས་ཁང་བསྐྱེད་རྒྱུ་དང་། དེ་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏཐཱགཏ་ཨབྷིཥེཀཏ་སམཡ་ཤྲཱིཡེ་ཨཱཿཧཱུྃ། ཞེས་སངས་རྒྱས་རྣམ་འདྲེན་བཞི་པ་བལྟམས་པའི་སྐབས་སུ་ལྷ་ཡི་དབང་པོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པས་ཁྲུས་གསོལ་ཕུལ་བ་བཞིན་རང་གིས་ཁྲུས་གསོལ་འབུལ་བ་རེད། དེ་ནས། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།། མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།། ཐུབ་དབང་རྡོ་རྗེ་འཆང་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏཐཱགཏ་ཨབྷིཥེཀཏ་སམཡ་ཤྲཱིཡེ་ཨཱཿཧཱུྃ། རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་སྐུ་ཁྲུས་གསོལ།། ཟབ་མོ་ལྟ་བའི་བརྒྱུད་ལ་སྐུ་ཁྲུས་གསོལ།། ཉམས་ལེན་བྱིན་རླབས་བརྒྱུད་ལ་སྐུ་ཁྲུས་གསོལ།། བརྒྱུད་པའི་བླ་མ་རྣམས་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏཐཱགཏ་ཨབྷིཥེཀཏ་སམཡ་ཤྲཱིཡེ་ཨཱཿཧཱུྃ། སྟོན་པ་སངས་རྒྱས་རྣམས་ལ་སྐུ་ཁྲུས་གསོལ།། སྐྱོབ་པ་དམ་ཆོས་རྣམས་ལ་སྐུ་ཁྲུས་གསོལ།། འདྲེན་པ་དགེ་འདུན་རྣམས་ལ་སྐུ་ཁྲུས་གསོལ།། སྐྱབས་གནས་དཀོན་མཆོག་གསུམ་ལ་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏཐཱགཏ་ཨབྷིཥེཀཏ་སམཡ་ཤྲཱིཡེ་ཨཱཿཧཱུྃ། ཞེས་པས་ཐུབ་དབང་རྡོ་རྗེ་འཆང་དང་། རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད། ཉམས་ལེན་བྱིན་ལམ་བརྒྱུད། སངས་རྒྱས། ཆོས། དགེ་འདུན་བཅས་ལ་རིམ་བཞིན་ཁྲུས་གསོལ་འབུལ་བ་རེད། སྤྱིར་ཁྲུས་གསོལ་ལ་རྒྱས་བསྡུས་མང་པོ་རེད། སོ་སོས་སྐབས་དང་བསྟུན་ནས་བྱ་རྒྱུ་རེད། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས།། གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ།། ཨོཾ་ཧཱུྃ་ཏྲཾ་ཧྲཱིཿ ཨཀཡ་བིཤོདྷནཡེ་སྭཱཧཱ། ཞེས་པས་སྐུ་ཕྱིས་དང་། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི།། དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ།། གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར།། འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི།། ཞེས་པས་སྐུ་ལ་དྲི་ཞིམ་བྱུག་པ། སྲབ་འཇམ་ཡང་བ་ལྷ་ཡི་གོས།། མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ།། མི་ཕྱེད་དད་པས་བདག་འབུལ་ན།། བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག།།ཅེས་པས་གོས་དབུལ་བ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར།། རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་།། རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་བ་ཀུན།། མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག།།ཅེས་པས་རྒྱན་འབུལ་བ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར།། ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི།། ཇི་སྲིད་མཆོད་པ་བདག་བགྱིད་ན།། དེ་སྲིད་བཅོམ་ལྡན་བཞུགས་སོ་གསོལ།། ཞེས་པས་བཞུགས་སུ་གསོལ་བ་རེད། དེ་དག་གི་སྐོར་ལ་རྒྱས་བཤད་ཞུ་རྒྱུ་མིན། དུས་ཐོག་ལ་གྲུབ་ས་མ་རེད། དེ་ཚོ་ཚིག་ནང་གསལ་པོ་ཡོད་ཙང་། དེ་ཙམ་གྱིས་འགྲིགས་པ་བྱ་རྒྱུ་ཡིན།

 

སྦྱོར་བའི་ཆོས་ལྔ་པ་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ།

སྦྱོར་བའི་ཆོས་ལྔ་པ་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ་ནི་སྦྱོར་ཆོས་ནང་ནས་གལ་ཆེ་ཤོས་ཤིག་རེད། འདིའི་སྐོར་ལ་ཕྲན་བུ་ཞུ་ཐུབ་ན་བསམ་གྱི་ཡོད། བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་ཞེས་པ་དེ་སངས་རྒྱས་ཀྱིས་མདོ་སྡེ་མང་པོ་ནང་གསུངས་པ་དང་། དེ་ལའང་ཡན་ལག་མང་ཉུང་དང་གོ་རིམ་མི་འདྲ་བ་སྣ་ཚོགས་ཡོད་རེད། ཚོགས་བསག་པ་དང་སྡིག་པ་སྦྱང་བ་ལ་ཐབས་ལམ་སྣ་ཚོགས་ཡོད་པ་རྣམས་སྟབས་བདེ་བ་དང་མ་ཚང་བ་མེད་པར་བསྡུས་པ་ལ་ཡན་ལག་བདུན་པ་ཟེར་བ་རེད། སྐབས་འདིར་ཡན་ལག་བདུན་གྱི་རྣམ་གཞག་དང་བང་སྒྲིག་སྟངས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ནས་གསུངས་པ་དེ་རེད། བཟང་སྤྱོད་ཀྱི་སྨོན་ལམ་ནི་སངས་རྒྱས་ཀྱིས་གསུངས་པའི་མདོ་ཞིག་རེད། དེ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་མ་བཏབ་པའི་སྔོན་དུ་སྨོན་ལམ་དེ་འགྲུབ་པའི་ཆེད་དུ་བསག་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པ་དེ་སྔོན་འགྲོའི་ཚུལ་དུ་གསུངས་པ་ཞིག་རེད། དེ་ནས་ཡན་ལག་བདུན་པའི་ཉམས་ལེན་དེ་བླངས་པ་རེད། ཡན་ལག་བདུན་པོ་ནི་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། སྡིག་པ་བཤག་པ། དགེ་བ་ལ་རྗེས་སུ་ཡི་རངས་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ། བསྔོ་བ་བཅས་རེད།

དང་པོ་ཕྱག་འཚལ་བའི་ཡན་ལག་ནི་བསོད་ནམས་བསག་པའི་ཐབས་མཆོག་ཏུ་གྱུར་པ་མ་ཟད། སྡིག་པ་སྦྱང་བའི་ཐབས་མཆོག་ཏུ་གྱུར་པའང་རེད། ཕྱག་འཚལ་བ་ཞེས་པའི་དོན་ནི་སྐྱབས་ཡུལ་ལ་སྐྱབས་སུ་འགྲོ་མཁན་གང་ཟག་གིས་ལུས་ངག་ཡིད་གསུམ་གྱི་གུས་ཞབས་མཚོན་པར་བྱེད་པ་དང་། རང་གི་གུས་པ་དང་དད་པ་གསལ་པོ་བཟོ་བའི་ལུས་ངག་ཡིད་ཀྱི་བྱ་བ་ཞིག་ལ་ཕྱག་འཚལ་བ་ཞེས་བརྗོད། དེ་ནས་ཕྱག་ཡུལ་རེ་རེ་ངོས་བཟུང་ནས་དེའི་ཡོན་ཏན་དྲན་པའི་སྒོ་ནས་ཕྱག་འཚལ་ཞིང། ཐོག་མར། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།། མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།། ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ།། ཞེས་པས་སངས་རྒྱས་ཤཱཀྱ་ཐུབ་པ་དངོས་སུ་སྨོས་ནས་ཚོགས་ཞིང་གི་གཙོ་བོ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་ཕྱག་འཚལ་བ་རེད། ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང་།། མཆོག་གཟིགས་ཏཻ་ལོ་པ་དང་ནཱ་རོ་པ།། དཔལ་མཆོག་ཌོཾ་བྷི་བ་དང་ཨ་ཏཱི་ཤ།།ཉམས་ལེན་བྱིན་རླབས་བརྒྱུད་ལ་ཕྱག་འཚལ་ལོ།། ཞེས་པས་ཏཻ་ལོ་པ་དང་། ནཱ་རོ་པ། ཌོཾ་བྷི་བ། ཨ་ཏཱི་ཤ་སོགས་ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མ་ལ་ཕྱག་འཚལ་བ། བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ།། མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ།། སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ།། རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་ཕྱག་འཚལ་ལོ།། ཞེས་པས་རྗེ་བཙུན་བྱམས་པ་མགོན་པོ་དང་། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ་སོགས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ལ་ཕྱག་འཚལ་བ། འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང་།། ཟླ་བ་གྲགས་པ་རིགས་པའི་ཁུ་བྱུག་ཆེ།། སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་སོགས།། ཟབ་མོ་ལྟ་བའི་བརྒྱུད་ལ་ཕྱག་འཚལ་ལོ།། ཞེས་པས་མགོན་པོ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་སོགས་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ལ་ཕྱག་འཚལ་བ། བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏཱི་ཤ།།བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།། རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།། བཀའ་གདམས་བླ་མ་རྣམས་ལ་ཕྱག་འཚལ་ལོ།། ཞེས་པས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏཱི་ཤ་སོགས་བཀའ་གདམས་བརྒྱུད་པ་གསུམ་གྱི་བླ་མ་རྣམས་ལ་ཕྱག་འཚལ་བ། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།། དངོས་སྟོབས་རིགས་པའི་དབང་ཕྱུག་རྒྱལ་ཚབ་རྗེ།། མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ།། ཡབ་སྲས་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ།། ཞེས་པས་རྗེ་ཙོང་ཁ་པ་དང་། རྒྱལ་ཚབ་རྗེ། མཁས་གྲུབ་རྗེ་བཅས་རྗེ་ཡབ་སྲས་ཀྱིས་གཙོས་དགེ་ལྡན་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་བ། སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང་།། གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས།། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི།། དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། ཞེས་པས་བླ་མ་སྤྱི་ཡོངས་ལ་ཕྱག་འཚལ་བ། རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག།།སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག།།བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས།། གསལ་མཛད་བཤེས་གཉེན་རྣམས་ལ་ཕྱག་འཚལ་ལོ།། ཞེས་པས་བླ་མ་སྤྱི་ཡོངས་དང་། ཁྱད་པར་དུ་ཆོས་ཐོབ་དངོས་འབྲེལ་གྱི་བླ་མ་རྣམས་ལ་ཕྱག་འཚལ་བ་བཅས་བླ་མ་ལ་ཕྱག་འཚལ་བ་རེད། གསང་བ་འདུས་པ་བདེ་དགྱེས་ཧེ་རུ་ཀ།།དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ལ་སོགས་པ།། གྲངས་མེད་རྒྱུད་སྡེ་བཞིའི་འཁོར་ལོའི་མགོན།། ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ།། ཞེས་པས་རྒྱུད་སྡེ་བཞིའི་ཡི་དམ་གྱི་ལྷ་ཚོགས་ལ་ཕྱག་འཚལ་བ། མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང་།། སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་ལ།། བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི།། རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ།། ཞེས་པས་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་གིས་གཙོས་སངས་རྒྱས་རྣམས་ལ་ཕྱག་འཚལ་བ། མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད།། ཆོས་གྲགས་མངོན་མཁྱེན་སྨན་རྒྱལ་ཤཱཀྱ་ཐུབ།། རྒྱ་ཆེན་སྨོན་ལམ་དགོངས་པ་ཡོངས་རྫོགས་པ།། བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ།། ཞེས་པས་སྨན་བླ་བདེ་གཤེགས་བརྒྱད་ཀྱིས་གཙོས་སངས་རྒྱས་རྣམས་ལ་ཕྱག་འཚལ་བ། ཀུན་འབྱུང་མུན་པས་ས་བོན་མཐར་མཛད་ཅིང་།། སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུངས་ནས་འབྱིན།། རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས།། ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ།། ཞེས་པས་ཐེག་པ་གསུམ་གྱི་ཆོས་དཀོན་མཆོག་ལ་ཕྱག་འཚལ་བ། དེ་ནས་དགེ་འདུན་དཀོན་མཆོག་ལ་ཕྱག་འཚལ་བ་ནི། འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས།། ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ།། ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་།། ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ།། ཞེས་པས་བྱང་སེམས་དགེ་འདུན་ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་བ། ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས།། རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི།། བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི།། འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ།། ཞེས་པས་འཕགས་པ་རང་རྒྱལ་གྱི་དགེ་འདུན་རྣམས་ལ་ཕྱག་འཚལ་ཞིང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་བསྒོམས་པ་ལ་བརྟེན་ནས་རང་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱས་ཤིང་། རང་སངས་རྒྱས་དང་ཉན་ཐོས་གཉིས་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་སྐབས་སུ་སྤངས་པ་ཕུན་ཚོགས་ཀྱི་ཆ་ནས་ཁྱད་པར་མེད་ཀྱང་། རང་རྒྱལ་རྣམས་སྲིད་པ་ཐ་མ་པའི་སྐབས་སུ་བཤེས་གཉེན་གཞན་ལ་མི་ལྟོས་པར་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའམ་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་མེད་པའི་སྐབས་སུ་ཕེབས་ནས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་པ་རེད། ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན།། ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས།། དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་།། གསེར་བེའུ་བྷཱ་ར་དྷྭ་ཛ་གསེར་ཅན་མཆོག།།འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན།། ལམ་ཕྲན་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན།། ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ།། གནས་བརྟན་འཁོར་དང་བཅས་ལ་ཕྱག་འཚལ་ལོ།། ཞེས་པས་གནས་བརྟན་བཅུ་དྲུག་སོགས་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་བ། མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ནས།། མངོན་ཤེས་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན།། སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་གཟིགས།། གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ།། ཞེས་པས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ལ་ཕྱག་འཚལ་བ། སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ།། ཆོས་བཞིན་སྒྲུབ་པ་མཛད་པའི་གང་ཟག་རྣམས།། བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས་པ་ཡི།། ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ།། ཞེས་པས་ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བ། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ།། སྤྱན་མི་བཟང་དང་རྣམ་ཐོས་སྲས།། རང་རང་འཁོར་འདུལ་སྒོ་བཞི་བསྲུང་།། རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ།། ཞེས་པས་རྒྱལ་ཆེན་བཞི་བཀོད་ཡོད་ན་དེ་དག་ལ་ཕྱག་འཚལ་བ་རེད། འཇིག་རྟེན་པའི་རྒྱལ་ཆེན་བཞི་ནི་ཚོགས་ཞིང་གི་ཟུར་དུ་བཀོད་པ་ལས། ཚོགས་ཞིང་གི་གྲལ་དུ་མི་འཇོག  ཕྱག་བྱར་འོས་པ་ཐམས་ཅད་ལ།། ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི།། ལུས་བཏུད་པ་ཡིས་རྣམ་ཀུན་ཏུ།། མཆོག་ཏུ་དད་པས་ཕྱག་འཚལ་ལོ།། ཞེས་པས་མདོར་ན་ཕྱག་འབུལ་འོས་པའི་སྐྱབས་ཡུལ་ཐམས་ཅད་ལ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པའི་གྲངས་མེད་པའི་ལུས་སྤྲུལ་ནས་ཕྱག་འཚལ་བ་རེད། དེ་དག་ནི་ཕྱག་འཚལ་བའི་ཡན་ལག་གི་ཐོག་མར་ཚོགས་ཞིང་དུ་སྒོམ་པའི་ལྷ་ཚོགས་རྣམས་སོ་སོར་ཕྱེ་ནས་ཕྱག་འཚལ་བའི་ཚུལ་རེད།

