༈ ཡོན་ཏན་གཞིར་གྱུར་མའི་བཀའ་ཁྲིད།

 

ཉིན་དང་པོ། (༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༣༠) སྔོན་འགྲོ་ཆོས་བཤད།

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག། འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ།། ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན།། སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས།། ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས།། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།། ཞེས་གསུངས་པ་བཞིན་རང་ཅག་རྣམས་ཀྱིས་རྙེད་པར་དཀའ་བ་དལ་འབྱོར་མི་ལུས་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་རྙེད། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཕྲད་པར་དཀའ་བ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་ལྡན་པ་དང་འཕྲད། རང་གི་ངོས་ནས་ཀྱང་བླང་དོར་གྱི་གནས་འབྱེད་པའི་བློ་ཡི་ནུས་པ་ཕྲན་བུ་ཡོད་པའི་སྐབས་འདིར་སྐྱེ་བ་གཏན་གྱི་མདུན་མ་སྒྲུབ་པ་ཞིག་མ་བྱས་ན་འདི་ལྟ་བུ་དལ་འབྱོར་གྱི་ལུས་རྟེན་འདི་ཡང་ཡང་རྙེད་པར་དཀའ་བ་དང་། དེ་ཡང་ཡུན་རིང་དུ་མི་གནས་པར་འཇིག་སླ་བ་ཡིན་ཙང་། དོན་ཆེ་ཞིང་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་བཟང་པོ་འདི་ཚེ་འདི་སྣང་གི་བྱ་གཞག་རྐྱང་པར་མགོ་བོ་མཁོར་ནས་སྦུན་པ་འཕྱར་བ་བཞིན་མ་བྱས་པར་ཉིན་དང་མཚན་ཐམས་ཅད་དུ་དམ་པའི་ཆོས་ཀྱི་སྙིང་པོ་ལེན་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས་ཞེས་གསུངས་པ་རེད།

ང་ཚོ་ལ་ད་ལྟ་ཡོད་པའི་དལ་འབྱོར་གྱི་མི་ལུས་འདི་ཕྱོགས་གང་ནས་བསམས་ཀྱང་རྙེད་པར་དཀའ་བ་དེ་ཧ་ཅང་གསལ་པོ་རེད། ལྷག་པར་ད་ལྟའི་ང་ཚོའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་འདི་ལ་བལྟས་ན་བྱེད་རྒྱུ་སྡིག་པ་དང་བསམ་རྒྱུ་ཉོན་མོངས་ལས་མེད་པའི་གནས་སྟངས་མཐའ་ཞན་ཞིག་ཡོད་པར་བརྟེན། སྐྱེ་བ་ཕྱི་མ་ངན་སོང་དུ་འགྲོ་བའམ། ཡང་ན་ད་ལྟ་བཞིན་དལ་བརྒྱད་འབྱོར་བཅུ་ཚང་བའི་མིའི་ལུས་རྟེན་ཁྱད་པར་དུ་འཕགས་པ་ཞིག་ཐོབ་མིན་ནི་ཚོད་དཔག་བྱེད་ཐུབ། དེས་ན་ད་ལྟའི་ཚེ་འདིའི་དལ་འབྱོར་ཡོད་པའི་སྐབས་སུ་རབ་ལ་སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་པ་དང་། དེ་མིན་སྐྱེ་བ་ཕྱི་མའི་འདུན་མ་སྒྲུབ་པ་ཞིག་མ་བྱུང་ན་ཧ་ཅང་ཕངས་པོ་རེད། བཀའ་གདམས་པའི་དགེ་བཤེས་གོང་མ་ཚོས། ཟླ་གཅིག་ཟླ་གཉིས་མ་ཤི་ན། སྐྱེ་བ་ཕྱི་མའི་འདུན་མ་སྒྲུབ་པ་དང་། ལོ་གཅིག་ལོ་གཉིས་མ་ཤི་ན། སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་པ་ཞིག་བྱེད་དགོས་གསུངས་པ་དེ་ཧ་ཅང་ཐུགས་བདེན་པ་རེད། ཚེའི་ལྷག་མ་ལོ་རེ་ཟུང་ཙམ་ཡོད་པ་དེ་ལ་སྙིང་པོ་ཡག་པོ་ཞིག་བླངས་ནས་གདེང་འཁེལ་བ་ཞིག་བྱེད་དགོས། ད་རེས་ལུས་རྟེན་ཡག་པོ་འདི་ལྟ་བུ་ཐོབ་པའི་སྐབས་སུ་རང་གིས་སྙིང་པོ་བླངས་མ་ཐུབ་པ་དང་སྦུན་པ་འཕྱར་བ་བཞིན་ཚེ་འདི་སྣང་གི་བྱ་གཞག་ལ་གཡེང་ནས། སྐབས་རེ་སྐྱེ་བ་ཕྱི་མ་མི་ལུས་ཐོབ་པར་ཤོག  དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་ཐོག་ནས་སྐྱེ་བ་ཕྱི་མ་ཆོས་བྱེད་རྒྱུ་ཡོང་བར་ཤོག་ཅེས་སྨོན་ལམ་བཏབ་པ་ཙམ་གྱིས་ཕན་རྒྱུ་གང་ཡང་མེད། དེ་ནི་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་མི་དབུལ་པོ་ཞིག་ལ་གསེར་རྡོག་ཅིག་རྙེད་པ་དེ་རང་གི་དབུལ་བ་སེལ་ཐབས་ལ་བེད་སྤྱོད་མ་བྱས་པར་གཞན་ཞིག་ཏུ་བོར་ནས་སང་ཉིན་འདི་འདྲ་ཞིག་བསྐྱར་དུ་རྙེད་པར་ཤོག་ཅེས་སྨོན་ལམ་བཏབ་པ་དང་གཅིག་པ་རེད་ཅེས་པའི་དཔེ་དེ་རྟག་ཏུ་གསུང་གི་ཡོད། དེས་ན་ད་ལྟ་རང་ལག་ཏུ་ཡོད་པའི་སྐབས་འདིར་སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་པ་ཞིག་ངེས་པར་དུ་བྱེད་དགོས། གཏན་གྱི་འདུན་མ་སྒྲུབ་ཚུལ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་རིམ་གྱིས་བསླབས་ནས་ལམ་གྱི་ངོ་བོ་དང་གོ་རིམ་དང་རྐང་གྲངས་ལ་སོགས་པ་མ་འཆོལ་བའི་སྒོ་ནས་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཞིག་ལ་བསླབ་མ་ཐུབ་པར་མན་ངག་དང་གདམས་ངག་ཡན་གར་བ་ཙམ་ལ་བརྟེན་ནས་ལྷ་ཡི་བསྙེན་སྒྲུབ་དང་བཟླས་པ་བགྲངས་པ་ཙམ་གྱིས་ས་ཆོད་ཆེན་པོ་ཡོང་རྒྱུ་མེད།

སངས་རྒྱས་ཀྱི་ཆོས་ནི་སེམས་འདུལ་བའི་རིམ་པ་གཙོ་བོར་གསུངས་པ་ཞིག་རེད། ཆོས་ཞེས་པ་དེ་སེམས་ལ་བསྒྲུབ་དགོས་པ་དང་། སེམས་དེ་འགྱུར་བ་བཏང་ནས་ཡར་རྒྱས་འགྲོ་དགོས་པ་མ་གཏོགས། ཆོས་དེ་ཕྱི་ལོགས་གཞན་ཞིག་ཏུ་བསྒྲུབ་རྒྱུ་ཡོད་པ་དང་། གཟུངས་སྔགས་མང་པོ་བཟླས་པ་དང་ལྷ་ཡི་བསྙེན་སྒྲུབ་ཙམ་གྱིས་མི་ཡོང་། གང་ལྟར་རང་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོ་ལ་སོང་བ་མ་བྱུང་ན་ཆོས་དེའང་རྣམ་པར་དག་པ་ཞིག་ཏུ་མི་འགྲོ་བ་རེད། དེར་བརྟེན་ཇོ་བོ་རྗེ་བོད་དུ་བཞུགས་པའི་སྐབས་སུ་གཙུག་ལག་ཁང་ཞིག་ལ་མི་ཞིག་སྐོར་བ་བསྐོར་བར་གཟིགས་ནས། དེ་ལ་སྐོར་བ་བསྐོར་བ་གློ་བ་དགའ་སྟེ། དེ་ལས་ཆོས་ཅིག་བྱས་ན་ཨང་ཞེས་གསུངས་པར་བརྟེན། མི་དེས་སྐོར་བ་བསྐོར་བ་ལས་མདོ་ཀློག་ན་དགའ་སྙམ་ནས་ཕྱོགས་གཅིག་ཏུ་བསྡད་ནས་མདོ་ཀློག་པ་རེད། ཇོ་བོ་རྗེས་བསྐྱར་དུ་གཟིགས་ནས་དེ་ལ་མདོ་སྡེ་ཀློག་པ་གློ་བ་དགའ་སྟེ། དེ་ལས་ཆོས་ཅིག་བྱས་ན་ཨང་ཞེས་གསུངས་པ་སོགས་ཐེངས་མང་བྱུང་བའི་རྗེས་མི་དེས་ཇོ་བོ་ལ་ཆོས་ཇི་ལྟར་བྱེད་དགོས་ཞེས་བཀའ་འདྲི་ཞུ་སྐབས། ཇོ་བོ་རྗེས་ཆོས་ཞེས་པ་དེས་སེམས་འཆོས་དགོས་ཤིང་། སེམས་རྒྱུད་ཀྱི་ཉོན་མོངས་འདུལ་བ་དང་སེམས་རྒྱུད་བཟང་དུ་གཏོང་བའི་ཐབས་ཤེས་བྱེད་དགོས་པ་མ་གཏོགས། ཕྱིའི་ལུས་ངག་གི་དགེ་བ་ཙམ་གྱིས་ཆོས་རྣམ་པར་དག་པ་མི་ཡོང་ཞེས་གསུངས་པའི་བྱུང་བ་ཡོད། དེས་ན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་རིམ་བཞིན་བསླབ་དགོས། དེ་ཡང་ཐོག་མར་དལ་འབྱོར་གྱི་ལུས་རྟེན་ཁྱད་པར་ཅན་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ་ཞིག་ཐོབ་པ་འདི་རིང་དུ་མི་གནས་པར་འཇིག་རྒྱུ་ཡིན་པ་སྨོས་མ་དགོས། སྤྱིར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་དང། སྒོས་སྙིགས་དུས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། འཆི་བ་ངེས་པ་ཙམ་དུ་མ་ཟད། ནམ་འཆི་ལ་ངེས་པ་མེད་པར་བརྟེན། ཆོས་བྱེད་ཀྱི་སང་ཉིན་མ་བསླེབས་གོང་།། འཆི་དུས་ཀྱི་དེ་རིང་བསླེབས་ཉེན་ཡོད།། ཅེས་གསུངས་པ་བཞིན་ཆོས་བྱེད་རྒྱུའང་སང་བྱ་གནངས་བྱ་ལ་མ་བཞག་པར། ད་ལྟ་ཉིད་དུ་བྱེད་རྒྱུའི་ཐག་གཅད་དགོས་པ་དེ་གལ་ཆེན་པོ་རེད།

དེ་ཡང་འཆི་བའི་རྗེས་སུ་འཇིག་རྟེན་ཕྱི་མ་ནི་བདེ་འགྲོ་དང་ངན་འགྲོ་གཉིས་སུ་ངེས་པ་རེད། གལ་ཏེ་ངན་སོང་གསུམ་དུ་སྐྱེ་ན་དམྱལ་བ་ལ་ཚ་གྲང་བཙོ་སྲེག་གི་སྡུག་བསྔལ་དང་། ཡི་དྭགས་ལ་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ། དུད་འགྲོ་ལ་གླེན་ཞིང་གཏི་མུག་པའི་སྡུག་བསྔལ་ལ་སོགས་པ་གང་ལྟར་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་ལ་མ་འདས་པ་རེད། དེས་ན་ད་ལྟ་ང་ཚོའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལ་ཞིབ་ཚགས་པོས་དཔག་ན་ངན་སོང་དུ་མི་འགྲོ་བའི་གདེང་ཚོད་མེད། སྐྱེ་བ་ཕྱི་མ་མངོན་མཐོའི་གོ་འཕང་ཡང་དག་པ་ཞིག་མ་ཐོབ་པར་ངན་སོང་དུ་ལྷུང་ན་བསྐལ་པ་ནས་བསྐལ་པའི་བར་དུ་མ་ཐར་བར་གནས་དགོས་ཉེན་ཡོད། སངས་རྒྱས་ཀྱིས་ཕྱག་མཛུབ་ཀྱི་རྩེ་མོར་རྡུལ་ཕྲན་ཉུང་ངུ་ཞིག་བཞེས་ཏེ་ཀུན་དགའ་བོ་ལ་ངའི་སེན་མོའི་རྩེ་ལ་ཡོད་པའི་རྡུལ་དེ་མང་ངམ། ས་ཆེན་པོའི་རྡུལ་དེ་མང་ཞེས་བཀའ་འདྲི་གནང་བར། ཀུན་དགའ་བོས་བདེ་བར་གཤེགས་པ། ཕྱག་སེན་གྱི་རྩེ་མོར་ཡོད་པའི་རྡུལ་དེ་ཧ་ཅང་ཉུང་ཉུང་རེད། ས་ཆེན་པའི་རྡུལ་དེ་ལས་ཧ་ཅང་མང་བ་རེད། དེ་གཉིས་ལ་བསྡུར་ཐབས་མེད་ཅེས་ཞུས་པ་རེད། སླར་ཡང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་སྐྱེ་འགྲོ་བདེ་འགྲོ་ནས་བདེ་འགྲོར་འགྲོ་བ་དང་། ངན་འགྲོ་ནས་བདེ་འགྲོར་འགྲོ་བ་རྣམས་ངའི་ཕྱག་མཛུབ་ཀྱི་རྩེར་ཡོད་པའི་རྡུལ་གྱི་གྲངས་དང་མཚུངས་པ་རེད། ངན་སོང་ནས་ངན་སོང་དུ་འགྲོ་བ་དང་། བདེ་འགྲོ་ནས་ངན་འགྲོར་འགྲོ་བ་རྣམས་ས་ཆེན་པོའི་རྡུལ་དང་མཚུངས་པ་རེད་ཅེས་གསུངས་པ་འདུལ་བའི་ལུང་བའི་ནང་གསལ། དེ་ཡང་ངན་སོང་གསུམ་དུ་ལན་གཅིག་སྐྱེས་ཚར་ན་དེའི་སྡུག་བསྔལ་བཟོད་བླགས་མེད་པའི་དབང་གིས་དགེ་བའི་བྱ་བ་ཧ་ཅང་སྒྲུབ་ཁག་པོ་རེད། དགེ་བའི་བསམ་པ་ཙམ་ཡང་འཁོར་བ་ཁག་པོ་རེད་ལ། དགེ་བའི་ལམ་སྟོན་པའི་བཤེས་གཉེན་ཡང་འཕྲད་རྒྱུ་མེད། ཉོན་མོངས་པ་མ་སྤངས་པ་ཡིན་ཙང་ངན་འགྲོའི་སྐྱེ་གནས་རྣམས་སུ་ཉོན་མོངས་དུག་གསུམ་གྱི་བསམ་ཚུལ་ནི་རང་བཞིན་གྱིས་ཡོང་བ་རེད། མངོན་པ་མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང་།། ཡུལ་ནི་ཉེ་བར་གནས་པ་དང་།། ཚུལ་བཞིན་མ་ཡིན་ཡིད་བྱེད་ལས།། ཉོན་མོངས་རྒྱུ་ནི་ཚང་བ་ཡིན།། ཞེས་གསུངས་པ་བཞིན་ཉོན་མོངས་ཀྱི་ས་བོན་ཡོད་པ་དང་། ཡུལ་ཉེ་བར་གནས་པ་ཡོད་པ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རྣམས་ཡོད་པར་བརྟེན། ཉོན་མོངས་ཀྱི་བསམ་པ་ཡང་ཡང་སྐྱེ་རྒྱུ་ཡིན་པ་དེ་བཤད་མ་དགོས། དེས་ན་ངན་སོང་ནས་བདེ་འགྲོར་འགྲོ་ཞེས་པ་ཧ་ཅང་ཁག་པོ་རེད། དེར་བརྟེན་སངས་རྒྱས་ཀྱིས་སྐྱེས་བུའི་མངོན་འདོད་ལ་མངོན་མཐོ་དང་ངེས་ལེགས་གཉིས་སུ་ངེས་པ་གནང་ནས་ཐོག་མར་མངོན་མཐོ་བསྒྲུབ་དགོས་པ་དང་། མངོན་མཐོ་དེ་རྟེན་བཟང་པོ་རིམ་པར་བརྒྱུད་དེ་ཡོང་བའི་གོ་སྐབས་བྱུང་ན་དེའི་ཐོག་ནས་ངེས་ལེགས་ཐར་པའི་གོ་འཕང་དེ་བསྒྲུབ་ཐུབ་པ་བསྟན་ཡོད།

དེས་ན་སྐྱེ་བ་ཕྱི་མ་ཇི་ལྟར་འགྱུར་བའི་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའི་ཐོག་ནས་ཕྱི་མ་ངན་སོང་དུ་མི་འགྲོ་བའི་ཐབས་ལ་ངེས་པར་འབད་དགོས་པ་དང་། དེའི་ཆེད་དུ་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་ལ་ཞུགས་པ་དང་། སྐྱབས་གསུམ་ངོས་བཟུང་བའི་ཐོག་ནས་སངས་རྒྱས་ལ་སྐྱབས་སྟོན་པ་པོའི་འདུ་ཤེས་དང་། ཆོས་ལ་སྐྱབས་དངོས་ཀྱི་འདུ་ཤེས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་ཀྱི་འདུ་ཤེས་ཀྱི་ཐོག་ནས་སྐྱབས་འགྲོ་རྣམ་དག་ཅིག་རྒྱུད་ལ་སྐྱེ་བའི་ཐབས་ཤེས་བྱེད་དགོས། དེ་ལྟ་བུའི་སྐྱབས་འགྲོ་རྣམ་དག་ཅིག་རྒྱུད་ལ་སྐྱེས་ན་སྐྱབས་འགྲོའི་བསླབ་བྱ་དང། ལྷག་པར་དུ་ལས་འབྲས་ཀྱི་བླང་དོར་ལ་ཚུལ་བཞིན་དུ་འབད་པ་ལ་བརྟེན་ནས་ཕྱི་མ་ངན་སོང་དུ་མི་འགྲོ་བའི་ཐབས་ཤེས་ངེས་པར་དུ་གནང་དགོས་པ་དེ་ང་ཚོས་མིའི་ལུས་རྟེན་འདི་འདྲ་ཞིག་ཐོབ་པའི་སྐབས་སུ་མ་བྱེད་ན། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས།། བདག་གིས་དགེ་གོམས་མ་བྱས་ན།། འདི་ལས་བསླུས་པ་གཞན་མེད་དེ།། འདི་ལས་རྨོངས་པའང་གཞན་མེད་དོ།། ཞེས་གསུངས་པ་བཞིན་འདི་ལས་བསླུས་པ་དང་། འདི་ལས་རྨོངས་པ་གཞན་མེད་པར་འགྲོ་རྒྱུར་བརྟེན། ཚེ་འདི་ལ་སྐྱེ་བ་ཕྱི་མའི་འདོད་དོན་སྒྲུབ་པ་ཞིག་ངེས་པར་དུ་བྱེད་དགོས།

དེ་ལྟར་སྐྱེ་བ་ཕྱི་མའི་ཆེད་དུ་ལས་རྒྱུ་འབྲས་ཀྱང་བསྲུངས། མི་དགེ་བ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱང་བསྲུངས། དཀོན་མཆོག་ལ་སྐྱབས་འགྲོ་སོགས་བྱས་ནས་གལ་སྲིད་སྐྱེ་བ་ཕྱི་མ་ངན་སོང་དུ་མི་ལྟུང་བ་ཞིག་བྱུང་ནའང་། ཁམས་གསུམ་འཁོར་བ་འདི་ལས་མ་ཐར་ཕྱིན་ཆད་ལ་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་སྐྱེ་བའི་གནས། ཡུལ་གང་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་སྐྱེ་བའི་ལོངས་སྤྱོད། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་སྐྱེ་བའི་གྲོགས་ཞེས་གསུངས་པ་བཞིན་འཁོར་བའི་ནང་སྤྱིར་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་ཡོད་པ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་ཐམས་ཅད་ཀྱི་གཞི་དང་རྟེན་དུ་གྱུར་པ་ཡིིན་ཙང་། དེ་ལས་མ་ཐར་ཕྱིན་ཆད་མངོན་མཐོ་ལྷ་མིའི་གོ་འཕང་ཞིག་ཐོབ་ནའང་གནས་སྐབས་ལ་གུ་ཡངས་ལྟ་བུ་བྱུང་བ་མ་གཏོགས། མཐར་ཐུག་ངན་སོང་མུ་མཐའ་མེད་པའི་གནས་སུ་ཡང་ཡང་འཁྱམས་ཏེ་བཟོད་པར་དཀའ་བའི་སྡུག་བསྔལ་མང་པོ་མྱོང་དགོས་པ་ནི་བཤད་མི་དགོས། གོང་དུ་ཞུས་པ་བཞིན་བདེ་འགྲོར་སྐྱེས་ཀྱང་བདེ་འགྲོ་ནས་ངན་སོང་དུ་འགྲོ་བ་ནི་ཧ་ཅང་མང་བར་བརྟེན། ཐེངས་གཅིག་བདེ་འགྲོར་སྐྱེ་བ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། དེས་ན་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་རྣམས་ཡང་ཡང་བསམ་པའི་སྒོ་ནས་འཁོར་བ་འདི་ལས་ཐར་ཐབས་ངེས་པར་དུ་བྱེད་དགོས། ལམ་གཙོ་རྣམ་གསུམ་ལས། ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས།། ཡང་ཡང་བསམ་པའི་ཕྱི་མའི་སྣང་ཤས་ལྡོག།།ཅེས་གསུངས་པ་བཞིན་ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་ཙམ་གྱིས་མི་ཆོག་པར་ཕྱི་མའི་སྣང་ཤས་ལྡོག་པའི་ངེས་འབྱུང་གིས་ཟིན་ནས་ལམ་བསླབ་པ་གསུམ་ལ་བསླབས་ཏེ་ཐར་པའི་གོ་འཕང་ཐོབ་ཐབས་ལ་འབད་དགོས།

འོ་ན་རང་ཉིད་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་པ་ཙམ་གྱིས་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་གོ་ཆོད་པ་རེད་དམ་ཞེ་ན། སྐྱེ་འཆི་འཕོས་པས་ངོ་མི་ཤེས་པ་མ་གཏོགས། རང་གི་མ་མ་བྱས་པ་གཅིག་ཀྱང་མེད་པའི་མ་རྒན་སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་ཇི་མི་སྙམ་པར་རང་ཉིད་གཅིག་པུ་འཁོར་བ་ལས་གྲོལ་བའི་ཐབས་ཐར་པའི་བདེ་བ་ཙམ་དོན་དུ་གཉེར་བ་དེ་མ་རབས་དང་ཁྲེལ་མེད། ཞི་བ་རྐྱང་པའི་མཐའ་ལ་ལྷུང་རྒྱུ་རེད། ལར་ནས་སེམས་ཅན་ཐམས་ཅད་རང་གི་མ་མ་བྱས་པ་མེད་པ་མ་ཟད། མ་བྱས་རིམ་བཞིན་དུ་ཚེ་འདིའི་མ་དང་མཚུངས་པའི་དྲིན་གྱིས་བསྐྱངས་པ་དེ་ལ་ངེས་པར་དུ་དྲིན་གཟོ་དགོས་པ། དྲིན་གཟོ་བའི་བསམ་པ་ལ་བརྟེན་ནས་ཡིད་འོང་གི་བྱམས་པ། རང་ཉིད་སྡུག་བསྔལ་གྱིས་མནར་བ་བཞིན་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་གྱིས་མནར་བ་ལ་སྙིང་རྗེ། སྡུག་བསྔལ་དེ་ལས་འབྲལ་བ་བདག་གིས་བྱའོ་སྙམ་པའི་ལྷག་བསམ་བཅས་ཀྱི་ཐོག་ནས་མན་ངག་རྒྱུ་འབྲས་བདུན་ལ་རིམ་གྱིས་བློ་སྦྱངས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་ལ་བསླབས་ཏེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་བྱེད་དགོས་པ་ནི་དངོས་གནས་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཚུལ་ངོ་མ་དེ་རེད། དེ་འདྲ་ཐུབ་ན། སྤྱོད་འཇུག་ལས། དེང་དུས་བདག་ཚེ་འབྲས་བུ་ཡོད།། མི་ཡི་སྲིད་པ་ལེགས་པར་ཐོབ།། དེ་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་བདག་གྱུར་ཏོ།། ཞེས་གསུངས་པ་བཞིན་མི་ལུས་ཐོབ་པ་དོན་ལྡན་དང་། རང་གི་ཚེ་འདི་འབྲས་བུ་ཡོད་པ་ཞིག་ཡོང་རྒྱུར་བརྟེན། དལ་འབྱོར་ཐོབ་པ་དེ་ཆུད་ཟོས་སུ་མི་འགྲོ་བ་དང་དོན་ལྡན་ཞིག་ཡོང་རྒྱུ་རེད།

དེ་ལྟ་བུའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བསླབས་ནས་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པར་བྱེད་པ་ལའང་ཐོག་མར་ཇི་ལྟར་བསླབ་པའི་ཚུལ་ནི་གཞུང་ལུགས་ལ་ཐོས་བསམ་བྱེད་རྒྱུ་དེ་རེད། གལ་ཏེ་ཐོས་བསམ་མ་བྱེད་ན་ལམ་གྱི་ངོ་བོ་དང་། གོ་རིམ། རྐང་གྲངས་སོགས་མ་ཤེས་པ་དང་། ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་རྨོངས་ན་དལ་བའི་རྟེན་ལ་སྙིང་པོ་ལེན་ཐུབ་པའི་ཐབས་ཤེས་མེད། དེས་ན་ཐོག་མ་གལ་ཆེ་བ་ནི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་ཇི་ལྟར་བློ་སྦྱོང་དགོས་པ་དང་། ཇི་ལྟར་བསླབ་དགོས་པ་དེ་བླ་མའི་དྲུང་ནས་ཚད་ལྡན་གྱི་གཞུང་ཆེན་མོ་ལ་ཐོས་བསམ་སློབ་གཉེར་བྱས་ཏེ་ཐོས་པས་སྒྲོ་འདོགས་ཆོད་པ་དང་། དེ་ནས་བསམ་པས་ཉམས་སུ་བླངས་ཏེ་བསྒོམས་བྱུང་གི་ཤེས་རབ་སྐྱེ་བར་བྱེད་དགོས། མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་བཞིན་བསྟན་པ་ལ་འཇུག་པའི་གོ་རིམ་མ་འཆོལ་བ་དགོས།