བཟང་པོ་སྤྱོད་པའི་སྨོན་ལམ་ནས་བྱུང་བའི་ཕྱག་འཚལ་བའི་ཡན་ལག་ཆོ་གའི་ནང་བཀོད་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན།། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།། ལུས་དང་ངག་ཡིད་དྭང་བས་ཕྱག་བགྱིིའོ།། ཞེས་པས་ཕྱོགས་བཅུ་དང་དུས་གསུམ་དུ་བྱོན་པའི་སངས་རྒྱས་གཅིག་ཀྱང་མ་ལུས་པ་ཐམས་ཅད་ལ་ཕྱག་འཚལ་བ་པོ་བདག་གིས་ལུས་དང་ངག་དང་ཡིད་བཅས་ཀྱིས་དད་པ་ཆེན་པོའི་སྒོ་ནས་ཕྱག་འཚལ་བ་དང་། དེ་ནི་ལུས་ངག་ཡིད་གསུམ་གྱི་ཐུན་མོང་བའི་ཕྱག་རེད། ཕྱོགས་དང་དུས་ནི་མཚམས་གཞལ་བའི་ལག་ཆ་ལྟ་བུ་རེད། ཕྱོགས་བཅུའི་ནང་མ་འདུས་པའི་ཕྱོགས་མེད་ལ། དེ་བཞིན་དུས་གསུམ་ནང་མ་འདུས་པའི་དུས་ཀྱང་མེད། འདིེར་བདག་ཅེས་པ་གང་དུ་ངོས་གཟུང་དགོས་སམ་ཞེ་ན། སྐབས་དེར་ལྷ་རབ་བྱུང་ན་རང་བཞིན་གྱིས་གྲུབ་པའི་བདག་མེད་པ་དང་། ཕུང་པོའི་ཚོགས་པ་ལ་བརྟེན་ནས་མིང་རྐྱང་བཏགས་ཡོད་ཙམ་གྱི་བདག་ཐ་སྙད་པ་དེ་ངོས་ཟིན་ཐུབ་དགོས། འོན་ཀྱང་ལས་དང་པོ་བ་ལ་ཁག་པོ་རེད། གང་ལྟར་ཚིག་དེ་ཡང་ཡང་ཡོང་རྒྱུ་ཞིག་རེད། སྔགས་ཀྱི་སྐད་ཅིག་དཀྲོང་བསྐྱེད་སྐབས་སུའང་རང་ཉིད་ཅེས་པ་དེ་ཡང་ཡང་ཡོང་བ་རེད། སྐབས་དེར་རང་ཉིད་དེ་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པའི་རང་དེ་ལ་བསམ་བློ་གཏོང་ན་ལྷ་ཡི་ང་རྒྱལ་དེ་ལོག་ཤེས་ཆགས་ཉེན་ཡོད། དེ་ནས་ལོག་ཤེས་བསྒོམས་ནས་སྤང་བྱ་སྤང་རྒྱུ་དང་འབྲས་བུ་འཐོབ་རྒྱུ་གང་ཡང་མེད། དེས་ན་གང་དུའང་བདག་ཅེས་པའི་ཚིག་དེ་སླེབས་པའི་སྐབས་སུ་མིང་རྐྱང་བཏགས་ཡོད་ཙམ་གྱི་བདག་གམ་རྟེན་འབྲེལ་གྱི་ངོ་བོར་གྱུར་པའི་བདག་དེ་བློ་ལ་འཆར་ཐུབ་ན་ཡག་པོ་ཡོད་རེད། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ།། ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས།། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ།། ཞེས་པས་སངས་རྒྱས་ཐམས་ཅད་དངོས་སུ་མཇལ་བའི་སྐལ་བ་མེད་ཀྱང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་སྟོབས་ལ་བརྟེན་ནས་ཕྱག་འཚལ་བའི་ཡུལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་རང་གི་ཡིད་ཀྱི་ངོས་ལ་མངོན་སུམ་དུ་བཞུགས་པར་མོས་པའི་མདུན་ལ་ཕྱོགས་བཅུའི་ཞིང་གི་རྡུལ་དང་མཉམ་པའི་ལུས་མང་པོ་སྤྲུལ་ནས་དེ་དག་གུས་པས་བཏུད་པའི་སྒོ་ནས་རྒྱལ་བ་ཀུན་ལ་ཕྱག་འཚལ་བ་རེད། དེ་ནི་ལུས་ཀྱི་སྒོ་ནས་ཕྱག་འཚལ་བ་རེད། ཡིད་ཀྱིི་སྒོ་ནས་ཕྱག་འཚལ་བ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས།། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག།།དེ་ལྟར་ཆོས་ཀྱི་དབྱིངས་ན་མ་ལུས་པ།། ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས།། ཞེས་པས་ཡིད་ཀྱི་སྒོ་ནས་སངས་རྒྱས་འཇིག་རྟེན་གྱི་ཁམས་ཡོངས་སུ་ཁྱབ་པའི་མོས་པ་བྱས་པ་རེད། དེ་ཡང་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་ལ་སྟོང་གཞི་ཆོས་ཅན་གྱིས་ཁྱབ་པ་དང་། སྟོང་གཞི་ཆོས་ཅན་གྱིས་གར་ཁྱབ་ཀྱི་རྡུལ་རེ་རེའི་སྟེང་དུ་རྡུལ་དང་མཉམ་པའི་སངས་རྒྱས་གྲངས་མེད་པ་སངས་རྒྱས་སྲས་དང་བཅས་པས་ཆོས་ཀྱི་འཁོར་ལོ་སྐོར་བཞིན་དུ་བཞུགས་པར་ཡིད་ཀྱི་སྒོ་ནས་མོས་པ་བྱས་ཏེ་དད་པ་བྱ་རྒྱུ་ཡིན་ཞེས་པ་རེད། ངག་གི་སྒོ་ནས་ཕྱག་འཚལ་བ་ནི། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས།། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས།། རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་།། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད།། ཅེས་པས་གྲངས་ལས་འདས་པའི་དུས་གསུམ་གྱི་སངས་རྒྱས་དེ་དག་གི་བསྔགས་པར་འོས་པའི་ཡོན་ཏན་མི་ཟད་པ་རྒྱ་མཚོ་ལྟ་བུ་ཡོད་པ་དེ་དག་དབྱངས་ཀྱི་ཡན་ལག་གམ་ལྕེ་དེ་རྒྱ་མཚོ་ལྟ་བུ་གྲངས་ལས་འདས་པ་སྤྲུལ་ནས་འཇིག་རྟེན་གྱི་སྐད་ཡིག་མི་འདྲ་བ་སྣ་ཚོགས་སུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་བདེ་བར་གཤེགས་པ་ཐམས་ཅད་ལ་ངག་གི་སྒོ་ནས་བསྟོད་པ་འབུལ་རྒྱུ་ཡིན་ཞེས་པའི་དོན་རེད། དེ་ཡན་གྱིས་ཕྱག་འཚལ་བའི་ཡན་ལག་དེ་ཟིན་པ་རེད།

སྤྱིར་ཕྱག་འཚལ་ཅེས་པ་ནི་ལུས་ཀྱི་སྒོ་ནས་འདུད་པའི་རྣམ་འགྱུར་དཔེར་ན་མགོ་བོ་སྒུར་ཙམ་བྱེད་པ་དང་། ལག་པ་ཀེར་ཙམ་བྱེད་པའང་ལུས་ཀྱི་ཕྱག་དང་། དེ་བཞིན་ངག་གི་སྒོ་ནས་བསྟོད་པ་ཞིག་ཕུལ་ན་ངག་གི་ཕྱག། ཡིད་ཀྱི་སྒོ་ནས་དད་པ་སྒོམ་ན་ཡིད་ཀྱི་ཕྱག་ཏུ་འགྲོ་བ་རེད། འོན་ཀྱང་དངོས་སུ་ལུས་ཀྱིས་ཕྱག་འཚལ་བའི་ཚུལ་ལ་མི་འདྲ་བ་སྣ་ཚོགས་འདུལ་བའི་ནང་གསུངས་པ་རེད། དེ་ཡང་ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་དང་། ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག  རྐང་པ་ལ་གཏུགས་པའི་ཕྱག་གམ་སྒྱིད་པ་ལ་འཁྱུད་པའི་ཕྱག་བཅས་གསུམ་ལྟ་བུ་རེད། དེ་གསུམ་པོའི་ནང་དུའང་བྱེད་སྟངས་མི་འདྲ་བ་ཡོད་རེད།

དང་པོ་ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་ནི་ང་ཚོས་ཡོངས་གྲགས་འཚལ་བ་དེ་རེད། དེ་ཡང་ཡན་ལག་ལྔ་ནི་ལག་པ་གཉིས་དང་། རྐང་པ་གཉིས། དཔྲལ་བ་བཅས་རེད། དེ་ལྔ་པོ་ས་ལ་གཏུགས་ནས་ཕྱག་འཚལ་བ་རེད། ཕྱག་དེ་འཚལ་བའི་སྐབས་སུ་རྐང་པ་གཉིས་གཤིབ་གཤིབ་དང་། ལག་པས་ཐལ་མོ་སྦྱར་བའི་སྐབས་སུ་ཐལ་མོ་ཁོང་སྟོང་དང་། ལག་པ་གཉིས་ཀྱི་སོར་མོ་བརྒྱད་པོའི་རྩེ་མོ་ཕན་ཚུན་རེག་པ། མཐེ་བོང་གཉིས་ལག་པ་གཉིས་ཀྱི་ནང་དུ་འཇོག་པ་རེད། དེ་ལ་ནོར་བུའི་དབྱིབས་ཀྱི་ཐལ་མོ་ཟེར་བ་རེད། དེ་ནི་ནང་པའི་ཐུན་མོང་མ་ཡིན་པའི་ཕྱག་འཚལ་ཚུལ་རེད། དེ་ལ་ཕྱི་རོལ་པས་ཕྱག་འཚལ་བའི་སྐབས་སུ་མཐེ་བོང་གཉིས་ཕྱི་ལ་བཏོན་པ་དང་། ལག་མཐིལ་གཉིས་སྦྱར་བ་རེད། དེ་ལ་ཐལ་མོ་བཅར་ལེབ་ཟེར་བ་རེད། དེ་ལྟ་བུའི་ནོར་བུའི་དབྱིབས་ཀྱི་ཐལ་མོ་དེ་སྤྱི་བོའི་གཙུག་དང་། དཔྲལ་བ། མགྲིན་པ། སྙིང་ག་བཅས་ལ་སྦྱར་བ་དང་། དེའི་མཚོན་དོན་རྣམས་ནི་སྔགས་ཀྱི་སྐད་ཆ་རེད། བཤད་མི་དགོས་པ་བྱ་རྒྱུ་ཡིན། དེ་ནས་ལག་པ་གཉིས་ས་ལ་བཙུགས་ཏེ་དཔྲལ་བ་ས་ལ་གཏུགས་པ་རེད། དེ་ནས་ཡར་ལངས་པ་བཅས་ཀྱི་ཐོག་ནས་ཐེངས་གསུམ་རེ་བཙལ་རྒྱུ་ནི་ཡོངས་གྲགས་ལྟ་བུ་རེད། སྤྱིར་ཐེངས་གཅིག་བཙལ་ནའང་མི་འཐུས་པ་མེད་རུང་། ཕྱག་འཚལ་བའམ་གསོལ་བ་བཏབ་པ་ལ་ཐེངས་གསུམ་བྱ་རྒྱུ་དེ་ནན་གྱིས་བསྣན་པའམ་གཟབ་གཟབ་བྱས་པའི་དོན་རེད། གཉིས་པ་ཡན་ལག་ཐམས་ཅན་ས་ལ་ཕབ་པའི་ཕྱག་ནི་ཐལ་མོ་སྦྱར་སྟངས་དང་རྐང་པ་འཇོག་ཚུལ་གོང་གི་ཕྱག་འཚལ་ཚུལ་དང་གཅིག་པ་རེད། ཡོངས་གྲགས་སུ་བརྐྱངས་ཕྱག་ཟེར་བ་དེ་རེད། གང་ལྟར་ལུས་པོ་ཐམས་ཅད་ས་ལ་ཕབ་ནས་ལག་པ་གཉིས་མདུན་དུ་བརྐྱངས་ཏེ་ཐལ་མོ་སྦྱར་ནས་ལངས་པ་རེད། གསུམ་པ་རྐང་པ་ལ་གཏུགས་པའམ་སྒྱིད་པ་ལ་གཏུགས་པའི་ཕྱག་ནི་རབ་བྱུང་གསར་པས་མཁན་པོ་དང་སློབ་དཔོན་ལ་སྔ་དྲོ་ཉིན་ལྟར་ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་འཚལ་དགོས། ཡིན་ནའང་བྲེལ་བ་ཡོད་ན་ཞབས་ལ་ལག་པས་གཏུགས་པའམ་སྒྱིད་པ་ལ་འཁྱུད་པ་ཙམ་གྱིས་འགྲིགས་པ་རེད། དེ་ནི་དེང་སང་ཕྱི་རོལ་པ་ལ་ཡོངས་གྲགས་ཡིན་རུང་། ནང་པ་ལ་ཉམས་ཟིན་པ་ལྟ་བུ་རེད་འདུག དེ་ནི་ད་ལྟ་ནང་པའི་ཡུལ་གྱི་གོམས་པའི་གཤིས་ལུགས་ནང་མཐོང་རྒྱུ་མེད།

ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་འཚལ་བའི་སྐབས་སུ་རབ་བྱུང་གིས་ཕྱག་འཚལ་ཚུལ་ནི་སྐབས་དེར་བླ་གོས་ཕྲག་པ་གཉིས་ལ་གཟར་བ་རེད། སྤྱིར་བླ་གོས་ཕྲག་ལ་གཉིས་ལ་གཟར་བ་དེ་མ་གུས་པའི་རྣམ་པར་བརྩི་ཞིང་། དེ་ཡང་ཆོས་ཞུ་བའི་སྐབས་སུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཞེས་འདུལ་བའི་ནང་ཡང་ཡང་བྱུང་། ང་ཚོས་བླ་གོས་རྒྱུན་དུ་གྱོན་གྱི་མེད། དེང་སང་བླ་གོས་ལ་ཡོངས་གྲགས་སུ་ཆོས་གོས་ཟེར་གྱི་ཡོད། ང་ཚོས་ནམ་རྒྱུན་གྱོན་པའི་གཟན་ཞེས་པ་དེ་འདུལ་བའི་ནང་རྔུལ་གཟན་ཞེས་པ་དེ་རེད། གང་ལྟར་ང་ཚོས་རྔུལ་གཟན་ནམ་ཆོས་གོས་ཕྲག་པ་གཉིས་ལ་གཟར་ནས་ཕྱག་འཚལ་བ་རེད། འོན་ཀྱང་འཕགས་པ་གནས་བརྟན་སྡེ་པས་ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་འཚལ་སྟངས་ནི་ང་ཚོ་དང་མི་འདྲ་བ་རེད། ཁོང་ཚོ་ཕྱག་རེ་རེ་བཞིན་ལངས་དགོས་མེད་ཅིང་། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་ས་ལ་བཙུགས་མུས་ལ་ཐལ་མོ་སྦྱར་ཏེ་མགོ་བོ་ཐེངས་གསུམ་ས་ལ་གཏུགས་པ་རེད། ངའི་བསམ་པ་ལ་ང་ཚོའི་རབ་བྱུང་སྐུ་ན་བགྲེས་པོ་ཕྱག་འཚལ་དཀའ་བ་ཡོད་པ་རྣམས་གནས་བརྟན་སྡེ་པ་ལྟར་ཕྱག་འཚལ་ན་མི་འགྲིགས་པ་མེད་སྙམ། བོད་དུའང་སྔ་རབས་པས་ཕྱག་འཚལ་ཚུལ་དང་དགེ་ལྡན་པའི་ཕྱག་འཚལ་ཚུལ་ལའང་ཕྲན་བུ་མི་འདྲ་བ་འདུག  དེ་ཡང་ཁོང་ཚོས་རྐུམ་ཕྱག་རེ་འཚལ་བའི་རྗེས་སུ་གཟན་དེ་ཕྲག་པར་བཀལ་ནས་ཐལ་མོ་སྦྱར་སྲོལ་འདུག  ཕལ་ཆེར་བཀའ་གདམས་པའི་དགེ་བཤེས་ཚོས་ཀྱང་དེ་བཞིན་གནང་གི་ཡོད་ཚུལ་འདུག  དེ་ནས་དགེ་ལུགས་པ་དང་གསར་མ་མང་ཆེ་བས་ཐེངས་གཅིག་གཟན་གློད་ན་ཕྱག་གསུམ་འཚལ་ཟིན་ནས་མ་གཏོགས་གཟན་མི་གྱོན་པ་རེད། གནས་བརྟན་སྡེ་པ་ལ་ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་དང་། སྒྱིད་པ་ལ་འཁྱུད་པའི་ཕྱག་དེ་དར་ཡང་། བརྐྱངས་ཕྱག་དེ་དར་མེད། བརྐྱངས་ཕྱག་དེ་རྒྱ་གར་གྱི་བྲམ་ཟེ་དང་དགེ་སྦྱོང་གཉིས་ཀ་ལ་དར་བ་ཞིག་ཡིན་བཟོ་འདུག  རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེ་ལ་ད་ལྟའང་ཐལ་མོ་སྦྱར་སྟངས་མི་འདྲ་བ་ལས་བརྐྱངས་ཕྱག་གམ་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་གི་སྲོལ་དེ་ཡོད་མུས་རེད།

ཕྱག་འབུམ་ཐེར་ལ་སོགས་པ་གསོག་མཁན་ཡིན་ན་བརྐྱངས་ཕྱག་གི་ཐོག་ནས་གསོག་གི་ཡོད། གང་ལགས་ཤེ་ན། ཕྱག་འཚལ་བའི་ཕན་ཡོན་ནང་དུ་ལུས་ཀྱིས་ཇི་ཙམ་ཁྱབ་པའི་ས་དེའི་འོག་ཏུ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་རྡུལ་ཇི་ཙམ་ཡོད་པ་དེ་ཙམ་འཁོར་ལོ་སྒྱུར་བའི་རྒྱལ་པོའི་སྐྱེ་བ་བླང་རྒྱུའི་བསོད་ནམས་གསོག་ཚུལ་གསུངས་ཡོད། དེ་ནི་འཁོར་ལོའི་སྒྱུར་བའི་རྒྱལ་པོར་ཡང་ཡང་སྐྱེ་བ་མིན་པར། དེ་ནི་ཚད་གཟུང་ས་ཞིག་རེད། འཁོར་ལོའི་སྒྱུར་བའི་རྒྱལ་པོའི་སྐྱེ་བ་བླང་རྒྱུར་བསོད་ནམས་ཇི་ཙམ་དགོས་པའི་ཚད་དེ་ས་ཡི་རྡུལ་གཅིག་གི་གྲངས་སུ་བྱས་ནས་དེའི་གྲངས་དང་མཉམ་པའི་འཁོར་ལོའི་སྒྱུར་བའི་རྒྱལ་པོར་སྐྱེ་བ་བླང་རྒྱུའི་བསོད་ནམས་གསོག་ཚུལ་གསུངས་པ་ཡིན་ཙང་། ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག་བྱེད་ན་དེ་ཙམ་ཁྱབ་ཆེན་པོ་མེད་པ་དང་། ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་དེ་ཁྱབ་ཆེ་བ་ཡིན་ཙང་བསོད་ནམས་མང་བ་གསོག་ཐུབ། དེ་བཞིན་གཟུགས་པོས་མ་ལྕོགས་པ་དང་རྒས་འཁོགས་རྣམས་ཕྱག་འབུམ་ཐེར་གསོག་འདོད་ཡོད་ན་རྐུམ་ཕྱག་གི་ཐོག་ནས་གསོག་ནའང་མི་རུང་བ་དང་མི་ཆོག་པ་མེད། དེ་ནི་མ་གསོག་པ་ལས་གསོག་པ་ཡག་གི་རེད། ད་དུང་ནད་གཅོང་སོགས་ཀྱིས་གནས་བརྟན་སྡེ་པས་ཕྱག་འཚལ་བ་བཞིན་པུས་མོ་བཙུགས་མུས་ཀྱིས་གནང་ནའང་མི་འགྲིགས་པ་མེད། གལ་ཏེ་ཕྱག་འབུམ་ཐེར་དེ་སྦྱོར་ཆོས་ཀྱི་སྒོ་ནས་གསོག་ན་ཕྱག་འཚལ་བའི་ཡན་ལག་འདིའི་སྐབས་སུ་གསོག་འོས་པ་རེད། དེ་ལྟ་བུ་གསོག་མཁན་ཡང་མང་ཤོས་རེད། ཁ་ཤས་ཀྱིས་ཕྱག་འཚལ་བའི་ཡན་ལག་གི་སྐབས་སུ་མ་གསོག་པར་སྡིག་པ་བཤགས་པ་གཙོ་བོར་བྱས་ནས་བཤགས་པའི་ཡན་ལག་གི་སྐབས་སུ་གསོག་མཁན་ཡང་ཡོད། སྐབས་དེར་ཕྱག་འཚལ་བའི་ཚིག་ཤ་སྟག་བརྗོད་ནས་མིན་པར། མན་ངག་གི་གཞུང་ནས་བྱུང་བ་བཞིན་ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔའི་མཚན་བརྗོད་པའི་ངང་ནས་ཕྱག་འཚལ་བ་རེད། ལྟུང་བཤགས་འདོན་ཚུལ་ཡང་ཕུང་པོ་ཐམས་ཅད་འདོན་མི་དགོས་པར་ཐོག་མར་སངས་རྒྱས་སོ་ལྔའི་མཚན་ཤ་སྟག་བསགས་ནས་ཐུན་གྲོལ་ཁར་འོག་གི་བཤགས་པ་དང་རྗེས་སུ་ཡི་རངས་སོགས་ཀྱི་ཕུང་པོ་རྣམས་ཚར་གཅིག་བཏོན་ནས་འགྲིགས་པ་བྱ་རྒྱུ་རེད། རྗེ་བདག་ཉིད་ཆེན་པོས་ཀྱང་འོལ་ཁར་དེ་ལྟར་གནང་ཡོད་འདུག  ལྟུང་བཤགས་འདོན་ཚུལ་ལའང་དེ་བཞིན་གཤེགས་པ་ཞེས་པའི་ཚིག་སྦྱར་དང་མ་སྦྱར་བའི་སྒོ་ནས་འདོན་ཚུལ་གཉིས་ཡོད། ཡིན་ནའང་དགེ་ལྡན་སྙན་བརྒྱུད་ཀྱི་ལུགས་ལ་དེ་བཞིན་གཤེགས་པ་ཞེས་པའི་ཚིག་དེ་སྦྱར་ནས་འདོན་པ་རེད། གང་ལགས་ཤེ་ན། དེ་བཞིན་གཤེགས་པ་ཞེས་པའི་ཚིག་མ་སྦྱར་བར་མཚན་རྗེན་པ་དངོས་སུ་སྨོས་ན་ཞེ་ས་དང་གུས་ཞབས་མེད་པའི་རྟགས་རེད། དཔེར་ན་མི་ཞིག་གི་མིང་རྗེན་པ་མི་འབོད་པར་དེའི་སྔོན་དུ་སྐུ་ཞབས་དང་དགེ་བཤེས་ལགས་སོགས་སྦྱར་བ་ལྟ་བུ་རེད། ད་དུང་ས་གནས་གཅིག་ལ་མུ་མཐུད་ནས་འབུམ་ཐེར་གསོག་ཐུབ་པ་བྱུང་ན་སྟབས་བདེ་བ་དང་བར་ཆད་ཉུང་བ་རེད། རབ་ཏུ་བྱུང་བ་ཚོས་ཕྱག་འབུམ་ཐེར་གསོག་པའི་སྐབས་སུ་སྟབས་བདེ་བའི་ཆེད་དུ་གཟན་སྐེད་པར་དཀྲིས་ནས་ཕྱག་འཚལ་བ་དེ་འདྲ་མཇལ་སོང་། འོན་ཀྱང་གཟན་སྐེད་པར་དཀྲིས་པ་ནི་གུས་ཞབས་ཀྱི་རྣམ་འགྱུར་དང་མི་མཐུན་པ་ཞིག་རེད། ང་ཚོ་རྟགས་བསལ་གཏོང་སྐབས་གཟན་སྐེད་པར་དཀྲི་བ་རེད་མ་གཏོགས། བླ་མ་དང་དགེ་རྒན་མཇལ་དུ་འགྲོ་སྐབས་གཟན་སྐེད་པར་དཀྲིས་ན་གུས་ཞབས་མེད་པ་ཆགས་ཀྱི་རེད། ལར་ནས་འདུལ་བའི་ཀུན་སྤྱོད་ལྟར་ནའང་ཕྱག་འཚལ་བའི་སྐབས་སུ་གཟན་སྐེད་པར་དཀྲི་བ་དེ་མི་རུང་བ་རེད། གལ་ཏེ་རྒྱུན་ལྡན་གྱི་གཟན་དེ་ཕུད་འགྲོ་བ་ཡིན་ན་གཟན་ཆུང་བ་ཞིག་མཆོད་ན་མི་འགྲིགས་པ་ཨེ་ཡོད། དེ་ཡན་གྱིས་ཕྱག་འཚལ་བའི་ཡན་ལག་དེ་ཙམ་གྱིས་འགྲིགས་པ་བྱ་རྒྱུ་ཡིན།

གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ལ་བཟང་པོ་སྤྱོད་པའི་གཞུང་དུ་གསུངས་པ་བཞིན་བླ་ན་ཡོད་པའི་མཆོད་པ་དང་བླ་ན་མེད་པའི་མཆོད་པ་བཅས་གཉིས་རེད། དང་པོ་བླ་ན་ཡོད་པའི་མཆོད་པ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་།། སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་།། མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང།། བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། ཞེས་པས་མེ་ཏོག་དང་། མེ་ཏོག་གི་ཕྲེང་བ། རོལ་མོ། བྱུག་པ། གདུགས། མར་མེ། བདུག་སྤོས་བཅས་ཚིག་གིས་ཟིན་པ་དང་། མེ་ཏོག་དམ་པ་ཞེས་པས་ནི་མཆོད་པ་འབུལ་བའི་མེ་ཏོག་རྣམས་བཟང་ཤོས་འདེམས་པ་ལས། ཞན་པ་རྣམས་འདེམས་ན་མི་འགྲིགས་པ་རེད། རྒྱ་གར་དུ་མེ་ཏོག་འབུལ་བའི་སྐབས་སུ་མེ་ཏོག་སྡོང་པོ་དང་བཅས་པ་དང་། མེ་ཏོག་རྐྱང་པའམ་བསིལ་མ། མེ་ཏོག་སྣ་ཚོགས་པ་ཕྲེང་བ་ལ་བརྒྱུས་པ་སོགས་རེད། དེ་ནས་སིལ་སྙན་ནམ་རོལ་མོ་ལ་འབུད་རྡུང་དཀྲོལ་གསུམ་དང་། ལུས་ལ་དྲི་བཟང་པོས་བྱུག་པ་དང་སྣུམ་གྱི་བྱུག་པ། གདུགས་ནི་ཐོག་མར་ཆར་པ་དང་ཉི་མ་ལས་སྐྱོབ་པའི་ཆེད་དུ་ཡིན་རུང་། དུས་ཕྱིས་སུ་གོ་གནས་སམ་ཆེ་བསྟོད་ཆགས་པ་རེད། དཔེར་ན་བླ་མ་ཆེན་པོ་ལ་གདུགས་ཕུབ་པ་ལྟ་བུ་རེད། མར་མེ་ནི་མུན་པའི་སེལ་བ་དང་། གཙོ་བོ་མཚན་མོར་ཕུལ་བ་རེད། ཉིན་མོར་མུན་པ་བསལ་རྒྱུ་མེད་ཀྱང་། མཆོད་པའི་གྲངས་སུ་འགྲོ་བ་རེད། བདུག་སྤོས་ནི་དྲི་ཞིམ་གྱི་ཆེད་དུ་རེད། ན་བཟའ་ནི་གྱོན་རྒྱུའི་གོས་རེད། སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་ལ་ཆོས་གོས་རྣམ་གསུམ་དང་། ལོངས་སྐུའི་རྣམ་པ་ཅན་ལ་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་སོགས། ཡི་དམ་ཡིན་ན་ཡི་དམ་སོ་སོའི་ཆས་གོས་དམ་པ་རྣམས། དེ་བཞིན་དྲི་ཡང་ལྷ་སོ་སོའི་ཐུན་མོང་མ་ཡིན་པའི་དྲི་བཟང་སྦྱར་བ་རྣམས། ཕྱེ་མ་ཕུར་མ་ནི་བསངས་དྲི་ཞིམ་ཞིབ་མོར་འཐག་པ་རས་སྲབ་མོའི་ནང་བླུགས་ཏེ་རྡོག་རྡོག་བཟོས་ཏེ་བཀལ་བ་དེ་རླུང་རྒྱག་པའི་སྐབས་སུ་དེའི་དྲི་ཕྱོགས་ཐམས་ཅད་དུ་ཁྱབ་པ་རེད། དེ་ནི་གང་ལྟར་དྲི་བཟང་པོའི་རྫས་ཀྱི་ཕྱེ་མ་རས་ཀྱི་ཕུར་མའི་ནང་བཏགས་པ་ཞིག་རེད། བོད་དུ་རྒྱལ་མཚན་ཕྱེ་ཕུར་ཞེས་པ་དེ་མིང་དེ་སྐད་བརྗོད་ཀྱང་དེའི་ནང་དྲི་བཟང་པོ་བླུགས་པ་སོགས་མེད། དེ་ལྟ་བུའི་མ་དག་རྒྱུན་འབྱམས་ཕྱིན་པ་མང་པོ་རེད། མང་པོ་ཞིག་གིས་ཕྱེ་མ་ཕུར་མ་ཞེས་པའི་དོན་ཤེས་ཀྱི་མེད། དེ་ནི་རྒྱ་གར་གྱི་ནང་དུ་གནའ་སྔ་མོའི་མཆོད་པའི་ཡོ་བྱད་ཅིག་རེད། དེང་སང་ཡང་དགོན་པ་རྙིང་པ་ཁ་ཤས་ནང་མཐོང་རྒྱུ་ཡོད། དེ་ནི་རས་སྲབ་པོའི་ནང་བསངས་དྲི་ཞིམ་བླུགས་ཏེ་རྡོག་རྡོག་བཟོས་པ་རྣམས་གཅིག་གིས་གཅིག་ལ་མཐུད་སྐབས་རྒྱལ་མཚན་ལྟ་བུ་ཆགས་པ་རེད། དེ་ལྟ་བུའི་ཕྱེ་མ་ཕུར་མ་རི་རབ་དང་མཉམ་པ་སྤུངས་པ་བཅས་གོང་དུ་སྨོས་པའི་མཆོད་པ་དེ་དག་གང་བྱུང་མིན་པར་བཀོད་པ་ཁྱད་པར་དུ་འཕགས་པ་མཆོག་ཀུན་གྱིས་ཕྱོགས་བཅུུ་དང་དུས་གསུམ་དུ་བྱོན་པའི་རྒྱལ་བ་དེ་དག་ལ་མཆོད་པ་འབུལ་བ་རེད། དེ་ཡན་གྱིས་བླ་ན་ཡོད་པའི་མཆོད་པ་འབུལ་ཚུལ་དེ་རེད།

བླ་ན་མེད་པའི་མཆོད་པ་ནི། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ།། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས།། བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས།། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི།། ཞེས་གོང་དུ་སྨོས་པའི་མཆོད་པ་བླ་མེད་རྒྱ་ཆེ་བ་དེ་དག་རྒྱལ་བ་ཐམས་ཅད་ལ་འབུལ་བའི་མོས་པ་བྱ་རྒྱུ་རེད། དེ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་མཆོད་པ་རྒྱ་ཆེན་པོ་ཇི་ལྟར་སྤྲུལ་པ་བཞིན་བདག་གིས་ཀྱང་དད་པའི་སྟོབས་ཀྱིས་རྒྱ་ཆེན་པོ་སྤྲུལ་ནས་རྒྱལ་བ་ཐམས་ཅད་ལ་ཕྱག་འཚལ་བ་དང་མཆོད་པ་བྱ་རྒྱུ་དེ་རེད། དེ་ལྟར་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་གཉིས་ཀའི་ཡན་ལག་ཏུ་སྦྱར་ཚུལ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྟོབས་ལ་བརྟེན་ནས་ཕྱག་འཚལ་བ་པོས་ལུས་གྲངས་མེད་དུ་སྤྲུལ་རྒྱུ་དང་། མཆོད་པའི་རྫས་གྲངས་མེད་དུ་སྤྲུལ་ནས་འབུལ་རྒྱུ། དེ་བཞིན་མཆོད་པ་འབུལ་མཁན་གྱི་ལྷ་མོ་དེ་ཚོའང་གྲངས་མེད་དུ་སྤྲུལ་རྒྱུ་བཅས་རེད། དེ་ལྟར་གོང་གི་མཆོད་པ་ཐམས་ཅད་འབུལ་ཟིན་པའི་རྗེས་སུ་མཆོད་པའི་ཡན་ལག་གི་ཆ་ཤས་སུ་སླར་ཡང་མཎྜལ་འབུལ་རྒྱུ་དེ་རེད།