སྤྱིར་གཞུང་ཆེན་པོ་ལ་ཐོས་བསམ་གནང་དགོས་པ་དང་། ལྷག་པར་དུ་གཞུང་ཆེན་པོ་ལ་ཐོས་བསམ་གནང་བ་རྣམས་ཉམས་ལེན་གྱི་རིམ་པ་ལ་ཇི་ལྟར་སྦྱར་དགོས་པའི་ཐོག་ཞིབ་ཚགས་པོས་དགོངས་བཞེས་གནང་དགོས། དམིགས་བསལ་གྱིས་གདན་ས་ཆེན་པོའི་ནང་བཞུགས་པའི་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་མཁན་ཚོས་ཞར་དང་ཞོར་ལ་གང་སློབ་གཉེར་གནང་བའི་གཞུང་རྣམས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཚུལ་དང་། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་ཚུལ། དེ་ལ་བརྟེན་ནས་རང་གིས་སྟན་ཐོག་གཅིག་ལ་གཞུང་ཆེན་པོ་ནས་བཤད་པའི་བརྗོད་དོན་རྣམས་གང་ཟག་གཅིག་གི་འཚང་རྒྱ་བའི་ལམ་གྱི་རིམ་པ་ལ་ཉམས་སུ་ལེན་པའི་སྐབས་སུ་ལམ་གྱི་ངོ་བོ་དང་གོ་རིམ་དང་རྐང་གྲངས་ཀྱི་ཐོག་ནས་རྒྱུད་ཇི་ལྟར་སྦྱང་དགོས་པ་དེའི་ཐོག་ངེས་པར་དུ་ཐུགས་བསམ་བཞེས་དགོས། ༧གོང་ས་༧སྐྱབས་མགོན་མཁན་རིན་པོ་ཆེ་མཆོག་གིས་དེང་སང་གདན་ས་ཁག་གི་ནང་སྤྱིར་གཞུང་ཆེན་པོའི་སློབ་གཉེར་མི་དམན་པ་ཡོད་པ་དང་། དེ་སྔ་བོད་དུ་ཡོད་པ་བཞིན་ཡོད་མིན་མི་ཤེས་ཀྱང་། གང་ལྟར་ད་ལྟ་ང་ཚོའི་བཙལ་བྱོལ་བའི་གནས་སྟངས་ལ་དཔགས་པའི་གཞུང་ཆེན་པོའི་སློབ་གཉེར་གང་ལ་གང་འཚམས་ཡག་པོ་ཡོད་པ། ཡིན་ནའང་སློབ་གཉེར་དེ་དག་མང་ཆེ་བ་ཁ་ཕྱིར་བལྟས་སུ་སོང་སྟེ་ཉམས་ལེན་ལ་སྦྱར་བའི་རིམ་པ་ཉུང་དྲགས་པ་དང་། གཞུང་ལུགས་ལ་སློབ་གཉེར་མཐར་ཕྱིན་གནང་བའི་དགེ་བཤེས་ཆེན་པོ་ཞིག་ཡིན་ནའང་སེམས་རྒྱུད་ཀྱི་གནང་སྟངས་ལ་བལྟས་ན་སློབ་གཉེར་མ་བྱས་པ་དང་ཁྱད་པར་མེད་པ་དང་། སྐབས་རེ་སློབ་གཉེར་མ་བྱེད་མཁན་ཚོ་ལས་ཀྱང་ཉོན་མོངས་རགས་པ་དང་། འདོད་རྔམས་ཆེ་བ། ཆོག་ཤེས་མེད་པ། དཔལ་འབྱོར་ལ་དགའ་པོ། ཕྲག་དོག་སོགས་ཉོན་མོངས་མངོན་གྱུར་བ་རྣམས་ཀྱང་མང་བ་ཡོད་པ་དེ་གང་གིས་བྱས་སམ་ཞེ་ན། གང་ཐོས་བསམ་བྱས་པའི་གཞུང་རྣམས་ཉམས་ལེན་དུ་སྦྱར་ཚུལ་མ་ཤེས་པ་དང་། ཉམས་ལེན་ལ་སྦྱར་བའི་རིམ་པ་དེ་ཉམས་སུ་མ་ལེན་པ་དེས་ལན་པ་རེད་ཅེས་ཡང་ཡང་བཀའ་གནང་གི་ཡོད། རྗེ་བདག་ཉིད་ཆེན་པོས་རིན་པོ་ཆེའི་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི།། གཞུང་ལུགས་གདམས་པར་ཤར་བ་མེད་པས་ནོངས།། ཞེས་གསུངས་པ་བཞིན་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་བྱེད་ཚུལ་མ་ཤེས་ན་སློབ་གཉེར་རྒྱ་ཆེན་པོ་བྱས་ཏེ་རིག་པའི་གནས་མང་པོ་ཞིག་ཤེས་ཀྱི་ཡོད་སྙམ་ཡང་ཁུངས་མི་འཁྱོལ་བ་རེད། དེ་སྔ་བོད་ལ་བསྟན་པ་ས་དར་རྡོ་དར་གྱི་སྐབས་སུའང་གདན་ས་ཆེན་པོའི་ནང་མཁན་རིན་པོ་ཆེས་དབྱར་ཁ་ལ་ལམ་རིམ་ཆེན་པོའི་བཀའ་ཁྲིད་གནང་རྒྱུ་དང་། དགུན་ཁ་ལ་ལམ་རིམ་བདེ་ལམ་དང་མྱུར་ལམ་སོགས་སྲོད་ཆོས་སུ་གནང་རྒྱུ་རྣམས་རྗེས་སུ་ཆོ་ག་ཕྱག་ལེན་ལྟ་བུ་སོང་བ་རེད་མ་གཏོགས། ཐོག་མར་གདན་སའི་སློབ་གཉེར་བང་སྒྲིག་པའི་སྐབས་སུ་ལོ་གཅིག་རིང་གཞུང་ཆེན་མོ་ལ་ཐོས་བསམ་གང་གནང་བ་རྣམས་དབྱར་ཆོས་དང་དགུན་ཆོས་ཀྱི་ལམ་རིམ་གྱི་འཆད་ཉན་ལ་བརྟེན་ནས་རང་གི་རྒྱུད་ལ་སྦྱར་ནས་ཉམས་ལེན་བྱེད་ཚུལ་དེ་ཞིབ་ཚགས་པོས་གོ་བརྡ་སྤྲད་རྒྱུའི་ཆེད་དུ་ཡིན་པ་རེད། དེས་ན་ང་ཚོ་ད་ལྟ་འདིར་དཔལ་ལྡན་འབྲས་སྤུངས་ཀྱིས་མཚོན་པའི་གདན་ས་ཁག་ཏུ་སློབ་གཉེར་གནང་མཁན་ཚོའང་དུས་ནས་དུས་སུ་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ལ་བརྟེན་ནས་གཞུང་ཆེན་པོའི་སློབ་གཉེར་བྱས་པ་དེ་རང་རྒྱུད་ལ་སྦྱར་ནས་ཉམས་ལེན་བྱེད་ཚུལ་སྐོར་ལ་ཡང་ཡང་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད། དེ་མིན་མི་ཚེ་གཞུང་ཆེན་པོར་སློབ་གཉེར་བྱས་པ་ལ་འཆི་ཁར་གཏན་གྱི་འདུན་མ་འདི་འདྲ་ཞིག་འགྲུབ་སོང་བསམ་པའི་གདེང་ཚོད་མེད་པར་འགྱོད་པ་དང་བཅས་ཏེ་འཆི་དགོས་བྱུང་ན་ཧ་ཅང་ཕངས་པོ་རེད། གལ་ཏེ་བསྟན་པ་དང་མ་འཇལ་བ་དང་ཆོས་ཀྱི་གོ་སྐབས་མ་བྱུང་བ་ཞིག་ཡིན་ན་རང་བཞིན་གྱིས་ཁག་མེད་པ་རེད། འོན་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་དང། གཞུང་ཆེན་པོ་ལ་སློབ་གཉེར་གྱི་གོ་སྐབས་བྱུང་ནའང་རང་གི་སེམས་རྒྱུད་མ་འདུལ་བར་ལྷག་ན་ཧ་ཅང་ཕངས་པོ་རེད། དེའི་ཕྱིར་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ལ་ངེས་པར་དུ་གསན་བཞེས་གནང་དགོས་པ་རེད།

དེའི་ཆེད་དུ་ད་རེས་འདིར་བློ་གསལ་གླིང་གི་ཕུ་ཁང་ཁང་ཚན་གྱི་གཙུག་ལག་ཁང་གསར་པའི་ནང་འཆད་ཉན་ཐོག་མ་ལམ་རིམ་གྱི་ཞིང་མཆོག་སྒོ་འབྱེད་ཀྱི་གསོལ་འདེབས་འོག་ཏུ་མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པ་ཤར་སྒོམ་དུ་བྱེད་ཚུལ་རྗེ་རིན་པོ་ཆེས་གསུངས་པའི་ཡོན་ཏན་གཞིར་གྱུར་མ་བཤད་ཁྲིད་མདོར་བསྡུས་ཙམ་འབུལ་བའི་སྐབས་སུ་བབས་པ་རེད། གོང་དུ་ཞུས་པ་བཞིན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེ་འཐོབ་པར་བྱ་བའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་པའི་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར་གསན་དགོས་པ་ཡིན་པ་རེད། གང་གསན་པར་བྱ་བའི་དམ་པའི་ཆོས་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། དཔལ་མཉམ་མེད་ཇོ་བོ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ་ལྟ་བུའི་གདམས་པ་ཟབ་མོ། རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མ་ཚང་བ་མེད་པ་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་པའི་ཤར་སྒོམ་གྱི་ཆེད་དུ་རྗེ་བདག་ཉིད་ཆེན་པོས་བརྩམས་པའི་ཡོན་ཏན་གཞིར་གྱུར་མའི་བཤད་ཁྲིད་མདོར་བསྡུས་ཙམ་འབུལ་བ་ལ་རྗེ་ཐམས་ཅད་མཁྱེན་པས་ལམ་རིམ་ཆེན་པོའི་ནང་གསུངས་པ་བཞིན་དཔལ་ནཱལནྡཱའི་མཁས་པ་ཚོས་དག་པ་གསུམ་གྱི་སྒོ་ནས་འཆད་པ་དང་། དེ་དག་ནི་བླ་མའི་ངག་དག་པ་དང་། སློབ་མའི་རྒྱུད་དག་པ། བཤད་བྱའི་ཆོས་དག་པ་བཅས་རེད། ཡིན་ནའང་དུས་ཕྱིས་བིཀྲམ་ཤཱིལའི་མཁས་པ་ཚོས་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་དང། གདམས་ངག་ལ་གུས་པ་སྐྱེ་བའི་ཕྱིར་ཆོས་ཀྱི་ཆེ་བ། ཆེ་བ་གཉིས་ལྡན་གྱི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བའི་ཚུལ། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ་བཅས་བཞིའི་སྒོ་ནས་འཆད་པའི་སྲོལ་གཏོད་པ་ཡིན་ཙང་། རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེ་ཆུང་གིས་གཙོས་ལམ་རིམ་གྱི་འཆད་ཉན་གནང་བའི་སྲོལ་ལ་དེ་བཞི་ངེས་ཅན་དུ་མཛད་ཡོད་པ་བཞིན་ངས་ཀྱང་འདིའི་ཐོག་ནས་ཞུ་རྒྱུ་ཡིན།

སྤྱིར་ས་བཅད་ཅེས་པ་དེ་གལ་ཆེན་པོ་རེད། དཔེར་ན་ད་རེས་ཡོན་ཏན་གཞིར་གྱུར་གྱི་བཤད་ཁྲིད་འབུལ་བའི་སྐབས་སུ་རྩ་བ་ཙམ་ཚིག་འགྲེལ་བརྒྱབས་ནས་ཞུ་ན་མ་འགྲིག་པ་མེད་ཀྱང་། དེ་ཉམས་ལེན་དང་སྦྱར་མཁན་ཞིག་ཡིན་ན་བང་འགྲིགས་པོ་དང་ཤར་སྒོམ་གནང་བདེ་པོ་ཞིག་མེད། དེར་བརྟེན་བོད་ཀྱི་ཐུན་མོང་མ་ཡིན་པའི་ས་བཅད་ཅིག་དང་སྦྱར་ནས་ཞུ་ན། གལ་ཏེ་ས་བཅད་ཀྱི་རྐང་གྲངས་དེ་བློ་ལ་ངེས་ན་དེའི་ཐོག་ནས་ཤར་སྒོམ་ཇི་ལྟར་གནང་ནའང་གོ་རིམ་མ་འཆོལ་བ་དང་། རྐང་གྲངས་ཚང་བ། ངོ་བོ་མ་ནོར་བ་སོགས་ཀྱི་ཁྱད་ཡོད། དེ་ལ་ལམ་རིམ་ཆེན་མོའི་ས་བཅད་བཞིན་བྱས་ན་ཕྲན་བུ་རྒྱས་དྲགས་པ་དང་། འོན་ཀྱང་ལམ་རིམ་ཆེན་མོའི་ས་བཅད་གཞི་བཞག་གིས་འཕྲོས་བཤད་རྣམས་མི་དགོས་པ་དང་། ཉམས་སུ་ལེན་པའི་སྐབས་སུ་ངེས་པར་དུ་བསམ་བློའི་ནང་སླེབས་དགོས་པའི་ས་བཅད་རྣམས་ཟུར་བཏོན་གྱིས་ཞུ་རྒྱུ་ཡིན།

གོང་དུ་ཞུས་པ་བཞིན་ཆོས་ཉན་པའི་ཀུན་སློང་དེ་མདོར་བསྡུས་ན་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར་ཞེས་སྟབས་བདེ་བྱས་ནས་ཞུ་གི་ཡོད། གང་ལྟར་ཚེ་འདིའི་དོན་གཉེར་དང་མ་འདྲེས་པ་དང་། ཉུང་མཐར་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་ཆེད་དུ་ཡིན་བསམ་པའི་ཀུན་སློང་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྩིས་མ་ཟིན་ནའང་། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཀྱི་རྩིས་ཟིན་པ་ཞིག་གནང་དགོས་པ་དེ་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་ཏུ་ཆོས་གསན་པའི་སྐབས་སུ་བླ་མས་བཤད་པ་དང་གཞུང་ལུགས་ནང་ཡོད་པ་རྣམས་གནས་ཚུལ་གསར་པ་གོ་བ་ལྟ་བུ་དང་། ཕྱིའི་ཡུལ་གོ་རྒྱ་གཅོད་པ་ལྟ་བུ་མིན་པར། གང་ཞུས་པ་རྣམས་རང་གི་སེམས་རྒྱུད་དང་སྦྱར་ནས་གཟིགས་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་ལམ་རིམ་སོགས་འཆད་ཉན་གནང་བའི་སྐབས་སུ་ལམ་རིམ་ནང་གསུངས་པ་བཞིན་སོ་སོའི་སེམས་ནང་འདུག་དང་མི་འདུག་གཟིགས་དགོས་པ་དང་། གལ་ཏེ་མེད་ན་གསར་དུ་སྐྱེ་བའི་ཐབས་ཤེས་དང་། ཡོད་ན་མི་ཉམས་པར་གོང་འཕེལ་དུ་འགྲོ་བའི་ཐབས་ཤེས་གནང་དགོས། གང་ལྟར་གཞུང་ནས་གསུངས་པ་དང་། རང་གི་ད་ལྟའི་བསམ་བློའི་འཁྱེར་སྟངས་གཉིས་དབར་འགལ་བ་ཡིན་མིན་གཟིགས་དགོས་པ་གལ་ཆེན་པོ་རེད།

ངའི་ངོ་ཤེས་རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་ཆེན་པོ་ཇིདྡཱུ་ཀྲྀཥྞམཱུརྟི་ཞུ་བ་ཞིག་ཡོད། ད་ལྟ་དགོངས་པ་རྫོགས་ཟིན་པ་རེད། ཁོང་གིས་རང་གི་རྗེས་འཇུག་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ག་རེ་གསུངས་པ་རེད། རིག་བྱེད་བཞིའི་ནང་ག་རེ་ཡོད་རེད། གཅེར་བུ་པ་སྟོན་པ་མཧཱབཱིར་གྱིས་ག་རེ་གསུངས་པ་རེད། དེ་ཚོའི་ཐོག་ལ་ཁྱེད་ཚོས་ཞིབ་འཇུག་མང་པོ་བྱེད་ཀྱི་འདུག  དེ་ལ་བྱབ་ག་རེ་ཡོད་རེད། ཁོང་ཚོས་གསུངས་པ་གཞི་ལ་བཞག་ནས་ཞིབ་འཇུག་དེ་སོ་སོའི་རྒྱུད་ལ་བྱེད་དགོས། སོ་སོའི་རྒྱུད་ཀྱི་བསམ་བློའི་འཁྱེར་སྟངས་དེ་ཁོང་ཚོས་གསུངས་པ་དང་མཐུན་དང་མི་མཐུན་གཟིགས་དགོས་ཞེས་གསུང་གི་རེད། དེ་ནི་ང་ཚོ་ལ་སྦྱར་ནའང་གཅིག་པ་རེད།  ང་ཚོས་གཞུང་ཆེན་པོ་ལ་སློབ་གཉེར་བྱེད་པའི་སྐབས་སུ་སངས་རྒྱས་ཀྱིས་གང་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་གང་གསུངས་པ། སློབ་དཔོན་ཟླ་བ་གྲགས་པས་གང་གསུངས་པ་རྣམས་ཕར་ལ་ཞུ་དག་གཏོང་བ་ལྟ་བུ་མ་གཏོགས། ཁོང་ཚོས་གསུངས་པ་རྣམས་ང་ཚོའི་སེམས་རྒྱུད་ནང་ཕན་གནོད་གང་འདྲེས་པ་དང་། འགྱུར་བ་གང་འགྲོ་བ་དེའི་ཐོག་ལ་ཞིབ་འཇུག་བྱེད་མཁན་དཀོན་པོ་ལྟ་བུ་ཡོད། གང་ལྟར་ཁ་ཕྱིར་བལྟས་ལ་མ་སོང་བར་ནང་དུ་བསློགས་ནས་རང་རྒྱུད་ཀྱི་སྟེང་ལ་གཟིགས་དགོས་པ་དེ་ཐུགས་གལ་ཆེན་པོ་རེད། དེས་ན་ཆོས་གསན་པའི་སྐབས་སུ་ཀུན་སློང་གི་འཇུག་ཚུལ་དེ་ལྟར་གནང་དགོས་ཞེས་ནན་ཏན་ཆེན་པོས་ཞུ་རྒྱུ་ཡིན། གོང་དུ་ཞུས་པ་བཞིན་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་དང། གདམས་ངག་ལ་གུས་པ་སྐྱེ་བའི་ཕྱིར་ཆོས་ཀྱི་ཆེ་བ། ཆེ་བ་གཉིས་ལྡན་གྱི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བའི་ཚུལ། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ་བཅས་ས་བཅད་བཞིའི་ཐོག་ནས་ཞུ་རྒྱུ་ཡིན།

དང་པོ། ཆོས་ཁུངས་བཙུན་པ་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ།

དེང་སང་མཁས་པར་གྲག་པ་ཁ་ཤས་ཀྱིས་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་ཞེས་པ་དེ་དགོས་གལ་མི་འདུག  གང་ལགས་ཤེ་ན། སངས་རྒྱས་ཀྱིས་རྟོན་པ་བཞིའི་རྣམ་གཞག་གསུངས་པའི་སྐབས་སུ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས་པ་རེད། གང་ཟག་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཁོང་གིས་གསུངས་པའི་ཆོས་དེ་ཚད་མ་ཡིན་པ་སྒྲུབ་མི་ཐུབ། ཆོས་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་གང་ཟག་ཚད་མ་ཡིན་པ་བསྒྲུབ་དགོས་ཞེས་གསུང་གི་ཡོད། དེ་ནི་བདེན་པ་ཡིན་པ་ལྟ་བུ་ཡོད། གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་པའི་གནས་ཚུལ་འགྲེལ་བཤད་བརྒྱབ་རྒྱུ་ཡོད་བསྡད་པ་ཞིག་རེད། ཡིན་ནའང་ཆོས་ཁུངས་བཙུན་པ་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་ཞེས་པ་དེ་མཛད་པ་པོ་རྟགས་སུ་བཀོད་ནས་དེས་གསུངས་པའི་ཆོས་ཚད་མ་ཡིན་པ་བསྒྲུབ་རྒྱུའི་ཐབས་ཤེས་བྱེད་ཀྱི་མེད། སྤྱིར་གཞུང་ལུགས་ཐམས་ཅད་དང་། ལྷག་པར་དུ་བཀའི་དགོངས་འགྲེལ་དུ་བརྩམས་པའི་སེམས་ཅན་གྱི་ངག་ཅིག་ཡིན་ན་དེའི་རྩོམ་པ་པོ་ཚད་ལྡན་ཡིན་མིན་དང་། ལྷག་པར་རྒྱལ་བའི་བཀའ་ལ་དགོངས་པ་འགྲེལ་བའི་བསྟན་བཅོས་བརྩམ་པ་ལ་བརྒྱུད་པ་བར་མ་ཆད་དུ་ཡོད་པ་དང་། རིག་པའི་གནས་ལྔ་ལ་མཁས་པ། ཡི་དམ་ལྷའི་གནང་བ་ཐོབ་པའམ་མ་བཀག་པ་བཅས་རྒྱུ་གསུམ་པོ་གཞུང་ལུགས་ནང་གསུངས་པ་བཞིན་ཚང་མིན་བལྟ་དགོས་པ་དེ་གལ་ཆེན་པོ་རེད། དེས་ན་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་ཞེས་པ་དེས་མཛད་པ་པོ་དེ་ལ་བསྟན་བཅོས་དེ་བརྩམ་པའི་སྤྱིའི་རྒྱུ་དང་ཕུན་སུམ་ཚོགས་པའི་རྒྱུ་ཚད་ལྡན་རྣམས་ཚང་མིན་བལྟས་པའི་ཐོག་ནས་བསྟན་བཅོས་དེ་ཚད་ལྡན་ཡིན་མིན་དཔོག་ཐུབ་པ་ཞིག་རེད། གཞི་ནས་གཞུང་དེས་མཐོང་བ་མངོན་གྱུར་བསྟན་པའི་ཆ་དང་། ཅུང་ཟད་ལྐོག་གྱུར་བསྟན་པའི་ཆ། ཤིན་ཏུ་ལྐོག་གྱུར་སྟོན་པའི་ཆ་བཅས་ལ་ཚད་མ་གསུམ་གྱི་གནོད་པ་ཡོད་མེད་དང་། སྔ་ཕྱི་དངོས་ཤུགས་འགལ་བ་སོགས་རིགས་པའི་གནོད་པ་ཡོད་མེད་བརྟགས་ནས་མེད་པར་མཐོང་ན། དེ་ལ་བརྟེན་ནས་གསུང་བ་པོ་དེ་ཚད་མའི་སྐྱེས་བུ་བསྒྲུབ་རྒྱུ་དང་། གསུང་བ་པོ་ཚད་མའི་སྐྱེས་བུ་བསྒྲུབས་པའི་རྗེས་སུ་ཚད་མའི་སྐྱེས་བུ་དེས་གསུངས་པའི་ལུང་དེ་ཤིན་ལྐོག་དཔོག་པའི་རྟགས་སུ་བཀོད་པ་རེད། དེས་ན་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་དེ་རྟོན་པ་བཞིའི་རྣམ་གཞག་དང་འགལ་གྱི་མེད། དཔེར་ན། བྱང་ཆུབ་ལམ་གྱི་རིམ་པ་དེ་ཡུམ་གྱི་མདོའི་རྩ་བའི་གཞུང་ལྟ་བུ་རེད། ཡུམ་གྱི་མདོས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། ལྷག་པར་དུ་སྦས་དོན་ལམ་གྱི་རིམ་པ་རྣམས་བསྡུས་ནས་བསྟན་པ་དེ་བསྟན་བཅོས་མངོན་རྟོགས་རྒྱན་ལ་སོགས་པ་རེད། མངོན་རྟོགས་རྒྱན་གྱིས་བསྟན་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་ཕྱིས་རབས་ཀྱི་གདུལ་བྱའི་དོན་དུ་དཔལ་མཉམ་མེད་ཇོ་བོ་ཆེན་པོའི་ལམ་གྱི་སྒྲོན་མའི་ནང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ནས་བསྟན་པ་རེད། དེ་གཞི་བཟུང་རྗེ་བདག་ཉིད་ཆེན་པོས་ཡོན་ཏན་གཞིར་གྱུར་མའི་ནང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་སྔགས་དང་བཅས་པ་གསུངས་པ་རེད། དེས་ན་འདིའི་མཛད་པ་པོ་རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་ཕལ་ཆེར་ཚང་མས་མ་མཁྱེན་པ་མེད་ཅིང་། རྟོགས་བརྗོད་འདུན་ལེགས་མ་ལས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་དམ་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ་།། ཞེས་གསུངས་པ་ནི་རྗེ་བདག་ཉིད་ཆེན་པོས་རང་ཉིད་ཀྱི་རྣམ་ཐར་ཡོངས་སུ་རྫོགས་པ་ལ་བསྡོམས་ཆེན་པོ་གནང་བ་དེ་རེད། རྟོགས་བརྗོད་འདུན་ལེགས་མ་ལས། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི།། གཞུང་ལ་ཕྱོགས་རེ་བ་རགས་པ་རེས།། ཚིམས་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།། ཞེས་གསུངས་པ་བཞིན་བོད་གངས་ཅན་གྱི་ལྗོངས་སུ་བསྒྱུར་བའི་སངས་རྒྱས་ཀྱི་མདོ་རྒྱུད་དང་། དེའི་དགོངས་པ་འགྲེལ་བའི་བསྟན་བཅོས། དེ་བཞིན་བོད་དུ་མ་བསྒྱུར་བའི་ལེགས་སྦྱར་གྱི་སྐད་དུ་བཞུགས་པ་མང་པོ་ལའང་གསན་བསམ་གནང་བ་དང་། ཐོས་པ་རྒྱ་ཆེན་པོ་མཛད་པ་དེ་ཐོས་རྐྱང་དུ་མ་བཞག་པར་གཞུང་ལུགས་གདམས་པར་ཤར་བའི་ཐོག་ནས་ཐུགས་ཉམས་སུ་བཞེས་པ། གང་ཐུགས་ཉམས་སུ་བཞེས་པ་དེའང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ་བ་བཅས་གནང་བ་རེད། དེ་ནི་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བའི་ས་བཅད་དེ་ཙམ་གྱིས་འགྲིགས་པ་བྱ་རྒྱུ་ཡིན།

གཉིས་པ། གདམས་ངག་ལ་གུས་པ་སྐྱེ་བའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ།

སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་པའི་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་ཁྱད་ཆོས་གསུམ་དང་ཆེ་བ་བཞིའི་གསུང་ཚུལ་ཞིག་ཡོད། དང་པོ་ཁྱད་ཆོས་གསུམ་ལས་དང་པོ་ནི་མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་བསྟན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་ཞེས་པ་དེ་རེད། དཔེར་ན་སངས་རྒྱས་ཀྱིས་གདུལ་བྱ་སོ་སོའི་ཁམས་དང་བསམ་པ་དང་མོས་པ་དང་བསྟུན་ནས་གསུངས་པ་ཡིན་ཙང་མི་འདྲ་བ་མང་པོ་རེད། ཕན་ཚུན་འགལ་བ་ལྟ་བུའང་མང་པོ་རེད། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཚང་མ་སྒྲས་ཟིན་ལ་གཅིག་གྱུར་མེད་ཅིང་། སྐབས་རེ་བདག་ཡོད་པ་དང་། མང་ཆེ་བ་བདག་མེད་པ། བདག་མེད་པ་ལའང་ཕྱི་དོན་མེད་ལ་ནང་གི་སེམས་བདེན་པར་གྲུབ་པ། ཡུལ་དང་ཡུལ་ཅན་གཉིས་ཀ་བདེན་པར་གྲུབ་པ། ཡུུལ་དང་ཡུལ་ཅན་གཉིས་ཀ་བདེན་པར་མ་གྲུབ་པ། དེ་ཡང་རང་ངོས་མ་གྲུབ་པ། མིང་རྐྱང་བཏགས་ཡོད་ཙམ་ཡིན་པ། དེ་བཞིན་མདོའི་སྐབས་སུ་སྤང་བྱར་གསུངས་པ་མང་པོ་སྔགས་ཀྱི་སྐབས་སུ་བླང་བྱར་གསུངས་པ་སོགས་མི་འདྲ་བ་རྣམས་ཐོར་ནས་བསྡད་ན་གང་ཟག་གཅིག་གི་བྱང་ཆུབ་བསྒྲུབ་པའི་ཆེད་དུ་སྟན་ཐོག་གཅིག་ལ་ཉམས་སུ་ལེན་ཚུལ་དེ་ཤེས་དཀའ་བར་བརྟེན། བྱང་ཆུབ་ལམ་གྱི་རིམ་པའི་ནང་མདོ་སྔགས་གཉིས་ཀྱི་གནད་བསྡུས་ནས་བསྟན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་རེད། ཁྱད་ཆོས་གཉིས་པ་ནི་སེམས་འདུལ་བའི་རིམ་པ་གཙོ་བོར་གསུངས་པ་ཡིན་པས་ལག་ཏུ་བླང་བདེ་བ་དང་། ཁྱད་ཆོས་གསུམ་པ་ནི་ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པ་གཉིས་ཀྱི་མན་ངག་གིས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་དེ་རེད། ཤིང་རྟ་ཆེན་པོ་གཉིས་ནི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་ཤིང་རྟའི་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་བཅས་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་ཤཱནྟི་པ་དང་གསེར་གླིང་པའི་མན་ངག་གིས་བརྒྱན་པ་ཡིན་ཙང་ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་རེད།

ཆེ་བ་བཞི་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་བཅས་རེད། དང་པོ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་ནི་གོང་དུ་ཞུས་པ་བཞིན་སངས་རྒྱས་ཀྱིས་ཐེག་པ་ཆེ་ཆུང་དང་། གྲུབ་མཐའ་གོང་འོག  ཕར་ཕྱིན་དང་སྔགས་སོགས་སུ་མི་འདྲ་བ་གསུངས་པ་རྣམས་གང་ཟག་གཅིག་གིས་ཉམས་ལེན་དུ་སྦྱར་བའི་སྐབས་སུ་ལམ་གྱི་རིམ་པ་དང་བསྟུན་ནས་འགལ་བ་མེད་པ་དང་། ཚང་མ་འཚང་རྒྱ་བའི་ལམ་དུ་འཁྱེར་རྒྱུ་ཡོད་པ། ཐོག་མ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བའི་སྐབས་སུ་འདུལ་བ་ནས་གསུངས་པའི་ཚུལ་ཁྲིམས་སོགས་ལ་གཙོ་བོ་བྱེད་དགོས་པ་དང། དེ་ནས་སྔགས་ཀྱི་ས་ལམ་མཐོ་པོར་སླེབས་པའི་སྐབས་སུ་དེ་དང་བསྟུན་པའི་ཉམས་སུ་ལེན་ཚུལ་མི་འདྲ་བ་ཡོད་པ་དེ་དག་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ལ་སྐབས་དང་དུས་སོ་སོར་སྦྱར་རྒྱུ་ཡོད་པ་ཡིན་ཙང་། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དེ་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་ཡོང་ཐུབ། གཉིས་པ་གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བ་ནི་སངས་རྒྱས་ཀྱིས་གསུངས་པའི་གསུང་རབ་ནང་དྲང་དོན་དང་ངེས་དོན་སོགས་མི་མཐུན་པ་རྣམས་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་ལ་འཁྱེར་བའི་རིམ་པ་དེ་ཡག་པོ་ཤེས་ན་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དེའི་དབང་གིས་གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བ་དེ་ངང་གིས་ཡོང་བ་རེད། གསུམ་པ་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ་ནི་རྒྱལ་བས་དྲང་དོན་གསུངས་པའི་སྐབས་སུ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གང་ཡིན་པ་དང། ངེས་དོན་གསུངས་པའི་སྐབས་སུ་དགོངས་གཞི་གང་ཡིན་པ། གང་ལྟར་དྲང་དོན་དང་ངེས་དོན་གྱི་རྣམ་པ་མི་འདྲ་བ་གསུངས་པ་རྣམས་མཐར་ཐུག་ན་རྒྱལ་བའི་དགོངས་པ་ཇི་ལྟ་བུ་ཡིན་པ་རྟོགས་ཐུབ་པའང་འདིའི་ཐོག་ནས་རེད། བཞི་པ་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་ནི་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྟོགས་པའི་རྗེས་སུ་ཉམས་སུ་ལེན་པའི་རིམ་པ་ལས་བླང་བྱ་དང་འདོར་བྱ་རྣམས་ལེགས་པར་རྟོགས་པ་ཡིན་ཙང་། སྡིེག་པ་ལ་སོགས་པའི་ཉེས་སྐྱོན་འགགས་པ་རེད། གསུང་ཚུལ་གཞན་ཞིག་ནི་སངས་རྒྱས་ཀྱི་ཆོས་ལ་བཟང་ངན་ནམ་མཆོག་དམན་ཕྱེ་བའི་ཆོས་སྤོང་གི་ལས་ལ་ཉེས་སྤྱོད་ཆེན་པོ་ཞེས་བརྗོད་པ་རེད། གསུང་རབ་མ་ལུས་གདམས་པར་འཆར་བའི་སྟོབས་ཀྱིས་རྒྱལ་བའི་གསུང་རབ་ལ་བཟང་ངན་གྱི་དབྱེ་བ་ཕྱེ་བའི་ཆོས་སྤོང་གི་ལས་ཆེན་པོ་འགགས་པར་བརྟེན་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་རེད།

གསུམ་པ་ཆེ་བ་གཉིས་ལྡན་གྱི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བའི་ཚུལ་བསྟན་པ།

མཛད་པ་པོའི་ཆེ་བ་དང་ཆོས་ཀྱི་ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བའི་ཚུལ་ལ། ཆོས་ཉན་པའི་ཚུལ་དང་། བཤད་པའི་ཚུལ་ལོ།། དང་པོ་ཆོས་ཉན་པའི་ཚུལ་ལ་འགལ་རྐྱེན་སྣོད་ཀྱི་སྐྱོན་གསུམ་སྤོང་བ་དང་། མཐུན་རྐྱེན་འདུ་ཤེས་དྲུག་བསྟེན་པའོ།། དང་པོ་སྣོད་ཀྱི་སྐྱོན་གསུམ་སྤོང་བ་ནི། གཟུར་གནས་བློ་ལྡན་དོན་གཉེར་བ།། ཉན་པོ་སྣོད་ཅེས་བྱ་བར་བཤད།། ཅེས་གསུངས་པ་བཞིན་ཀུན་སློང་ཚེ་འདི་སྣང་གི་མངོན་འདོད་དང་། ཐེག་པ་དམན་པའི་མངོན་འདོད་སོགས་ཀུན་སློང་དྲི་མ་ཅན་གྱིས་བསླད་པའི་སྣོད་དྲི་མ་ཅན་ལྟ་བུ་མིན་པ་དང་། བརྗེད་ངས་ཀྱི་དབང་དུ་སོང་བའི་སྣོད་ཞབས་བརྡོལ་བ་ལྟ་བུ་མིན་པ། ཉན་འདོད་མེད་པའམ་དོན་གཉེར་མེད་པའི་སྣོད་ཁ་སྦུབས་པ་ལྟ་བུ་མིན་པ་བཅས་སྣོད་ཀྱི་སྐྱོན་གསུམ་སྤོང་དགོས། བློ་གཟུ་བོར་གནས་པ་ཞེས་པས་སྣོད་དྲི་མ་ཅན་ལྟ་བུ་སྤོང་བ་དེ་བཤད་ཅིང་། དང་པོ་ནས་འདི་ཡིན་འདི་མིན་བསམ་པའི་རང་གི་ངོས་ནས་ཐག་བཅད་པའི་བསམ་ཚུལ་ཞིག་ཡོད་ན་བློ་གཟུ་བོར་མི་གནས་པ་རེད། བློ་གྲོས་དང་ལྡན་པ་ཞེས་པས་སྣོད་ཞབས་བརྡོལ་བ་ལྟ་བུ་སྤོང་བ་དེ་བཤད་ཅིང་། རང་ཉིད་ཀྱིས་དཔྱད་པ་བྱེད་པའི་ནུས་པ་ཡོད་པ་ཞིག་ལ་བློ་གྲོས་དང་ལྡན་པ་ཞེས་བརྗོད། མིས་གང་བཤད་ལ་ཆ་བཞག་པ་མ་གཏོགས་རང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་བརྟག་དཔྱད་བྱེད་པའི་ནུས་པ་མེད་ན་དེ་ནི་བློ་གྲོས་དང་མི་ལྡན་པ་རེད། གང་ལྟར་རྣམ་འབྱེད་ཀྱི་ཤེས་རབ་ཡོད་པ་མ་ཟད། མི་བརྗེད་པའི་ནུས་པ་ཡོད་པ། བློ་ལ་འཇགས་ཐུབ་པ་ཞིག་ལ་ཟེར། དོན་གཉེར་བ་ཞེས་པས་སྣོད་ཁ་སྦུབས་པ་ལྟ་བུ་སྤོང་བ་དེ་བསྟན་ཅིང་། དོན་གཉེར་མེད་ན་སྣོད་ཁ་སྦུབས་པ་ལྟ་བུ་རེད། དེ་ལྟ་བུ་སྣོད་ཀྱི་སྐྱོན་གསུམ་སྤང་བ་རེད།

གཉིས་པ་མཐུན་རྐྱེན་འདུ་ཤེས་དྲུག་བསྟེན་པ་ནི། རང་ལ་ནད་པ་ལྟ་བུའི་འདུ་ཤེས་དང་། དམ་པའི་ཆོས་ལ་སྨན་གྱི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པ་ལྟ་བུའི་འདུ་ཤེས། ནན་ཏན་ཉམས་སུ་བླང་བ་ལ་ནད་འཚོ་བའི་འདུ་ཤེས། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་བཅས་རེད།

གཉིས་པ་ཆོས་བཤད་པའི་ཚུལ་ལ་ལམ་རིམ་ཆེན་མོའི་ནང་ས་བཅད་མང་པོ་རེད། འོན་ཀྱང་འདིར་བསྡུས་ན། མངོན་པ་མཛོད་ལས། ཆོས་སྦྱིན་ཉོན་མོངས་ཅན་མིན་པས།། མདོ་སོགས་ཡང་དག་ཇི་བཞིན་སྟོན།། ཞེས་གསུངས་པ་བཞིན་ཆོས་འཆད་པ་པོའི་ངོས་ནས་ཀྱང་ཀུན་སློང་སྐྱོན་དང་མ་འདྲེས་པ། དཔེར་ན་རང་གི་མཁས་འདོད་དང་གྲགས་འདོད། ཚེ་འདིའི་ཆོས་བརྒྱད་ཀྱི་རེ་བ་ལ་སོགས་པས་མ་བསླད་པར་ཀུན་སློང་རྣམ་དག་གི་སྒོ་ནས་འཆད་དགོས།

བཞི་པ། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ།

གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ་དེ་རྗེ་རིན་པོ་ཆེ་མ་ཕེབས་སྔོན་གྱི་བསྟན་རིམ་དང་ལམ་རིམ་སོགས་ཀྱི་ནང་དལ་འབྱོར་དོན་ཆེན་རྙེད་དཀའ་ནས་མགོ་ཚུགས་པ་སོགས་གསུང་རྒྱུན་མི་འདྲ་བ་མང་པོ་རེད། རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་གི་ནང་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ་དེའི་ས་བཅད་སྒྲིག་སྟངས་སྔར་མ་གྲགས་པའི་གསར་གཏོད་ཅིག་བྱུང་ཞིང་། དེ་ནི་གདམས་པ་དངོས་ཀྱི་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ་ལ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ཞེས་གསུངས་ཤིང་། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ་ལ་ཐོག་མ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་དང་། ས་དང་ལམ་ཡོངས་རྫོགས་ཀྱི་མགོ་ཚུགས་ས་ནི་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་དང་མ་བསྟེན་ལ་རག་ལས་པ་ཡིན་ཙང་། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དེ་གཞུང་དངོས་ལ་མ་འཇུག་པའི་སྔོན་དུ་ཐམས་ཅད་ཀྱི་སྔོན་འགྲོ་ལྟ་བུར་གསུངས་པ་དེ་གནད་ཆེན་པོ་དང་གོ་རྒྱུ་ཆེན་པོ་ཞིག་ཡོད། སྤྱིེར་ནང་པའི་གཞུང་ལུགས་ཐམས་ཅད་ཀྱི་ནང་བཤེས་གཉེན་བསྟེན་ཚུལ་དེ་ཧ་ཅང་གལ་ཆེན་པོར་བརྩིས་ཏེ་དེའེི་ཐོག་མན་ངག་དང་བཤད་པ་ཧ་ཅང་མང་པོ་ཡོད་ཀྱང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་བང་སྒྲིག་པའི་སྐབས་སུ་ཐམས་ཅད་ཀྱི་སྔོན་དུ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ཞེས་ཟུར་དུ་ཕྱེ་བ་དེ་རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་གདམས་ངག་ལྟ་བུ་རེད། གལ་ཏེ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དེ་ནས་འཕྱུག་པ་ཡིན་ན་དེའི་རྗེས་སུ་ཟབ་ཟབ་པོ་དང་སྙན་སྙན་པོ་ཇི་ཙམ་བཤད་ཀྱང་དེའི་ཐོག་ནས་ཕན་ཐོགས་གང་ཡང་ཡོང་རྒྱུ་མེད། ང་ཚོ་བོད་པའི་གཏམ་དཔེར། ཚེས་གཅིག་ནས་འཕྱུག་ན་གནམ་གང་བར་དུ་འཕྱུག་ཟེར་བ་ལྟ་བུ་རེད། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དེ་ཇི་ལྟ་བ་བཞིན་དུ་མ་བྱུང་ན་ལམ་གཞན་གྱིས་ཕན་ཐོགས་གང་ཡང་མེད་པ་ཡིན་ཙང་། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་ས་བཅད་ཟུར་དུ་ཕྱེ་བ་རེད། དེ་ནས་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་དེ་ཡོང་བ་རེད། གལ་ཏེ་བཤེས་གཉེན་བསྟེན་ཚུལ་ཡག་པོ་བྱུང་ན་གཞི་ནས་ལམ་རིམ་བློ་སྦྱོང་གི་ཉམས་ལེན་བྱེད་ན་རེ་བ་ཡོད་པ་རེད། ཐོག་མ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དེ་ཡག་པོ་མ་བྱུང་ན་ལམ་ལ་བློ་སྦྱོང་བྱེད་རྒྱུའི་རེ་བ་དང་གོ་སྐབས་རྩ་བ་ནས་མེད། དེས་ན་ལམ་གྱི་རིམ་པ་ཉམས་སུ་ལེན་པ་དང་འཆད་ཉན་བྱེད་པའི་སྐབས་སུ་མ་རྩའམ་གཞི་རྩ་ལྟ་བུ་དེ་བཤེས་གཉེན་བསྟེན་པའི་ཚུལ་དེ་རེད། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་སློབ་སྦྱོང་དང་བསམ་བློ་གཏོང་བའི་སྐབས་སུ་བང་ཇི་ལྟར་བསྒྲིག་དགོས་པ་དེ་ས་བཅད་སྟབས་བདེ་ཤོས་ཤིག་ཐོག་ནས་ཞུ་ན།

ལམ་གྱི་རྩ་བ་བཤེེས་གཉེན་བསྟེན་པའི་ཚུལ།

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ། བཤེས་གཉེན་བསྟེན་པའི་ཕན་ཡོན་བསམ་པ། མ་བསྟེན་པའི་ཉེས་དམིགས་བསམ་པ། བཤེས་གཉེན་བསྟེན་ཚུལ་དངོས་དང་གསུམ་མོ།། ཡང་ན་བསྟེན་པའི་ཕན་ཡོན་བསམ་པ། མ་བསྟེན་པའི་ཉེས་དམིགས་བསམ་པ། བསམ་པའི་བསྟེན་ཚུལ། སྦྱོར་བའི་བསྟེན་ཚུལ་དང་བཞི་རུ་ཕྱེ་ནའང་འགྲིགས། ཐོག་མར་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་བསམས་ནས་བཤེས་གཉེན་བསྟེན་དགོས་པ་དེ་རང་གི་བློ་ངོར་ངེས་པ་རྙེད་ན། བསྟེན་པའི་ཚུལ་དེ་བསམ་བློའི་ངོས་ནས་ཇི་ལྟར་བསྟེན་དགོས་པ་དང་། ལུས་ངག་གི་སྦྱོར་བའི་སྒོ་ནས་ཇི་ལྟར་བསྟེན་དགོས་པ་དེ་ཡོང་རྒྱུ་རེད། ལམ་རིམ་ཆེ་ཆུང་གིས་དབུས་པའི་ལམ་རིམ་ཕལ་མོ་ཆེའི་ནང་ས་བཅད་དེའི་ཐོག་ནས་ཕེབས་པ་དེ་བློ་ལ་འཇུག་བདེ་བ་དང་། བསམ་བློ་གཏོང་བདེ་བའི་ཁྱད་ཡོད།

དང་པོ་བཤེས་གཉེན་བསྟེན་པའི་ཕན་ཡོན་ལ་བརྒྱད་ཡོད་ཅིང་། སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ། རྒྱལ་བ་རྣམས་དགྱེས་པར་འགྱུར་བ། ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་གྱིས་མི་ཕོངས་པ། ངན་སོང་དང་ངན་འགྲོར་མི་ལྟུང་བ། ལས་ངན་པ་དང་ཉོན་མོངས་པས་ཐུབ་པར་དཀའ་བ། བྱང་ཆུབ་ཀྱི་སྤྱོད་པ་དང་མི་འགལ་ཞིང་ཡོན་ཏན་གྱི་ཚོགས་ཇེ་ཆེར་འགྲོ་བ། གནས་སྐབས་དང་མཐར་ཐུག་གི་དོན་འགྲུབ་པ། རང་གཞན་གྱི་དོན་བྱེད་པའི་ཚོགས་རྫོགས་པར་འགྱུར་བ་བཅས་རེད།

གཉིས་པ་མ་བསྟེན་པའི་ཉེས་དམིགས་ལ་ཕན་ཡོན་བརྒྱད་ཀྱི་ལྡོག་ཕྱོགས་མ་བསྟེན་པའི་ཉེས་དམིགས་སུ་གསུངས་པ་ཡོད་ཀྱང་། ལམ་རིམ་ཆེན་མོའི་ནང་མ་བསྟེན་པའི་ཉེས་དམིགས་ལ་བསྡོམས་གཅིག་གནང་ཡོད་པ་ལས། ཉེས་དམིགས་བརྒྱད་དུ་གསུངས་མེད། འོན་ཀྱང་རྗེས་ཀྱི་ལམ་རིམ་རྣམས་ཀྱི་གསུང་ཚུལ་ལྟར་ཕྱེ་ན། ཚེ་འདིར་ནད་གདོན་དུ་མས་གཙེ་བ། ཕྱི་མ་ངན་སོང་མུ་མཐའ་མེད་པར་ལྷུང་བ། ཡོན་ཏན་མ་སྐྱེས་པ་རྣམས་མི་སྐྱེ་ཞིང་སྐྱེས་ཟིན་ཉམས་པ་སོགས་ཡིན། དེ་ལྟ་བུའི་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའམ་བསྟེན་ཚུལ་ལོག་པའི་ཉེས་དམིགས་རྣམས་བསྡུས་ནས་ཞུ་ན། དམིགས་ཡུལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ཆེད་དུ་ལམ་ལ་ཞུགས་པ་ཡིན་ན་བཤེས་གཉེན་བསྟེན་པའི་ཕན་ཡོན་ལ་བརྟེན་ནས་ལམ་མྱུར་བར་བགྲོད་ཐུབ་པ་དང་། མ་བསྟེན་པའམ་བསྟེན་ཚུལ་ལོག་པའི་ཉེས་དམིགས་ལ་བརྟེན་ནས་ལམ་གྱི་ས་ཆོད་མེད་པ་དང་། ས་ལམ་གྱི་རྟོགས་པ་གོང་དུ་མི་འཕེལ་བ་བཅས་ཡིན། དེ་ལྟར་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའམ་བསྟེན་ཚུལ་ལོག་པའི་ཉེས་དམིགས་རྣམས་ཡང་ཡང་བསམས་ནས་བཤེས་གཉེན་ཚུལ་བཞིན་བསྟེན་དགོས་པའི་བསམ་བློའི་ནང་ངེས་པ་བརྟན་པོ་རྙེད་ན་གཞི་ནས་བསྟེན་ཚུལ་དེ་སླེབས་པ་རེད།

གསུམ་པ་བསྟེན་ཚུལ་དངོས་ལ། བསམ་པའི་བསྟེན་ཚུལ། སྦྱོར་བའི་བསྟེན་ཚུལ་ལོ།། དང་པོ་བསམ་པའི་བསྟེན་ཚུལ་ལ། རྩ་བ་དད་པ་སྦྱང་བ་དང་། བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་བསྐྱེད་པའོ།།

དང་པོ་རྩ་བ་དད་པ་སྦྱང་བ་ནི་བཤེས་གཉེན་བསྟེན་ཚུལ་ཉམས་སུ་བླངས་ནས་བློ་སྦྱོང་བའི་སྐབས་སུ་སྐྱེ་དཀའ་ཤོས་ཤིག་རེད་ལ། གལ་ཆེ་ཤོས་ཤིག་ཀྱང་རེད། བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་ནི་སྤྱི་ཡོངས་ཀྱི་གྲངས་འདྲེན་ཙམ་དང་། སྔོན་བྱུང་བླ་མ་ཁག་གི་རྣམ་ཐར་དང་བྱུང་རིམ་ནས་དཔེ་བླང་རྒྱུ་ཡིན་ཙང་ཕྲན་བུ་ལས་སླ་བ་རེད། འོན་ཀྱང་རྩ་བ་དད་པ་སྦྱང་བ་ནི་རང་གི་དགེ་བའི་བཤེས་གཉེན་ལ་སངས་རྒྱས་དངོས་སུ་མཐོང་བའི་འདུ་ཤེས་ཤིག་སྐྱེ་དགོས་རུང་། རང་གི་བསམ་བློའི་ནང་བླ་མ་ལ་ཐ་མལ་པའི་འདུ་ཤེས་ཧ་ཅང་གོམས་ཆེ་བར་བརྟེན། དེ་ལྟ་བུའི་གོམས་པ་དེ་བཞག་ནས་སངས་རྒྱས་དངོས་ཡིན་བསམ་པའི་འདུ་ཤེས་ཧ་ཅང་སྐྱེ་ཁག་པོ་ཡོད། སྤྱིར་བཏང་ནས་སངས་རྒྱས་ཀྱིས་འདུལ་བའི་ནང་མཁན་པོ་དང་སློབ་དཔོན་ལ་དེ་བཞིན་གཤེགས་པ་དང་འདྲ་བར་བལྟ་བར་བྱའོ་ཞེས་སངས་རྒྱས་དང་མཚུངས་པར་བལྟ་དགོས་ཞེས་པ་ལས་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱ་དགོས་ཞེས་གསུངས་མེད། ཐེག་པ་ཐུན་མོང་བ་ལ་སློབ་མཁན་ཞིག་ཡིན་ན་བློ་ལ་མ་ཤོང་བའི་ཉེན་ཁ་ཡོད་ཙང་དེ་ལྟར་གསུངས་པ་རེད། མཚུངས་པར་ལྟ་ཚུལ་ཡང་ཇི་ལྟར་མཁན་སློབ་ལ་ཕན་གནོད་བྱས་པ་དེ་སངས་རྒྱས་ལ་ཕན་གནོད་བྱས་པ་དང་མཚུངས་པའི་དགེ་བ་དང་སྡིག་པ་ཡོང་ཚུལ་གསུངས་པའི་རྒྱུ་མཚན་གྱིས་མཁན་སློབ་སོགས་རང་གི་བླ་མ་རྣམས་དེ་བཞིན་གཤེགས་པ་དང་མཚུངས་པར་བལྟ་བ་གསུངས། ཕར་ཕྱིན་ཐེག་པ་དང་སྔགས་ཀྱི་ཐེག་པའི་ནང་བླ་མ་སངས་རྒྱས་དངོས་སུ་བལྟ་བར་གསུངས་པ་རེད། དེ་ཡང་སངས་རྒྱས་མ་ཡིན་པ་ཞིག་ལ་སངས་རྒྱས་ཡིན་པའི་འདུ་ཤེས་བཞག་ནས་བལྟ་དགོས་ཞེས་གསུང་གི་མེད། གལ་ཏེ་མ་ཡིན་པ་ཞིག་ལ་ཡིན་པར་བལྟ་ན་བློ་དོན་མི་མཐུན་པ་རེད། བླ་མ་ལ་སངས་རྒྱས་སུ་ལྟ་བའི་འདུ་ཤེས་དེ་བློ་དོན་མཐུན་ཡིན་དགོས་པ་ལས། བློ་དོན་མི་མཐུན་པ་ཞིག་བསྒོམ་ན་ཕན་ཐོགས་ཡོང་རྒྱུ་གང་ཡང་མེད། དེ་ལྟར་རྩ་བའི་དད་པ་སྦྱང་བའི་རིམ་པ་ལ། བླ་མ་སངས་རྒྱས་སུ་བལྟ་དགོས་པའི་རྒྱུ་མཚན། བལྟ་ནུས་པའི་རྒྱུ་མཚན། ཚུལ་ཇི་ལྟར་བལྟ་བ་བཅས་གསུམ་རེད།

ཐོག་མར་བླ་མ་སངས་རྒྱས་སུ་བལྟ་དགོས་པའི་རྒྱུ་མཚན་ཡག་པོ་ཤེས་ན་སངས་རྒྱས་སུ་བལྟ་འདོད་སྐྱེ་བ་རེད། དེ་ལ་རྗེ་རིན་པོ་ཆེས་ཁེ་འདོད་ལ་གྱོང་མི་འདོད་པའི་ཕྱིར་ཞེས་བསྡོམས་གནང་ནས་མདོར་བསྡུས་ཤིག་གསུངས་ཡོད། གལ་ཏེ་རང་ལ་ཁེ་བཟང་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་དགོས་ན་བླ་མ་སངས་རྒྱས་སུ་བལྟས་ན་བསྒྲུབ་ནུས་པ་དང་། བླ་མ་སངས་རྒྱས་སུ་མ་བལྟས་ན་བསྒྲུབ་མི་ནུས་པའི་དབང་གིས་བླ་མ་སངས་རྒྱས་སུ་བལྟ་དགོས་པའི་རྒྱུ་མཚན་གསུངས་པ་རེད། གལ་ཏེ་བླ་མ་སངས་རྒྱས་སུ་བལྟ་དགོས་ན་བལྟ་ནུས་སམ་ཞེས་པའི་བློ་དེ་ཡང་ཡང་ཡོང་གི་རེད། གང་ལགས་ཤེ་ན། རང་གིས་བླ་མའི་མཉམ་དུ་ཁ་མཉམ་ལག་མཉམ་ཚུལ་དུ་བཤིབས་ནས་ངའི་བླ་མ་ལ་སྐྱོན་འདི་འདྲ་ཡོད་ཅེས་སྐྱོན་འདོགས་ཀྱི་བློ་མང་པོ་ལ་གོམས་པ་ཡིན་ཙང་ཐེ་ཚོམས་སྐྱེ་རྒྱུ་ཉག་ཅིག་རེད། དེ་ལྟ་བུའི་ཐེ་ཚོམས་བྱུང་བའི་སྐབས་སུ་ལྟ་ནུས་པའི་རྒྱུ་མཚན་དེ་ངེས་པར་དུ་བསམ་དགོས། དེ་ཡང་ང་ཚོ་ལ་སྐྱོན་འདོགས་ཀྱི་བློ་དེ་དག་རང་བཞིན་གྱིས་གོམས་ནས་ཆགས་སོང་བ་རེད་མ་གཏོགས། བླ་མ་ལ་སྐྱོན་ཡོད་ནས་སྐྱོན་འདོགས་ཀྱི་བློ་ལ་གོམས་པ་མིན་པ་དེ་ཞིབ་ཚགས་པོས་བལྟས་ན་ཤེས་ཐུབ། དེས་ན་རང་གི་བློའི་གོམས་པ་ལ་འགྱུར་བ་གཏང་རྒྱུ་ཡོད་པ་དེའང་ཤེས་ཐུབ། སྐབས་རེ་ང་ཚོས་གནས་ཚུལ་བྱེ་བྲག་པ་ཕྱོགས་གཅིག་ཁོ་ན་ལ་བལྟ་རྒྱུའི་གོམས་གཤིས་ཡོད་ན། དེ་ནི་དེ་ལྟ་བུ་མིན་པའི་རྒྱུ་མཚན་གསལ་པོ་ཤེས་པའི་སྐབས་སུ་གནས་ཚུལ་གཞན་དུ་གྱུར་པ་རེད། གང་ལྟར་བློ་ཡི་འགྱུ་བ་དེ་སོ་ན་མི་གནས་པ་ཡིན་ཙང་ད་ལྟ་བལྟ་མི་ནུས་པ་དེའང་ཡང་ཡང་ཞར་ལ་ཚོགས་བསགས་པ་དང་ཞར་ལ་སྒྲིབ་པ་སྦྱངས་ནས་རྒྱུན་དུ་བློ་འབྱོང་བའི་ཐབས་ཤེས་བྱེེད་ན་བལྟ་ནུས་པ་དེ་ཉམས་མྱོང་ལ་ཡོང་ཐུབ། སྐྱོན་འདོགས་ཀྱི་བློ་དང་ཡོན་ཏན་མཐོང་བའི་བློ་གཉིས་གོམས་པ་ཆེ་ཆུང་གི་དབང་གིས་འགྲོ་བ་རེད།

ཚུལ་ཇི་ལྟར་ལྟ་བ་ལ་བླ་མ་སངས་རྒྱས་ཡིན་པ་བསྒྲུབ་དགོས། དེ་ཡང་བླ་མ་སངས་རྒྱས་ཡིན་པ་རྒྱལ་བ་རྡོ་རྗེ་འཆང་གིས་བཞེད་པ་དེ་མདོ་རྒྱུད་མང་པོ་ནས་གསུངས་ཤིང་། དེ་བཞིན་རིགས་པའི་སྒོ་ནས་སྒྲུབ་ཚུལ་ནི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པ་པོ་ཡིན་པ་དང་། རང་གི་སྣང་བ་ལ་ངེས་པ་མེད་པ། ད་ལྟའང་སངས་རྒྱས་བྱང་སེམས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་བཅས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས། གལ་ཏེ་རང་ཉིད་ལ་སངས་རྒྱས་ཀྱི་འཕྲིན་ལས་འཇུག་ན་འཕྲིན་ལས་ཀྱི་འཇུག་སྒོ་བླ་མ་ལས་གཞན་དུ་མེད། དེས་ན་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་འཇུག་སྒོ་དེ་སངས་རྒྱས་མ་ཡིན་པ་ཞིག་ལ་བརྟེན་དགོས་པ་ནི་རིགས་པ་དང་མི་མཐུན་པ་ཡིན་ཙང་། དེའི་དབང་གིས་བླ་མ་སངས་རྒྱས་སུ་བལྟ་དགོས་པ་དང་། བལྟ་ནུས་པ། རང་གི་སྣང་བ་ལ་སྐྱོན་མཐོང་བ་དེ་ངེས་པ་མེད་པ་རེད། སོ་སོས་སྐྱོན་མཐོང་བ་དེ་བླ་མ་ལ་སྐྱོན་ཡོད་པའི་རྒྱུ་མཚན་དུ་མི་འགྲོ་ཞིང་། སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས།  རང་རེའི་ལས་ངན་སྒྲིབ་པ་ཆེ་ཚོད་ལ།། བླ་མ་མི་རུ་མཐོང་བ་དགའ་ཚད་ཡིན།། ཁྱི་དང་བོང་བུར་མི་མཐོང་བསོད་ནམས་ཆེ།། མོས་གུས་སྙིང་ནས་བསྐྱེད་ཅིག་ཤཱཀྱའི་སྲས།། ཞེས་གསུངས་པ་བཞིན་ང་ཚོའི་ལས་ངན་པའི་སྒྲིབ་པ་ཆེ་ཚུལ་ལ་བལྟས་ན་བླ་མ་མིའི་ངོ་བོར་མཐོང་བ་དེ་གང་ལེགས་ཡིན་པ་དང་། བླ་མ་ཁྱི་དང་བོང་བུར་མ་མཇལ་བ་དེ་བསོད་ནམས་ཆེན་པོ་རེད། ལས་ཀྱི་སྒྲིབ་པ་མ་དག་ན་དེ་འདྲ་ཡོང་སྲིད་པ་ཞིག་རེད། དེ་བཞིན་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་ཐོག་མར་མཇལ་སྐབས་ཁྱི་མོ་སྨད་འབུས་འཁྱེར་བ་ཞིག་ཏུ་གཟིགས་པ་རེད། དེས་ན་རང་གི་སྣང་བ་ལ་ངེས་པ་མེད་པ་སོགས་ལ་བློ་སྦྱངས་ནས་རིམ་པས་བླ་མ་སངས་རྒྱས་ཡིན་པའི་ངེས་ཤེས་རྙེད་ན་ས་ལམ་གྱི་རིམ་པ་གཞན་རྣམས་བདེ་བླག་ཏུ་ཐོབ་པ་རེད། ཕ་རོལ་ཏུ་ཕྱིན་པའི་སྐབས་སུའང་མྱུར་ལམ་སྐོར་གསུངས་པ་རེད། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ས་ལམ་མྱུར་པོ་བགྲོད་པའང་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་བཤེས་གཉེན་བསྟེན་ཚུལ་ཧ་ཅང་ཚུལ་བཞིན་དུ་བྱུང་བའི་དབང་གིས་རེད།

བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་བསྐྱེད་པ་ལ། ཆོས་གསུངས་པའི་བཀའ་དྲིན། ཤེས་རྒྱུད་བྱིན་གྱིས་བརླབས་པའི་བཀའ་དྲིན། ཟང་ཟང་གིས་འཁོར་དུ་བསྡུས་པའི་བཀའ་དྲིན་བཅས་གསུམ་རེད། ཆོས་གསུངས་པའི་བཀའ་དྲིན་ལ། སྤྱིར་སངས་རྒྱས་ཐམས་ཅད་ལས་ལྷག་པའི་བཀའ་དྲིན་དང་། སྒོས་ཤཱཀྱ་ཐུབ་པ་ལས་ལྷག་པའི་བཀའ་དྲིན་བཅས་གཉིས་རེད། དེ་ཡང་བླ་མ་མཆོད་པའི་ཆོ་ག་ལས། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི།། མ་རུངས་འདུལ་དཀའི་སྙིགས་དུས་འགྲོ་བ་ལ།། བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་པ་ཡི།། སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།། ཞེས་གསུངས་པ་བཞིན་ད་ལྟ་ང་ཚོ་ལ་ཆ་བཞག་ན། འདས་པའི་བསྐལ་པ་མང་པོའི་རིང་ལ་སངས་རྒྱས་གྲངས་མེད་པ་བྱོན་ཟིན་ཡང་། ང་ཚོས་མཇལ་བའི་སྐལ་བ་བྱུང་མེད། ང་ཚོས་ཆོས་ནི་རང་གི་བླ་མའི་དྲུང་ནས་ཐོས་པ་རེད། དེས་ན་སྤྱིར་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་ཞེས་པ་དེ་རེད། སྒོས་ཤཱཀྱ་ཐུབ་པ་ལས་ལྷག་པའི་བཀའ་དྲིན་ནི། བླ་མ་མཆོད་པའི་ཆོ་ག་ལས། ཐུབ་པའི་ཉི་མ་དུས་ཀྱིས་ནུབ་གྱུར་ཏེ།། མགོན་སྐྱབས་མེད་པའི་འགྲོ་བ་མང་པོ་ལ།། རྒྱལ་བའི་མཛད་པ་ཉེ་བར་སྒྲུབ་མཛད་པའི།། སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།། ཞེས་གསུངས་པ་བཞིན་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་ནས་འཇིག་རྟེན་འདིའི་ནང་བྱོན་ཏེ་གདུལ་བྱ་གྲངས་ལས་འདས་པ་ཐེག་པ་གསུམ་ལ་བཀོད་དེ་གཤེགས་ཀྱང་། སྐབས་དེར་ང་ཚོ་སངས་རྒྱས་ཀྱི་འཁོར་དུ་སྐྱེ་བ་བླངས་མེད་པ་བཅས་ཆོས་གསུངས་པའི་བཀའ་དྲིན་རེད། ཤེས་རྒྱུད་བྱིན་གྱིས་བརླབས་པའི་བཀའ་དྲིན་ནི་རང་གི་རྒྱུད་ལ་མི་དགེ་བའི་བློ་ཉམས་ཏེ་ས་ལམ་གྱི་རྟོགས་པ་ཕྲན་བུ་སྐྱེ་བའི་གོ་སྐབས་མང་པོ་ཞིག་བླ་མ་ལ་བརྟེན་ནས་བྱུང་། ཟང་ཟང་གིས་འཁོར་དུ་བསྡུས་པའི་བཀའ་དྲིན་ནི་དཔེར་ན་ང་ཚོ་བོད་མི་སྐྱབས་བཅོལ་བ་ལྟ་བུ་ལ་མཚོན་ན། ད་ལྟ་ཟས་གོས་གནས་མལ་གྱི་ལོངས་སྤྱོད་ཇི་ཡོད་ཚང་མ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན། ༧གོང་ས་མཆོག་ལ་མཚོན་ན། ང་ཚོ་ལ་ཆོས་གསུངས་པ་མ་ཟད། ཟང་ཟིང་གིས་འཁོར་དུ་བསྡུས་པའི་བཀའ་དྲིན་ཡང་བསམ་གྱིས་མི་ཁྱབ་པ་རེད། དེ་བཞིན་གདན་ས་ཁག་གི་ཤག་གི་དགེ་རྒན་ལྟ་བུ་ལ་མཚོན་ནའང། དགེ་ཕྲུག་ལ་བསྡད་སའི་ཤག་དང་། གདན་སོགས་ཉལ་ཆས། ཟས་གོས། ཐ་ན་སྡེར་མ་ཡན་ཆད་གནང་སྟེ་ཟང་ཟིང་གིས་འཁོར་དུ་བསྡུས་པ་ནས་བསྐྱངས་པ་རེད། དེ་ལྟ་བུ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གུས་པ་བསྐྱེད་དགོས། སངས་རྒྱས་དངོས་སུ་མཐོང་བའི་དད་པ་དང་། བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་གཉིས་བྱུང་ན་བསམ་པའི་བསྟེན་ཚུལ་གྱི་ཆ་ཤས་དེ་ཚང་བ་རེད།

གཉིས་པ་སྦྱོར་བའི་བསྟེན་ཚུལ་ནི། བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོས་པ་ཅི་ཞིག་དགོས། བླ་མ་དགྱེས་བྱེད་གང་ཡིན་བྱ།། མི་མཉེས་བྱེད་ཀུན་སྤོང་བ་ནི།། དེ་དང་དེ་ལ་འབད་དེ་བྱ།། ཞེས་གསུངས་པ་བཞིན་ལུས་ངག་གི་བྱ་བ་བླ་མ་གང་མཉེས་པ་དེ་བྱེད་པ་དང་། བླ་མ་མི་མཉེས་པ་དེ་འདོར་ན་སྦྱོར་བའི་བསྟེན་ཚུལ་ཚང་བ་རེད། སྤྱིར་བླ་མ་ལྔ་བཅུ་པ་སོགས་ནས་སྦྱོར་བའི་བསྟེན་ཚུལ་ལམ་ཀུན་སྤྱོད་ཀྱི་འགྲོ་སྟངས་ཧ་ཅང་མང་པོ་གསུངས་པ་རྣམས། བླ་མ་དགྱེས་བྱེད་གང་ཡིན་བྱ།། ཞེས་པའི་ནང་བསྡུས་པ་རེད། དེ་ཡན་གྱིས་བསམ་པའི་བསྟེན་ཚུལ་དང་སྦྱོར་བའི་བསྟེན་ཚུལ་བསྟན་པ་རེད།

དེའི་ནང་ནས་སྡོང་པོ་བཀོད་པའི་མདོ་ལས་བཤེས་གཉེན་བསྟེན་ཚུལ་གྱི་སེམས་དགུ་གསུངས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འདིེར་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། ལམ་རིམ་ཆེན་མོའི་ནང་འདིའི་ས་བཅད་བཀྲམས་པའི་སྐབས་སུ་བསམ་པའི་བསྟེན་ཚུལ་གྱི་ནང་དུ་བསྟེན་པའི་བསམ་པ་སྤྱིར་བསྟན་པ་ཞེས་དང་པོར་གསལ་ཡོད། བསྟེན་པའི་བསམ་པ་སྤྱིར་བསྟན་པ་ཞེས་པ་ནི་བཤེས་གཉེན་བསྟེན་ཚུལ་གྱི་བསམ་པ་འཁྱེར་སྟངས་སྤྱིར་བཏང་ཇི་ལྟར་དགོས་པ་ཞེས་པའི་དོན་རེད། དེ་ནི་ང་ཚོ་ནམ་རྒྱུན་ཁ་མཉམ་ལག་མཉམ་གྱི་བླ་མ་དེ་ཚོ་བསྟེན་པའི་སྐབས་སུ་བསྟེན་པའི་བསམ་པ་སྤྱིར་བསྟན་པའི་སེམས་དགུ་པོ་བློ་ལ་ངེས་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ངའི་ཕ་ཡུལ་གྱི་རྒན་ཡོངས་འཛིན་རིན་པ་ཆེ་དམ་པ་རྗེ་དྲུང་ངག་དབང་སྦྱིན་པ་མཆོག་གྲྭ་སར་བཞུགས་ནས་གཞུང་ཆེན་པོའི་སློབ་གཉེར་གནང་མྱོང་མེད་ཀྱང་། ༧སྐྱབས་རྗེ་ཕ་བོང་ཁ། སྡེ་ཁྲི་ཡོངས་འཛིན་རིན་པོ་ཆེ། ལམ་རིམ་བླ་མ་རྟོགས་ལྡན་རིན་པོ་ཆེ། ཟམ་གདོང་སྐུ་གོང་མ་སོགས་ལ་བརྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཧ་ཅང་གི་མཁས་པ་ཆེན་པོ་དང། ལྷག་པར་དུ་ཐུགས་ཉམས་བཞེས་རྒྱུན་འགྲུས་སུ་གནང་བ་མ་ཟད། ཉམས་ལེན་གྱི་གནད་མང་པོ་མཁྱེན་པ་ཞིག་རེད། ཁོང་ལ་ཞལ་འདོན་གྱི་ཕྱག་དཔེ་མཐུག་པོ་ཞིག་ཡོད། དེའི་ནང་ཕྱག་ཤོག་ཆུང་ངུའི་ཐོག་ཕྱག་བྲིས་ཆུང་ངུས་གལ་ཆེ་བརྗེད་ཐོ་གནང་བ་མང་པོ་ཡོད། ང་ཆུང་ཆུང་སྐབས་སུ་རྒན་རིན་པོ་ཆེས་སྐབས་རེ་ང་ལ་བསྟན་པ་གནང་གི་ཡོད། དེའི་ནང་སྡོང་པོ་བཀོད་པ་ལས་གསུངས་པའི་སེམས་དགུའི་བསྟེན་ཚུལ་ནི། སྡོང་བཀོད་ལས་གསུངས་དགེ་བའི་བཤེེས་གཉེན་ལ།། བུ་མཛངས་རྡོ་རྗེ་ས་རི་བྲན་ཕྱག་བདར།། ཐེག་པ་ཁྱི་གྲུ་ལྟ་བུ་སེམས་དགུས་བསྟེན།། ཞེས་ཕྱག་ཤོག་ཆུང་ངུ་ཞིག་ཐོག་བྲིས་གནང་འདུག  དེ་ནི་རྗེས་སུ་ལམ་རིམ་ཆེན་མོའི་ནང་མཇལ་སོང་། སེམས་དགུས་བསྟེན་ཚུལ་དེ་ཚང་མས་ཉམས་ལེན་གནང་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་རེད། ལམ་རིམ་ཆེན་མོའི་ནང་སེམས་དགུ་པོ་དེ་སྡེ་ཚན་བཞིར་བསྡུས་ཡོད། རང་དབང་དོར་ནས་བླ་མའི་དབང་དུ་བཏང་བ། མཛའ་བ་མི་ཕྱེ་བ་བརྟན་པ། བླ་མའི་བྱ་བ་མཐའ་དག་སྒྲུབ་པ། བླ་མའི་བྱ་བ་སྒྲུབ་པའི་སྐབས་སུ་སེམས་པ་ཇི་ལྟ་བུ་བྱེད་དགོས་པ་བཅས་རེད། དེ་ཡང་དང་པོ་བུ་མཛངས་པ་ལྟ་བུའི་སེམས་ནི་བྱ་བ་གང་བྱེད་ཀྱང་བླ་མའི་དགོངས་ཚུལ་ལ་བལྟ་དགོས་པ་དེ་རེད། གལ་ཏེ་ཞལ་ནས་དངོས་སུ་གསུངས་ན་གསལ་པོ་རེད། འོན་ཀྱང་ཞལ་ནས་མ་གསུངས་ཀྱང་སྐུའི་ཉམས་འགྱུར་ལ་བལྟས་ནས་བླ་མའི་དགོངས་པ་རྟོགས་ཐུབ་པ་མ་ཟད། དེ་དང་མཐུན་པར་ལག་ལེན་དུ་བསྟར་ཐུབ་པ་བྱེད་རྒྱུ་དེ་རེད། བུ་མཛངས་པའམ་བུ་གྲུང་པོ་ཡིན་ན་རང་གི་ཕའི་བསམ་ཚུལ་དང་མཐུན་པར་འགྲོ་བ་རེད། དངོས་སུ་ཁ་ནས་མ་ལབ་ཀྱང་ལུས་ཀྱི་རྣམ་འགྱུར་དང་རྒྱུན་ལྡན་བསམ་བློའི་འཁྱེར་སོ་ཙམ་ལ་བལྟས་ནས་འགྲོ་ཐུབ་པ་རེད། གང་ལྟར་བྱ་བ་རྣམས་སོ་སོའི་འདོད་པ་བཞིན་མི་བྱེད་པར་བླ་མའི་ཐུགས་འདོད་དང་བསྟུན་ནས་བྱེད་པ་དེ་བུ་མཛངས་པ་ལྟ་བུའི་སེམས་རེད། གཉིས་པ་རྡོ་རྗེ་ལྟ་བུའི་སེམས་ནི་བླ་མས་མཉེས་པོ་གནང་བའི་སྐབས་སུ་གུས་ཞབས་ཡོད་པ་ལྟ་བུ་དང་། བླ་མས་བཀའ་བཀྱོན་དང་མ་མཉེས་པའི་སྐབས་སུ་གུས་ཞབས་མེད་པ་ལྟ་བུ། གང་ལྟར་རང་གི་གུས་ཞབས་དང་དད་པ་དེ་བླ་མའི་གནང་ཕྱོགས་ལ་བསྟུན་ནས་འགྱུར་བ་འགྲོ་ཆོག་མིན་པར་བརྟན་པ་ཞིག་ལ་ཟེར། རྡོ་རྗེ་ཞེས་པ་ནི་འགྱུར་བ་མེད་པར་བརྟན་པའམ་མཛའ་བ་མི་ཕྱེ་བའི་དོན་རེད། གསུམ་པ་ས་ལྟ་བུའི་སེམས་ནི་སའི་ཐོག་ཏུ་ལྗིད་ཆེ་ཆུང་གང་བཞག་ཀྱང་གཅིག་པ་རེད། ས་གཞིས་ཡོངས་སུ་འཛིན་པ་བཞིན་བླ་མས་བྱ་བ་ཆེ་ཆུང་དང་བཟང་ངན་གང་གནང་ཡང་དགའ་པོའི་ངང་ནས་ངོས་ལེན་ཞུས་པ་རེད། རྒྱལ་བ་འབྲོམ་སྟོན་པས་ཇོ་བོ་རྗེ་ལ་ཞབས་འདེགས་ཞུས་པ་བཞིན་དགོས། བཞི་པ་ཁོར་ཡུག་གི་རི་ལྟ་བུའི་སེམས་ནི་རྒྱ་མཚོའི་རྦ་རླབས་ཇི་ཙམ་འཐབ་ཀྱང་ཁོར་ཡུག་གི་རི་ལ་གཡོ་བ་མེད་པ་བཞིན་བླ་མས་བཀའ་བཀྱོན་ཕྱག་འཇུག་དང་ཚིག་རྩུབ་སོགས་གསུངས་པ་དང་། བྱ་བ་སྒྲུབ་དཀའ་བ་ཇི་ཙམ་བཀོལ་ཡང་མི་གཡོ་བ་རེད། རི་ནི་རླུང་གིས་མི་བསྐྱོད་པ་བཞིན་མི་གཞན་གྱིས་བླ་མ་ལ་ལྟོས་ཏེ་ཕྲ་མ་བཅུག་ནའང་མི་གཡོ་བ་རེད། ལྔ་པ་བྲན་ལྟ་བུའི་སེམས་ནི་བླ་མའི་བྱ་བ་གང་ཡིན་ཡང་རང་གིས་ཁུར་དུ་འཁྱེར་བ་རེད། བྲན་ཞེས་པ་ནི་གནའ་སྔ་མོ་རིགས་སམ་བུ་ལོན་སོགས་ཀྱི་ཆ་ནས་གཡོག་པོ་ཆགས་རྒྱུ་ཞིག་ཡོད། དེ་ལྟ་བུའི་བྲན་གཡོག་ལ་སྦྱིན་བདག་གིས་ལས་བཟང་ངན་སོགས་གང་བཀོལ་ཡང་བྱེད་དགོས་པ་ཞིག་རེད། དེས་ན་རང་ཉིད་གོ་གནས་དང་མཁས་པ་ཆེན་པོ་ཇི་ཙམ་ཡིན་རུང་བླ་མའི་མདུན་ལ་ཆེ་བའི་ང་རྒྱལ་མི་བྱེད་པར་དམའ་བའི་སེམས་གཟུང་བ་རེད།  དྲུག་པ་ཕྱག་བདར་བ་ལྟ་བུའི་སེམས་ནི་བླ་མའི་བྱ་བ་ངན་པ་རྣམས་ཀྱང་ཕྱག་བདར་བའམ་གད་པ་བཞིན་སྒྲུབ་པ་རེད། བདུན་པ་ཐེག་པ་ལྟ་བུའི་སེམས་ནི་བླ་མའི་བྱ་བ་ཧ་ཅང་ཁག་པོ་རྣམས་ཀྱང་ཐེག་པའམ་བཞོན་པ་ལྟ་བུ་སྒྲུབ་པ་རེད། གང་ལྟར་བླ་མའི་ཁུར་ཐམས་ཅད་བཟོད་ཐུབ་པ་ཞིག་ལ་ཟེར། བརྒྱད་པ་ཁྱི་ལྟ་བུའི་སེམས་ནི་བླ་མས་བཀའ་བཀྱོན་སོགས་གནང་ནའང་ཁྱི་བཞིན་ནམ་ཡང་ཁོང་ཁྲོ་སོགས་མི་བྱེད་པ་རེད། དགུ་པ་གྲུ་ལྟ་བུའི་སེམས་ནི་ལན་མང་བསྐོར་ནས་འགྲོ་དགོས་བྱུང་ཡང་གྲུ་བཞིན་སྐྱོ་བ་མི་བྱེད་པ་རེད། དེ་ལྟ་བུ་ནི་སེམས་དགུའི་བསྟེན་ཚུལ་རེད། མདོར་ན་བླ་མའི་ཐུགས་དང་བསྟུན་པ་མ་གཏོགས་རང་གི་འདོད་པ་དང་མི་བསྟུན་པ་བུ་མཛངས་པ་ལྟ་བུའི་སེམས། ནམ་ཡང་བླ་མ་ལ་དད་པ་མི་ལྡོག་པ་རྡོ་རྗེ་ལྟ་བུའི་སེམས། བླ་མའི་ཁུར་མཐའ་དག་བཟོད་ཐུབ་པ་ས་ལྟ་བུའི་སེམས། གཞན་གྱི་ཕྲ་མ་ལ་སོགས་པས་གཡོ་བར་མི་ནུས་པ་རི་ལྟ་བུའི་སེམས། བྱ་བ་བཟང་ངན་མཐའ་དག་སྒྲུབ་ཐུབ་པའི་བྲན་ལྟ་བུའི་སེམས། གཙང་བཙོག་ལ་སོགས་པ་གང་ལའང་མི་ལྟ་བར་ཕྱག་བདར་བ་ལྟ་བུའི་སེམས། ཁུར་ཆེ་ཆུང་ཇི་ཙམ་ཡིན་རུང་བཟོད་ཐུབ་པ་ཐེག་པ་ལྟ་བུའི་སེམས། བླ་མའི་བརྙས་བཅོས་དང་བཀའ་བཀྱོན་ལ་སོགས་པ་ལ་ཇི་མི་སྙམ་པ་ཁྱི་ལྟ་བུའི་སེམས། བླ་མའི་བྱ་བ་ཉིན་མཚན་ཀུན་ཏུ་ལན་མང་ཇི་ཙམ་བསྐོར་དགོས་ཀྱང་སྒྲུབ་ཐུབ་པ་གྲུ་ལྟ་བུའི་སེམས་བཅས་རེད། དེ་ལྟ་བུའི་སེམས་དགུ་ཚང་བའི་ཐོག་ནས་བླ་མ་བསྟེན་ཐུབ་ན་བསམ་པའི་བསྟེན་ཚུལ་དང་སྦྱོར་བའི་བསྟེན་ཚུལ་གཉིས་ཀ་ཚང་བ་རེད།

ཡོན་ཏན་གཞིར་གྱུར་མ་ནི་རྗེ་བདག་ཉིད་ཆེན་པོ་ལམ་རིམ་ཆེན་པོ་ལྗགས་རྩོམ་གྲུབ་ནས་རྭ་སྒྲེང་དུ་ཇོ་བོ་ཆེན་པོའི་སྐུ་བརྙན་དབུ་ཡོན་མའི་དྲུང་དུ་གསོལ་བ་བཏབ་ནས་ཡུན་རིང་བཞུགས་པའི་སྐབས་སུ་རྗེ་རིན་པོ་ཆེ་ཡན་གྱི་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད། བཀའ་གདམས་པའི་བརྒྱུད་པ་གསུམ་སོགས་ལམ་རིམ་གྱི་བླ་མ་རྣམས་ཞལ་གཟིགས་ཤིང་དག་སྣང་བྱུང་བའི་སྐབས་སུ་གཞན་གྱིས་སྐུལ་བ་ལ་བརྟེན་ནས་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཅེས་པ་དེ་ལྗགས་རྩོམ་གནང་ཞིང་། དེ་ནི་ལམ་རིམ་ལ་བློ་སྦྱོང་བའི་སྐབས་སུ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལས་གསོལ་བ་འདེབས་པ་རྒྱུད་དང་འདྲེས་ངེས་སུ་བྱ་བ་ཞེས་པ་དེའི་ནང་དུ་འགྲོ་བ་རེད། དེའི་རྗེས་སུ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཀྱི་མཐའ་མ་ལ་ལམ་ཡོངས་སུ་རྫོགས་པ་ལ་ཤར་སྒོམ་གྱི་ཚུལ་དུ་ཡོན་ཏན་གཞིར་གྱུར་མ་དེ་རེད། དེ་ནས་ཡོན་ཏན་གཞིར་གྱུར་མའི་ཚིག་མང་པོ་ཞིག་རྗེས་སུ་གསང་བ་འདུས་པའི་སྨོན་ལམ་ལྗགས་རྩོམ་གནང་བ་དེའི་ནང་བསྣམས་ཡོད། ད་ལྟ་ཡོན་ཏན་གཞིར་གྱུར་མའི་བཤད་ཁྲིད་འབུལ་རྒྱུ་དེ་རྗེ་རིན་པོ་ཆེའི་གསུང་ཐོར་བུའི་ནང་གི་དང་པོ་ལ་ཡོད་པའི་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཀྱི་ཆ་ཤས་རེད། གསོལ་འདེབས་ལམ་མཆོག་སྒོ་འབྱེད་ཐོག་མར་ལྗགས་རྩོམ་གནང་བའི་སྐབས་སུ་ཟབ་མོ་ལྟ་བརྒྱུད་དང་། རྒྱ་ཆེན་སྤྱོད་བརྒྱུད། དེ་ནས་བཀའ་གདམས་གཞུང་པ་བ། བཀའ་གདམས་མན་ངག་པ་བཅས་ཀྱི་གསོལ་འདེབས་དུམ་བུར་ལོགས་སུ་མཛད་ཡོད་ཀྱང་། ང་ཚོས་འདོན་དུས་ཚང་མ་དཀྱུས་གཅིག་ཏུ་འདོན་པ་རེད། དེ་རྗེས་ལམ་སྤྱིའི་ཤར་སྒོམ་གྱི་དོན་དུ་ཡོན་ཏན་གཞིར་གྱུར་མ་གསུངས་པ་རེད།

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ།

དེ་ལྟ་བུའིི་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དེ་ཡོན་ཏན་གཞིར་གྱུར་མའི་ནང་། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ།། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།། ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས།། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས།། ཞེས་གསུངས་པ་རེད། ཡོན་ཏན་གཞིར་གྱུར་ཞེས་པས་བཤེས་གཉེན་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་བསྡོམས་ནས་བསྟན་པ་རེད། དྲིན་ཅན་རྗེ་ཞེས་པས་བསམ་པའི་བསྟེན་ཚུལ་གྱི་ནང་ནས་བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་བསྐྱེད་ཚུལ་དེ་བསྟན། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ་ལེགས་པར་མཐོང་ཞེས་པས་རྩ་བ་དད་པ་སྦྱང་བ་དེ་བསྟན། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས་ཞེས་པས་བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་དང་བསམ་པའི་བསྟེན་ཚུལ་དང་སྦྱོར་བའི་བསྟེན་ཚུལ་གཉིས་བསྡོམས་ནས་བསྟན། གོང་དུ་བཤད་པ་མདོར་བསྡུས་ཞུས་ཟིན་པ་རྣམས་གཞུང་གི་ཚིག་དང་སྦྱར་ན་དེ་ལྟར་རེད། ཡོན་ཏན་ཀུན་གྱི་གཞིར་གྱུར་ཞེས་པའི་ཚིག་དེ་ནུས་པ་ཧ་ཅང་ཆེན་པོ་རེད། སྤྱིར་བོད་སྐད་དུ་ཡོན་ཏན་ཞེས་པའི་ཚིག་ལ་གོ་བ་ལེན་སྟངས་མི་འདྲ་བ་ཁ་ཤས་ཡོད་ཅིང་། ཁྱད་ཆོས་ཙམ་ལ་ཡོན་ཏན་དང་། སྐྱོན་དང་ཡོན་ཏན་གཉིས་སུ་ཕྱེ་བའི་ཡོན་ཏན་བཅས་ལ་བརྗོད་ཀྱང་། སྐབས་འདིར་ཡོན་ཏན་ཞེས་པ་ཕྱི་མ་དེ་རེད། དེ་ནི་སྐྱེས་བུའི་མངོན་འདོད་སྒྲུབ་པའི་ཐབས་སུ་འགྲོ་ཐུབ་པ་ལ་ཡོན་ཏན་ཞེས་པ་དེ་འཇུག་དགོས། དེ་མིན་ཡོན་ཏན་ཡིན་པའི་རྒྱུ་མཚན་ནམ་སྒྲ་བཤད་དུ་མེད་པར་གྱུར། འདིར་ཡོན་ཏན་ཞེས་པ་གཙོ་ཆེ་བ་ས་དང་ལམ་གྱི་ཡོན་ཏན་ལ་གོ་དགོས། དེ་ཡང་འཕགས་ལམ་ཡན་ལག་བརྒྱད་ཀྱིས་མཚོན་པའི་ཚོགས་ལམ་ནས་བཟུང་སྟེ་མི་སློབ་ལམ་བར་གྱི་ལམ་ལྔ་ཡོངས་སུ་རྫོགས་པ་དེ་ལམ་གྱི་ཡོན་ཏན་དུ་གྱུར། གང་ལགས་ཤེ་ན། དེ་ནི་སོ་སོའི་སྐྱེ་བོའི་ས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་བགྲོད་ལམ་དེ་རེད། དཔེར་ན་འཁོར་ལོའི་ལམ་ལྟ་བུ་རེད། ས་ཞེས་པ་ནི་ལམ་དེའི་ནང་ཡོད་པའི་བབས་ཚུགས་ལྟ་བུ་དེ་རེད། དེས་ན་ལམ་ལྔ་གསུམ་བཅོ་ལྔ་རེ་རེ་ལ་མཚོན་ནའང་ལམ་སོ་སོའི་སྐབས་སུ་འཐོབ་རྒྱུའི་ཡོན་ཏན་དང་། སྤང་རྒྱུའི་སྐྱོན་རྣམས་གཞུང་ནང་རྒྱ་ཆེན་པོ་གསུངས་ཡོད། དེ་བཞིན་ས་བཅུ་པོ་རེ་ལ་སོ་སོའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡོད་པ་དེ་དག་ཐམས་ཅད་ཀྱི་གཞིར་གྱུར་པ། གང་ལྟར་ཡོན་ཏན་ཞིག་ཡིན་ཕྱིན་ཆད་ལ་བཤེས་གཉེན་བསྟེན་པའི་འབྲས་བུར་ཡོང་དགོས་པ་མ་གཏོགས། བཤེས་གཉེན་བསྟེན་ཚུལ་མེད་པ་ལ་ས་དང་ལམ་གྱི་ཡོན་ཏན་གྱིས་མཚོན་པའི་འཇིག་རྟེན་ཕལ་པའི་ཡོན་ཏན་ཚུན་ཆད་གང་ཡང་ཡོང་རྒྱུ་མེད་པར་བརྟེན། ཡོན་ཏན་ཀུན་གྱི་གཞིར་གྱུར་པ་རེད། འདིར་ཡོན་ཏན་ཀུན་གྱི་གཞིར་གྱུར་ཞེས་པ་དང་། གཞན་དུ་ལམ་གྱི་རྩ་བ་ཞེས་གསུངས་པ་གཉིས་དོན་གཅིག་རེད། དྲིན་ཅན་རྗེ་ཞེས་པས་ཆོས་གསུངས་པའི་བཀའ་དྲིན་དང་ཤེས་རྒྱུད་བྱིན་གྱིས་བརླབས་པའི་བཀའ་དྲིན་སོགས་བཀའ་དྲིན་ཅན་གྱི་རྗེར་གྱུར་པ། ཚུལ་བཞིན་བསྟེན་པ་ཞེས་པས་བསམ་པའི་བསྟེན་ཚུལ་མ་ལོག་པ་དང་སྦྱོར་བའི་བསྟེན་ཚུལ་མ་ལོག་པའི་སྒོ་ནས་བསྟེན་པ། ལམ་གྱི་རྩ་བ་རུ་ཞེས་པས་སྐྱེས་བུ་གསུམ་གྱི་ལམ་ཇི་འདྲ་ཞིག་ནང་འགྲུས་ནའང་ལམ་ཐམས་ཅད་ཀྱི་རྩ་བ་དེ་བཤེས་གཉེན་བསྟེན་ཚུལ་ལ་ཐུག་པ། ལེགས་པར་མཐོང་ཞེས་པས་བླ་མ་སངས་རྒྱས་ཡིན་པའི་འདུ་ཤེས་ལ་ངེས་པ་རྙེད་པ། འབད་པ་དུ་མ་ཡིས་ཞེས་པས་ངལ་བ་ཇི་ཙམ་བསྟེན་དགོས་ནའང་བསྟེན་པ། སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཚོས་འབད་པ་ཇི་ལྟར་གནང་བ་རྣམ་ཐར་ལ་གཟིགས་ན་མཁྱེན་ཐུབ་ཅིང་། དཔེར་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བསྟེན་པ་དང་། ན་རོ་པས་ཏེ་ལོ་པ་བསྟེན་པ། མར་པས་ན་རོ་པ་བསྟེན་པ། མི་ལ་རས་པས་མར་པ་བསྟེན་པ་བཅས་ཀྱི་སྐབས་སུ་དཀའ་སྤྱད་ཇི་ལྟར་གནང་བ་ལ་གཟིགས་ན་འབད་པ་དུ་མ་ཡིས་ཞེས་པ་དེ་མཁྱེན་ཐུབ། གལ་ཏེ་ལས་སླ་པོས་བསྟེན་ཐུབ་ན་སུས་ཀྱང་བསྟེན་རྒྱུ་རེད། དེས་ན་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ལ་དཀའ་སྤྱད་སྙིང་རུས་བཟོད་པ་ཞིག་དགོས་ཤིང་། བླ་མས་ཞལ་འཛུམ་འཛུམ་གྱིས་མཉེས་པོ་གནང་བའི་སྐབས་སུ་བཤེས་གཉེན་བསྟེན་ཚུལ་ཡོད་པ་དང་། བླ་མས་ཕྲན་བུ་དགོངས་པ་འགལ་ནས་བཀའ་བཀྱོན་ཕྱག་འབེབས་གནང་ན་ལམ་སེང་ཐག་རིང་འགྲོ་བ་རྣམས་ཀྱིས་བསྟེན་མི་ཐུབ། དེས་ན་འབད་པ་དུ་མ་ཡིས་ཞེས་པ་དེ་མི་ཡོང་། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས་ཞེས་པས་གུས་པ་ཆེན་པོས་བསྟེན་དགོས་འདུག་སྙམ་པའི་བློ་སྦྱོང་རྒྱུ་དང་། དེ་ལྟ་བུ་བསྟེན་ནུས་པར་ཤོག་ཅེས་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་བཏབ་པ་རེད། དེ་ཡན་གྱིས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དེ་མདོར་བསྡུས་ཟིན་པ་ཡིན།