མཎྜལ་འབུལ་རྒྱུ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཞིག་རེད། མཎྜལ་དུ་སྣོད་བཅུད་ཀྱི་འཇིག་རྟེན་ཡོངས་སུ་རྫོགས་པ་ཕུལ་བ་རེད། དེ་ཡང་མཎྜལ་གྱི་ཚིག་ནི། ཨོཾ་བཛྲ་བྷཱུམི་ཨཱཿ་ཧཱུྃ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རི་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ  སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག  འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་དག་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་ཡང་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཞིང་ཁམས་དབུལ་བར་བགྱིའོ།། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་སྣོད་ཀྱི་འཇིག་རྟེན་དང་དེར་གནས་པའི་བཅུད་ཀྱི་སེམས་ཅན་རྣམས་མཆོད་པའི་ངོ་བོར་ཕུལ་བ་རེད། དེ་འབུལ་བའི་ཚུལ་ལ་ཚིག་དང་ཆོ་ག་རྒྱས་བསྡུས་སྣ་ཚོགས་རེད། གང་ལྟར་ཕྱག་དཔེ་འདིའི་ནང་ཡོད་པའི་མཎྜལ་གྱི་ཆོ་ག་དེ་ལ་མཎྜལ་ཚོམས་བུ་སོ་ལྔ་པ་ཞེས་བརྗོད། དེའི་ནང་གང་འབུལ་གྱི་ཡོད་ཅེ་ན། དབང་ཆེན་གསེར་གྱི་ས་གཞི་ཞེས་གླིང་བཞི་རི་རབ་དང་བཅས་པ་གནས་པའི་གཞི་རྟེན་དང་། དེ་ལྟ་བུའི་དབང་ཆེན་གསེར་གྱི་ས་གཞིའི་ཕྱི་རོལ་ལ་བ་ཚྭ་ཅན་གྱི་རྒྱ་མཚོ་དེ་འབོ་མི་འགྲོ་བའི་ཆེད་དུ་རྭ་བ་ཞིག་དགོས་པ་དེ་ལ་ཕྱིའི་ལྕགས་རི་ཟེར། མངོན་པ་དང་དུས་འཁོར་གཉིས་ནས་བཤད་པའི་འཇིག་རྟེན་ཆགས་ཚུལ་གྱི་ཕྱིའི་ལྕགས་རི་དེ་གཅིག་པ་རེད། དེ་ལྟ་བུའི་ལྕགས་རིའི་དབུས་སུ་རིའི་རྒྱལ་པོ་རི་རབ་རེད། དེའི་ཕྱོགས་བཞི་ལ་ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན་བཅས་གླིང་བཞི་དང་། དེའི་གཡན་གཡོན་དུ་ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ  སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་བཅས་གླིང་ཕྲན་བརྒྱད། དེ་ལྟར་གླིང་བཞི་དང་གླིང་ཕྲན་བརྒྱད་ལ་ཚོམས་བུ་བཅུ་གཉིས། དེ་ནས་དེའི་ཐོག་ལ་གླིང་བཞིའི་ཐུན་མོང་མ་ཡིན་པའི་ཁྱད་ནོར་རེ་ཡོད་པ་ནི་ཤར་ལ་རིན་པོ་ཆེའི་རི་བོ། ལྷོ་དཔག་བསམ་གྱི་ཤིང་། ནུབ་ལ་འདོད་འཇོའི་བ། བྱང་ལ་མ་རྨོས་པའི་ལོ་ཏོག་བཅས་བཞི་ཡིན། དེ་ནས་འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་བཅས་རྒྱལ་སྲིད་སྣ་བདུན། གཏེར་ཆེན་པོའི་བུམ་པ། དེ་ནས་སྒེག་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ་བཅས་མཆོད་པའི་ལྷ་མོ་བརྒྱད། དེ་ནས་ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བཅས་རེད། རིན་པོ་ཆེའི་གདུགས་ཞེས་པ་ནི་ཡོངས་གྲགས་ཀྱི་གདུགས་དེ་རེད། རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་པའི་རྒྱལ་མཚན་ནི་སྤྱིར་དར་ལྕེ་གསུམ་པ་ཡོད་པའི་བ་དན་ལྟ་བུ་ཞིག་རེད། དེ་ལ་མི་མཐུན་གཡུལ་ལས་རྒྱལ་བའི་སྲོག་ཆགས་གསུམ་གྱི་མཚན་མ་ཡོད། དེ་དག་ལ་མཎྜལ་གྱི་ཚོམས་བུ་སོ་ལྔ་ཞེས་བཤད། གང་ལྟར་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་ཐམས་ཅད་མཆོད་པའི་ཡུལ་དུ་འབུལ་བ་ལ་མཎྜལ་འབུལ་བ་ཞེས་བརྗོད། དེ་ནས་མཎྜལ་འབུལ་བའི་ཚིག་ནི། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ།། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།། སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བར་བགྱི།། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།།ཅེས་པ་དེ་རེད། དེ་ལྟར་འབུལ་བའི་སྐབས་སུ་ས་གཞི་དེ་སྤོས་ཀྱིས་བྱུགས་ཏེ་མེ་ཏོག་བཀྲམ་པ་དང་། དེའི་ཐོག་ཏུ་རི་རབ་དང་། གླིང་བཞི། ཉི་ཟླ་དང་བཅས་པ་སངས་རྒྱས་ཞིང་དུ་ཞེས་མ་དག་པའི་འཇིག་རྟེན་འདི་འབུལ་བྱའི་རྫས་སུ་མ་བཞག་པར་དག་པའི་ཞིང་ངམ་སངས་རྒྱས་ཀྱི་ཞིང་གི་ངོ་བོར་བྱིན་གྱིས་བརླབས་ཏེ་འབུལ་བ་དང་། ཡང་སངས་རྒྱས་ཞིང་ལ་ཞེས་པ་ནི་འབུལ་ཡུལ་ངོས་བཟུང་བ་རེད། དེ་ནི་འབུལ་ཡུལ་གྱི་ཞིང་བླ་མ་ཚོགས་ཞིང་རྒྱ་མཚོ་ལ་དམིགས་ནས་འབུལ་བ་རེད། དེས་ན་ཞིང་དུ་དམིགས་ཏེ་འབུལ་བ་དང་ཞིང་ལ་དམིགས་ཏེ་འབུལ་བ་གཉིས་ཀ་ལ་འགྲེལ་བཤད་བྱེད་ཆོག  ཕྱག་དཔེ་གཞན་དུ། སངས་རྒྱས་ཞིང་ལ་དམིགས་ཏེ་འབུལ་བ་ཡིས།། ཞེས་བྱུང་། དེ་ལྟ་བུ་འབུལ་བ་ལ་བརྟེན་ནས་འགྲོ་བ་ཀུན་རྣམ་པར་དག་པའི་ཞིང་ལ་སྤྱོད་པར་ཤོག་ཅེས་བསམ་དགོས། གལ་ཏེ་སངས་རྒྱས་ཞིང་དུ་ཞེས་པ་དེ་ཡོད་ན་འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག་ཅེས་པ་ལ་འགྲེལ་བདེ་བ་ཡོད། དེ་ནས། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་།། རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་དང་བཅས།། བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ།། ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། ཨིདཾ་གུརུ་རཏྣ་མཎྜལཀཾ་ནིརྱཱཏཡཱམི། ཞེས་བརྗོད་ནས་མཎྜལ་འབུལ་བ་རེད།

མཎྜལ་ཚོམས་བུ་ཉེར་གསུམ་མའི་སྐབས་སུ་གླིང་བཞིའི་རྗེས་སུ་གླིང་བཞིའི་ཐུན་མོང་མ་ཡིན་པའི་ཁྱད་ནོར་བཞི་དང་། མཆོད་ལྷ་བརྒྱད། གདུགས་དང་རྒྱལ་མཚན་བཅས་འཐེན་པ་རེད། ཁ་ཤས་ཀྱིས་མཎྜལ་ཚོམས་བུ་ཉེར་ལྔ་པ་ཞེས་བརྗོད་པ་ནི་ཉེར་གསུམ་པ་དེའི་ཐོག་ཏུ་དབང་ཆེན་གསེར་གྱི་ས་གཞི་དང་ཕྱི་ལྕགས་རི་ཁོར་ཡུག་གཉིས་བསྣན་པ་དེ་རེད། ཚོམས་བུ་ཉེར་ལྔ་པ་དེ་ཙམ་གྲགས་ཆེན་པོ་ཞིག་མིན། འོན་ཀྱང་ཚོམས་བུ་ཉེར་གསུམ་པ་ནི་ཚོམས་བུ་རེ་སྔགས་དང་སྦྱར་ནས་གསུངས་སྲོལ་ཡོད་རེད། རྗེ་རིན་པོ་ཆེས་འོལ་ཁར་གཙོ་བོ་ཚོམས་བུ་ཉེར་གསུམ་མ་གསོག་ཚུལ་འདུག  ད་དུས་ཚོད་རྫོགས་པར་བརྟེན་འདིར་གཞག་རྒྱུ་ཡིན། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

 

ཉིན་ལྔ་པ།

(༢༠༢༠ ཕྱི་ཟླ་ ༣ ཚེས་ ༡༢)

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་དཔལ་ལྡན་ཟླ་བ་གྲགས་པའི་གསུང་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས།། མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། ཞེས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་དང་། ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་པ་ལེགས་པར་རྟོགས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་པོ་འདབ་ཆགས་ཀྱི་གཤོག་པ་ལྟ་བུ་ཟུང་དུ་འབྲེལ་བ་ལ་བརྟེན་ནས་རྒྱལ་སྲས་ཀྱི་སྤྱོད་པ་སྦྱིན་སོགས་ཕར་ཕྱིན་དྲུག་སོགས་ཀྱི་རྒྱ་མཚོ་ལྟ་བུ་ཕ་རོལ་ཏུ་སོན་ནས་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་རྙེད་ཐུབ་པ་གསུངས་པ་བཞིན་ང་ཚོའང་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རྣམ་པར་དག་པ་ཐོབ་པའི་སྐབས་འདིར་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཐབས་ངེས་པར་དུ་འབད་དགོས་པ་ཡིན་པ་རེད། དེ་ལྟ་བུའི་ཐབས་ལ་འབད་པ་ལའང་ཐོག་མར་ཐབས་ཀྱི་ཚུལ་རྣམས་ཐོས་པའི་སྒོ་ནས་ཤེས་པ་དང་། བསམས་པའི་སྒོ་ནས་སྒྲོ་འདོགས་གཅོད་པ། དེ་ནས་བསྒོམས་པས་ཉམས་སུ་ལེན་དགོས་པ་རེད། དེ་ཡང་ཐོག་མར་ཐོས་པ་བྱ་བའི་གཞི་དེའང་ཕྱོགས་རེ་བ་དང་རགས་པ་རེ་ཙམ་མིན་པར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པའི་ལམ་ཞིག་ལ་སློབ་སྦྱོང་བྱེད་དགོས་པར་བརྟེན། ཆོས་བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོའི་སྦྱོར་བའི་ཆོས་དྲུག་སྐོར་ལ་འཆད་ཉན་བྱེད་བཞིན་པ་རེད། དེས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དེ་ལྟ་བུའི་སྦྱོར་བའི་ཆོས་དྲུག་གི་རིམ་པ་ལ་གསན་བསམ་བྱེད་པ་ཡིན་སྙམ་པའི་ཀུན་སློང་བྱང་ཆུབ་སེམས་བཅོས་མ་ཚུན་ཆད་ཀྱིས་རྩིས་ཟིན་པ་བྱས་ནས་གསན་དགོས་པ་ཡིན་པ་རེད། གང་གསན་པར་བྱ་བའི་སྦྱོར་བའི་ཆོས་དྲུག་ལས་སྦྱོར་ཆོས་དང་པོ་བཞི་སོང་ཟིན་པ་དང་། ལྔ་པ་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ་ཞེས་པ་དེ་འགྲོ་བཞིན་པ་རེད། དེའི་ནང་ནས་ཀྱང་ཕྱག་འཚལ་བ་སོང་ཟིན་པ་དང་། མཆོད་པ་འབུལ་བའི་ཡན་ལག་གི་ནང་མཎྜལ་འབུལ་ཚུལ་སྐོར་དེ་རེད། ཁ་སང་མཎྜལ་སྐོར་ཕྲན་བུ་ཞུས་ཟིན་པ་རེད།

སྤྱིར་མཎྜལ་ཞེས་པ་ནི་སྣོད་བཅུད་ཀྱི་འཇིག་རྟེན་ཡོངས་སུ་རྫོགས་པ་འབུལ་རྒྱུ་དེ་རེད། ང་ཚོས་མཎྜལ་མང་ཆེ་བ་ནི་གླིང་བཞི་དང་། རི་རབ། ཉི་ཟླ་ལ་སོགས་པ་འབུལ་བའི་སྐབས་སུ་མངོན་པའམ་དུས་འཁོར་ནས་གསུངས་པའི་འཇིག་རྟེན་གྱི་ཆགས་ཚུལ་ཇི་བཞིན་འབུལ་བ་རེད། འོན་ཀྱང་དེང་རབས་ཀྱིས་དེ་ལས་ལྡོག་སྟེ་བཤད་པ་རེད། ལར་ནས་དེང་རབས་ཀྱིས་མ་བཤད་པའི་ཧ་ཅང་སྔོན་དུ་ཕྱི་ལོ་བརྒྱ་ཕྲག་ལྔ་པ་དང་དྲུག་པའི་ནང་གླིང་བཞི་རི་རབ་ཀྱི་གནས་སྟངས་རྣམས་མངོན་པ་དང་དུས་འཁོར་བཞིན་མིན་པར། ས་ཡི་གོ་ལ་ཧྲིལ་པོ་ཡིན་པ་དང་། ཉི་ཟླ་མི་བསྐྱོད་པར་ས་གཞི་འཁོར་བ་སོགས་ནང་པའི་མཁས་པ་ཨཱརྱ་བྷཊྚ་མཆོག་གིས་གསུངས་ཟིན་པ་རེད། ཁོང་ནི་ནང་པའི་མཁས་པ་ཆེན་པ་ཞིག་རེད། ཡིན་ནའང་དེང་སང་བྱུང་རབས་སྨྲ་བ་ཚོས་ཨཱརྱ་བྷཊྚ་ནང་པའི་མཁས་པ་མིན་པར་བྲམ་ཟེའི་མཁས་པ་ཞིག་ཏུ་བརྩི་ཞིང་། ཁོང་གི་སྐུ་གཟུགས་ཀྱང་བྲམ་ཟེ་ཁྱིམ་པའི་རྟགས་ཅན་གཙུག་ཕུད་ཡོད་པ་ཞིག་བཞེངས་པ་རེད། དངོས་གནས་བྱས་ན་ཨཱརྱ་བྷཊྚ་ནི་ནཱལནྡཱའི་མཁས་པ་ཞིག་རེད། གང་ལགས་ཤེ་ན། ཁོང་གིས་བརྩམས་པའི་ཨཱརྱ་བྷཊྚཱིཡ་ཞེས་པའི་བསྟན་བཅོས་དེ་ཕྱི་རོལ་པས་དགག་པའི་ཕྱོགས་སྔར་བཀོད་སྐབས་དགེ་སྦྱོང་མགོ་རེག་ཅེས་བྱུང་ཞིང་། དགེ་སྦྱོང་མགོ་རེག་ཅེས་པ་ནི་བྲམ་ཟེ་གཙུག་ཕུད་ཅན་ཚོས་ནང་པའི་དགེ་སློང་ལ་ཞེ་ས་མེད་པའི་འབོད་སྲོལ་ཞིག་རེད། ནང་པའི་དགེ་སློང་ལ་གཙུག་ཕུད་མེད་པར་བརྟེན་མགོ་རེག་ཅེས་འབོད། ཨཱརྱ་བྷཊྚ་ནི་ད་ལྟའི་ཚན་རིག་གི་གནས་སྟངས་དང་མཐུན་པར་གླིང་བཞི་གནས་པའི་སའི་གོ་ལ་འདི་ཟླུམ་པོ་ཡིན་པ་དང་། དེ་བསྐོར་ནས་འགྲོ་བ། ཉི་ཟླ་མི་འགྲོ་བ་སོགས་ཐོག་མར་གསུང་མཁན་དེ་རེད། དེས་ན་འཇིག་རྟེན་གྱི་ཆགས་ཚུལ་ནི་འདྲ་མིན་སྣ་ཚོགས་རེད། མངོན་པ་ནས་བཤད་པའི་འཇིག་རྟེན་མེད་ཅེས་བརྗོད་མི་ཐུབ་ལ། དུས་འཁོར་ནས་བཤད་པའི་འཇིག་རྟེན་མེད་ཅེས་ཀྱང་བརྗོད་མི་ཐུབ། དེང་རབས་ཀྱིས་བཤད་པའང་དེ་རང་རེད། དེར་བརྟེན་མཎྜལ་འབུལ་བའི་སྐབས་སུ་ས་ཡི་གོ་ལ་ཧྲིལ་པོ་འབུལ་ནའང་མི་འགྲིགས་པ་མེད་ལ། གླིང་བཞི་གླིང་ཕྲན་དང་བཅས་པ་ཡོད་པ་བྱས་ནས་འབུལ་ནའང་མི་འགྲིགས་པ་མེད། ད་ལྟའི་ཚན་རིག་པས་མཐོང་བཞིན་པའི་དགུ་ཚིགས་འདི་ལས་གཞན་པའི་དགུ་ཚིགས་ཡོད་པ་རིམ་པས་ཤེས་རུང་། ང་ཚོས་འཇིག་རྟེན་མཐའ་ལས་འདས་པ་ཡིན་པ་དེ་སྔ་ནས་བཤད་མུས་རེད། དེས་ན་ང་ཚོས་གླིང་བཞི་རི་རབ་ལྕགས་རི་དང་བཅས་པ་ཆ་ཚང་གཅིག་ལ་རེ་རེར་བརྩིས་པའི་སྟོང་ཕྲག་གཅིག་ལ་སྟོང་དང་པོའི་འཇིག་རྟེན་གྱི་ཁམས་ཞེས་བརྗོད་པ་དང། དེ་ལྟ་བུའི་སྟོང་ཕྲག་གཅིག་དེ་རེ་རེར་བརྩིས་པའི་སྟོང་ཕྲག་གཅིག་ལ་སྟོང་བར་མའི་འཇིག་རྟེན་གྱི་ཁམས། དེ་ལྟ་བུའི་སྟོང་བར་མའི་འཇིག་རྟེན་དེ་རེ་རེར་བརྩིས་པའི་སྟོང་ཕྲག་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཞེས་བརྗོད་ཅིང་། འདིའི་ནང་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱ་ཡོད་རེད། དེས་ན་མཎྜལ་འབུལ་བའི་སྐབས་སུ་མཐའ་ལས་འདས་པའི་འཇིག་རྟེན་ཡོངས་སུ་རྫོགས་པ་འབུལ་བའི་མོས་པ་བྱེད་པ་མ་གཏོགས། འཇིག་རྟེན་ས་ཡི་གོ་ལ་གཅིག་འབུལ་བའི་མོས་པ་བྱེད་ཀྱི་མེད། བླ་ན་མེད་པའི་མཆོད་པ་རྒྱ་ཆེན་པོ་ཡོང་བའི་ཆེད་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཡོངས་སུ་རྫོགས་པ་ཕུལ་བ་ཡིན་སྙམ་ན་འགྲིགས་པ་རེད།

དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་གང་ཟག་གཅིག་གིས་མཆོད་པ་ལ་འབུལ་བའི་ཐོབ་ཐང་ཡོད་དམ། རང་ལ་མ་དབང་བ་ཞིག་འབུལ་བའི་ཐོབ་ཐང་ཡོད་དམ་ཞེ་ན། གང་ཟག་སོ་སོར་དབང་བའི་སྟོང་གསུམ་གྱི་འཇིག་རྟེན་ཡོད་ཅིང་། གང་ལགས་ཤེ་ན། སྟོང་གསུམ་གྱི་འཇིག་རྟེན་ཡོངས་སུ་རྫོགས་པ་དེ་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ་པ་ཞིག་ཡིན་ཙང་། དེ་ལ་སེམས་ཅན་ཚང་མས་ལོངས་སྤྱོད་པའི་གོ་སྐབས་ཡོད་པ་རེད། དཔེར་ན་ད་ལྟ་ང་ཚོ་ས་ཡི་གོ་ལ་འདིའི་སྟེང་དུ་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་སོགས་ས་གཞི་འདི་ལོངས་སུ་སྤྱད་རྒྱུ་ཡོད་པ་ཚང་མ་ས་གཞི་འདི་གྲུབ་པའི་རྒྱུའི་སྤྱི་མཐུན་གྱི་ལས་ཀྱི་ཆ་ཤས་སུ་ང་ཚོས་ལས་ཤིག་བསགས་ཡོད་ཙང་དེའི་འབྲས་བུར་ང་ཚོས་ལོངས་སྤྱོད་པ་རེད་མ་གཏོགས། དེ་ལ་ལོངས་སྤྱད་རྒྱུའི་ལས་ཤིག་ང་ཚོའི་རྒྱུད་ལ་མེད་ན་ས་ཡི་གོ་ལ་འདི་ང་ཚོས་བེད་སྤྱོད་བྱེད་མི་ཐུབ། དེས་ན་ང་ཚོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདི་ལོངས་སུ་སྤྱོད་པ་པོ་ཞིག་ཡིན་ཙང་རང་གི་ལས་ཀྱི་ཆ་ཤས་ཀྱི་འབྲས་བུར་གྱུར་པའི་འཇིག་རྟེན་གྱི་ཁམས་འདི་ངེས་པར་དུ་འབུལ་ཆོག་པ་རེད། གཞན་གྱི་ཆ་ཤས་སུ་གྱུར་པ་དེ་ཚོའང་བློ་ཡིས་བླངས་ནས་དཀོན་མཆོག་ལ་འབུལ་ན་ཉེས་པ་མེད། དེས་ན་མཎྜལ་འབུལ་བའི་སྐབས་སུ་འཇིག་རྟེན་གྱི་ཁམས་གཅིག་མིན་པར། བླ་མ་མཆོད་པའི་ཆོ་ག་ལས། བྱེ་བ་ཕྲག་བརྒྱའི་གླིང་བཞི་ལྷུན་པོར་བཅས།། ཞེས་གསུངས་པ་བཞིན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཡོངས་སུ་རྫོགས་པ་འབུལ་བའི་མོས་པ་བྱེད་ན་བསོད་ནམས་ཀྱི་ཚོགས་གསོག་ཚབས་ཆེ།

དེ་ལྟ་བུའི་བྱེ་བ་ཕྲག་བརྒྱའི་གླིང་བཞི་ལྷུན་པོར་བཅས་པའི་མཎྜལ་འབུལ་བའི་སྐབས་སུ་དེའི་མཚོན་བྱེད་ཀྱི་རྒྱུ་ཆ་ལ་རིན་པོ་ཆེའི་རིགས་དང་། ཟངས་དང་ལི་དང་ཤིང་དང་རྡོ་ལ་སོགས་པ་གང་བྱུང་ནའང་འགྲིགས་ཤིང་། དེ་ནི་མཆོད་པའི་ཡ་བྱད་ཡིན་ཙང་རིན་པོ་ཆེའི་རིགས་ལས་གྲུབ་པ་ཡིན་ནའང་མི་འགྲིགས་པ་མེད། ཡིན་ནའང་མཆོད་པའི་ཡོ་བྱད་ལ་བདག་ཏུ་བཟུང་ནས་ངའི་མཎྜལ་འདིའི་རྒྱུ་ཆ་གསེར་དང་དངུལ་ཡིན་ཞེས་བདག་འཛིན་སྐྱེ་བའི་རྒྱུ་བྱེད་ན་དེ་ལས་ཀྱང་མཎྜལ་གྱི་རྒྱུ་ཞན་པ་ཞིག་བྱུང་ན་ལེགས། གང་ལྟར་མཆོད་པའི་ཡོ་བྱད་ལ་རང་གི་སེར་སྣ་སྐྱེ་བ་དང་བདག་ཏུ་བཟུང་བ་ཞིག་མེད་ན་ཡག་གི་རེད། ལྷག་པར་དུ་དགེ་སློང་གིས་རིན་པོ་ཆེ་ལས་གྲུབ་པའི་མཎྜལ་འབུལ་ན་ངེས་པར་དུ་དུས་དྲན་བསྟེན་དགོས་ཤིང། ཆོས་ལྡན་གྱི་བྱ་བ་དང་མཆོད་པའི་ཆེད་དུ་རིན་པོ་ཆེའི་སྣོད་འདི་ལ་རེག་པ་ཡིན་སྙམ་པའི་དུས་དྲན་བསྟེན་དགོས། སྤྱིར་དགེ་སློང་ཚོ་སྔ་དྲོ་བཞེངས་སྐབས་དུས་དྲན་ཞིག་འདོན་ནའང་། དངོས་གནས་དུས་དྲན་ཞེས་པ་དེ་དུས་སོ་སོར་བྱ་བ་ལ་འཇུག་པའི་སྐབས་སུ་སྟོན་པ་ཐུགས་རྗེ་ཅན་གྱི་གནང་བ་ཞུ་དགོས་པ་རེད། དུས་དྲན་ཞེས་པའི་ཚིག་གི་དོན་ཡང་རིན་པོ་ཆེ་ལ་རེག་པའི་དུས་སུ་གནང་བ་དྲན་དགོས་པ་ཡིན་པ་རེད། དེ་ནས་བླ་མ་བརྒྱུད་པ་ཡིན་ན་ཕྲེང་བའི་བཅུ་ཤད་ཀྱང་དངུལ་དང་ཟངས་སོགས་ལས་མིན་པར་ལྕགས་ཀྱིས་བཟོས་པ་བསྣམས་པ་རེད། དེའི་རྒྱུ་མཚན་ནི་རིན་པོ་ཆེ་ལ་རེག་པའི་ལྟུང་བ་མི་འབྱུང་བའི་ཆེད་དུ་རེད། དཔེར་ན་རྒྱུད་སྨད་ལྟ་བུ་ཡིན་ན་ཆབ་བུམ་གྱི་ཁ་གཅོད་ཀྱང་ཤིང་མ་གཏོགས་རག་གིས་མི་བཟོ་ཞིང་། ཆབ་བུམ་གྱི་དངོས་གཞི་དེ་སྣམ་བུས་བཏུམས་པ་ལ་ལག་པས་རེག་ས་མེད་ཀྱང་། ཁ་གཅོད་ལ་ཡང་ཡང་རེག་དགོས་ཙང་རག་གིས་མི་བཟོས་པར་ཤིང་གིས་བཟོ་བ་རེད། དེ་ཡང་རིན་པོ་ཆེ་ལ་རེག་པའི་ལྟུང་བ་མི་འབྱུང་བའི་ཆེད་དུ་ཡིན་ཞེས་གསུང་རྒྱུན་ཡོད། འདུལ་བའི་གཞུང་ཁ་ཤས་ནང་ལྕགས་ཀྱང་རིན་པོ་ཆེའི་གྲས་སུ་བརྩི་བའང་ཡོད། ཡིན་ནའང་མཎྜལ་ལ་སོགས་པ་དང་། དྲིལ་བུ་རྡོ་རྗེ་ལ་སོགས་པ་ཆོས་ལྡན་གྱི་བྱ་བའི་ཆེད་དུ་ངེས་པར་དུ་ལག་པས་རེག་དགོས་ཙང་སྐབས་དེར་སྲེད་ཞེན་མི་འབྱུང་བ་དགོས་པ་གལ་ཆེན་པོ་རེད། མཎྜལ་སྟེང་དུ་འབུལ་རྒྱུ་དེ་མང་ཆེ་བ་འབྲུ་ལ་བྱས་པ་རེད། དེ་ནས་འབྲུ་དང་མཉམ་དུ་རིན་པོ་ཆེའི་རིགས་བསྲེས་པའང་ཡོད། ཡིན་ནའང་རབ་ཏུ་བྱུང་བ་ཚོས་དེ་ལའང་གཟབ་གཟབ་བྱེད་དགོས་པ་ཞིག་རེད།

མཎྜལ་འབུལ་བའི་སྐབས་སུ་ཐོག་མར་ལག་པ་གཡོན་པའི་ནང་དུ་འབྲུ་ཉུང་ཉུང་ཞིག་དང་མཉམ་དུ་མཎྜལ་གྱི་མེ་ལོང་བཟུང་བ་རེད། དེ་ནས་ལག་པ་གཡས་པའི་ནང་དུའང་འབྲུ་ཉུང་ཉུང་ཞིག་བཟུང་སྟེ་མཎྜལ་གྱི་མེ་ལོང་དེའི་ཐོག་ཏུ་འབྲུ་ཁ་ཤས་བླུག་རིམ་བཞིན་ལག་ངར་གྱིས་ཁ་ཕར་བསློགས་ཏེ་ཐེངས་གསུམ་རེ་ཕྱི་བདར་བྱེད་པའི་སྐབས་སུ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་སོང་སྙམ་པ་དང། དེ་བཞིན་འབྲུ་ཁ་ཤས་བླུག་རིམ་བཞིན་ལག་ངར་གྱིས་ཁ་ཚུར་བསློགས་ཏེ་ཐེངས་གསུམ་རེ་ཕྱི་བདར་བྱེད་པའི་སྐབས་སུ་ཚོགས་ཞིང་གི་དཀྱིལ་འཁོར་ལྷ་ཚོགས་ཀྱི་སྐུ་གསུམ་ཐུགས་ཀྱི་བྱིན་རླབས་རང་ལ་འཇུག་སོང་སྙམ་པ་རེད། དེ་ནས་དབང་ཆེན་གསེར་གྱི་ས་གཞི་ཞེས་སོགས་འདོན་དགོས། ཚོམས་བུ་བཀོད་སྟངས་ནི་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ཚོམས་བུ་ཕྱོགས་བཞི་ལ་གླིང་བཞི་བཀོད་པའི་སྐབས་སུ་ཤར་བརྩི་ཚུལ་ནི་ད་ལྟ་མཆོད་པ་འབུལ་བའི་སྐབས་ཡིན་ན་མཆོད་ཡུལ་གྱི་མདུན་ལ་ཤར་བརྩི་དགོས་པར་བརྟེན་རང་གི་མདུན་གྱི་ཕར་ཕྱོགས་དེ་ལ་ཚོམས་བུ་བཀོད་པ་རེད།  དེ་ནས་ལྷོ་ནུབ་བྱང་ཞེས་རིམ་བཞིན་གཡས་སུ་བསྐོར་བ་རེད། ཡིན་ནའང་འོག་ཏུ་དོན་ཆེན་གསུམ་གྱི་གསོལ་འདེབས་ལ་མཎྜལ་འབུལ་བའི་སྐབས་སུ་ཤར་ནི་རང་གི་ངོས་ཀྱི་མདུན་ལ་བརྩི་བ་རེད། དེ་ནས་ལྷོ་ནུབ་བྱང་ཞེས་རིམ་བཞིན་གཡས་སུ་བསྐོར་བ་རེད། མཎྜལ་གྱི་འབྲུ་རྣམས་ལ་བྱུང་ན་དྲི་བཟང་དང་། བ་བྱུང་གིས་བསྒོས་པ་དགོས། འོན་ཀྱང་དེང་སང་བ་བྱུང་ནི་དཀོན་པོ་རེད། དགོན་པ་ཆེ་ཁག་གིས་བ་བྱུང་བཟོ་ཐུབ་ན་ཡག་པོ་རེད། བ་བྱུང་ནི་དཀྱིལ་འཁོར་སོགས་ལ་ངེས་པར་དུ་དགོས་པ་ཞིག་རེད། དེ་ལྟ་བུའི་བ་བྱུང་ཡོད་ན་མཎྜལ་གྱི་དཀྱིལ་འཁོར་ལ་ཟླ་རེའི་མཚམས་སུ་བྱུག་ན་སྲོལ་དང་མཐུན་པ་རེད།

བསོད་ནམས་རླབས་པོ་ཆེ་གསོག་པའི་རྒྱུ་ཡིན་ཙང་མཎྜལ་ཉིན་ལྟར་འབུལ་ཐུབ་ན་ལེགས། དེ་རིང་འདིར་མཎྜལ་གྱི་ཡོ་བྱད་མང་པོ་སྦྱིན་གཏོང་གནང་བ་དེ་རྒྱུན་དུ་འབུལ་བའི་ཉམས་ལེན་ལ་བེད་སྤྱོད་གཏོང་ཐུབ་ན་ཡག་པ་ཡོད་རེད། བཀའ་གདམས་པའི་དགེ་བཤེས་ཆེན་པོ་དགོན་པ་བ་ནི་ཇོ་བོ་ཆེན་པོ་དང་འབྲོམ་ཆེན་པོའི་ཞབས་ཟིན་པའི་གྲས་རེད། ཐེངས་ཤིག་དགོན་པ་བ་ཏིང་ངེ་འཛིན་ལ་འབྱམས་ནས་བདུན་གཅིག་ཙམ་མཎྜལ་འབུལ་རྒྱུ་ལུས་ཏེ་རྡུལ་ཕུང་ངེར་ཡོད་པའི་སྐབས་འབྲོམ་སྟོན་པ་ཕེབས་ཏེ། ཁྱོད་མཎྜལ་མི་འབུལ་བ་ཅི་ཡིན་གསུངས་པར། ཏིང་ངེ་འཛིན་ལ་ཕྲན་བུ་འབྱམས་སོང་ཞེས་ཞུས་པས། འབྲོམ་གྱིས་ཁྱོད་ལས་ཨ་ཏཱི་ཤ་སྒོམ་བཟང་སྟེ་མཎྜལ་ཉིན་རེེར་དུས་གསུམ་དུ་འབུལ་བར་མཛད་ཅེས་བཀའ་བཀྱོན་གནང་བའི་བྱུང་བ་ཡོད། དེས་ན་ང་ཚོ་སྔགས་ཀྱི་དབང་ཐོབ་པ་རྣམས་ཀྱིས་ཐུན་དྲུག་བླ་མའི་རྣལ་འབྱོར་འདོན་པ་རེད། དེའི་ནང་ཉིན་ལན་གསུམ་མཚན་ལན་གསུམ་སྐྱབས་འགྲོ་དང་མཎྜལ་འབུལ་དགོས་སོགས་ཡོད་པར་བརྟེན། རྒྱུན་དུ་མཎྜལ་དེ་མ་ཆག་པར་འབུལ་ཐུབ་པ་བྱེད་དགོས། མཎྜལ་འབུམ་གསོག་མཁན་ཡིན་ན་མཆོད་པའི་མཇུག་ཏུ་མཎྜལ་འབུལ་བའི་སྐབས་སུ་གསོག་པ་དང། སྐབས་དེར་གླིང་བཞི་དང་། རི་རབ། ཉི་ཟླ་བཅས་ཚོམས་བུ་བདུན་མ་ཕུལ་བའི་ཚིག་ནི། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ།། ཞེས་སོགས་ཚིགས་བཅད་གཅིག་པོ་རེ་འདོན་པ་དང་མཎྜལ་ཚར་རེ་བརྩི། སྡིག་པ་བཤགས་པ་ཡིན་ན་མཎྜལ་ཕར་བཤིག་པ་དང་། དངོས་གྲུབ་ཞུ་བ་ན་མཎྜལ་ཚུར་བཤིག་པ་བཅས་ཀྱི་ཕྱག་བཞེས་ཡོད། གཞུང་ཁ་ཤས་ནང་མཎྜལ་ཚོམས་བུ་དགུ་མ་ཡོང་ཞིང་། དཔེར་ན་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་པའི་སྐབས་སུ་མཎྜལ་ཚོམས་བུ་དགུ་མ་འབུལ་བ་རེད། དེ་ནི་གླིང་བཞི་དང་། རི་རབ། ཉི་ཟླ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་བཅས་རེད།