བསྟེན་ནས་བློ་ཇི་ལྟར་སྦྱང་བ།

བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་དེ་མ་བཤད་པའི་སྔོན་དུ་བློ་སྦྱང་བའི་རིམ་པ་ཞེ་ན་ཉམས་ལེན་བྱེད་སྟངས་ཀྱི་སྐོར་རེད། སྤྱིར་གཞུང་ཆེན་པོ་ལ་སློབ་གཉེར་བྱེད་པའི་སྐབས་སུ་བློ་སྦྱོང་གི་ཡོད་ཀྱང་། སྐབས་འདིར་བློ་སྦྱོང་ཚུལ་ཡག་པོ་མ་ཤེས་ན་སློབ་གཉེར་བྱེད་ཀྱི་ཡོད་པ་གང་ཞིག་ལ་བློ་སྦྱོང་རྒྱུའི་ཚབ་ཏུ་བློ་འཕྲོ་རུ་བཅུག་པའི་ཉེན་ཁ་ཆེན་པོ་རེད། དེས་ན་བློ་སྦྱོང་གི་སྦྱོང་ཞེས་པ་ལ་གོ་དོན་མི་འདྲ་བ་གཉིས་རེད། དང་པོ་ནི་སྦྱོང་བདར་གྱི་དོན་རེད། དེ་ནི་གོམས་འདྲིས་ཆེན་པོ་ཡོང་བའི་ཆེད་དུ་སྦྱོང་བདར་བྱེད་པ། དཔེར་ན་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལྟ་བུ་རེད། གཉིས་པ་ནི་དག་པའི་དོན་རེད། དེ་ནི་མ་དག་པའི་དྲི་མ་སྦྱངས་ནས་དག་པའམ་གཙང་སེལ་བྱེད་པ། དཔེར་ན་སྡིག་པ་སྦྱོང་བ་ལྟ་བུ་རེད། དེས་ན་རྒྱུན་དུ་གཞུང་ཆེན་པོ་ལ་སློབ་གཉེར་གནང་བའི་སྐབས་སུ་གཞུང་ཆེན་པོ་ནས་བསྟན་པའི་བརྗོད་བྱ་རྣམས་ཐད་ཀར་སོ་སོའི་བློ་ལ་ཕན་པའི་ཆེད་དུ་གང་དུ་སྦྱར་དགོས་པ་དེ་གཟིགས་དགོས། དཔེར་ན་མི་རྟག་པའི་རྣམ་གཞག་ཅིག་བསྟན་ན་ལམ་སེང་རྟག་འཛིན་གྱི་བློ་ལ་གནོད་མིན་དང་། དེ་བཞིན་སྟོང་ཉིད་བསྟན་པའི་གཞུང་ཞིག་ཀློག་ན་ང་ཚོའི་བདག་འཛིན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་མིན་བལྟ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟ་མ་ཐུབ་ན་གཞུང་ཆེན་པོ་བལྟས་ནས་རྟག་འཛིན་ཆེ་རུ་འགྲོ་བ་དང་། བདག་འཛིན་ཆེ་རུ་འགྲོ་བ། འདོད་རྔམས་ཆེ་རུ་འགྲོ་བ། སེར་སྣ་ཚ་རུ་འགྲོ་བའི་ཉེན་ཁ་ཡོད་རེད། དེས་ན་ང་ཚོས་ཐོས་བསམ་སྒོམ་གསུམ་ཅི་བྱས་ཀྱང་སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་ནས་བློ་སྦྱོང་བའི་ཐབས་ཤེས་བྱེད་དགོས། དེར་བརྟེན་གཞུང་ཆེན་པོ་ལ་སློབ་གཉེར་གནང་མཁན་ཚོས་ཟུར་དུ་བསྒོམ་བརྒྱབ་རྒྱུ་དང་སྔགས་གསོག་རྒྱུ་སོགས་ལ་དུས་ཚོད་མང་པོ་བཏང་མ་ཐུབ་ནའང་དགའ་ལྡན་ལྷ་བརྒྱ་མ་ལྟ་བུའི་ཐོག་ནས་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ཡག་པོ་ཞིག་བཏང་ནས་ཡོན་ཏན་གཞིར་གྱུར་མ་ལྟ་བུའི་ཐོག་ནས་ལམ་སྤྱི་ལ་ཤར་སྒོམ་ཡག་པོ་ཞིག་བྱེད་ན་ཚོུད་ཕྱེད་ཙམ་གྱི་ནང་ཉམས་ལེན་ཆེན་པོ་བྱེད་ཐུབ་པའི་ཐབས་ཤེས་སམ་གོ་སྐབས་ཡོད་རེད། གལ་ཏེ་ཚོགས་ཆོས་རྭ་འགྲིམ་མཁན་ཞིག་ཡིན་ནའང་སྔ་དྲོ་བཞེངས་མ་ཐག་བླ་མའི་རྣལ་འབྱོར་དང་སྦྱོར་ཆོས་དྲུག་གི་ཉམས་ལེན་མདོར་བསྡུས་ཤིག་བྱས་རྗེས་བྱང་ཆུབ་སེམས་སྦྱོང་དང་སྤྱོད་པ་སྤྱི་བསླབ་བར་དུ་ཤར་སྒོམ་ཞིག་བྱས་ཏེ། བྱང་ཆུབ་སེམས་སྦྱོང་དང་སྤྱོད་པ་སྤྱི་བསླབ་ཀྱི་འདུ་ཤེས་མ་འདོར་བའི་ངང་ནས་ཉིན་གཅིག་ལ་བྱ་གཞག་ཐམས་ཅད་དེའི་ཁོངས་ནས་བྱེད་ཐུབ་ན་བླ་མའི་རྣལ་འབྱོར་དང་མ་འབྲལ་བ་དང་། བྱང་ཆུབ་སེམས་ཀྱི་རྩི་མ་ཡལ་བ་ཡོང་རྒྱུ་རེད། དེས་ན་་ཉིན་གཅིག་གི་ཚོགས་ཆོས་རྭ་འགྲིམ་པ་ཡིན་ནའང་རེད། རྟགས་བསལ་གཏོང་ནའང་རེད། འདུས་ཚོགས་ཀྱི་བྱ་བ་སོགས་གང་བྱས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འགྲོ་བ་དང་། ཕྱིན་དྲུག་གི་ཉམས་ལེན་དུ་འགྲོ་བ་རེད། དེར་བརྟེན་སྔོན་འགྲོ་དང་། དངོས་གཞི། མཇུག་བཅས་ཇི་ལྟར་བྱེད་དགོས་པ་ཆ་ཚང་བ་མ་བྱུང་ན་སྦྱོར་དངོས་རྗེས་གསུམ་མ་ཚང་བས་དགེ་བའི་བྱ་བ་སྟོབས་ཆེན་པོ་མེད་པ་དང་། གལ་ཏེ་སྟོབས་ཆེན་པོ་བྱུང་ནའང་མཇུག་ཏུ་བསྔོ་བ་སྨོན་ལམ་གྱིས་མཚམས་ཡག་པོ་སྦྱར་མ་ཐུབ་ན་ཁོང་ཁྲོས་བཅོམ་པ་དང་། དགེ་རྩ་མི་འཕེལ་བ་སོགས་ཀྱི་ཉེན་ཁ་ཡོད།

སྦྱོར་བའི་ཆོས་དྲུག།

སྦྱོར་བའི་ཆོས་དྲུག་ནི་མདོ་དང་བྱང་ས་སོགས་གཞུང་ཆེན་པོ་ནས་གསུངས་ཡོད་ལ། ལྷག་པར་དུ་བླ་མ་གསེར་གླིང་པའི་མན་ངག་ཡིན་པས་ཇོ་བོ་ཡབ་སྲས་ཀྱི་ཕྱག་བཞེས་གྲགས་ཆེན་པོ་རེད། དེ་ཡང་སྦྱོར་བའི་ཆོས་དྲུག་ནི་གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པ། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་པ། སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད་དེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་སོགས་བྱ་བ། ཚོགས་ཞིང་གསལ་བཏབ་པ། བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ། གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་སུ་བྱ་བ་བཅས་རེད།

དང་པོ་གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པ་ནི་གནས་ཁང་བྱི་དོར་ཞེས་པ་གཙང་སྦྲའི་དོན་རེད། དེང་སང་ཁོར་ཡུག་གི་གནས་བབས་ཐོག་ནས་གཙང་སྦྲའི་སྐད་ཆ་མང་པོ་བཤད་ཀྱི་ཡོད། ཡིན་ནའང་ང་ཚོས་ལོ་སྟོང་ཕྲག་གོང་དུ་ཁོར་ཡུག་ཉམས་ཆག་གི་སྐད་ཆ་མེད་པའི་སྐབས་ནས་གང་ཟག་བྱེ་བྲག་པ་ནས་བཟུང་སྟེ་དགེ་འདུན་གྱི་འདུས་སྡེ་དང་མིའི་སྤྱི་ཚོགས་རྣམས་སུ་གཙང་སྦྲ་དེ་གལ་ཆེན་པོ་བརྩི་བ་རེད། དེ་ལ་གནས་ཁང་བྱི་དོར་བྱས་པའམ་གཙང་སྦྲ་བྱེད་པའི་ཕན་ཡོན་ལྔ་འདུལ་བའི་ནང་གསུངས་ཡོད་ཅིང་། དེ་ཡང་རང་གི་སེམས་དྭང་བ་དང་། གཞན་གྱི་སེམས་དྭང་བ། དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དགའ་བ། མཛེས་པའི་ལུས་གསོག་པ། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་སུ་སྐྱེ་བ་བཅས་ཡིན། གནས་ཁང་བྱི་དོར་ནི་ཉིན་ལྟར་བྱེད་དགོས་པ་ཞིག་རེད།

གཉིས་པ་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་པ་དེ་རེད། མཆོད་པ་གཡོ་མེད་ཅེས་པ་ནི་ལོག་འཚོ་དང་མ་འདྲེས་པ་ཞིག་དགོས། ལོག་འཚོ་ལྔ་ནི་ཁ་གསག་དང་། གཞོགས་སློང་། རྙེད་པས་རྙེད་པ་འཚོལ་བ། ཐོབ་ཀྱིས་འཇལ་བ། ཚུལ་འཆོས་བཅས་ཀྱི་ཐོག་ནས་སྒྲུབ་པ་མ་ཡིན་པ་དགོས། བོད་པས་ཡོན་ཆབ་འབུལ་བ་ནི་ཆུ་དེ་བདག་ཏུ་མ་བཟུང་བའི་དངོས་པོ་ཡིན་ཙང་ལོག་འཚོ་དང་མ་འདྲེས་པ་ཡིན་ཤག་བྱས་པ་རེད། དེ་བཞིན་སྟབས་བདེ་པོ་དང་གཙང་མའང་བརྩི་བ་རེད། འོན་ཀྱང་དེང་སང་ཆུའང་རིན་པས་གཞལ་དགོས་པར་བརྟེན་བདག་ཏུ་བཟུང་བ་ཆགས་ཟིན། གལ་ཏེ་ཡོན་ཆབ་འབུལ་བའི་སྐབས་སུ་གཟབ་གཟབ་མ་བྱས་ན་གཡོ་མེད་པ་མི་ཆགས་པའི་ཉེན་ཁ་ཡོད་མུས་རེད། ཕྱོགས་གཞན་ནས་བལྟས་ན་དངུལ་ཏིང་དང་ལི་ཏིང་སོགས་རྒྱས་སྤྲོས་ཅན་རྣམས་མཆོད་པའི་ཡོ་བྱད་དུ་མ་བརྩི་བར་རྒྱུ་ཅ་ལག་གི་འདུ་ཤེས་བྱེད་མཁན་སྒྲིག་འཛུགས་དང་གང་ཟག་སྒེར་པའང་ཡོད་རེད། སོ་སོས་ཕྲ་ཕྲ་ཟིང་ཟིང་རྫིག་པོ་བཤམ་རྒྱུའི་ཡོན་ཆབ་ཀྱི་མཆོད་ཏིང་རྣམས་རྒྱུ་ཅ་ལག་གི་འདུ་ཤེས་ལས་མེད་ན་མཆོད་པའི་རྟེན་དུ་མི་འགྱུར། དེ་ལས་ས་དང་ཟངས་ལྕགས་ལས་བཟོས་པའི་ཡོན་ཆབ་ཀྱི་ཏིང་ཕལ་པའི་ནང་རིན་མེད་ཀྱི་ཆུ་ཞིག་འབུལ་ན་དེ་ནི་མཆོད་པ་གཡོ་མེད་པ་ཆགས་རྒྱུའི་རེ་བ་ཆེ།

གསུམ་པ་སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད་དེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་སོགས་བྱ་བ་དེ་རེད། ལུས་རྣམ་སྣང་གི་སྡོད་ལུགས་ནི་ཚང་མས་མཁྱེན་ཤག་རེད། དེ་ནི་རྐང་པ་སྐྱིལ་ཀྲུང་དང་། སྒལ་ཚིགས་བསྲང་། ལག་པ་མཉམ་གཞག  མགོ་བོ་ཅུང་ཟད་གུག་པ། མིག་སྣ་རྩེར་ཕབ། སོ་ཆུ་རང་སོར་བཞག  ལྕེ་རྩེ་རྐན་ལ་སྦྱར་བ་བཅས་རེད། ཐོག་མར་དེ་ལྟ་བུའི་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་བསྡད་རྒྱུ་རེད།

བཞི་པ་ཚོགས་ཞིང་གསལ་བཏབ་པ་ནི་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ལ་སྐྱབས་ཡུལ་གསལ་བཏབ་དགོས་ཤིང་། ལམ་རིམ་ཆེ་ཆུང་གཉིས་ཀའི་ནང་སྐྱབས་ཡུལ་དང་ཚོགས་ཞིང་དུ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་རྗེ་བཙུན་བྱམས་མགོན་དང་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་གཙོ་བོར་བཞུགས་པ་གསལ་བཏབ་དགོས་པ་གསུངས་ཡོད། རྗེའི་གསུང་ཐོར་བུ་འགའ་ཞིག་ནང་ཉམས་ལེན་བྱིན་རླབས་བརྒྱུད་བཅས་བརྒྱུད་པ་གསུམ་གའི་བླ་མ་གསལ་བཏབ་པའི་སྐབས་ཀྱང་ཡོད། ད་ལྟ་འདིར་ལམ་རིམ་ཆེན་མོར་ཆ་བཞག་ན། ཚོགས་ཞིང་ནང་སྟོན་པ་ཐུབ་པའི་དབང་པོ་དེ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་ངོ་བོར་མོས་ནའང་རུང་། སྟོན་པ་ཐུབ་པའི་དབང་པོ་རང་གི་སྐུ་ལ་མོས་ནའང་འགྲིགས། དེ་ནས་རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་བླ་མ། རྗེ་བཙུན་འཇམ་དབྱངས་ནས་བརྒྱུད་པའི་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་བཅས་ལམ་མཆོག་སྒོ་འབྱེད་ནང་བྱུང་བ་བཞིན་བླ་མ་རྣམས་གསལ་བཏབ་པ་རེད།

ལྔ་པ་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ་ནི་དེ་ལྟ་བུའི་ཚོགས་ཞིང་གི་མདུན་ལ་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་དགོས། ཡན་ལག་བདུན་པ་ནི་འདིར་གཙོ་བོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ནས་གསུངས་པ་དེ་རེད། དེ་མིན་མདོ་དང་བསྟན་བཅོས་མང་པོ་ནས་ཀྱང་གསུངས་ཡོད། ཡན་ལག་བདུན་པོ་དེ་ལ་བསག་སྦྱང་གི་གནད་བསྡུས་པ་ཞེས་གསུངས་ཡོད། དེ་ནི་ཚོགས་བསག་པ་དང་སྒྲིབ་པ་སྦྱང་བ་ལ་ཧ་ཅང་བསྡུས་པོ་དང་སྟབས་བདེ་བ་རེད། དེ་དག་ནི་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། བཤགས་པ། རྗེས་སུ་ཡི་རངས། ཆོས་འཁོར་བསྐོར་བར་སྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ། བསྔོ་བ་བཅས་བདུན་རེད། དེ་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་བ་དང་། དངོས་སུ་བཤམ་པ་དང་ཡིད་ཀྱིས་སྤྲུལ་པའི་སྒོ་ནས་མཆོད་པ་འབུལ་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་བཅས་བཞི་ལ་ཚོགས་གསོག་པའི་ཡན་ལག་ཅེས་བརྗོད། དེ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་དང་། ད་དུང་འཁོར་གསུམ་མི་དམིགས་པའི་རྒྱས་བཏབ་ཚུལ་ཤེས་ན་ཡེ་ཤེས་ཀྱི་ཚོགས་ཀྱང་གསོག་པ་རེད། དེ་ནས་སྡིག་པ་བཤགས་པ་ནི་འགལ་རྐྱེན་སྒྲིབ་པ་སྦྱོང་བའི་ཡན་ལག་དང་། རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རངས་པ་དེ་དགེ་བ་གོང་ནས་གོང་དུ་སྤེལ་བའི་ཡན་ལག  བསྔོ་བ་ནི་དགེ་བ་ཁོང་ཁྲོས་མི་བཅོམ་པ་དང་འབྲས་བུ་བྱིན་ནས་མི་ཟད་པ་སྲུང་བའི་ཡན་ལག་བཅས་ཡན་ལག་བདུན་པོ་ཚང་བར་བྱེད་ན་ཚོགས་གསོག་པ་དང་སྒྲིབ་པ་སྦྱང་བ་ཐམས་ཅད་ཚུད་པ་ཡིན།

མདོ་ལུགས་ནས་བྱས་ན་ཐོག་མར་སྐྱབས་ཡུལ་དང་ཚོགས་ཞིང་གསལ་བཏབ། དེ་ནས་ལམ་ལོག་པ་ལས་ཁྱད་པར་དུ་བྱས་པ་སྐྱབས་འགྲོ་དང་། ལམ་དམན་པ་ལས་ཁྱད་པར་དུ་བྱས་པ་སེམས་བསྐྱེད།  བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ། དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་བཏབ་པ་ཡིན། དོན་ཆེན་པོ་གསུམ་གྱི་གསོལ་བ་བཏབ་པ་དེ་ལ་མི་འདྲ་བ་གཉིས་ཡོད་ཅིང་། ལམ་མཆོག་སྒོ་འབྱེད་དང་རྗེའི་གསུང་ཐོར་བུའི་བླ་མའི་རྣལ་འབྱོར་ནང་བདག་དང་མ་སེམས་ཅན་བཤེས་གཉེན་ལ་མ་གུས་པ་ནས་བཟུང་སྟེ་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པ་དང་། བཤེས་གཉེན་ལ་གུས་པ་ནས་བྱང་ཆུབ་བར་དུ་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་བདེ་བླག་ཏུ་སྐྱེ་བ་དང་། རྐྱེན་ཕྱི་ནང་གི་བར་གཅོད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་གསུང་སྲོལ་དང་། གཞན་དུ་བདག་གི་བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ། ལམ་ལ་བར་ཆད་མེད་པ་ཞེས་བྱུང་། དེ་ལྟར་དོན་ཆེན་པོ་གསུམ་གྱིས་གསོལ་བ་བཏབ་པའི་རྗེས་སུ་ཡོན་ཏན་གཞིར་གྱུར་མའི་སྒོ་ནས་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་ལ་ཤར་སྒོམ་གནང་ཐུབ་ན་ཚིག་ཉུང་ལ་དོན་བསྡུས་པས་དུས་ཚོད་ཐུང་ཐུང་ལས་མི་འགོར། མདོར་ན། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། ཞེས་སོགས་ཀྱིས་སྦྱོར་ཆོས་གནང་བའམ། ཡང་ན་སྔགས་བླ་མེད་རྣལ་འབྱོར་དང་འབྲེལ་ནས་དགའ་ལྡན་ལྷ་བརྒྱ་མའི་ཐོག་ནས་གནང་ནའང་འགྲིགས། དགའ་ལྡན་ལྷ་བརྒྱ་མ་དེ་སྐྱབས་ཡུལ་དང་ཚོགས་ཞིང་ཟུར་དུ་གསལ་བཏབ་མ་དགོས་པར། རྗེ་ཡབ་སྲས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གསལ་བཏབ་པར་བརྟེན། ལས་དང་པོ་བ་ལ་ཐུགས་སྟབས་བདེ་བ་ཡོད། དེའི་ནང་ཡན་ལག་བདུན་པ་ནི་ཚང་ཡོད་ཅིང་། དེ་ནས་དམིགས་བརྩེ་མ་དྲུག་སྐོར་རམ་ལྔ་སྐོར་གང་རུང་ཐོག་ནས་བདུད་རྩི་འབེབས་སྦྱང་གནང་སྟེ་ཤེས་རབ་སྒྲུབ་ཚུལ་དང་སྡིག་པ་སྦྱོང་ཚུལ་སོགས་གནང་བ་དང་། དེ་ནས་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་བཏབ་པའི་རྗེས། ཡོན་ཏན་གཞིར་གྱུར་མའི་དབུ་ནས་ལམ་ཡོངས་རྫོགས་ལ་ཤར་སྒོམ་གནང་ན་དུས་ཐུང་ནང་མགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པ་ཟུང་འཇུག་གི་བར་གྱི་ལམ་གྱི་གནད་ཡོངས་རྫོགས་ལ་ཤར་སྒོམ་ཆ་ཚང་འགྲོ་ཐུབ། གོང་དུ་ཞུས་པ་བཞིན་སྦྱོར་བ་ལ་ཆོས་དྲུག་པོ་དེ་ངེས་པར་དུ་འགྲོ་དགོས་ཤིང་། གནས་ཁང་བྱི་དོར་དང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཞེས་པ་དེ་ཉིན་ལྟར་གསར་དུ་བཀྲམ་མི་དགོས་ཀྱང་། བཀྲམ་པ་དེ་ལ་གུས་པས་མཇལ་བ་ཙམ་གྱིས་འགྲིགས། དེ་ནས་མཆོད་པ་གཡོ་མེད་པ་རང་གི་ལག་བསྟར་ནས་འབུལ་རྒྱུ། དེ་ནས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་རྒྱུ་དང་། དོན་ཆེན་པོ་གསུམ་གྱིས་གསོལ་བ་བཏབ་རྒྱུ་རེད། དེ་མིན་དགའ་ལྡན་ལྷ་བརྒྱ་མ་བཞིན་དམིགས་བརྩེ་མའི་གྲངས་གསོག་གང་མང་བྱས་རྗེས་ཤེས་རབ་ཀྱི་དམིགས་སྐོར་དེ་གལ་ཆེན་པོ་རེད། དེ་རྗེས་ལམ་མཆོག་སྒོ་འབྱེད་ཀྱི་གསོལ་འདེབས་གསུང་ནའང་ལེགས། དེ་ནས་ཡོན་ཏན་གཞིར་གྱུར་མའི་དབུ་ནས་ཤར་སྒོམ་གནང་ན་ལམ་རིམ་ཡོངས་རྫོགས་ལ་ཤར་སྒོམ་བྱེད་ཐུབ། དེ་ཡན་གྱིས་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་དེ་ལ་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་སྒོ་ནས་ཇི་ལྟར་བྱེད་དགོས་པ་རྣམས་མདོར་བསྡུས་ཟིན་པའི་ཁུལ་ཡིན།

དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་བསྐུལ་བ།

བཤེས་གཉེན་བསྟེན་ནས་བློ་ཇི་ལྟར་སྦྱོང་བའི་རིམ་པ་ལ། དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་བསྐུལ་བ་དང་། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ།། དང་པོ་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་བསྐུལ་བ་ལ། དལ་འབྱོར་ངོས་བཟུང་བ། དོན་ཆེ་བ་བསམ་པ། རྙེད་དཀའ་བ་བསམ་པའོ།། དེ་ཡང་རྩ་ཚིག་ལས། ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།། ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས།། ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ།། རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་བསྐུལ་བ་ཞེས་པ་དེ་བསྟན། དང་པོ་དལ་འབྱོར་ངོས་བཟུང་བ་ནི་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བ་ལ་དལ་འབྱོར་གྱི་མི་ལུས་ཞེས་བརྗོད་ཅིང་། དལ་བ་བརྒྱད་ནི་མིའི་མི་ཁོམ་པ་བཞི་དང་། མི་མ་ཡིན་པའི་མི་ཁོམ་པ་བཞི་རེད། མི་མ་ཡིན་པའི་མི་ཁོམ་པ་བཞི་ནི་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་བཅས་རེད། ལྷ་ཚེ་རིང་པོ་ལ་གཞུང་ནས་བཤད་ཚུལ་མི་འདྲ་བ་ཁ་ཤས་ཡོད་ཅིང་། ཚེ་རིང་གི་ལྷ་ཞེས་གནས་ཁྱད་པར་བ་ཞིག་དང་། གཟུགས་མེད་ཀྱི་ལྷ་རྣམས་ཀྱང་ལྷ་ཚེ་རིང་པོའི་ནང་བགྲངས་ནའང་འགྲིགས། དེ་བཞིན་འདོད་ལྷའང་འདོད་པའི་བྱ་བ་ལ་གཡེང་བས་ལྷ་ཚེ་རིང་པོའི་ཆ་ཤས་སུ་བརྩི་ནའང་རུང་། དེ་ལྟར་ངན་སོང་གསུམ་དང་ལྷ་ཚེ་རིང་ལ་སྐྱེ་ན་ཆོས་སྒྲུབ་པའི་གོ་སྐབས་མེད། གལ་ཏེ་མི་ལ་སྐྱེ་ནའང་སངས་རྒྱས་ཀྱི་བཀའ་མེད་པ་དང་། ཡུལ་མཐའ་འཁོབ། དབང་པོ་མ་ཚང་བ། ལྟ་བ་ལོག་པ་འཛིན་པ་བཅས་མིའི་མི་ཁོམ་པ་རེད། འབྱོར་བ་བཅུ་པོ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་།། ལས་མཐའ་མ་ལོག་གནས་ལ་དད།། ཅེས་རང་འབྱོར་ལྔ་དང་། སངས་རྒྱས་བྱོན་དང་དམ་ཆོས་སྟོན།། བསྟན་པ་གནས་དང་དེ་རྗེས་འཇུག།།གཞན་ཕྱིར་སྙིང་ནས་བརྩེ་བའོ།། ཞེས་གཞན་འབྱོར་ལྔ་བཅས་འབྱོར་པ་བཅུ་ཚང་བའི་དལ་བའི་རྟེན་བཟང་འདི་ལན་ཅིག་རྙེད་པའི་སྐབས་འདིར། གནས་སྐབས་མངོན་མཐོ་དང་ཐར་པ་ལ་ལྟོས་པ་དང་། མཐར་ཐུག་ཐམས་ཅད་མཁྱེན་པ་ལ་ལྟོས་པ། སྐད་ཅིག་རེ་རེ་ལ་ལྟོས་ནས་དོན་ཆེན་པོ་ཙམ་དུ་མ་ཟད། རྒྱུ་སྒྲུབ་དཀའ་བ་དང་། ངོ་བོ་ཚང་དཀའ་བ། དཔེ་སྲིད་དཀའ་བ་བཅས་ཀྱི་སྒོ་ནས་རྙེད་དཀའ་བ་ཤེས་ནས། དེ་ཆུད་ཟོས་སུ་མ་སོང་བར་ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ་རྒྱུན་ཆད་མེད་པར་སྐྱེ་བ་བྱིན་གྱིས་རློབས་ཅེས་གསོལ་བ་བཏབ་པ་རེད། འདིར་རྒྱུན་ཆད་མེད་ཅེས་པ་དེ་གལ་ཆེན་པོ་རེད། ང་ཚོ་ངེས་འབྱུང་སྤུ་སུད་སྐྱེ་བའི་སྐབས་སུ་ངེས་པར་དུ་གཅིག་བྱེད་ན་མ་གཏོགས་འགྲིག་པ་མི་འདུག་སྙམ་པ་དང་། དེ་ནས་ཉིན་ཤས་རྗེས་ཡལ་འགྲོ་བ་ལྟ་བུ་མིན་པར། འགྲོ་འདུག་ཉལ་གསུམ་སོགས་ལུས་ངག་གི་སྤྱོད་ལམ་གང་ལའང་ཚེ་འདིའི་སྣང་ཤས་ལ་མ་ཆགས་པར་གཏན་གྱི་འདུན་མ་སྒྲུབ་པ་ཞིག་བྱེད་དགོས་སྙམ་པའི་བློ་དེ་རྒྱུན་མ་ཆད་པར་ཡང་ཡང་ཡོང་བའི་གསོལ་བ་བཏབ་པ་རེད། དལ་བའི་རྟེན་ལ་སྙིང་པོ་ལེན་ཚུལ་ཡག་པོ་ཤེས་ན་གཉིད་ཀྱང་དོན་མེད་དུ་མི་འགྲོ་བའི་ཐབས་ཤེས་ཡོད། གཉིད་དེ་གཞན་འགྱུར་གྱི་སེམས་བྱུང་ཡིན་ཙང་། དགེ་སེམས་ཁྱད་པར་ཅན་གྱི་རྩིས་ཟིན་པའི་སྒོ་ནས་གཉིད་ཉལ་ན་ཇི་ཙམ་ཉལ་བའི་གཉིད་ཀྱི་དུས་ཚོད་རིང་དགེ་བ་ལ་འགྲོ་བ་རེད། ལྷག་པར་དུ་སྔགས་ཀྱི་ཉམས་ལེན་པ་ཡིན་ན་གཉིད་ཀྱི་རྣལ་འབྱོར་ཧ་ཅང་གལ་ཆེན་པོ་རེད། གང་ལྟར་དལ་འབྱོར་དོན་ཆེ་བ་བསམས་ནས་སྙིང་པོ་ལེན་དགོས་པ་དང་། རྙེད་དཀའ་བར་བསམས་ནས་ཚེ་འདི་ཁོ་ན་ལ་སྙིང་པོ་ལེན་དགོས་པ་བཅས་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་བསྐུལ་བའི་རིམ་པ་དེ་ཙམ་གྱིས་འགྲིགས་པའི་ཁུལ་ཡིན།

སྙིང་པོ་ཇི་ལྟར་ལེན་པའི་ཚུལ།

དལ་འབྱོར་རྟེན་ལ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཅས་གསུམ་རེད། སྐྱེས་བུ་ཆུང་ངུ་དང་འབྲིང་ལ་ཐུན་མོང་བའི་ལམ་གྱི་རིམ་པ་ཞེས་བརྗོད་པ་ནི་ལམ་གྱི་རིམ་པ་འདི་དག་ནི་མཐར་ཐུག་གི་ལམ་དུ་བློ་མི་སྦྱོང་ཞིང་། འདི་དག་ནི་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བའི་སྔོན་འགྲོ་ཡིན་ཙང་། ཐུན་མོང་བའི་ལམ་གྱི་རིམ་པ་ཞེས་གསུངས་པ་རེད། དཔེར་ན་འགྲུལ་པ་གསུམ་འདི་ནས་མཉམ་དུ་སོང་སྟེ། གཅིག་ཧུབ་ལི་དང་། གཉིས་པ་སྦེང་ལོར། གསུམ་པ་དིལླཱི་བཅས་ལ་འགྲོ་མཁན་ཡིན་ན། དིལླཱི་འགྲོ་མཁན་དེ་ཧུབ་ལི་དང་སྦེང་ལོར་བར་དུ་མཉམ་དུ་འགྲོ་བ་ལྟ་བུ་རེད། དེས་ན་སྐྱེ་བ་ཕྱི་མ་མངོན་མཐོའི་གོ་འཕང་བསྒྲུབ་རྒྱུ་དང་། འཁོར་བ་ལས་གྲོལ་བའི་ཐར་པའི་གོ་འཕང་བསྒྲུབ་རྒྱུ་དེ་སྐྱེས་བུ་ཆེན་པོའི་ཆེད་དུ་བྱ་བའི་གདུལ་བྱ་ཞིག་གི་དམིགས་ཡུལ་མ་རེད། ཡིན་ནའང་སྐྱེས་བུ་ཆེན་པོའི་ཆེད་དུ་བྱ་བའི་གདུལ་བྱ་དེས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་མ་སྦྱངས་པར་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་ཐོད་བརྒལ་གྱིས་བློ་སྦྱང་རྒྱུའི་ཐབས་ཤེས་མེད། དེས་ན་དེ་དག་ནི་སྔོན་འགྲོ་ལ་ངེས་པར་དུ་འགྲོ་དགོས་པ་ཡིན་ཙང་ཐུན་མོང་བའི་ལམ་གྱི་རིམ་པ་ཞེས་གསུངས་པ་རེད།

སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ།

ཐོག་མ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའི་ཚུལ་ལ། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། འཇིག་རྟེན་ཕྱི་མ་བདེ་བའི་ཐབས་བསྟེན་པའོ།། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་འཇིག་རྟེན་ཕྱི་མ་མངོན་མཐོའི་གོ་འཕང་དོན་དུ་གཉེར་བའི་བསམ་པ་ཞིག་སྐྱེ་དགོས། དེ་ནི་ངེས་འབྱུང་གི་བསམ་པ་མིན་ཡང་། གཞུང་གི་ནང་སྐབས་རེ་ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་ཞེས་ངེས་འབྱུང་བཏགས་པ་བ་ལྟ་བུ་ཞིག་སྟེ། ཚེ་འདིའི་དོན་དུ་ཆགས་པ་དོར་ནས་སྐྱེ་བ་ཕྱི་མ་མངོན་མཐོ་དོན་དུ་གཉེར་བ་ཡིན་ཙང་ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་ཞེས་བཏགས་པ་རེད། གང་ལྟར་སྐྱེ་བ་ཕྱི་མ་དོན་གཉེར་གྱི་བློ་ཞིག་སྐྱེ་དགོས་ཤིང་། དེ་ལྟར་སྐྱེས་ན་སྐྱེ་བ་ཕྱི་མ་བདེ་བའི་ཐབས་ཇི་ལྟར་ཡོད་པ་དེ་བསྟན་པ་རེད། དེ་རིང་དུས་ཚོད་ཀྱིས་རྐྱེན་པས་འདིར་གཞག་རྒྱུ་ཡིན། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

 

ཉིན་གཉིས་པ།

(༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡)

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་དཔལ་མཉམ་མེད་ཇོ་བོ་ཆེན་པོའི་གསུང་ལས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང།། ཚེ་ཡི་ཚད་ཀྱི་ཇི་ཙམ་མི་ཤེས་པས།། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་པོ་བླང་བར་བྱ།། ཞེས་གསུངས་པ་བཞིན་སྤྱིེར་འཛམ་བུ་གླིང་པའི་སེམས་ཅན་རྣམས་དང་། ལྷག་པར་དུ་སྙིགས་དུས་ཀྱི་སེམས་ཅན་རྣམས་ནི་ཚེ་ལོ་བརྒྱ་པ་ཞེས་ཚེ་ཡུན་ཐུང་ཡིན་པ་མ་ཟད། ཚེ་ཡི་ཚད་ཇི་ཙམ་ཡོད་པའང་མི་ཤེས་པ། དཔེར་ན་ཁ་ཤས་ལོ་གཞོན་ནུའི་སྐབས་འཆི་བ་དང་། ཁ་ཤས་དར་མ་ཆགས་ནས་ཤི་བ་སོགས་རེད། འོན་ཀྱང་ཤེས་བྱའི་རྣམ་པ་ཧ་ཅང་མང་པོ་ཡིན་ཞིང་། ནང་པའི་རིག་པའི་གནས་ལ་མཚོན་ན། གནས་ཆེན་ལྔ་དང་གནས་ཆུང་ལྔ་བཅས་རིག་པའི་གནས་བཅུ་དང་། དེ་བཞིན་ཕྱི་རོལ་པ་ལ་མཚོན་ན་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག  དེང་སང་ནུབ་ཕྱོགས་པའི་བཤད་སྟངས་ལྟར་ན་ཤེས་བྱ་རིག་པའི་གནས་ལ་མཐའ་མེད་པ་རེད། སྤྱིར་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་ཤེས་བྱ་རིག་པའི་གནས་མཐའ་དག་སྦྱང་དགོས་ཤིང་། འདི་སྦྱང་རྒྱུ་ཡིན། འདི་སྦྱང་རྒྱུ་མིན་ཞེས་འཇོག་རྒྱུ་ཞིག་མེད། དེ་ཡང་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།། ཞེས་གསུངས་པ་བཞིན་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་ཤེས་བྱའི་གནས་ཐམས་ཅད་ཤེས་དགོས་པ་དང་སྦྱང་དགོས་པ་ཡིན། ཡིན་ནའང་ཚེའི་ཡུན་ཐུང་བ་དང་། ཤེས་བྱའི་རྣམ་པ་མང་བ། ཚེ་ཚད་ཇི་ཙམ་ཡོད་པ་མི་ཤེས་པའི་དབང་གིས་སློབ་སྦྱོང་བྱེད་སྟངས་དེ་བང་འགྲིག་པོ་འཆར་གཞི་དང་ལྡན་པ་མ་བྱུང་ན། དོན་ཆུང་བའི་སློབ་ཚན་ལ་མགོ་བོ་འཁོར་ནས་དོན་ཆེ་བའི་སློབ་ཚན་ཚེ་འདི་དང་སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་པར་མེད་དུ་མི་རུང་བའི་རིག་པའི་གནས་རྣམས་བསླབ་རྒྱུ་ལུས་པའི་ཉེན་ཁ་ཡོད་ཙང་། རང་གི་འདོད་པ་དང་པོ་བླང་བར་བྱ་ཞེས་སློབ་སྦྱོང་བྱེད་སྟངས་དེའང་སྔོན་ལ་གང་སྦྱང་དགོས་པ་དང་། དེའི་རྗེས་ལ་གང་སྦྱང་དགོས་པ་བཅས་ཀྱི་འཆར་གཞི་ཡག་པོ་བསྒྲིག་དགོས། དེ་ནས་གོ་སྐབས་དང་ཚེས་འདང་ན་གཞན་རྣམས་གཟིགས་དགོས། གང་ལྟར་གལ་གནད་ཆེ་ཆུང་གི་འཆར་གཞི་སྒྲིག་སྟངས་དེ་ཡག་པོ་དགོས།

སློབ་ཚན་འཆར་གཞི་བསྒྲིག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་དུ་གདན་ས་ཆེན་པོའི་ནང་གཞུང་ཆེན་མོའི་སློབ་གཉེར་གནང་སྟངས་ཀྱི་སློབ་ཚན་སྒྲིག་སྟངས་དང་། འཛིན་གྲྭ་བགོ་སྟངས། འཛིན་གྲྭ་སོ་སོའི་ནང་སྤྱི་དོན་དང་མཐའ་དཔྱོད་སོགས་ཀྱི་ཐོག་ནས་ཡིག་ཆ་བང་སྒྲིག་སྟངས་དེ་དག་གནའ་སྔ་མོ་ནས་དེང་རབས་ཀྱི་འགྲོ་སྟངས་ལས་ལྷག་པ་ཧ་ཅང་ཡག་པོ་བསྒྲིགས་ཡོད། ད་ལྟ་འདིེར་གསུངས་པ་བཞིན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་གང་ཟག་དེ་ཚོས་སློབ་སྦྱོང་བྱེད་སྟངས་དེ་གོ་རིམ་མ་ནོར་བ་བྱ་རྒྱུའི་ཐབས་ཤེས་གནའ་སྔ་མོ་ནས་ཡོད་པ་ཞིག་རེད། ད་ལྟ་ང་ཚོས་དེང་རབས་ཀྱི་གནས་ཚུལ་མཐོང་དུས་གཞི་ནས་ཤེས་རྟོགས་ཡོང་བ་རེད་བ་མ་གཏོགས། སྔོན་མ་ང་ཚོ་ཕྱིའི་འཇིག་རྟེན་ལ་ཧ་ཅང་དོ་སྣང་མེད་པའི་སྐབས་སུ་སོ་སོ་སྣང་བ་དག་ནས་དགེ་མཚན་ཆེན་པོ་ཡོད་པ་ཚོ་ལའང་དགེ་མཚན་ཆེན་པོར་མཐོང་གི་མེད་ལ། ཡང་དགེ་མཚན་ཆེན་པོ་མེད་པ་ཚོ་ལའང་དགེ་མཚན་མེད་འགྲོ་བསམས་ནས་དམ་འཛིན་བྱས་པ་དེ་འདྲ་མང་པོ་རེད། དེར་བརྟེན་སློབ་ཚན་དེ་ཚོ་ལ་རང་གི་འདོད་པ་དང་པོ་བླང་དགོས་པ་དེ་གལ་ཆེན་པོ་རེད། དེ་ནས་རང་གི་འདོད་པ་དང་པོ་ལེན་སྟངས་དེའང་སྟབས་གཟབ་པོ་མ་གནང་ན་ཤེས་བྱའི་གནས་དང་། རིག་པའི་གནས། གདམས་ངག་སོགས་གཅིག་ལས་གཅིག་གལ་ཆེ་བ་དང་། གཅིག་ལས་གཅིག་ཟབ་པ་ལྟ་བུ་ཡོད་པ་ཤ་སྟག་རེད། དེས་ན་སོ་སོའི་རྣམ་དཔྱོད་ཀྱིས་བང་བསྒྲིག་ཐུབ་ན་ཡག་ཐག་ཆོད་རེད། གལ་ཏེ་མ་ཐུབ་ན་སྔོན་བྱོན་མཁས་པའི་གསུང་རྣམས་ལ་བལྟས་ནས་བསྒྲིག་དགོས་པ་དེ་གལ་ཆེན་པོ་རེད། དེར་བརྟེན་རྗེ་བདག་ཉིད་ཆེན་པོས་ཇོ་བོ་རྗེའི་ལུང་ནང་གསུངས་པ་བཞིན་ལག་ལེན་དུ་བསྟར་དུས་ཇི་ལྟར་བྱེེད་དགོས་པ་དེ་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་ནང། སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར།། ལང་ཚོ་མི་སྡོད་རྒྱུག་པའི་རི་གཟར་ཆུ།། དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས།། བདག་གིས་རིག་གནས་གང་ལ་སྦྱང་སྙམ་ན།། ཞེས་གསུངས་པ་བཞིན་སྲིད་པའི་ཕུན་ཚོགས་བརྟན་པོ་མི་གནས་པར་ཡང་ཡང་འགྱུར་བ་གློག་གི་གར་ལྟ་བུ་དང་། ལང་ཚོའམ་ལུས་ཀྱི་གནས་བབ་དང་གཟུགས་གཞི་འཕྲོད་བསྟེན་སོགས་ཀྱང་སྐྱེ་ནས་མ་འཆི་བར་དུ་རྒ་བའི་སྡུག་བསྔལ་ལ་རྟག་ཏུ་རྒྱུག་པའི་རི་གཟར་ལས་བབས་པའི་ཆུ་ལྟ་བུ་མྱུར་དུ་འགྲོ་བ་ལས་འཁྱིལ་ནས་བསྡད་པའི་གོ་སྐབས་མེད་པ་བཞིན་ང་ཚོའི་གཟུགས་བབ་ཀྱང་ཉིན་རེ་ཉིན་རེར་རྒུད་དུ་འགྲོ་ཞིང་། དཔེར་ན་ད་ལྟ་ལོ་ལྔ་བཅུ་སོན་པའི་མི་ཞིག་ཡིན་ན་ཕྱི་བལྟས་ཀྱིས་སྔ་མོ་ལོ་ཉེར་ལྔའི་སྐབས་ཀྱི་ལུས་ཀྱི་གནས་བབ་དང་ད་ལྟའི་བར་གཟིགས་ན་ཤེས་ཐུབ། དེས་ན་དེ་ལྟ་བུའི་དུས་ཚོད་ཐུང་ངུའི་ནང་ཤེས་བྱའི་གནས་ཇི་ལྟ་བུ་ལ་སྦྱང་དགོས་ཞེ་ན། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་དོན་གསུམ་ཟུར་བཏོན་གྱིས་གསུངས་ཡོད། སྤྱིར་གཞལ་བྱའི་གནས་ལ་བརྟག་སྐབས་རིགས་པ་རྣམ་པ་བཞི་གསུངས་ཤིང་། དེ་ཡང་བྱ་བ་སྒྲུབ་པའི་རིགས་པ་དང་། ལྟོས་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཅས་གཅིག་གྱུར་གྱིས་གལ་ཆེན་པོ་ཡིན་རུང་། དེའི་ནང་ནས་འཐད་སྒྲུབ་ཀྱི་རིགས་པའི་ལམ་ནས་དཔྱད་ཤེས་པའི་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་དང་པོར་དགོས་ཤིང་། དེས་ན་གདན་སར་སློབ་གཉེར་བྱེད་པའི་སྐབས་སུའང་དང་པོ་རིགས་པའི་སྒོ་འབྱེད་བསྡུས་གྲྭ་བལྟ་དགོས་པ་དང་། དེ་ནས་ཚད་མ་རྣམ་འགྲེལ་མཐར་ཕྱིན་པ་བྱུང་བའི་རྗེས་སུ་ཕར་ཕྱིན་སོགས་ཀྱི་གཞུང་གཟིགས་ཀྱི་ཡོད། གལ་ཏེ་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་མེད་ན་གཞུང་ཆེན་མོ་ལ་བལྟས་རུང་སྤྱི་སྤུངས་ཀྱི་གོ་བ་རགས་པ་ཙམ་མ་གཏོགས་དོན་གྱི་གནད་ཕྲ་མོ་རྣམས་སྤུ་རིས་འབྱེད་པའི་ཐག་ཆོད་ཅིག་ཡོང་དཀའ། གོ་བ་ཞིག་རྙེད་ནའང་འདམ་ལ་བཏབ་པའི་ཕུར་པ་ལྟ་བུ་ལས་ཡང་དག་པའི་ངེས་པ་ཞིག་འདྲེན་མི་ཐུབ་ཅིང་། གང་ལྟར་རིགས་པའི་ལམ་ནས་དཔྱད་མཐར་རྙེད་པ་ཞིག་མ་བྱུང་ན་མི་གཞན་གྱི་ཟེར་རྗེས་སུ་འབྲང་རྒྱུ་མ་གཏོགས། རང་གི་དམ་བཅའ་བརྟན་པོ་ཞིག་འཛིན་མི་ཐུབ། དེས་ན་ཐོག་མ་གལ་ཆེ་བ་ནི་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་རེད། དེ་ནས་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དེ་དགོས་ཤིང་། རྒྱལ་བའི་གསུང་རབ་ལ་སློབ་གཉེར་བྱེད་པའི་སྐབས་སུ་ཁ་ཕྱིར་བལྟས་སུ་མ་སོང་བར་ཚིག་རེ་རེའང་རང་གི་རྒྱུན་ལྡན་གྱི་ཉམས་ལེན་ལ་སྦྱར་རྒྱུ་མ་ཤེས་ན་རྟོག་གེ་མགོ་མཁྲེགས་ལྟ་བུ་མ་གཏོགས། གཞུང་ལ་ཐོས་བསམ་གནང་ནས་རང་རྒྱུད་དུལ་དུ་ན་མི་འགྲོ་བ་དང་བློ་སྦྱངས་ནས་ས་ལམ་གྱི་གནས་ཚད་གོང་མཐོར་མི་འགྲོ་བར་ང་རྒྱལ་གྱི་གོང་བུ་ཆགས་ཉེན་ཡོད། དེས་ན་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་གཉིས་ནི་མེད་དུ་མི་རུང་བ་རེད། དེར་བརྟེན་ང་ཚོ་བོད་དུ་གཞུང་ཆེན་པར་སློབ་གཉེར་བྱེད་པའི་སྐབས་སུའང་ཁ་སང་ཞུས་པ་བཞིན་ལམ་རིམ་བློ་སྦྱོང་དང་སྦྱར་ནས་རྒྱུན་དུ་ཉམས་ལེན་ཅི་ཐུབ་བྱེད་པའི་ལམ་སྲོལ་སྔ་མོ་ནས་ཡོད་ཀྱང་། བར་ལམ་ཕྲན་བུ་ཉམས་ཆག་སོང་ནས་དེང་སང་བཤད་གྲྭ་དང་སྒྲུབ་གྲྭ་ཞེས་དབྱེ་བ་ཐ་དད་དུ་ཕྱེ་བ་རེད། དཔེར་ན་གདན་ས་ཆེན་པོའི་ནང་སྒྲུབ་ཁང་དང་སྒྲུབ་གྲྭ་ཞེས་ཟུར་དུ་མེད་པ་དེ་སྔོན་བྱོན་དམ་པ་གོང་མ་ཚོས་དགོས་གལ་མ་གཟིགས་ནས་མ་བཟོས་པ་ཡིན་ཞིང་། དོན་དུ་བཤད་སྒྲུབ་ཟུང་དུ་འབྲེལ་ནས་འགྲོ་རྒྱུ་མ་གཏོགས། བཤད་པ་བྱེད་པའི་དུས་ཚོད་ཐ་དད་དང་། སྒོམ་སྒྲུབ་བྱེད་པའི་དུས་ཚོད་ཐ་དད་མིན་པར། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས།  ང་ཐོས་དུས་ཙ་ན་བསམ་སྒོམ་བདོ།། ང་བསམ་དུས་ཙ་ན་ཐོས་སྒོམ་བདོ།། ང་སྒོམ་དུས་ཙ་ན་ཐོས་བསམ་བདོ།། ང་གཅིག་ཏུ་མ་ལུས་བསྡོམས་བྱས་ནས།། ཆོས་ལམ་དུ་ཁྱེར་ནས་འགྲོ་ཤེས་པས།། ང་བཀའ་གདམས་ཕྱོགས་ཆར་མ་ལྷུང་བ།། ཞེས་གསུངས་པ་བཞིན་སྒོམ་སྒྲུབ་ཉམས་ལེན་མཉམ་དུ་ཡོད་གཞིར་བཞག་ཕྱིན་པ་མ་གཏོགས། གནས་ཁང་ཟུར་དུ་བཅད་དེ་བསྡད་དགོས་པ་མིན། དེང་སང་བཤད་གྲྭ་དང་སྒྲུབ་གྲྭ་ཐ་དད་ཕྱེ་བར་བརྟེན། བཤད་པ་བྱེད་པའི་སྐབས་སུ་སྒོམ་སྒྲུབ་བྱེད་མི་དགོས་པ་ལྟ་བུ་དང་། སྒོམ་སྒྲུབ་བྱེད་པའི་སྐབས་སུ་བཤད་པ་བྱེད་མི་དགོས་པ་ཙམ་དུ་མ་ཟད། ཐོས་བསམ་དང་། ལྷག་པར་རིགས་པས་བརྟག་དཔྱད་བྱེད་རྒྱུ་དེ་སྒོམ་སྒྲུབ་ལ་གནོད་པའི་རྒྱུར་འཛིན་མཁན་ཡང་ཡོད་སྲིད། དེར་བརྟེན་ནབཤད་སྒྲུབ་ཡ་མ་བྲལ་བར་འགྲོ་དགོས་པ་གལ་ཆེན་པོ་ཡིན་པ་དེ་མཁྱེན་དགོས། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་ཡོད་ན་གང་སློབ་སྦྱོང་བྱས་པ་དེ་སྐབས་སོ་སོར་རང་གི་ཉམས་ལེན་ལ་སྦྱར་ཤེས་པར་བརྟེན། ཐོས་པ་དེ་བསམ་པའི་རྒྱུ་དང་གྲོགས་སུ་འགྲོ་བ་དང་། དེའི་དབང་གིས་སྒོམ་སྒྲུབ་ཉམས་ལེན་རང་བཞིན་གྱིས་ཡོང་རྒྱུ་རེད། དེ་གཉིས་བྱུང་བའི་རྗེས་སུ་གཞན་ལ་འཆད་པའམ་བསྟན་བཅོས་རྩོམ་པའི་དབང་དུ་བྱས་ཏེ་བརྡ་དག་གཞུང་དང་ཚིག་སྦྱོར་གྱི་ཚུལ་ལ་ངག་གི་དཔལ་དེ་དགོས་ཤིང་། དེ་སྔ་བོད་དུ་གྲྭ་སར་ཡིན་ན་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ལ་ཕྲན་བུ་ཐུགས་སྣང་ཞན་པ་དང་འཐུས་ཤོར་ཕྱིན་པ་བྱུང་ཡོད། ང་ཚོ་གྲྭ་ས་ལ་ཕྱག་དཔེ་ཧ་ཅང་མཁས་པ་བསམ་གྱིས་མི་ཁྱབ་པའི་དགེ་བཤེས་ཆེན་པོ་དེ་འདྲའང་ཕྱག་བྲིས་བྲིས་མ་མཁྱེན་པ་དང་། དབུ་མེད་ཀློག་མ་མཁྱེན་མཁན་དེ་འདྲའང་ཡོད། དེ་གཞན་ལ་བཤད་ན་ཡིད་མ་ཆེས་པ་ལྟ་བུ་རེད། རྒྱ་གར་དུ་ཐོག་མར་འབྱོར་བའི་སྐབས་སུའང་མཁན་རིན་པོ་ཆེ་ཚོའི་ནང་མཚན་རྟགས་བྲིས་མ་མཁྱེན་པ་དེ་འདྲ་ཡོད། དེ་ལྟ་བུའི་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་དེ་མེད་པའི་དབང་གིས་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ནས་རིང་པོར་མ་སོང་བར་༧གོང་ས་༧སྐྱབས་མགོན་ཆེན་པོས་ཌལ་ཧོ་སིའི་གདན་སའི་དགེ་བཤེས་སོགས་ཕྱག་དཔེ་བ་མང་པོ་ཞིག་ལ་ཐ་སྙད་རིག་གནས་བསླབ་རྒྱུའི་གོ་སྒྲིག་གནང་དགོས་བྱུང་། དེས་ན་ཚིག་སྦྱོར་ཚུལ་ལ་ངག་གི་དཔལ་དེ་ཧ་ཅང་ཕུན་སུམ་ཚོགས་པ་མ་བྱུང་རུང་། རང་གིས་གང་དཔྱད་མཐར་རྙེད་པ་དེ་དག་ཡིག་ཐོག་ཏུ་བཀོད་ཤེས་པ་དང་བསྟན་བཅོས་རྩོམ་ཤེས་པ་བཅས་དེ་ཙམ་ངེས་པར་དུ་དགོས། དེང་སང་སློབ་གཉེར་གནང་མཁན་རྣམས་དགེ་ལུགས་རྒྱུགས་སྤྲོད་ནང་བྲིས་རྒྱུགས་ཡོད་པའི་དབང་གིས་ཡི་གེ་འབྲི་བ་དང་བརྡ་དག་གི་ཚུལ་ལ་ཕྲན་བུ་མ་མཁྱེན་ཐབས་མེད་ཆགས་ཡོད། དེས་ན་རྗེ་རིན་པོ་ཆེས་གསུངས་པའི་དོན་གསུམ་པོ་བོད་དུ་ཡོད་པའི་སྐབས་ལས་ཕྲན་བུ་ཆ་ཚང་བ་བྱུང་ཡོད། དེ་སྔ་བོད་དུ་ཤར་པ་ཆོས་རྗེ་ཞིག་གིས་འབྲེལ་སྒྲ་དང་བྱེད་སྒྲ་གཉིས་ཀྱི་ཁྱད་པར་རྒྱུད་པ་ལ་སླེབས་ནས་མ་གཏོགས་མཁྱེན་མ་སོང་ཞེས་གསུངས་པའི་བྱུང་རབས་ཡོད། དེས་ན་ཐ་སྙད་ཀྱི་ཚུལ་ལ་མ་རྨོངས་པ་དགོས་པ་གལ་ཆེན་པོ་རེད།