གསུམ་པ་སྡིག་པ་བཤགས་པའི་ཡན་ལག་དེ་རེད། ཆོ་གའི་ནང་། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི།། ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་།། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ།། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།། ཞེས་གསུངས་པ་བཞིན་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བཅས་ཀྱི་དབང་གིས་ལུས་ངག་ཡིད་གསུམ་གྱིས་སྡིག་པ་བྱས་པ་དེ་དག་ཐམས་ཅད་སོ་སོར་བཤགས་པ་རེད། ལར་ནས་སྡིག་པ་ཚབས་ཆེན་ཇི་ཙམ་ཡིན་ནའང་བཤགས་སྡོམ་ཚུལ་བཞིན་དུ་བྱེད་ན་དག་གི་རེད། འོན་ཀྱང་སྡིག་པ་བཤགས་པ་ལ་གཉེན་པོ་སྟོབས་བཞི་ཚང་དགོས་ཤིང་། དེ་ཡང་རྟེན་གྱི་སྟོབས་དང་། རྣམ་པར་སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཅས་རེད། དེ་ལ་དང་པོ་རྟེན་གྱི་སྟོབས་ནི་སྡིག་པ་བཤག་མཁན་གང་ཟག་གི་རྟེན་དེ་ལ་སྐྱབས་འགྲོ་དང་སེམས་བསྐྱེད་ཚད་ལྡན་ཡོད་པ་དེ་རེད། དེ་ཡང་སྡིག་པ་བཤགས་པའི་སྔོན་དུ་སྐྱབས་འགྲོ་དང་སེམས་བསྐྱེད་བྱ་རྒྱུ་དེ་རེད། སྦྱོར་ཆོས་ནང་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་ལ་སོང་ཟིན་པར་བརྟེན་སྟོབས་དེ་ཚང་བ་རེད། གཉིས་པ་རྣམ་པར་སུན་འབྱིན་པའི་སྟོབས་ནི་སོ་སོས་སྔར་བྱས་པའི་སྡིག་པ་ལ་འགྱོོད་པ་ཤུགས་དྲག་བྱས་པ་དེ་རེད། སྡིག་པ་བྱས་པ་ལ་འགྱོད་པ་མེད་ན་དག་རྒྱུ་མེད། བཀའ་གདམས་པའི་བླ་མ་ཚོས་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་པ་ཞེས་གསུངས་ཡོད། གང་ལྟར་སྡིག་པ་རེ་རེ་བཞིན་ངོས་བཟུང་སྟེ་དེ་ལ་འགྱོད་སེམས་བྱེད་རྒྱུ་དེ་རེད། གསུམ་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་གདུང་གིས་མ་འོངས་པར་སྲོག་ལ་བབས་ཀྱང་ནམ་ཡང་བྱེད་རྒྱུ་མིན་པའི་སྡོམ་སེམས་དེ་རེད། གང་ལྟར་སྡོམ་སེམས་བརྟན་པོ་ཞིག་དགོས། བཞི་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་སྡིག་པ་བཤགས་པའི་ཐབས་སུ་སངས་རྒྱས་ཀྱི་མཚན་སྔགས་དང་ཡིག་བརྒྱ་གསོག་པ་དང་། མདོ་ཀློག་པ། ཕྱག་འཚལ་བ་སོགས་རེད། གལ་ཏེ་དེ་བཞི་པོ་ཚང་ན་སྡིག་པ་ཚབས་ཆེན་ཡིན་ནའང་དག་པ་རེད། སྐབས་འདིར་སྡིག་པ་བཤགས་པའི་ཚིག་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི།། ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་།། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ།། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།། ཞེས་གསུངས་པ་བཞིན་འདོད་ཆགས་ཞེ་སྡང་གཏི་མུག་ཅེས་སྡིག་པའི་རྒྱུ་དེ་བསྟན་པ་རེད། ང་ཚོས་མི་དགེ་བ་གསོག་རྒྱུ་དེ་རང་གི་རྒྱུད་ལ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བཅས་དུག་གསུམ་ཡོད་པའི་དབང་གིས་རེད། སྡིག་པ་གསོག་པའི་སྒོ་ནི་ལུས་དང་ངག་དང་ཡིད་བཅས་གསུམ་རེད། དཔེར་ན་མི་དགེ་བ་བཅུ་ལ་མཚོན་ན། ལུས་ཀྱིི་རྣམ་པ་གསུམ་དང་། ངག་གི་རྣམ་པ་བཞི། ཡིད་ཀྱི་རྣམ་པ་གསུམ་པ་བཅས་རེད། དེ་ལྟ་བུའི་སྡིག་པ་དེ་རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་འཇུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རངས་པ་བཅས་དེ་དག་ཐམས་ཅད་སོ་སོར་བཤགས་པ་སྟེ། ལུས་ངག་ཡིད་ཀྱི་སྡིག་པ་རྣམས་ལུས་ངག་ཡིད་གསུམ་སོ་སོའི་དགེ་བའི་སྒོ་ནས་བཤགས་པ་དང་། ཡང་ན་སོ་ཐར་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་སྔགས་ཀྱི་སྡོམ་པ་སོ་སོ་དང་འགལ་བའི་ཉེས་པ་རྣམས་སོ་སོའི་གཞུང་ནས་བྱུང་བ་བཞིན་ཕྱིར་བཅོས་ནས་བཤགས་པ་རེད། དེ་ལྟར་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བརྗོད་པའི་ཚིག་དེ་བརྗོད་ན་བཤགས་པའི་ཡན་ལག་དེ་ཚང་བ་རེད།

བཞི་པ་རྗེས་སུ་ཡི་རངས་པའི་ཡན་ལག་ནི་རང་གི་དགེ་བ་ལ་རྗེས་སུ་ཡི་རངས་པ་དང་། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རངས་པ་གཉིས་ཀ་ལ་བརྗོད། རང་གིས་སྔོན་བསགས་པའི་དགེ་བ་ལ་ངས་དགེ་བ་དེ་དག་བསགས་རྒྱུ་བྱུང་ཞེས་རྗེས་སུ་ཡི་རངས་བསྒོམ་ན་དགེ་བ་མང་དུ་འཕེལ་བ་དང་། དེ་བཞིན་གང་ཟག་གཞན་གྱིས་དགེ་བ་བྱས་པ་རང་གིས་མཐོང་བའམ་ཐོས་པ། ཚོད་དཔག་བྱས་པ་ལ་མི་དེས་དགེ་བ་ཡག་པོ་བསགས་སོང་ཞེས་དེ་ལ་དགའ་པོ་དང་རྗེས་སུ་ཡི་རངས་བྱེད་ན་དགེ་བ་ཧ་ཅང་མང་པོ་འཕེལ་བ་རེད། རྗེས་སུ་ཡི་རངས་ཞེ་ན་དེ་འགྲིགས་སོང་བསམ་པའམ་ཡག་པོ་རེད་ཅེས་པའི་བློ་སྐྱེ་བ་དེ་རེད། དེ་ནི་ལས་སླ་པོ་ཞིག་གི་ཐོག་ནས་དགེ་བ་རླབས་ཆེ་གསོག་ཐུབ། གལ་ཏེ་རང་ལས་རྒྱུད་ཚོད་དམའ་བ་ཞིག་གི་དགེ་བ་ལ་རྗེས་སུ་ཡི་རངས་བྱེད་ན་དེ་ལས་ལྷག་པའི་དགེ་བ་ཐོབ་པ་དང་། རང་དང་མཉམ་པ་ཞིག་གི་དགེ་བ་ལ་རྗེས་སུ་ཡི་རངས་བྱེད་ན་དགེ་བ་མཉམ་པ་ཐོབ་པ། རང་ལས་ལྷག་པའི་གང་ཟག་ཅིག་གི་དགེ་བ་ལ་རྗེས་སུ་ཡི་རངས་བྱེད་ན་དེའི་ཆ་ཤས་ཐོབ་པ་སོགས་མདོའི་ནང་གསུངས་ཡོད། དེར་བརྟེན་གུང་ཐང་བསྟན་པའི་སྒྲོན་མེས། ཉལ་ནས་དགེ་ཆེན་ཞིག་བསྒྲུབ་ན།། རྗེས་སུ་ཡི་རངས་རང་སྒོམས་ཤིག།།ཅེས་ངལ་བ་བྱེད་མི་དགོས་པར་ཉལ་བཞིན་དུ་དགེ་བ་ཆེན་པོ་གསོག་འདོད་ཡོད་ན་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རངས་བསྒོམ་རྒྱུ་དེ་རེད་ཅེས་གསུངས་པ་རེད། འདིར་རྗེས་སུ་ཡི་རངས་ཀྱི་ཚིག་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས།། རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་།། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་།། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རངས།། ཞེས་གསུངས་པ་དེ་བསྡུས་ན། གང་ཟག་ལྔ་ཡི་དགེ་བ་ལ་རྗེས་སུ་ཡི་རངས་པ་ཞེས་བརྗོད། གང་ཟག་ལྔའི་ནང་མ་ཚུད་པ་ཞིག་མེད། དེ་ཡང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་དང་། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད། རང་རྒྱལ་དང་ཉན་ཐོས་སློབ་པ་དང་མི་སློབ་པ་ཐམས་ཅད། སོ་སོ་སྐྱེ་བོ་ཐམས་ཅད་བཅས་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རངས་པ་རེད། གང་ལྟར་དགེ་བ་སྒྲུབ་མཁན་གང་ཟག་ཐམས་ཅད་ཀྱི་དགེ་བ་ལ་རྗེས་སུ་ཡི་རངས་པ་བསྒོམས་པ་རེད། རྗེས་སུ་ཡི་རངས་བསྒོམ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བསྒོམ་མ་ཐུབ་ན་གྱོང་ཆེན་པོ་རེད། དེར་བརྟེན་རྒྱུན་དུ་ང་ཚོས་རྗེས་སུ་ཡི་རངས་བསྒོམ་རྒྱུ་དེ་གོམས་གཤིས་ལ་འཇགས་པར་བྱ་དགོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་བ་ལ་ང་ཚོས་རྗེས་སུ་ཡི་རངས་བསྒོམ་རྒྱུ་རེད། འོན་ཀྱང་རང་གི་དགེ་བ་ལ་རྗེས་སུ་ཡི་རངས་བསྒོམ་རྒྱུ་དེ་དཀོན་པོ་ལྟ་བུ་ཡོད་རེད། རང་མཉམ་གྱི་གང་ཟག་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རངས་བསྒོམ་རྒྱུ་དེ་གོམས་གཤིས་ཡག་པོ་ཞིག་མེད་ན་ཁག་པོ་ཡོད་རེད། དཔེར་ན་མཆོད་འབུལ་བྱེད་མཁན་ཞིག་མཐོང་ན་དངོས་གནས་བྱས་ན་དགའ་བ་སྐྱེ་དགོས་ཀྱང་། དེ་ལས་ལྡོག་སྟེ་མིང་གི་དོན་དུ་རེད་སོགས་བཤད་པ་མང་ཆེ་བ་རེད། དེ་ལྟར་བྱེད་ན་གང་ཟག་གཞན་དེ་ལ་སྐྱོན་ཡོད་མེད་ཇི་ལྟར་ཡང་གྱོང་དེ་རང་ལ་རག་པ་རེད། དེ་ལས་རང་གི་ངོས་ནས་དགེ་བ་དེ་ལ་རྗེས་སུ་ཡི་རངས་བྱེད་ན་སོ་སོ་ལ་དགེ་བ་ཐོབ་པ་རེད། རྒྱུན་དུ་རང་འདྲ་དེ་ཚོས་དགེ་བ་བྱེད་ན་དེ་ལ་ཕྲག་དོག་བྱས་ཏེ་ཁོས་བརྒྱ་མཆོད་འབུལ་ན་ངས་སྟོང་མཆོད་འབུལ་རྒྱུ་ཡིན་སྙམ་པ་བྱེད་ན་རང་གི་དགེ་བ་ཆུད་ཟོས་སུ་འགྲོ་རྒྱུ་རེད། དེས་ན་ལུས་ངག་ཡིད་གསུམ་གྱི་དགེ་བའི་བྱ་བ་བྱེད་མཁན་ཇི་འདྲ་ཞིག་མཐོང་ཡང་དེའི་ཀུན་སློང་ཞུ་དག་གཏོང་རྒྱུ་དེ་ང་ཚོའི་ལས་འགན་མ་རེད། དེ་ལས་རྗེས་སུ་ཡི་རངས་བསྒོམ་ན་དེ་ལ་བརྟེན་པའི་སོ་སོ་ལ་དགེ་བ་ཞིག་འཐོབ་རྒྱུ་རེད།

ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་གསོལ་བ་བཏབ་པའི་ཡན་ལག་ནི། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མེ་དག།།བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས།། མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ།། འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ།། ཞེས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་སྒྲོན་མེ་སངས་རྒྱས་པའི་མཛད་པ་བསྟན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་བ་བཏབ་པ་རེད། འདིའི་ནང་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་རྣམས་ལ་གསོལ་བ་བཏབ་པ་ལྟ་བུ་ཞིག་ཡོད། ཡིན་ནའང་རང་གི་བླ་མ་སོགས་དང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ལ་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་རྒྱུ་དེ་གལ་ཆེན་པོ་རེད། གང་ལགས་ཤེ་ན། སངས་རྒྱས་ཀྱིས་ཆོས་དེ་གསོལ་བ་འདེབས་མཁན་མེད་ན་དྭང་བླངས་གིས་མི་གསུངས་པ་རེད། གལ་ཏེ་ཉན་པ་པོའི་འདོད་པ་མེད་ན་ཆོས་ཁྱབ་སྤེལ་ཆེད་དུ་བཤད་རྒྱུ་དེ་ནང་པའི་ཆོས་ཀྱི་ལམ་སྲོལ་དུ་མེད། དེར་བརྟེན་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་རྗེས་བདུན་ཕྲག་བདུན་གྱི་རིང་ཆོས་མ་གསུངས་པར་བཞུགས་པ་དང་། སྐབས་དེར་ལྷ་ཡི་དབང་པོ་བརྒྱ་བྱིན་དང་འཇིག་རྟེན་གྱི་བདག་པོ་ཚངས་པ་ལ་སོགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པར་བརྟེན་གཞི་ནས་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད། སྤྱིར་རབ་ཏུ་བྱུང་བ་ལའང་མ་གསོལ་བ་ནི་མི་བྱའོ་ཞེས་གསོལ་བ་མ་བཏབ་པར་ཆོས་མི་བཤད་པ་རེད། གང་ལྟར་གསོལ་བ་མ་བཏབ་པར་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་དེ་སྤྱིར་བཏང་གི་འགྲོ་སྟངས་རེད། ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་བ་བཏབ་པའི་ཚིག་དེ་འདོན་པའི་སྐབས་སུ་མཎྜལ་ཚོམས་བུ་བདུན་པ་ཞིག་བཀོད་དེ་དེའི་སྟེང་འཁོར་ལོ་དང་དུང་གཡས་འཁྱིལ་ཞིག་ཡོད་བསམ་པ་དང་། དེ་དག་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་བ་འདེབས་དགོས།

དྲུག་པ་མྱ་ངན་ལས་མི་འདའ་བའི་གསོལ་བ་བཏབ་པའི་ཡན་ལག་ནི། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ།། འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར།། བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་།། བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི།། ཞེས་པས་སངས་རྒྱས་མྱ་ངན་ལས་འདའ་ཚུལ་སྟོན་པར་བཞེད་པ་ཚོ་ལའང་འགྲོ་བ་ཀུན་ལ་ཕན་བདེ་བསྒྲུབ་པའི་ཕྱིར་དུ་བསྐལ་པ་རྡུལ་སྙེད་ཀྱི་བར་དུ་བཞུགས་སུ་གསོལ་ཞེས་བདག་གིས་ཐལ་མོ་གཉིས་རབ་ཏུ་སྦྱར་ནས་གསོལ་བ་བཏབ་པ་རེད། དེ་ནས་མྱ་ངན་ལས་མི་འདའ་བའི་གསོལ་བ་བཏབ་པའི་ཚིག་དེ་འདོན་པའི་སྐབས་སུ་མཎྜལ་ཚོམས་བུ་དགུ་མ་ཞིག་བཀོད་དེ་དེའི་སྟེང་དུ་རྡོ་རྗེའི་ཁྲི་ཞིག་ཡོད་བསམ་པ་དང་། དེ་དག་ཕུལ་ནས་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་དགོས། དེ་བཞིན་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་རྣམས་ལ་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་རྒྱུའང་གལ་ཆེན་པོ་རེད། ཀུན་དགའ་བོས་སངས་རྒྱས་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་ལ་མྱ་ངན་ལས་མི་འདའ་བའི་གསོལ་བ་དུས་སུ་བཏབ་མ་ཐུབ་པའི་དབང་གིས་དགུང་གྲངས་གྱ་གཅིག་ལ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་རེད། སྐབས་དེར་གསོལ་བ་བཏབ་ཐུབ་ཡོད་ན་ད་དུང་དགུང་གྲངས་མང་པོ་བཞུགས་པའི་རེ་བ་ཡོད་རེད། དེས་ན་རང་གི་བླ་མ་ཞལ་བཞུགས་པ་ཚོ་ལའང་རྒྱུན་དུ་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་རྒྱུ་དང་། དེ་བཞིན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཀྱིས་མཆོག་གི་སྤྲུལ་སྐུ་དང་། སྐྱེ་བ་སྤྲུལ་སྐུ། བཟོའི་སྤྲུལ་སྐུ་ལ་སོགས་པའི་མཛད་པ་བསྟན་པ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་རྒྱུ་དེ་གལ་ཆེན་པོ་རེད།

བདུན་པ་བསྔོ་བའི་ཡན་ལག་ནི་དགེ་བ་གང་བསགས་ཀྱང་བསྔོ་བས་རྒྱས་མ་བཏབ་ན་དགེ་བ་ཉམས་པ་རེད། གང་ལྟར་ཁོང་ཁྲོ་ལ་སོགས་པས་དགེ་བ་དེ་དག་བཅོམ་པ་རེད། གལ་ཏེ་དགེ་བ་དེ་བྱང་ཆུབ་ལ་བསྔོ་ན་ཁོང་ཁྲོས་བཅོམ་ནའང་མི་ཟད་པ་རེད། ད་དུང་འཁོར་གསུམ་རྣམ་པར་དག་པས་རྒྱས་བཏབ་ན་ཁོང་ཁྲོ་སོགས་ཀྱིས་བཅོམ་མི་ཐུབ་པ་རེད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།། རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡིས།། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ།། ཞེས་པས་གོང་དུ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རངས་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བ། མྱ་ངན་ལས་མི་འདའ་བའི་གསོལ་བ་བཏབ་པ་ལ་སོགས་པ་ལ་བརྟེན་ནས་བྱུང་བའི་དགེ་བ་ཆེ་ཆུང་གང་བསགས་པ་དེ་དག་ཐམས་ཅད་ཚེ་འདིའི་བདེ་སྐྱིད་དང་། སྐྱེ་བ་ཕྱི་མའི་མངོན་མཐོ་དང་ཐར་པའི་གོ་འཕང་ཆེད་དུ་མིན་པར། སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་བསྔོ་རྒྱུ་ཡིན་ཞེས་པ་རེད། བསྔོ་བ་ཞེ་ན་དོན་དེའི་ཆེད་དུ་དམིགས་ཀྱིས་བཀར་ནས་བཞག་པ་ལ་ཟེར། དེ་ཡན་གྱིས་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་དེ་སོང་བ་རེད།

 

སྦྱོར་བའི་ཆོས་དྲུག་པ་གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་སུ་བྱ་བ།

སྦྱོར་བའི་ཆོས་དྲུག་པ་གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་སུ་བྱ་བ་དེ་རེད། ཐོག་མར་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་བཏབ་ནས་གསོལ་བ་བཏབ་པའི་རིམ་པ་གཞན་རྣམས་ཡོང་རྒྱུ་རེད། དེ་ཡང་དོན་ཆེན་པོ་གསུམ་གྱི་གསོལ་བ་བཏབ་པའི་སྔོན་དུ་མཎྜལ་རྒྱས་པ་དེ་ཤར་རང་གི་ངོས་སུ་བརྩིས་ནས་ཕུལ་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། ཞེས་ཚོགས་ཞིང་ཡོངས་སུ་རྫོགས་པ་ལ་ཕྱག་འཚལ་ནས་སྐྱབས་སུ་མཆི་བ་དང་། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རྒྱུད་བྱིན་གྱིས་བརླབ་ཅེས་པ་ནི་རང་གི་རྒྱུད་ལ་རང་ཉིད་ཀྱི་དགེ་བའི་རྩ་བ་ཡོད་པ་དེ་དག་སྨིན་པར་བྱེད་པའི་ཐབས་བསྟན་པ་ལ་ཟེར། དེ་མིན་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་ང་ཚོ་ལ་སྤོ་རྒྱུ་གང་ཡང་མེད། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཞེས་གསུངས་པ་བཞིན་རེད། གང་ལྟར་རང་རྒྱུད་ལ་ཡོད་པའི་དགེ་བའི་ནུས་པ་རྣམས་སྨིན་པར་བྱེད་པའི་ཐབས་བཙལ་བ་ལ་བྱིན་གྱིས་བརླབ་ཏུ་གསོལ་བ་རེད། དེ་ནས་གསོལ་བ་གང་འདེབས་པ་རེད་ཅེ་ན། བདག་དང་མ་སེམས་ཅན་ཐམས་ཅད་བཤེས་གཉེན་ལ་མ་གུས་པ་ནས་བཟུང་སྟེ་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པ་དང་། བཤེས་གཉེན་ལ་གུས་པ་སོགས་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་བདེ་བླག་ཏུ་སྐྱེ་བ་དང་། རྐྱེན་ཕྱི་ནང་གི་བར་གཅོད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རང་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བཤེས་གཉེན་ལ་མ་གུས་པ་ནས་བཟུང་སྟེ་གང་ཟག་གི་བདག་དང་ཆོས་ཀྱི་བདག་ལ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་དེ་དག་ཐམས་ཅད་འགག་པར་བྱིན་གྱིས་བརླབ་ཏུ་གསོལ་བ་དང་། དེ་བཞིན་བཤེས་གཉེན་ལ་གུས་པ་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་དེ་དག་ཐམས་ཅད་བདེ་བླག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་བ། དེ་ནས་ཕྱིའི་བར་གཅོད་ནད་ན་ཚ་ལ་སོགས་པ་དང་། ནང་གི་བར་གཅོད་ཉོན་མོངས་རགས་པ་སྐྱེ་བ་དང་བསམ་བློ་གསལ་པོ་མེད་པ་སོགས་ཆོས་སྒྲུབ་པའི་འགལ་རྐྱེན་དང་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་བ་རེད། དེ་ལྟ་བུའི་དོན་ཆེན་པོ་གསུམ་ནང་མ་འདུས་པའི་ཆོས་སྒྲུབ་པ་པོ་ལ་བྱ་བ་གཞན་གང་ཡང་མེད། མདོར་ན་བཤེས་གཉེན་ལ་མ་གུས་པ་ནས་བཟུང་སྟེ་སྟོང་ཉིད་རྟོགས་པའི་འགལ་ཟླའི་བར་གྱི་བློ་ངན་པ་རྣམས་འགག་པ་དང་། བློ་བཟང་པོ་རྣམས་སྐྱེ་བ། དེ་ལ་བར་ཆད་མི་ཡོང་བ་བཅས་ནི་སྐབས་འདིར་གསོལ་བ་འདེབས་པའི་དོན་གཙོ་བོ་རྣམས་རེད། དེ་རྗེས་གསོལ་འདེབས་ཚིག་རེ་རེ་བཞིན་ཡོང་རུང་། གང་ལྟར་རང་གི་རྒྱུད་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཉམས་རྟོགས་རྣམས་ཡག་པོ་སྐྱེ་བར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་པ་བཏབ་པ་རེད། དེ་ནས་ཚོགས་ཞིང་དུ་བསྒོམས་པའི་བླ་མ་སྡེ་ལྔ་ལ་དམིགས་ཀྱིས་བཀར་ནས་རེ་རེ་མཚན་ནས་སྨོས་ཏེ་གསོལ་བ་གདབ་རྒྱུ་དེ་རེད། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྤྱི་བོར་པད་ཟླའི་སྟེང་བཞུགས་ལ།། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། ཞེས་པས་ཚོགས་ཞིང་གི་གཙོ་བོ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་སྐུ་ནས་རང་འདྲ་གཉིས་པ་ཞིག་མཆེད་པ་དེ་རང་གི་སྤྱི་གཙུག་ལ་རང་དང་ཞལ་བསྟན་ཕྱོགས་གཅིག་པ་བཞུགས་པ་དེ་ལ་བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་སུ་བཟུང་སྟེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ་བ་རེད། སྐུ་དེའི་ཆེ་ཆུང་སོར་བཞི་ཙམ་སོགས་རང་བློར་གང་བདེ་བྱ་རྒྱུ་རེད། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ་ཞེས་པ་དེ་ཐེངས་གཉིས་འདོན་དགོས་ཤིང་། དང་པོའི་སྐབས་སུ་རང་གི་སྤྱི་བོར་བཞུགས་པའི་བླ་མའི་སྐུ་དེ་ལས་བདུད་རྩིའི་རྒྱུན་བབས་ནས་རང་གི་ལུས་ཐམས་ཅད་གང་བར་བྱས་སོང་སྙམ་པ་དང་། གཉིས་པའི་སྐབས་སུ་སྤྱི་བོར་བཞུགས་པའི་བླ་མ་དེ་རྩ་དབུས་མའི་བུ་ག་ནས་ཕྱིན་ནས་སྙིང་གར་ཞུགས་སོང་སྙམ་པ་རེད། མདོར་ན་དང་པོས་བདུད་རྩི་འབེབས་སྦྱང་དང་། གཉིས་པས་རང་ལ་ཞུགས་པ་རེད། དེ་ནས། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས།། རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན།། རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས།། སངས་རྒྱས་བྱང་སེམས་གསུམ་ལ་གསོལ་བ་འདེབས།། འཛམ་གླིང་མཁས་པའི་གཙུག་རྒྱན་དབྱིག་གི་གཉེན།། དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲོལ་སྡེ།། དད་པའི་སར་གནས་བཙུན་པ་རྣམ་གྲོལ་སྡེ།། འཇིག་རྟེན་མིག་འབྱེད་གསུམ་ལ་གསོལ་བ་འདེབས།། རྨད་བྱུང་ངོ་མཚར་གནས་གྱུར་མཆོག་གི་སྡེ།། ཟབ་མོའི་ལམ་གྱིས་རྒྱུད་སྦྱངས་དུལ་བའི་སྡེ།། རླབས་ཆེན་སྤྱོད་པའི་གཏེར་གྱུར་རྣམ་སྣང་མཛད།། འགྲོ་བའི་རྩ་ལག་གསུམ་ལ་གསོལ་བ་འདེབས།། ལམ་མཆོག་ཤེར་ཕྱིན་རྒྱས་མཛད་སེང་བཟང་ཞབས།། རྒྱལ་བའི་མན་ངག་ཀུན་འཛིན་ཀུ་སཱ་ལི།། འགྲོ་ཀུན་བརྩེ་བས་རྗེས་འཛིན་དགེ་བ་ཅན།། འགྲོ་བའི་དེད་དཔོན་གསུམ་ལ་གསོལ་བ་འདེབས།། བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་གླིང་པ།། ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད།། ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ།། བསྟན་པའི་སྲོག་ཤིང་གསུམ་ལ་གསོལ་བ་འདེབས།། ཞེས་སོགས་ཀྱིས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་དང་། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག།།རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས།། ཟམ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས།། སྨྲ་བའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས།། འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས།། དེ་སྲས་ཐུ་བོ་རིགས་པའི་ཁུ་བྱུག་ཆེ།། རྒྱལ་སྲས་རིགས་པའི་ཁུ་བྱུག་གཉིས་པའི་ཞབས།། རིགས་པའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས།། རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་པ་ཡིས།། ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད།། ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ།། འཛམ་གླིང་རྒྱན་གྱུར་གཉིས་ལ་གསོལ་བ་འདེབས།། ཞེས་སོགས་ཀྱིས་ཟམ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བ།། ཟབ་མོའི་ཏིང་འཛིན་བརྟེན་པའི་སྣེའུ་ཟུར་པ།། འདུལ་བའི་སྡེ་སྣོད་ཀུན་འཛིན་ཐག་མ་པ།། འཐའ་འཁོབ་སྒྲོན་མེ་གསུམ་ལ་གསོལ་བ་འདེབས།། བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་སེང་ཞབས།། དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པོ་དང་།། འཇིག་རྟེན་ཆོས་བརྒྱུད་སྤངས་པའི་སེང་གེ་བཟང་།། རྒྱལ་སྲས་བཟང་པོའི་ཞབས་ལ་གསོལ་བ་འདེབས།། བྱང་ཆུབ་ཐུགས་ཀྱིས་འགྲོ་ཀུན་བུ་བཞིན་གཟིགས།། ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས།། སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག།།ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།། ཞེས་སོགས་ཀྱིས་བཀའ་གདམས་ལམ་རིམ་པའི་བླ་བརྒྱུད་རྣམས། རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ།། རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ།། བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཁ་བ།། འགྲོ་བའི་རེ་སྐོང་གསུམ་ལ་གསོལ་བ་འདེབས།། ལུང་རྟོགས་མངའ་བདག་བྱང་སེམས་སྤྱིལ་བུ་པ།། དྲི་མེད་ལུང་གི་དབང་ཕྱུག་མཁས་པའི་མཆོག།།ཁམས་གསུམ་འགྲོ་བའི་མགོན་པོ་རིན་པོ་ཆེ།། གནས་བརྟན་ཆེན་པོ་གསུམ་ལ་གསོལ་བ་འདེབས།། རྣམ་དག་ཚུལ་ཁྲིམས་ངད་ལྡང་ཟངས་ཆེན་པ།། འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ།། ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲྭ་པ།། འགྲོ་བའི་འདྲེན་པ་གསུམ་ལ་གསོལ་བ་འདེབས།། ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པས།། སྐལ་ལྡན་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར།། འཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཞེས་སོགས་ཀྱིས་བཀའ་གདམས་གཞུང་པ་བའི་བླ་བརྒྱུད་རྣམས། གྲུབ་པའི་དབང་ཕྱུག་ཆེན་པོ་ཚུལ་ཁྲིམས་འབར།། བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད།། ཐེག་མཆོག་ལམ་གྱིས་རྒྱུད་སྦྱངས་སྒྱེར་སྒོམ་ཞབས།། རྒྱལ་བའི་སྲས་པོ་གསུམ་ལ་གསོལ་བ་འདེབས།། རྨད་བྱུང་ཡོན་ཏན་མཛོད་འཛིན་སངས་རྒྱས་དབོན།། དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པོ་དང་།། འཇིག་རྟེན་ཆོས་བརྒྱད་སྤངས་པའི་སེང་གེ་བཟང་།། རྒྱལ་སྲས་བཟང་པོའི་ཞབས་ལ་གསོལ་བ་འདེབས།། བྱང་ཆུབ་ཐུགས་ཀྱིས་འགྲོ་ཀུན་བུ་བཞིན་གཟིགས།། ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས།། སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག།།ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།། ཞེས་སོགས་ཀྱིས་བཀའ་གདམས་མན་ངག་པའི་བླ་བརྒྱུད་རྣམས། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ།། གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དང་།། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ།། སྙན་བརྒྱུད་གདམས་པའི་མཛོད་འཛིན་བ་སོ་རྗེ།། ཟླ་མེད་བླ་མ་གསུམ་ལ་གསོལ་བ་འདེབས།། ཟུང་འཇུག་སྐུ་བརྙེས་ཆོས་ཀྱི་རྡོ་རྗེ་དང་།། སྐུ་གསུམ་མངོན་གྱུར་རྒྱལ་བ་དབེན་ས་པ།། ལུང་རྟོགས་མངའ་བདག་སངས་རྒྱས་ཡེ་ཤེས་ཞབས།། མཁས་གྲུབ་ཆེན་པོ་གསུམ་ལ་གསོལ་བ་འདེབས།། བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ།། དེ་ཡི་ཐུགས་སྲས་དཀོན་མཆོག་རྒྱལ་མཚན་ཞབས།། ལམ་བཟང་གསལ་མཛད་བློ་བཟང་ཡེ་ཤེས་ཏེ།། རྗེ་བཙུན་བླ་མ་གསུམ་ལ་གསོལ་བ་འདེབས།། ཐུབ་བསྟན་སྤེལ་མཛད་ངག་དབང་བྱམས་པ་དང།། དེ་ཡི་ཐུགས་སྲས་བློ་བཟང་སྙན་གྲགས་ཞབས།། རྒྱ་མཚོ་ལྟ་བུའི་ཡོན་ཏན་མཐའ་ཡས་མངའ།། དྲིན་ཅན་བླ་མ་གསུམ་ལ་གསོལ་བ་འདེབས།། བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་རྗེ།། བློ་གྲོས་བཟང་པོས་འགྲོ་ཀུན་རྣམ་གྲོལ་མཛད།། བློ་བཟང་རྒྱལ་བའི་ཆོས་ཚུལ་སྦྱིན་མཁས་པ།། མཚུངས་མེད་བླ་མ་གསུམ་ལ་གསོལ་བ་འདེབས།། བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན།། བཤད་སྒྲུབ་གཉིས་ཀྱིས་འཛིན་ལ་ཟླ་བྲལ་བ།། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ།། སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས།། མང་ཐོས་གདམས་པར་ཤར་བའི་དཀྱིལ་འཁོར་རྒྱས།། རིམ་གཉིས་སྤྱོད་པའི་རི་དྭགས་གཟུགས་བརྙན་གསལ།། སྐལ་བཟང་གདུལ་བྱའི་མུན་སེལ་ཀུན་དའི་གཉེན།། བསྟན་འཛིན་མཁས་གྲུབ་ཞབས་ལ་གསོལ་བ་འདེབས།། དུས་གསུམ་སྐྱབས་གནས་མ་ལུས་འདུས་པའི་སྐུ།། བློ་བཟང་འཇམ་དཔལ་ལེགས་བཤད་སྒྲོགས་མཁས་གསུང།། བསླབ་གསུམ་རྒྱུ་འབྲས་ལྷུན་གྲུབ་རྒྱ་མཚོའི་ཐུགས།། དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས།། བྱམས་པ་ཚུལ་ལྡན་ལ་སོགས་འཕགས་ནོར་གྱིས།། ཐུགས་རྒྱུད་ལེགས་གཏམས་རྒྱལ་བསྟན་འཛིན་པའི་གཙོ།། རྣམ་བཞིའི་འཕྲིན་ལས་རྒྱ་མཚོའི་གོས་ཅན་ཁྱོན།། ཡོངས་ཁྱབ་རྗེ་བཙུན་བླ་མར་གསོལ་བ་འདེབས།། ཐུབ་པའི་བསྟན་ལ་ཐུབ་དབང་གཉིས་པ་བཞིན།། ལུང་རྟོགས་དམ་ཆོས་འཛིན་ལ་ཟླ་བྲལ་བ།། རྣམ་པར་རྒྱལ་བའི་འཕྲིན་ལས་ས་གསུམ་ལ།། དབང་བསྒྱུར་རྗེ་བཙུན་བླ་མར་གསོལ་བ་འདེབས།། བློ་བཟང་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི།། གཅིག་བསྡུས་དྲི་མེད་རྒྱལ་བསྟན་འཛིན་པའི་གཙོ།། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་མགོན།། དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས།། འཇམ་དཔལ་རྡོ་རྗེའི་ངག་ལ་དབང་འབྱོར་ཞིང་།། བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིས་གཏམས།། བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན།། འཕགས་མཆོག་ཕྱག་ན་པདྨོར་གསོལ་བ་འདེབས།། བློ་བཟང་བསྐལ་ཆེན་རྣམ་འདྲེན་བཞི་པའི་བསྟན།། འཛིན་སྐྱོང་དཔལ་ལ་ཆོས་ཚུལ་དྲི་མེད་ཀྱི།། རིང་ལུགས་རྣམ་པར་རྒྱལ་བའི་དགེ་མཚན་ཆེ།། སྒྲེང་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས།། རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག།། སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག།།བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས།། གསལ་མཛད་བཤེས་གཉེན་རྣམས་ལ་གསོལ་བ་འདེབས།། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།། བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཅེས་སོགས་ཀྱིས་དགེ་ལྡན་བླ་བརྒྱུད་རྣམས་ལ་གསོལ་བ་འདེབས་པ་རེད། ཚིགས་བཅད་ཐམས་ཅད་ཀྱི་ཚིགས་རྐང་མཐའ་མ་གསོལ་བ་འདེབས་ཞེས་པའི་ཚིགས་རྐང་གཅིག་པོ་དེ་མན་ངག་ནས་བྱུང་བ་བཞིན་ཐེངས་གཉིས་འདོན་དགོས། དེ་ལྟར་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད། བཀའ་གདམས་བརྒྱུད་གསུམ་གྱི་བླ་མ་ནས་རང་གི་རྩ་བའི་བླ་མའི་བར་དུ་རེ་རེ་བཞིན་འདོན་པ་ན་གསོལ་འདེབས་དང་པོའི་སྐབས་སུ་ཚོགས་ཞིང་དུ་བསྒོམས་པའི་བླ་མ་དེ་ལས་རང་འདྲ་གཉིས་པ་ཞིག་མཆེད་ནས་རང་གི་སྤྱི་གཙུག་ཏུ་བཞུགས་པ་དང་། གསོལ་འདེབས་གཉིས་པའི་སྐབས་སུ་བླ་མ་དེ་རང་གི་སྙིང་གར་ཐིམས་པའི་མོས་པ་གནང་དགོས། དེ་ཡན་གྱིས་གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་འདྲེས་ངེས་སུ་བྱ་བ་ཞེས་པ་དེ་བསྟན་པ་རེད།