དེ་ལྟར་དལ་བའི་རྟེན་ལན་ཅིག་ཐོབ་པའི་སྐབས་འདིར་གལ་ཆེ་ཆུང་བརྩི་སྟངས་མ་ནོར་བའི་ཐོག་ནས་སློབ་སྦྱོང་གནང་དགོས་ཚེ། དང་པོ་བླུན་པོ་ཆུ་སྣ་གར་འཁྲིད་མ་ཡིན་པ་དང་། དད་པ་དེ་རྨོངས་དད་ཀྱི་རྗེས་སུ་མི་འགྲོ་བའི་ཆེད་དུ་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་ཧ་ཅང་གལ་ཆེན་པོ་རེད། དེས་ན་གཞུང་ཆེན་པོ་ལ་སློབ་གཉེར་གནང་མཁན་ཚོས་ཐོག་མ་ཉིད་དུ་ཚད་མ་རིག་པ་ལ་ཐུགས་གལ་ཆེན་པོ་གནང་དགོས་པ་དང་། དེ་ནས་གཞུང་ཆེན་པོ་གཞན་ལ་གཟིགས་པའི་སྐབས་སུ་ཁ་ཕྱི་བལྟས་སུ་མ་སོང་བར་གདམས་ངག་ཏུ་ཤར་བ་དང་ཉམས་ལེན་དུ་འཁེལ་ཐབས་གནང་དགོས། གལ་ཏེ་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དེ་དགོས་ན། གཞུང་ཆེན་པོ་རྐྱང་པར་སློབ་གཉེར་གནང་ནས་དེ་རང་གི་བློ་སྟོབས་ཀྱིས་གདམས་ངག་ཏུ་འཁྱེར་ཐུབ་པ་ཕྲན་བུ་དཀའ་བར་བརྟེན། ངེས་པར་དུ་ལམ་རིམ་བློ་སྦྱོང་གི་གནད་རྣམས་གང་ཐུབ་ཀྱིས་ཞར་དང་ཞོར་ལ་གསན་སྦྱོང་གནང་བ་དང་། རྒྱུན་དུ་ལམ་རིམ་བློ་སྦྱོང་གི་ཉམས་ལེན་ཉིན་ཞག་ཁྲུགས་གཅིག་གི་ནང་གནང་ཐུབ་ཐབས་གནང་དགོས། བོད་དུ་བསྟན་པ་སྔ་དར་གྱི་སྐབས་སུ་ཡག་པོ་ཡོད་ཀྱང་། བསྟན་པ་ཕྱི་དར་གྱི་སྐབས་སུ་གསུང་རབ་གདམས་པར་ཤར་བའི་ཉམས་ལེན་དེ་མ་བྱུང་བའི་དབང་གིས་དཔལ་མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་གདན་དྲངས་ནས་བྱང་ཆུབ་ལམ་སྒྲོན་བརྩམས་དགོས་པ་བྱུང་། ཇོ་བོ་རྗེ་མཐོ་ལྡིང་དུ་ལོ་ཆེན་རིན་ཆེན་བཟང་པོ་དང་བཀའ་མོལ་གནང་བའི་སྐབས་སུ་མདོ་སྔགས་རིག་གནས་དང་བཅས་པའི་ཐོག་ཇོ་བོ་རྗེས་བཀའ་འདྲི་ཇི་གནང་ལ་ལོ་ཆེན་གྱིས་རེ་རེ་བཞིན་ལན་ཐོགས་པ་མེད་པར་འབུལ་མ་ཐུབ་པ་མེད་པར་བརྟེན། ཇོ་བོ་རྗེས་ཁྱོད་ལྟ་བུ་མཁས་པ་བོད་ལ་ཡོད་བཞིན་དུ་ང་དོན་མེད་རྒྱ་གར་ནས་ཅིའི་ཕྱིར་སྐད་བཏང་བ་ཡིན་ཞེས་གསུངས། འོན་ཀྱང་དེ་དག་ཐམས་ཅད་གང་ཟག་གཅིག་གིས་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་སྟན་ཐོག་གཅིག་ལ་ཉམས་སུ་ལེན་ཚུལ་ཇི་ལྟར་ཡིན་ཞེས་བཀའ་འདྲི་གནང་བར། ལོ་ཆེན་གྱིས་གཞུང་སོ་སོ་ནས་བཤད་པ་བཞིན་ཉམས་ལེན་བྱེད་རྒྱུ་རེད་ཅེས་ཞུས་ཤིང། ལོ་ཆེན་གྱིས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་སོ་སོ་ཐོག་བརྩེགས་བཞི་ལ་ཐ་དད་དུ་བཞག་པ་དེའི་མདུན་དུ་ཐུན་བཞིར་བགོས་ཏེ་རྒྱུད་སྡེ་སོ་སོར་སྒོམ་སྒྲུབ་ཉམས་ལེན་གནང་གི་ཡོད། དེས་ན་གཞུང་སོ་སོ་ནས་གསུངས་པ་བཞིན་ཉམས་ལེན་བྱེད་རྒྱུ་རེད་ཅེས་གསུངས་པ་དེ་རྡོག་བསྒྲིལ་པོ་ཞིག་བྱུང་མེད། སྐབས་དེར་ཇོ་བོ་རྗེས་བོད་སྐད་ཆ་ཚང་མ་མཁྱེན་པའི་སྐབས་ཡིན་ཙང་། ལོ་ཙཱ་བ་རུལ། ང་བོད་དུ་ཡོང་དགོས་པ་འདུག་ཅེས་གསུངས་པའི་བྱུང་རབས་ཡོད། དེས་ན་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་ཞེས་པ་དེ་གཞུང་ཆེན་པོ་ལ་ཇི་ཙམ་གསན་རྒྱ་ཆེན་པོ་དང་མཁྱེན་རྒྱ་ཆེན་པོ་ཡོད་ནའང་དེ་བླ་མའི་མན་ངག་དང་མདོ་རྒྱུད་ཀྱི་སྦས་དོན་ལ་མ་བརྟེན་པར་ཡོང་ཐབས་མེད། ལར་ནས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་པ་དེ་གསང་བ་བཞག་པ་མིན་ཡང་། དེ་ཉམས་ལེན་དུ་བསྒྲིལ་བའི་སྐབས་སུ་བླ་མའི་མན་ངག་ལ་བརྟེན་ནས་བང་བསྒྲིགས་པོ་མ་བྱུང་ན་རྟོགས་དཀའ་བ་རེད། དེས་ན་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དེ་གལ་ཆེན་པོ་ཙམ་དུ་མ་ཟད། ཧ་ཅང་ཁག་པོ་ཞིག་ཀྱང་རེད། དེར་བརྟེན་རྟག་ཏུ་བྱང་ཆུབ་ལམ་གྱི་རིམ་པ་ལྟ་བུ་གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་ལ་འཁྲིད་མཁན་གྱི་གཞུང་ཞིག་ལ་ངེས་པར་དུ་སློབ་སྦྱོང་གནང་དགོས།

ད་རེས་སྐབས་སུ་བབ་པ་རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཤར་སྒོམ་བྱེད་ཚུལ་གྱི་གསུང་རབ་ཁ་ཤས་ཡོད་པའི་ནང་ནས་ཡོན་ཏན་གཞིར་གྱུར་མ་དེ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་དང་འབྲེལ་བའི་ལམ་རིམ་ཆ་ཚང་སྟོན་པའི་གཞུང་ཁྱད་པར་དུ་འཕགས་པ་དེའི་བཤད་ཁྲིད་འབུལ་རྒྱུ་ཡིན་ཙང་། ཐོག་མར་ཆོས་ཉན་པའི་ཀུན་སློང་ཡང་གང་བྱུང་གིས་མི་ཆོག་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེ་འཐོབ་པར་བྱ་བའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར་གསན་དགོས་པ་རེད། གང་གསན་པར་བྱ་བའི་ཆོས་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། དཔལ་མཉམ་མེད་ཇོ་བོ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ་ལྟ་བུའི་གདམས་པ་ཟབ་མོ། རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མ་ཚང་བ་མེད་པ་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་པའི་ཤར་སྒོམ་བྱེད་ཚུལ་རྗེ་བདག་ཉིད་ཆེན་པོས་བརྩམས་པའི་ཡོན་ཏན་གཞིར་གྱུར་མའི་བཤད་ཁྲིད་འབུལ་རྒྱུ་ཡིན་པ་རེད།

དེ་ལ་ས་བཅད་ཀྱི་དབང་དུ་བྱས་ན། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་དང། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ། ཆེ་བ་གཉིས་ལྡན་གྱི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བའི་ཚུལ། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ་བཅས་བཞིའི་ནང་ནས་དང་པོ་གསུམ་ཟིན་པ་དང་། བཞི་པ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ་ལ། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་གཉིས་ལས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དེ་ཟིན་པ་དང་། གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ། དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་བསྐུལ་བ་དང་། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་གཉིས་ལས། དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་བསྐུལ་བ་དེ་ཟིན་པ་དང་། གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཅས་གསུམ་གྱི་ཐོག་ནས་སོ་སོའི་སྐྱེ་བོའི་ས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་བར་གྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ངོ་བོ་ཚང་བ་དང་། གོ་རིམ་མ་འཁྲུགས་པ། ཉམས་ལེན་གྱི་རིམ་པ་ལག་ཏུ་བླང་བདེ་བ་བཅས་བསྟན་ཞིང་། སྤྱིར་སྐྱེས་བུ་གསུམ་ཞེས་པའི་ཐ་སྙད་དེ་མདོའི་ནང་མང་པོ་བྱུང་བ་མ་ཟད། ཇོ་བོ་རྗེས་ལམ་སྒྲོན་མ་མཛད་པའི་གོང་ནས་སྔོན་བྱོན་མཁས་པ་རྣམས་ཀྱི་གསུང་གི་ནང་དུའང་གསལ་བ་དང་། དེ་བཞིན་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱིས་མཛོད་རང་འགྲེལ་དུའང་སྐྱེས་བུ་གསུམ་གྱི་རྣམ་གཞག་དང་མཚན་ཉིད་ལྟ་བུའང་གསུངས་ཡོད། དེ་དག་རིམ་པས་ཇོ་བོ་རྗེའི་ལམ་གྱི་རིམ་པའི་ནང་ཧ་ཅང་གསལ་ཁ་གནང་བ་རེད། སྐྱེས་བུ་ཆུང་ངུ་ཞེས་པའི་ནང་ཚེ་འདིིའི་བདེ་སྐྱིད་དོན་དུ་གཉེར་བའི་གང་ཟག་ཀྱང་འདུས་ཚུལ་གསུངས་པའི་ལུགས་ཀྱང་ཡོད། གང་ལྟར་ཚེ་འདི་དོན་དུ་གཉེར་བ་དེ་སྐྱེས་བུ་ཆུང་ངུ་ཕལ་པ་དང་། སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་པ་དེ་སྐྱེས་བུ་ཆུང་ངུ་ཁྱད་པར་བ། འོན་ཀྱང་མཁས་པ་ཁ་ཤས་ཀྱིས་ཚེ་འདིའི་བདེ་བ་དོན་དུ་གཉེར་བ་ལ་སྐྱེས་བུ་ཞེས་པའི་ཐ་སྙད་མི་འཇུག་གསུངས་པའང་ཡོད། སྐྱེས་བུ་ཞེས་པ་སྒྲའི་སྐད་དོད་ཀྱི་དབང་དུ་བྱས་ན་ནུས་པ་ཞེས་པའི་དོན་རེད། དེས་ན་ཚེ་འདིའི་བྱ་གཞག་རྐྱང་པར་མགོ་བོ་འཁོར་བའི་གང་ཟག་རྣམས་ནུས་པ་ཡོད་པའི་གྲངས་སུ་མི་བཞག་པ་རེད། དམ་པའི་ཆོས་བྱེད་དང་མི་བྱེད་ཀྱི་ཁྱད་པར་ནི་ཚེ་འདིའི་དོན་དུ་བྱས་པ་དེ་ཆོས་སུ་མི་འགྲོ་བ་རེད། ཚེ་འདིའི་བདེ་སྐྱིད་སྒྲུབ་པའི་བློ་ཅན་རྣམས་སྐྱེས་བུ་ཆུང་ངུའི་ཁོངས་སུ་གཏོགས་པའི་དབང་དུ་བྱས་ཀྱང་ཆོས་བྱེད་ཀྱི་ཁོངས་སུ་མི་གཏོགས། ཆོས་སུ་སོང་བའི་ཚད་ནི་འདི་སྣང་ལ་ཞེན་པ་ལོག་པ་ཡིན་ཞེས་བླ་མ་གོང་མ་ཚོས་གསུངས་ཡོད། དེས་ན་སྐྱེ་བ་ཕྱི་མ་ཕན་ཆད་དོན་དུ་གཉེར་ནས་བསྒྲུབས་པའི་དགེ་བའི་རྩ་བ་རྣམས་ཆོས་ཀྱི་ཁོངས་སུ་འགྲོ་བ་དང་། དེ་མིན་རྣམས་ཆོས་མིན་ཁོངས་སུ་འགྲོ་བ་རེད། ཚེ་འདིའི་ལྟོ་གོས་གཏམ་གསུམ་གྱི་དོན་དུ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། ཞབས་རིམ་སྒྲུབ་པ་སོགས་ལྟར་སྣང་གི་དགེ་བ་རྣམས་ཀྱི་ཀུན་སློང་ལ་ཞིབ་ཚགས་པོས་མ་བལྟས་ན་ང་ཚོས་འགྲོ་སོང་ཆེན་པོ་བཏང་ནས་དགེ་བ་བསྒྲུབས་པ་ཡིན་སྙམ་པ་དེ་ཚོའང་སྡིག་པ་བསྒྲུབས་མི་སྲིད་པ་མིན། དེས་ན་དགེ་བའི་བྱ་བ་ལ་འཇུག་པའི་སྐབས་སུ་ཐོག་མར་ཀུན་སློང་ལ་ཞིབ་ཚགས་པོས་བལྟ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་ལྟ་བུའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱང་བ་ལ་སྔོན་འགྲོ་དང་། དངོས་གཞི། མཇུག་བཅས་རིམ་པ་གསུམ་རེད། དེ་གསུམ་ནི་སྐྱེས་བུ་ཆུང་ངུ་ཙམ་མ་ཟད། ལམ་ཡོངས་སུ་རྫོགས་པའི་ཉམས་ལེན་ལ་གསུམ་པོ་ཆ་ཚང་བ་མ་བྱུང་ན། དགེ་བ་ལ་ནུས་པ་མེད་པ་དང་། གང་བསགས་པ་དེ་ཁོང་ཁྲོས་བཅོམ་ཉེན་ཡོད་པ། འབྲས་བུ་ཕལ་པ་ཙམ་སྨིན་ནས་ཟད་ཉེན་ཡོད་པ་རེད། དེས་ན་སྦྱོར་དངོས་མཇུག་གསུམ་ཚང་བ་གནང་དགོས་པ་དེ་གལ་ཆེན་པོ་རེད། ཐོག་མ་བླ་མ་གསེར་གླིང་པའི་མན་ངག་ནས་བྱུང་བའི་སྦྱོར་བའི་ཆོས་དྲུག་སྒོ་ནས་ཉམས་ལེན་བྱ་རྒྱུ་དང་། བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ། བླ་མ་ཚོགས་ཞིང་གི་ལྷ་ཚོགས་ལ་གསོལ་བ་ཤུགས་དྲག་བཏབ་ནས། ལམ་གྱི་ཉམས་མྱོང་རྒྱུད་ལ་སྐྱེ་བའི་གསོལ་འདེབས་ཤུགས་དྲག་དང་བཅས་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་བསྐུལ་བ་ནས་ཉམས་ལེན་མགོ་ཚུགས་རྒྱུ་རེད། དེ་ནི་ཁ་སང་སོང་ཟིན་པ་རེད།

དེ་རིང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། འཇིག་རྟེན་ཕྱི་མ་བདེ་བའི་ཐབས་བསྟན་པ་གཉིས་ལས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་ལ། འཇིག་རྟེན་འདི་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང་། འཇིག་རྟེན་ཕྱི་མ་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་གཉིས་ལས། འཇིག་རྟེན་འདི་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་ནི་འཆི་བ་མི་རྟག་པ་བསྒོམ་རྒྱུ་དེ་རེད། སྔ་དྲོ་མི་རྟག་པ་མ་དྲན་ན་ཉིན་ཕྱེད་བར་དུ་ཚེ་འདི་པ་ལ་འགྲོ  ཉིན་ཕྱེད་ལ་མི་རྟག་པ་མ་དྲན་ན་ཉིན་གང་ཚེ་འདི་པ་ལ་འགྲོ་ཞེས་གསུངས་པ་དང་། སངས་རྒྱས་ཀྱིས་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་མི་རྟག་པའི་འདུ་ཤེས་ཡིན་ཞེས་གསུངས་པ། བདེན་པ་བཞིའི་རྣམ་གཞག་བསྟན་པའི་སྐབས་སུ་བདེན་བཞི་མི་རྟག་སོགས་བཅུ་དྲུག་ནང་ནས་མི་རྟག་པ་དེ་ཐོག་མར་གསུངས་པ། དེ་བཞིན་སངས་རྒྱས་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་སྐབས་སུའང་གསུང་གི་མཐའ་མ་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ་ཞེས་གསུངས་པ་སོགས་མི་རྟག་པའི་འདུ་ཤེས་བློ་ངོར་ཤར་དགོས་པ་དེ་བློ་ཆོས་སུ་འགྲོ་བའི་མཐུན་རྐྱེན་མེད་དུ་མི་རུང་བ་རེད། དེས་ན་མི་རྟག་པའི་འདུ་ཤེས་དེ་སེམས་ནས་མ་ཡལ་བར་རྒྱུན་དུ་ཡོད་དགོས་པ་དེ་གལ་ཆེན་པོ་རེད།

མི་རྟག་པའི་འདུ་ཤེས་དེའང་ངེས་པར་འཆི་བ་བསམ་པ་དང་། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པ་བསམ་པ་བཅས་ཀྱི་ཐོག་ནས་བསྒོམ་རྒྱུ་དང་། མི་རྟག་པ་དེ་བློ་ལ་མྱོང་བ་ཐོན་ནས་འཇིག་རྟེན་འདིར་རིང་དུ་མི་གནས་པར་ངེས་པར་འཆི་བསམ་པའི་སྣང་བ་ཤར་བ་དང། འཆི་བའི་རྗེས་སུའང་མེད་པར་མི་འགྲོ་བ་ལས་འབྲས་ཀྱི་རྗེས་སུ་ཞུགས་ནས་སྐྱེ་བ་ཕྱི་མ་བདེ་འགྲོ་དང་ངན་འགྲོ་གང་རུང་ལ་ངེས་པ་ཡིན་ཙང་། འཇིག་རྟེན་ཕྱི་མ་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་དེ་བྱུང་ཞིང་། གང་ལྟར་འཆི་བའི་རྗེས་སུ་ལམ་གཉིས་མ་གཏོགས་མེད་པ་དང་། གལ་ཏེ་ངན་སོང་དུ་སྐྱེ་ན་དམྱལ་བ་ལ་བཙོ་སྲེག་གི་སྡུག་བསྔལ་དང་། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་གླེན་ཞིང་གཏི་མུག་པའི་སྡུག་བསྔལ་སོགས་ཀྱིས་རྒྱུན་ཆད་མེད་པར་མནར་བའི་ཚུལ་དང་། སྡུག་བསྔལ་དེ་དག་ལ་འཇིགས་པའི་བློ་བྱུང་ན་དེ་ལས་སྐྱོབ་པའི་སྐྱབས་གནས་ཤིག་བཙལ་དགོས་ཤིང་། དེ་ལྟ་བུའི་སྐྱབས་གནས་ཀྱང་རང་འཇིགས་པ་ཐམས་ཅད་ལས་གྲོལ་བ་དང་། གཞན་འཇིགས་པ་ཐམས་ཅད་ལས་གྲོལ་བའི་ཐབས་ལ་མཁས་པ། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ཞིག་ལ་མ་གཏོགས། ཕྱོགས་རེ་བ་ཞིག་ལ་སྐྱབས་བཅོལ་མི་འོས་པར་བརྟེན། སྟོན་པ་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་སངས་རྒྱས་ལ་ལྟོས་དགོས་པ་དང་། དེས་གསུངས་པའི་ཆོས་ལམ་དང་འགོག་པ་ཉམས་སུ་བླངས་ནས་འཇིགས་པ་ངན་འགྲོའི་སྐྱེ་བ་ལས་གྲོལ་བའི་ཐབས་ཤེས་བྱེད་དགོས་པ། སྐྱབས་དཀོན་མཆོག་ལ་བཅོལ་ནའང་སྐྱབས་ཚུལ་ནི་སོ་སོས་ལས་འབྲས་བླང་དོར་ཚུལ་བཞིན་དུ་བྱེད་རྒྱུ་དེ་རེད། ཇི་སྐད་དུ། ཐུབ་ན་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད།། ཅེས་གསུངས་པ་བཞིན་སྐྱབས་དངོས་ནི་རང་གི་རྒྱུད་ཀྱི་ཆོས་དཀོན་མཆོག་ལ་འཇོག་དགོས་ཤིང་། དཔེར་ན་ནད་སེལ་བ་ལ་སངས་རྒྱས་དེ་སྨན་པ་ལྟ་བུ་དང་། དགེ་འདུན་དེ་ནད་གཡོག་ལྟ་བུ། དངོས་སུ་ནད་ཀྱི་གཉེན་པོའི་སྨན་ལྟ་བུ་དེ་རང་རྒྱུད་ལ་སྐྱེ་བར་འགྱུར་བའི་འབྲས་སྐྱབས་ཀྱི་ངོ་བོར་འགྱུར་བའི་ཆོས་དེ་རེད། དེས་ན་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་རྗེས་ཀྱི་ཆ་རྐྱེན་ལྟ་བུ་ནི་ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་གནང་རྒྱུ་དེ་ཡིན་ཞིང་། དེ་ལྟ་བུ་ནི་མདོར་ན་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་དེ་རེད། དེ་ཡང་རྩ་ཚིག་ལས། ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན།། མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང་།། ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན།། དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ།། ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས།། ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང་།། དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ།། རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་ལས་འབྲས་ལའང་ལས་ངེས་པ་དང་། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་ཟ་བ་རྣམས་ཀྱི་རྣམ་གཞག་ཞིབ་ཚགས་པོས་བསམ་བློ་བཏང་ནས་ལས་འབྲས་ལ་ཡིེད་ཆེས་བརྟན་པོ་རྙེད་དགོས། དེ་ཡན་གྱིས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་སོང་བའི་ཁུལ་ཡིན།

སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ།

གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ། ཐར་པ་སྒྲུབ་པའི་རང་བཞིན་གཏན་ལ་དབབ་པ་བཅས་གསུམ་མོ།། སྐྱེས་བུ་འབྲིང་ནི་འཁོར་བ་ལས་ཐར་བའི་ཐར་པ་དོན་གཉེར་གྱི་ངེས་འབྱུང་གི་བསམ་པ་རྒྱུད་ལ་སྐྱེ་ཐབས་བྱེད་རྒྱུ་དེ་རེད། དེ་ལྟ་བུའི་འཁོར་བ་མཐའ་དག་ལ་མེ་འབར་བའི་འོབས་ལྟར་མཐོང་བའི་ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་ཞིག་སྐྱེ་བ་ལ་འཁོར་བའི་ཕུན་ཚོགས་དང་། གཏམ་སྙན་གྲགས། སྟོབས་གོ་ས། རྒྱུ་ལོངས་སྤྱོད་སོགས་གང་མཐོང་ཡང་སྡུག་བསྔལ་དང་མི་རྟག་པའི་རང་བཞིན་དུ་མཐོང་ནས་འདོར་བྱ་མ་གཏོགས། བླང་བྱ་ནམ་ཡང་མིན་པ་སོགས་ཀྱི་ཐོག་ནས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་དེ་སྦྱང་དགོས་པར་བརྟེན། སྡུག་བདེན་འཁོར་བའི་ཉེས་དམིགས་དེ་ཚུལ་བཞིན་དུ་བསམ་དགོས། དེ་ལྟ་བུ་འཁོར་བ་ཐམས་ཅད་ལ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་ཞེ་ལོག་པའི་ངེས་པར་འབྱུང་བའི་བློ་སྐྱེ་ནའང་ཀུན་འབྱུང་འཁོར་བའི་འཇུག་རིམ་མ་ཤེས་ན་ཐར་པའི་གོ་འཕང་དང་ཐར་པ་སྒྲུབ་པའི་ལམ་ལ་ཡིད་ཆེས་མི་རྙེད་ཅིང། འཁོར་བའི་རྩ་བ་ས་བོན་དང་བཅས་པ་སྤང་རུང་བ་དང་སྤང་ནུས་པར་མཐོང་ན་ཀུན་འབྱུང་འཁོར་བའི་འཇུག་རིམ་ལ་ལྡོག་ཏུ་ཡོད་པ་མཐོང་བ་དང་། དེ་ལྟར་ཀུན་འབྱུང་འཁོར་བའི་འཇུག་རིམ་ཡག་པོ་ཤེས་ན་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་ཕབ་ནས་ལམ་གང་ལ་ཉམས་ལེན་བྱས་ནས་ཐར་པ་བསྒྲུབ་དགོས་པ་དེ་རེད།

སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅིག་གསུངས་པ་དེ་དག་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ཐབས་ཤ་སྟག་མ་གཏོགས། མངོན་མཐོའི་གོ་འཕང་ཙམ་སྒྲུབ་པའི་དོན་དུ་གསུངས་པ་ཞིག་མེད། རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ།། རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག།།དེ་ཡང་མྱ་ངན་འདའ་ཕྱིར་ཏེ།། ཞི་གྱུར་མིན་མཛད་ཁྱོད་ལ་མེད།། ཅེས་རྗེ་རིན་པོ་ཆེས་ཐག་བཅད་ནས་གསུངས་པ་བཞིན་མངོན་མཐོའི་གོ་འཕང་སྒྲུབ་པའི་ཐབས་གསུངས་པ་རྣམས་ཀྱང་གནས་སྐབས་ཀྱི་འདོད་དོན་གྲུབ་ནས་མངོན་མཐོའི་གོ་འཕང་དེ་ལ་བརྟེན་ནས་མཐར་ཐུག་ཞི་བ་མྱང་འདས་ཀྱི་གོ་འཕང་བསྒྲུབ་རྒྱུའི་ཆེད་དུ་དམིགས་པ་ལས། སངས་རྒྱས་ཀྱི་མཛད་པ་རྣམས་ཞི་བ་མྱང་འདས་ལ་མ་དམིགས་པའམ་མྱང་འདས་ཕྱོགས་སུ་མ་གཞོལ་བ་གཅིག་ཀྱང་མེད། དེས་ན་མཐར་ཐུག་ཞི་བ་མྱང་འདས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ཡིན་པར་བརྟེན། དེའི་ཚུལ་དེ་ཆོས་ཀྱི་འཁོར་ལོ་དང་པོ་སྐོར་བའི་སྐབས་སུ་བདེན་པ་བཞིའི་རྣམ་གཞག་བསྟན་པ་རེད།

སྤྱིར་བཏང་འཕགས་པའི་བདེན་པ་བཞི་ཞེས་པ་ནི་འཕགས་པའི་གཟིགས་ངོར་བདེན་པ་སོགས་སྒྲ་བཤད་བྱེད་སྟངས་མང་པོ་ཡོད་ཅིང་། དེ་གོ་བདེ་པོ་ཕལ་སྐད་ནང་བཤད་ན་དངོས་ཐོག་བདེན་འཚོལ་ཞེས་པ་ལྟ་བུ་རེད། གང་ལྟར་དངོས་ཡོད་གནས་ཚུལ་ཐོག་ནས་གསུངས་པ་ཞིག་རེད། དེར་བརྟེན་རྗེ་བཙུན་བྱམས་པས་རྒྱུད་བླ་མར། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།། བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་དང་།། ཞེས་གསུངས་པ་བཞིན་ནད་ཚབས་ཆེ་བའི་ནད་པ་དེས་ནད་ལས་འགྲོལ་བའི་ཐབས་ཤེས་ལ་ཐོག་མར་ནད་གང་ཡིན་པ་དེ་ཤེས་དགོས། གལ་ཏེ་ནད་ངོས་མ་ཟིན་པར་སྨན་བཏང་ན་སྨན་ལོག་འགྲོ་ཉེན་ཡོད། དེས་ན་སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་དགོས་དོན་དེ་རེད། སྡུག་བསྔལ་ཤེས་པར་བྱ་ཞེས་པ་ལ་མི་ཕལ་པ་ཞིག་གིས་བལྟས་ན་སྡུག་བསྔལ་ནི་སྡུག་བསྔལ་རེད། སུས་ཀྱང་ཤེས་ཀྱི་རེད་སྙམ་པ་ཡོད་ཀྱང་། དེ་ནི་དེ་ལྟར་མིན་ཏེ། སྡུག་བསྔལ་མི་ཤེས་པ་དེས་ད་ལྟ་ང་ཚོས་སྡུག་བསྔལ་མྱོང་བཞིན་པ་མ་ཟད། སྡུག་བསྔལ་ལ་བདེ་བར་འདུ་ཤེས་ཏེ་སྡུག་བསྔལ་གྱི་རྒྱུ་ལ་མངོན་པར་རྒྱུགས་པ་རེད། དེས་ན་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པ་མ་ཤེས་ན་སྡུག་བསྔལ་ལས་འབྲལ་འདོད་ཀྱི་བློ་མི་སྐྱེ། སྤྱིར་སྡུག་བསྔལ་ལའང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་ལས། འགྱུར་བའི་སྡུག་བསྔལ་ལ་བདེ་བར་འཛིན་པ་དང་། ཟག་བཅས་ཀྱི་ཚོར་བ་བདེ་བ་ཡོངས་སུ་རྫོགས་པ་འགྱུར་བའི་སྡུག་བསྔལ་དུ་འཇོག་ཅིང་། དེས་ན་དེ་བདེ་བ་ཡིན་བསམ་པ་མ་གཏོགས། སྡུག་བསྔལ་ཡིན་སྙམ་པ་མེད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་བདེ་བ་དང་སྡུག་བསྔལ་གྱི་ཐ་སྙད་གང་ཡང་མེད་ཅིང་། དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྟེན་ཡིན་པ་མཐོང་གི་མེད། དེར་བརྟེན་སྡུག་བསྔལ་ཤེས་པར་བྱ་ཞེས་པ་མ་གསུངས་ཐབས་མེད་རེད། བྱིས་པ་ལག་མཐིལ་ལྟ་བུ་ཡིས།། འདུ་བྱེད་སྡུག་བསྔལ་སྤུ་མི་རིག།།ཅེས་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཕྲ་བ་ཡིན་ཙང་། དཔེར་ན་ལག་མཐིལ་ལ་སྤུ་ཞིག་བཞག་ན་མི་ཟུག་པ་དང་མི་བདེ་བ་མེད་པ་བཞིན་བྱིས་པ་སོ་སོའི་སྐྱེ་བོའི་བློ་དེ་ཚོར་བ་ཆུང་ཆུང་ལག་མཐིལ་དང་འདྲ་བ་དང་། འཕགས་པ་མིག་དང་འདྲ་བ་ཡིས།། དེ་ཡི་ཡིད་ཀྱང་ཤིན་ཏུ་འབྱུང་།། ཞེས་དེ་ལྟ་བུའི་སྤུ་ཆུང་ངུ་དེ་མིག་ནང་སོང་ན་ཚོར་སྣང་དྲག་པས་གང་མྱུར་འདོན་ཐབས་བྱེད་པ་ལྟ་བུ་རེད། དེས་ན་སྡུག་བདེན་འཁོར་བའི་ཉེས་དམིགས་མཐོང་རྒྱུ་དེ་ཐར་པ་སྒྲུབ་པའི་ལམ་གྱི་གོམ་རིམ་དང་པོ་ལྟ་བུ་རེད། ནད་ལྟ་བུ་ཡིན་ན་ངོས་ཟིན་པར་བྱ་རྒྱུ་དེ་རེད། དེས་ན་འཁོར་བའི་སྡུག་བསྔལ་གྱི་རིགས་དེ་དག་ང་ཚོས་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་མྱངས་པ་རེད་དེ། སྡུག་བསྔལ་མྱོང་གིན་ད་དུང་སྡུག་བསྔལ་ལ་བདེ་བར་འཁྲུལ་ནས་སྡུག་བསྔལ་གྱི་རྒྱུ་ཉིད་ལ་རྒྱུགས་པ་མ་གཏོགས། སྡུག་བསྔལ་དེ་འབྲལ་བའི་ཐབས་དང་སྡུག་བསྔལ་གྱི་རྒྱུར་མ་ལྷུང་བའི་ཐབས་ཤེས་བྱེད་ཀྱི་མེད། དེར་བརྟེན་སྡུག་བསྔལ་ངོས་ཟིན་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། སྡུག་བསྔལ་དེ་དག་རེ་རེ་བཞིན་དཔྱད་པ་བྱེད་སྐབས་མི་གཞན་དང་ཕྱིའི་སྣོད་ལ་སྡུག་བསྔལ་མྱོང་བ་མ་གཏོགས། རང་གི་སྟེང་དུ་སྡུག་བསྔལ་དེ་བབས་ཀྱི་ཡོད་པའི་འདུ་ཤེས་མ་སྐྱེ་ན་སྡུག་བསྔལ་གྲངས་འདྲེན་བྱེད་རྒྱུ་ཡོད་ནའང་བློ་འགུལ་མ་ཐེབས་ན་ཕན་ཐོགས་མེད།