དེ་ལྟར་གསོལ་བ་བཏབ་པའི་རྗེས་སུ་ལམ་རིམ་སྒོམ་མཁན་ཡིན་ནའང་རེད། བསྐྱེད་རྫོགས་སྒོམ་མཁན་ཡིན་ནའང་རེད། སྐབས་འདིར་བསྒོམ་རྒྱུ་རེད། དེ་མིན་ཡོན་ཏན་གཞིར་གྱུར་མ་ཆ་ཚང་ཞིག་བཏོན་ནས་དེའི་ནང་བཤེས་གཉེན་བསྟེན་ཚུལ་ནས་མི་སློབ་པའི་ཟུང་འཇུག་གི་བར་གྱི་ལམ་གྱི་རིམ་པ་ཆ་ཚང་བ་གསལ་ཡོད་པ་དེའི་ཐོག་ནས་ལམ་ཡོངས་རྫོགས་ལ་ཤར་སྒོམ་མདོར་བསྡུས་ཤིག་བྱ་དགོས། དེ་ཡང་། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ།། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།། ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས།། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས།། ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།། ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས།། ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ།། རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།། ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན།། མྱུར་དུ་འཇིག་པས་འཆི་བ་དྲན་པ་དང་།། ཤེི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན།། དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ།། ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས།། ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང་།། དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ།། རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས།། ཞེས་པས་སྐྱེས་བུ་ཆུང་དང་ཐུན་མོང་བའི་ལམ་གྱི་རིམ་པ་བསྟན་པ་དང་། སྤྱད་པའི་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ།། ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི།། ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ།། དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས།། རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི།། དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས།། བསྟན་པའི་རྩ་བ་སོ་སོར་ཐར་པ་ལ།། སྒྲུབ་པ་སྙིང་པོ་བྱེད་པར་བྱིན་གྱིས་རློབས།། ཞེས་པས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་བསྟན་པ། རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ།། མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།། མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི།། བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས།། སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ།། གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར།། ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ།། བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས།། ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང་།། ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡི།། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ།། མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ཞེས་པས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་བསྟན་པ། ཐུན་མོང་ལམ་གྱིས་སྣོད་སྦྱངས་སྣོད་དུ་གྱུར་པ་ན།། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག།།སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར།། བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས།། དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི།། རྣམ་དག་དམ་ཚིག་སྡོམ་པ་སྲུང་བ་ལ།། བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས།། སྲོག་དང་བསྡོས་ཏེ་བསྲུང་བར་བྱིན་གྱིས་རློབས།། དེ་ན་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི། གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།། ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར།། དམ་པའི་གསུང་བཞིན་བསྒྲུབ་པར་བྱིན་གྱིས་རློབས།། ཞེས་པས་གསང་སྔགས་རྡོ་རྗེ་ཐེག་པ་ལ་སློབ་ཚུལ་བསྟན་པ། དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང་།། ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང་།། ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས།། ཉེ་བར་ཞི་ནས་བྱིན་གྱིས་བརླབ་ཏུ་གསོལ།། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།།ཅེས་བསྒོམས་པའི་རྗེས་སུ་ཚོགས་ཞིང་བསྡུ་དགོས།

(ཡོན་ཏན་གཞིར་གྱུར་མའི་བཀའ་ཁྲིད་གཟིགས་འདོད་ན་འབྲས་སྤུངས་བློ་གླིང་ཕུ་ཁང་ཁང་ཚན་དུ་གནང་བ་དེ་ཡིག་ཕབ་ཀྱིས་དེབ་ཕྲེང་དགུ་པ་འདིའི་ནང་ཟུར་དུ་བཀོད་ཡོད།)

དེ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྤྱི་བོའི་པད་ཟླའི་གདན་བཞུགས་ལ།། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། ཞེས་བརྗོད་སྐབས་ཚོགས་ཞིང་གི་མཐའ་ནས་རིམ་བཞིན་ཡར་བསྡུས་པ་དང། བླ་མ་རྣམས་མར་བསྡུས་ནས་ཚང་མ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ལ་ཐིམས་པ་དེ་རང་གི་སྤྱི་གཙུག་ལ་བཞུགས་པར་གསོལ་ནས། ཕུན་ཚོགས་བྱེ་བས་དགེ་ལེགས་བསྐྲུན་པའི་སྐུ།། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།། མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།། ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ།། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།། སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ།། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།། སྐྱབས་གནས་ཀུན་འདུས་ཁྱོད་ལ་ཕྱག་འཚལ་ལོ།། དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ།། ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས།། སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རངས།། འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས།། འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ་།། གླིང་བཞི་རི་རབ་ཉི་ཟླ་རིན་ཆེན་བདུན།། རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་ཚོགས།། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ།། ཐུགས་རྗེས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་མདོར་བསྡུས་ཤིག་ཕུལ་ཏེ། སྐུ་བཞིའི་བདག་ཉིད་བླ་མ་ལྷག་པའི་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། སྒྲིབ་བྲལ་ཆོས་སྐུའི་བདག་ཉིད་བླ་མ་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། བདེ་ཆེན་ལོངས་སྐུའི་བདག་ཉིད་བླ་མ་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། སྣ་ཚོགས་སྤྲུལ་སྐུའི་བདག་ཉིད་བླ་མ་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། བླ་མ་ཀུན་འདུས་བླ་མ་ལྷག་པའི་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། ཡི་དམ་ཀུན་འདུས་བླ་མ་ལྷག་པའི་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། སངས་རྒྱས་ཀུན་འདུས་བླ་མ་ལྷག་པའི་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། དམ་ཆོས་ཀུན་འདུས་བླ་མ་ལྷག་པའི་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། དགེ་འདུན་ཀུན་འདུས་བླ་མ་ལྷག་པའི་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། མཁའ་འགྲོ་ཀུན་འདུས་བླ་མ་ལྷག་པའི་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། ཆོས་སྐྱོང་ཀུན་འདུས་བླ་མ་ལྷག་པའི་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ།། ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། ཞེས་ཕུར་ཚུགས་གསོལ་འདེབས་བྱ་བ་དང་། དེ་ནས་རང་གི་སྤྱི་གཙུག་ལ་བཞུགས་པའི་བླ་མ་དེ་རྩ་དབུ་མ་བརྒྱུད་ནས་སྙིང་གའི་དྷཱུ་ཏཱིའི་དབུས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་དང་ངོ་བོ་དབྱེར་མེད་དུ་གྱུར་སོང་སྙམ་དགོས། དེ་ཡན་གྱིས་སྦྱོར་བའི་ཆོས་དྲུག་པོ་ས་བཅད་མ་སྟོང་ཙམ་ཕུལ་ཟིན་པའི་ཁུལ་ཡིན།

ས་གནས་འདིའི་སྒྲོལ་མའི་ལྷ་ཁང་གི་གནས་ཁྱད་པར་ཅན་ལ་དུས་ཚོད་ཁྱད་པར་ཅན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དང་། དེ་བཞིན་བྲམ་ཟེའི་ལུགས་སུ་ཧོལཱི་ཞེས་པའི་དུས་ཚོད་ཁྱད་པར་ཅན་འདི་ལ་མོན་ཡུལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གིས་མཐུན་རྐྱེན་སྦྱར་ནས་ང་ཚོས་སྦྱོར་ཆོས་འཆད་ཉན་གྱི་གོ་སྐབས་བྱུང་བ་རེད། ཐོག་མ་ནས་ཚོད་དཔག་བྱ་རྒྱུ་ཕྲན་བུ་ནོར་བ་ལྟ་བུ་བྱུང་འདུག  སྐབས་དེར་སྐད་སྒྱུར་ཡོད་པའི་སྣང་བ་དེ་མ་ཤར་བ་ཡིན་ཙང་ཉིན་གྲངས་ལྔའི་ནང་ཚར་བའི་བསམ་བློ་བཏང་བ་རེད། མོན་སྐད་ཀྱི་སྐད་སྒྱུར་ཡོད་ཙང་ཉིན་གྲངས་གཉིས་དང་ཕྱེད་ཙམ་ལས་མ་བྱུང་བ་རེད། དེས་ན་འཆད་ཉན་ཞིབ་ཚགས་པོ་མ་བྱུང་རུང་། གལ་ཆེ་བའི་ས་བཅད་རྣམས་མ་སྟོང་ཙམ་བཤད་ཐུབ་པ་དེ་དུས་ཚོད་མཐའ་མ་འདི་ལྟ་བུ་ལ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པ་ལ་ཕྲན་བུ་ཐུགས་ཕན་གསོས་པ་དང་། དེ་བཞིན་སྦྱོར་ཆོས་རྒྱུན་དུ་ཞལ་འདོན་གནང་མཁན་དང་ཉམས་ལེན་བྱེད་མཁན་ཡོད་ན་ཁྲིད་རྒྱུན་དེས་ཕྲན་བུ་བྱིན་རླབས་ཀྱི་རྒྱུན་འཇུག་པའི་ཕན་ཐོགས་ཡོང་གི་རེད་སྙམ་ནས་སྐལ་བ་བཟང་པོ་བྱུང་། ད་རེས་ང་འདིར་བཅར་རྒྱུ་དང་། ཆོས་འཆད་ཉན་གྱི་གོ་སྒྲིག་ལ་མངའ་སྡེ་གཞུང་གིས་མཐུན་འགྱུར་ཡག་པོ་གནང་འདུག  ཉེ་སྔོན་འདིར་ཡོང་སྐབས་གུཝཱཧཱཊཱིའི་གནམ་ཐང་དུ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་མཇལ་སོང་། ཁོང་གིས་ད་རེས་འདིར་ཡོང་རྒྱུ་བྱས་པ་དེ་ཡག་པོ་བྱུང་འདུག་ཅེས་གསུང་གི་འདུག དེ་ནས་ས་གནས་ཀྱི་སྤྱི་འཐུས་རྣམ་པ་དང་། རྫོང་གི་ལས་བྱེད་རྣམ་པ་ལའང་འདིར་མཐུན་འགྱུར་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ངས་མོན་སྐད་མ་ཤེས་ཙང་ས་གནས་ཀྱི་མང་ཚོགས་ལ་གོ་བརྡ་འཕྲོད་པོ་ཡོང་ཆེད་གསུང་སྒྱུར་བཙུགས་འདུག་པས་གོ་བརྡ་འཕྲོད་ངེས་བྱུང་བའི་རེ་བ་ཡོད། ཚང་མ་ལ་ཡི་རངས་བསྔགས་བརྗོད་ཡོད། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་གསུང་ཆོས་གྲོལ།། །།

(མོན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་གསོལ་བ་བཏབ་པ་བཞིན་ ༢༠༢༠ ཕྱི་ཟླ་ ༣ ཚེས་ ༨ ནས་ ༡༢ བར་ཉིན་ལྔའི་རིང་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྟ་དབང་རྫོང་ཁོངས་རླུང་ལའི་སྒྲོལ་མའི་ལྷ་ཁང་གི་མདུན་ཐང་དུ་མོན་ཡུལ་སྨོན་ལམ་ཆེན་མོ་ཐེངས་དྲུག་པར་སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་ཐོག་ནས་སྦྱོར་ཆོས་དྲུག་གི་གསུང་ཆོས་བཀའ་དྲིན་བསྩལ།)