དེས་ན་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང་། འཁོར་བ་བྱེ་བྲག་གི་སྡུག་བསྔལ་བསམ་པ་བཅས་ས་བཅད་རིམ་པ་གཉིས་སུ་ཕྱེ་ནའང་འགྲིགས། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་ནི་ལམ་རིམ་ཆེན་པོ་ལས་སྡུག་བསྔལ་བརྒྱད་བསམ་པ་དང། སྡུག་བསྔལ་དྲུག་བསམ་པ་གཉིས་རྩལ་དུ་བཏོན་ནས་གསུངས་ཡོད། མདོའི་ནང་དུའང་སྡུག་བསྔལ་བརྒྱད་དེ་ཡང་ཡང་ཡོང་། སྡུག་བསྔལ་བརྒྱད་པོ་དེ་བསྟན་བཅོས་སྐབས་སུ་སྡུག་བསྔལ་དྲུག་ཏུ་བསྡུས་པ་ལྟ་བུ་རེད། དེ་ཡང་སྡུག་བསྔལ་བརྒྱད་ནི། སྐྱེ་བ་དང་། ན་བ། རྒ་བ། འཆི་བ། མི་སྡུག་པ་དང་འཕྲད་པ། སྡུག་པ་དང་འབྲལ་བ། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་བ་བཅས་འཁོར་ལོའི་དང་པོའི་ནང་གསུངས་ཤིང་། སྡུག་བསྔལ་དང་པོ་བདུན་པོ་རྣམས་སྡུག་བསྔལ་གྱི་སྡུག་བསྔལ་དང་། དེའི་ནང་དུའང་འགྱུར་བའི་སྡུག་བསྔལ་འདུས་ནའང་འགྲིགས། ཐ་མ་བརྒྱད་པ་མདོར་ན་ཕུང་པོ་ལྔ་པོ་ནི་སྡུག་བསྔལ་བའོ་ཞེས་ཕུང་པོ་ལྔའི་སྟེང་དུ་འགྱུར་བའི་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ་ཉམས་སུ་མྱོང་ཡང་། ཕུང་པོ་ལྔ་རང་བཞིན་གྱིི་ཆ་ནས་སྡུག་བསྔལ་ཐམས་ཅད་ཀྱི་རྟེན་དང་སྣོད་དུ་གྱུར་པ་ཡིན་ཙང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རེད། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བསམ་པའི་སྐབས་སུ་ལམ་རིམ་ཆེན་པོའི་ནང་དེ་བཞི་སོ་སོ་ལའང་ནང་གསེས་དོན་ཚན་ལྔར་ཕྱེ་ནས་སྒོམ་ཚུལ་གསུངས་ཡོད། ང་ཚོས་དེ་ལྟར་ཞིབ་ཚགས་པོ་མ་བྱུང་ཡང་། གང་ལྟར་སྐྱེ་བ་ལེན་པའི་སྐབས་སུ་ཇི་ཙམ་སྡུག་བསྔལ་ཡོད་པ་ང་ཚོས་མངོན་སུམ་ལ་མཐོང་དུ་ཡོད་ཅིང་། དཔེར་ན་མིའི་སྐྱེ་གནས་དང་དུད་འགྲོའི་སྐྱེ་གནས་ལ་བལྟས་ན་སྐྱེ་བའི་སྐབས་སུ་མ་ལ་སྡུག་བསྔལ་ཡོད་ལ། ཕྲུ་གུ་དེ་ལའང་སྡུག་བསྔལ་ཡོད། དེ་བཞིན་དུད་འགྲོའི་འཇིག་རྟེན་ལ་མཚོན་ནའང་སྡུག་བསྔལ་ཇི་ཙམ་ཡོད་པ་ང་ཚོས་མཐོང་ཆོས་སུ་ཡོད། ལྷག་པར་དུ་མངལ་སྐྱེས་ལ་མངལ་གྱི་ནང་དུ་སྦྲུམ་མའི་ཚུལ་དུ་གནས་པའི་སྐབས་ཀྱི་སྡུག་བསྔལ་དང་། བཙས་པའི་སྐབས་ཀྱི་སྡུག་བསྔལ་སོགས་མཐའ་ཡས་པ་རེད། དེ་ནས་སྐྱེ་བ་དེ་སྡུག་བསྔལ་གཞན་རྒ་བ་དང་། ན་བ། འཆི་བ་བཅས་ཀྱི་རྟེན་ཡིན་ཞིང་། དེ་གསུམ་སྐྱེ་བ་ལ་བརྟེན་ནས་བྱུང་ཙང་། སྐྱེ་བ་གནས་ངན་ལེན་དང་བཅས་པའི་སྡུག་བསྔལ་བ་ཞེས་གསུངས། ང་ཚོ་ན་ཚོད་ལོངས་པའི་སྐབས་སུ་བརྗེད་པ་མ་གཏོགས། སྐྱེ་བའི་སྐབས་སུ་སྡུག་བསྔལ་ཇི་ཙམ་ཡོད་པ་སྐྱེས་མ་ཐག་པའི་ཕྲུ་གུའི་ངུ་སྟངས་དང་གདོང་གི་རྣམ་འགྱུར་ལས་ཤེས་ཐུབ། དེས་ན་སྐྱེ་བ་དེ་སྡུག་བསྔལ་ཐམས་ཅད་ཀྱི་ནང་ནས་བཟོད་དཀའ་བ་དང་། ལྷག་པར་དུ་སྐྱེ་བའི་སྡུག་བསྔལ་ཉམས་སུ་མྱོང་མཁན་གྱི་གང་ཟག་དེའི་ལུས་ཀྱི་སྟོབས་མ་རྫོགས་པ་དང་། ལུས་ཤའང་ཧ་ཅང་ཚོར་བ་རྣོ་བ། ཅུང་ཟད་འཇམ་ཞན་པའི་གོས་ཀྱི་ཐོག་བཞག་ན་རྩུབ་པའི་རེག་བྱ་ཚོར་བ། རང་རྐྱ་མ་འཕེར་བ་སོགས་རེད། མདོར་ན་ཕྲུ་གུ་སྐྱེས་མ་ཐག་པ་དེ་ཕ་མས་བདག་གཅེས་མེད་པར་བོར་ན་འཆི་རྒྱུ་ལས་མེད། དེ་བཞིན་བརྫུས་སྐྱེས་དང་དྲོད་ལས་སྐྱེས་པ་རྣམས་ཀྱང་སྐྱེས་པའི་སྐབས་སུ་མངལ་སྐྱེས་དང་སྒོང་སྐྱེས་ལྟ་བུའི་དམིགས་བསལ་གྱི་སྡུག་བསྔལ་ཤུགས་ཆེ་མེད་ནའང་། སྐྱེས་པའི་དབང་གིས་དེའི་རྗེས་ཀྱི་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་རྣམས་མཐོང་ཐུབ། རྒ་བའི་སྡུག་བསྔལ་ནི་སྐྱེས་པའི་སྐད་ཅིག་གཉིས་པ་ནས་ལུས་དང་ལང་ཚོ་འགྱུར་བ་རེད། ང་ཚོའི་ཁ་སྐད་ལ་ན་ཚོད་ལོངས་པ་ཞེས་བཤད་ཀྱང་དོན་དུ་ཉིན་རེར་འགྱུར་བ་དེ་རྒ་བའི་ཁོངས་སུ་གཏོགས་པ་རེད། དེ་ནི་འཆི་བ་ལ་ཇེ་ཉེར་འགྲོ་བའི་དབང་གིས་རེད། དཔེར་ན་ལོ་བརྒྱ་གསོན་པའི་མི་ཞིག་ལ་མཚོན་ན། སྐྱེ་བའི་ཉིན་དང་པོ་འདས་པ་ན་ཉིན་གཅིག་ཐུང་དུ་ཕྱིན་ཟིན་པ་རེད། རྒྱལ་བ་སྐལ་བཟང་རྒྱ་མཚོས། སྐྱེས་ནས་སྐད་ཅིག་ཙམ་ཞིག་སྡོད་དབང་ཡང་མེད་པར།། འཆི་བདག་གཤིན་རྗེའི་དྲུང་དུ་བངས་རྩལ་གྱིས་བརྒྱུག་པས།། གསོན་པོ་ཟེར་ཡང་འཆི་བའི་ལམ་ཆེན་དུ་ཆས་འདུག།།ཉེས་ཆེན་གསོད་སར་འཁྲིད་པའི་སྣང་ཚུལ་འདིས་སྐྱོ་བ།། ཞེས་གསུངས་པ་དེ་ཧ་ཅང་གནད་དུ་འཁེལ་བ་རེད། གང་ལྟར་སྐད་ཅིག་རེ་རེ་བཞིན་འཆི་བདག་གི་དྲུང་དུ་རྒྱུགས་པ་དེ་ལ་རྒ་བའི་སྡུག་བསྔལ་ཟེར། དེ་ནས་ལུས་དར་ལ་བབས་པ་དེ་རིམ་བཞིན་རྒས་པའི་སྐབས་སུ་གདོང་གི་རྣམ་པའང་འགྱུར་བ་དང་། མགོའི་སྐྲ་དཀར་པོ། རྒས་ཤིང་འཁོགས་པ་སོགས་སུ་འགྱུར། བཀའ་གདམས་པ་གོང་མ་ཚོས། རྒས་པ་ཁད་ཀྱིས་ཁད་ཀྱིས་ཡོང་བའི་དྲག།།དུས་གཅིག་ལ་ཡོང་ན་བསྲན་ཐབས་མེད།། ཅེས་གསུངས་པ་བཞིན་རྒས་པའི་སྡུག་བསྔལ་དེ་ག་ལེར་ཡོང་བ་ཡིན་ཙང་དོ་སྣང་མི་ཡོང་བ་རེད། དུས་གཅིག་ལ་ཡོང་ན་བཟོད་དཀའ་བའི་སྡུག་བསྔལ་གྱིས་བསྲན་ཐབས་མེད། ༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་ལམ་རིམ་གསུང་ཆོས་སུ། དགོང་མོ་ཉལ་དུས་དར་མ་ཞིག་སྔ་དྲོ་ལངས་དུས་རྒས་འཁོགས་ཆགས་ན་སྡུག་བསྔལ་ཇི་ཙམ་ཡོང་བ་དང་། གཞན་ལྟ་ཅི་ཕྱི་ལ་གདོང་བསྟན་མི་ནུས་པ་ཞིག་ཆགས་རྒྱུ་རེད་ཅེས་ཀུ་རེ་དང་སྦྲགས་ནས་གསུང་གི་ཡོད། གང་ལྟར་དུས་ཚོད་རིང་ཐུང་གི་ཁྱད་པར་ཞིག་རེད། ད་ལྟ་དར་མ་ཚོས་རྗེས་སུ་རྒས་པའི་སྐབས་སུ་ལངས་མི་ཐུབ་པ་སོགས་ཀྱི་སྡུག་བསྔལ་ཡོད་པ་དཔོག་ཐུབ་ཀྱང་། དངོས་སུ་རྒས་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་སྐབས་སུ་ཇི་ལྟར་ཡོད་པ་བཞིན་གཞོན་པའི་སྐབས་སུ་ཚོད་མི་ཐིག་པ་རེད། ན་བའི་སྡུག་བསྔལ་ནི་ནད་ཀྱིས་ཟིན་ན་ཟུག་གཟེར་དང་། ལུས་ཟུངས་ཟད་པ། འབྱུང་བ་ཆ་མ་སྙོམ་པ། ཚེའི་བར་ཆད་དུ་གྱུར་པ་སོགས་ཡ་ང་བ་རེད་ལ། དངོས་གསལ་དོད་པོ་ཞིག་ཀྱང་རེད། ནད་པ་ཁ་ཤས་དྲག་རྒྱུ་མེད་པ་དང་འཆི་རྒྱུ་མེད་པར་ན་བའི་སྡུག་བསྔལ་རྒྱུན་རིང་མྱོང་དགོས་པ་དེ་འདྲ་ཡོད། དེང་སང་ནད་པ་སྡུག་པོ་ཁ་ཤས་ལ་སྙིང་རྗེས་བསད་པ་ཞེས་འཆི་རུ་འཇུག་པ་སོགས་ཡོད། དེ་ནི་ན་བའི་སྡུག་བསྔལ་ཧ་ཅང་ཤུགས་དྲག་པོ་དེ་མི་བཟོད་པའི་དབང་གིས་རེད། འཆི་བའི་སྡུག་བསྔལ་ནི་སྤྱིར་ལུས་སེམས་བྲལ་བ་དང་། སྲོག་ནི་ཧ་ཅང་རྩ་ཆེན་པོ་རེད། འཇིག་རྟེན་སྲོག་ལས་གཅེས་པ་ཡི།། དངོས་པོ་འགའ་ཡང་ཡོད་མིན་ཏེ།། ཞེས་གསུངས་ཡོད། ང་ཚོའི་ཁ་དཔེར་ཡང་། སྲོག་ལ་བབས་ཀྱང་འདོར་གྱི་མེད་ཅེས་བཤད་སྲོལ་ཡོད། གང་ལྟར་སྲོག་དང་བསྡོས་ཏེ་ཞེ་ན་དེ་ལས་ལྷག་པ་ཞིག་བསྡོས་རྒྱུ་མེད། རྒྱུ་ཅ་ལག་བློས་གཏོང་དགོས་བྱུང་ན་ཁག་པོ་ཡོད་ཀྱང་དེ་ཙམ་ཁག་པོ་མེད། གཏམ་གོ་ས་བློས་གཏོང་དགོས་བྱུང་ན་ཁག་པོ་ཡོད་ཀྱང་སྲོག་བློས་གཏོང་བ་བཞིན་ཁག་པོ་མེད། གནའ་སྔ་མོ་ལུགས་ཀྱི་བསྟན་བཅོས་རྩོམ་མཁན་ཅཱཎཀྱ་ཞེས་པའི་རྒྱ་གར་གྱི་ཆབ་སྲིད་ཀྱི་མཁས་པ་གྲགས་ཅན་དེས་སྤྱི་ཚོགས་ཀྱི་དོན་དུ་སྒེར་པ་བློས་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་དོན་དུ་ཁྱིམ་ཚང་བློས་གཏོང་དགོས་པ། གྲོང་ཁྱེར་གྱི་དོན་དུ་གྲོང་གསེབ་བློས་གཏོང་དགོས་པ། རྒྱལ་ཁབ་ཀྱི་དོན་དུ་གྲོང་ཁྱེར་བློས་གཏོང་དགོས་པ། མཐའ་མ་རང་གི་སྲོག་ལ་ཐུག་ན་རྒྱལ་ཁབ་སོགས་ཚང་མ་བློས་གཏོང་དགོས། རང་གི་སྲོག་ལས་གཅེས་པ་ཞིག་གང་ཡང་མེད་ཅེས་བཤད་ཡོད། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོའི་ནང་རང་ཉིད་དང་པོ་བློས་གཏོང་དགོས་པ་གསུངས་ཡོད། ཅཱཎཀྱའི་ལུགས་ཀྱི་བསྟན་བཅོས་ནང་རང་ཉིད་མཐའ་མར་བཞག་ཡོད། དེས་ན་སྲོག་ལས་གཅེས་པའི་དངོས་པོ་གང་ཡང་མེད་ཙང་། སྲོག་དེ་ཆད་པའི་སྐབས་སུ་སེམས་ཀྱི་སྡུག་བསྔལ་དང་ལུས་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་ཞིང་། ལས་དང་ཉོན་མོངས་པས་བཅིངས་པའི་ཚེ་འདིའི་ལུས་སྲོག་དོར་ནས་རྣམ་ཤེས་ཐོན་སྐབས་འཁྲུལ་སྣང་དང་། འཇིགས་སྣང་། གནད་གཅོད་ཀྱི་སྡུག་བསྔལ་སོགས་བརྗོད་མི་ཤེས་པ་རེད། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ནི་སོ་སོའི་འདོད་པ་མེད་པའི་དངོས་པོ་དང་འཕྲད་པ་དཔེར་ན། རང་གི་འདོད་པ་མེད་པའི་ས་གནས་སུ་འགྲོ་དགོས་པ། རང་གི་འདོད་པ་མེད་པའི་ས་གནས་སུ་བསྡད་དགོས་པ། རང་གི་འདོད་པ་མེད་པའི་ལས་ཀ་བྱེད་དགོས་པ། རང་གི་འདོད་པ་མེད་པའི་མི་དང་འགྲོགས་དགོས་པ། རང་གི་འདོད་པ་མེད་པའི་དཔོན་པོ་ཞིག་གི་འོག་ཏུ་ལས་ཀ་བྱེད་དགོས་པ། རང་གི་འདོད་པ་མེད་པའི་གཡོག་པོ་ཞིག་ལ་ལས་ཀ་བཀོལ་དགོས་པ་སོགས་རེད། རྒྱུ་ཅ་ལག་ཡིན་ནའང་ཐོག་མར་ཁྲོམ་ནས་དོ་སྣང་ཆེན་པོས་ཉོས་པ་དེ་རྗེས་སུ་ཡག་པོ་མེད་པའང་མི་སྡུག་པ་དང་འཕྲད་པའི་ཁོངས་སུ་གཏོགས། སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི་རང་གིས་དགའ་བའི་དངོས་པ་ཞིག་བྲལ་བ་ལ་བརྟེན་ནས་བྱུང་བའི་སྡུག་བསྔལ་ལ་ཟེར། དེ་བཞིན་རང་གི་འདོད་པའི་ཕྱོགས་དང་རང་གི་མི་འདོད་པའི་ཕྱོགས་གཉིས་ལས་མི་འདོད་པའི་ཕྱོགས་དངོས་སུ་མྱོང་རྒྱུ་དེ་མང་བ་ཡོད་རེད། བྱ་བ་ཞིག་བྱེད་ནའང་རེེད། མི་ཞིག་དང་ཐུག་ནའང་རེད། མི་འདོད་པའི་དངོས་པོ་ཡང་ཡང་བྱུང་བ་དང་། འདོད་པའི་དངོས་པོ་དེ་འཕྲད་དཀའ་བ་ཡོད་རེད། ད་ལྟའི་དེང་རབས་ཀྱི་སྤྱི་ཚོགས་ལ་བལྟས་ན་འདོད་པ་མ་ཁེངས་པའི་གནས་སྟངས་དེ་དཀའ་ངལ་ཆེ་ཤོས་ཤིག་རེད། དཔེར་ན་ཁྲིམས་ཀྱི་གནས་སྟངས་དང་། རྒྱལ་ཁབ་ཀྱི་སྲིད་བྱུས། དཔལ་འབྱོར་གྱི་གནས་སྟངས། ཚོང་ལས་བཅས་ལ་འདོད་པ་མ་ཁེངས་པ་མང་པོ་རེད། ཐ་ན་རང་གི་བཟའ་ཟླ་བུ་ཕྲུག་གི་ཀུན་སྤྱོད་ཐོག་ནས་འདོད་པ་མ་ཁེངས་པ་དང་། ཁྱིམ་ཚང་ནང་ཕན་ཚུན་མི་འཆམ་པ་དང། ཕ་མ་དང་ཕྲུ་གུའི་བར་མི་འཆམ་པ་སོགས་འདོད་པ་མ་ཁེངས་པ་ཡོད་མུས་རེད། ལྷག་པར་དུ་དེང་རབས་ཀྱི་སྤྱི་ཚོགས་འདིའི་ནང་འདོད་པ་མ་ཁེངས་པ་བྱེད་པའི་གནས་ཚུལ་མང་པོ་རེད། དཔེར་ན་ལག་ཐོགས་ཁ་དཔར་ལྟ་བུར་མཚོན་ན། དེ་གསར་པ་ཞིག་ཐོན་སྐབས་འདིའི་ནང་མཐུན་རྐྱེན་མང་པོ་ཡོད་ཤག་གིས་རིན་གོང་ཆེན་པོ་སྤྲད་ནས་ཉོས་པ་དང་། དེ་རྗེས་ཐོན་གསར་པ་གཞན་ཞིག་བྱུང་སྐབས་དེ་དང་བསྡུར་ན་སྔ་མ་དེ་ཐབས་ཆག་ཆགས་ཟིན་པས་དེས་འདོད་པ་མ་ཁེངས་ནས་བརྗེ་པོ་བརྒྱབ་དགོས་ཡོང་གི་ཡོད། གང་ལྟར་འཁོར་བའི་ཕུན་ཚོགས་ཀྱིས་མིའི་མངོན་འདོད་ཁེངས་མི་ཐུབ་པ་དེ་ཧ་ཅང་གསལ་པོ་རེད། མངོན་འདོད་ཁེངས་མི་ཐུབ་པ་དེ་མིའི་ཞན་ཆ་ཞིག་རེད། དེ་ལྟ་བུའི་མིའི་ཞན་ཆ་དེ་ཚོང་པ་ཚོས་བེད་སྤྱོད་བཏང་སྟེ་རང་གི་ཚོང་དོན་ཡར་རྒྱས་གཏོང་གི་ཡོད། དེ་ཡང་མིའི་འདོད་རྔམས་དང་། མིའི་བསམ་བློའི་ནང་འདོད་པ་མི་ཁེངས་པ་ཡོང་བའི་ཉོན་མོངས་པའི་བློ་དེ་བེད་སྤྱོད་བཏང་ནས་ཅ་ལག་གསར་པ་དེ་བཙོང་གི་ཡོད། གང་ལྟར་མི་ཚེའི་རིང་ཅ་ལག་ཉོས་ཉོས་པ་བསྡད་དགོས་པ་ཞིག་བཟོ་གི་ཡོད། དེ་ལ་ཁྲོམ་རྭའི་རིང་ལུགས་དང་བག་མེད་ལོངས་སྤྱོད་རིང་ལུགས་ཞེས་བརྗོད་ཀྱི་ཡོད། རིང་ལུགས་དེ་གཉིས་ཀྱི་ནང་འདོད་པ་མ་ཁེངས་པའི་སྡུག་བསྔལ་ལམ་འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་དེ་ཧ་ཅང་ཤུགས་ཆེན་པོ་རེད། མདོར་ན་ཕུང་པོ་ལྔ་པོ་ནི་སྡུག་བསྔལ་གྱི་རང་བཞིན་ནོ་ཞེས་པ་ནི་སྡུག་བསྔལ་བྱེ་བྲག་པ་བདུན་པོ་རྣམས་མཐའ་མར་བསྡོམས་བརྒྱབས་པ་རེད། ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ནི་རྟག་ཏུ་སྡུག་བསྔལ་གྱི་རང་བཞིན་དང་། སྡུག་བསྔལ་སྐྱེ་བའི་སྣོད། སྡུག་བསྔལ་ཉམས་སུ་མྱོང་བའི་རྟེན་རེད། སྡུག་བསྔལ་གྱི་ཚོར་བ་དེ་ཚོར་བའི་ཕུང་པོ་དང་འདུ་ཤེས་ཀྱི་ཕུང་པོས་ཉམས་སུ་མྱོང་བ་དང་། གལ་ཏེ་འདུ་ཤེས་དང་ཚོར་བ་མེད་ན་ཚོར་བ་དྲག་པོ་ཡོང་ཐབས་མེད། དེས་ན་གཟུགས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱི་ཕུང་པོའི་རྟེན་དུ་སྡུག་བསྔལ་བབས་པ་དེ་ཉམས་སུ་མྱོང་བ་རེད། དེ་ལྟ་བུའི་ཕུང་པོ་དེ་ཡོད་པའི་དབང་གིས་སྡུག་བསྔལ་ཡོང་བའི་རྒྱུ་བསགས་པ་དང་ཉམས་སུ་མྱོང་བ་རེད།

སྡུག་བསྔལ་དྲུག་བསམ་པ་ལ་ཐོག་མར་སྡུག་བསྔལ་དྲུག་ནི་ངེས་པ་མེད་པའི་ཉེས་པ་དང་། ངོམ་པ་མེད་པའི་ཉེས་པ། ལུས་ཡང་ཡང་འདོར་བའི་ཉེས་པ། ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ། ཡང་ཡང་མཐོ་དམའ་གྱུར་པའི་ཉེས་པ། གྲོགས་མེད་པའི་ཉེས་པ་བཅས་རེད།

དང་པོ་ངེས་པ་མེད་པའི་ཉེས་པ་ནི་བདེན་བཞི་མི་རྟག་སོགས་བཅུ་དྲུག་ནང་ནས་རྣམ་པ་དང་པོ་མི་རྟག་པ་བསྟན་པའི་དོན་རེད། འཁོར་བའི་ཕུན་ཚོགས་རྣམས་སྐད་ཅིག་ལ་འཇིག་པ་དང་འགྱུར་བར་བརྟེན་གཏན་དུ་གནས་པའི་ངེས་པ་མེད། དེ་བཞིན་ལམ་རིམ་ཆེན་མོའི་ནང་ངེས་པ་མེད་པའི་ཉེས་པ་གཞན་ལ་ཡིད་བརྟན་མེད་པ་བཞིའམ་ལྔ་གསུངས་ཡོད། དཔེར་ན། དཔལ་འབྱོར་ལོངས་སྤྱོད་ལྟ་བུ་ཡིན་ན་དེ་ལ་ཡིད་བརྟན་མེད་ཅིང་། དེ་རིང་ཧ་ཅང་ཕྱུག་པོ་ཞིག་སང་ཉིན་ཧ་ལོག་ན་སྤྲང་པོ་ཆགས་ཉེན་ཡོད། ཕྱུག་པོ་རྣམས་རྟག་ཏུ་ཕྱུག་པོར་གནས་པའི་ངེས་པ་མེད། དེ་བཞིན་གོ་གནས་མཐོ་པོ་དབང་ཐང་ཅན་རྣམས་དེ་མུར་གནས་པའི་ངེས་པ་མེད་ཅིང་། བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི།། ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་།། འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང་།། འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར།། ཞེས་གསུངས་པ་བཞིན་བརྒྱ་བྱིན་འཇིག་རྟེན་གྱི་མཆོད་པའི་འོས་སུ་གྱུར་ནའང་དེ་ནས་ཤི་འཕོས་ན་འཁོར་བའི་ནང་གཡོག་པོའི་གཡོག་པོ་ཆགས་པའི་གོ་སྐབས་ཀྱང་ཡོད། དེང་སང་ངེས་པ་མེད་པའི་ཉེས་པ་མང་པོ་མཐོང་དུ་ཡོད་ཅིང་། ང་ཚོའི་མངོན་སུམ་མཐོང་ཆོས་སུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབང་དང་སྟོབས་ཤུགས་ཆེན་པོ་ཡོད་པ་རྣམས་ཀྱང་ཉིན་ཤས་རྗེས་ཉེན་རྟོག་སྐོར་སྲུང་བས་འཛིན་བཟུང་གིས་བཙོན་ཁང་དུ་འགྲོ་བ་དང་། སླར་ཡང་ཉིན་ཤས་རྗེས་ཕྱི་ལ་ཐོན་ནས་ཆབ་སྲིད་བྱེད་པ་དང་། ཁ་མཆུ་ཕམ་པ་བྱུང་ཚེ་ཡང་བསྐྱར་བཙོན་ཁང་དུ་འཛུལ་བ་སོགས་ཡོང་དང་ཡོང་མུས་རེད། དཔེར་ན་ང་ཚོའི་མི་ཚེའི་ནང་ཆ་བཞག་ནའང་ཕྱི་ལོ་ ༡༩༥༩ ལོའི་སྔོན་གྱི་འཚོ་བའི་གནས་སྟངས་དང་། སྐྱབས་བཅོལ་ཡོང་སྐབས་ཇི་ལྟར་བྱུང་བ། དེང་སང་ཇི་ལྟར་ཡོད་པ། རྗེས་སུ་ཇི་ལྟར་ཆགས་པ་སོགས་ངེས་པ་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། དེ་བཞིན་དགྲ་དང་གྲོགས་ལའང་ངེས་པ་མེད་ཅིང་། ད་ལྟའི་དགྲ་བོ་རྗེས་སུ་གྲོགས་སུ་གྱུར་པ་དང་། ད་ལྟའི་འབྲལ་དུ་མི་ཕོད་པའི་གྲོགས་པོ་རྣམས་ཚིག་མཐོ་དམན་ཙམ་ལ་བརྟེན་ནས་དགྲ་བོར་གྱུར་པ། ད་ལྟའི་རང་གི་ཕ་མ་སྤུན་མཆེད་རྣམས་ཀྱང་སྐྱེ་བ་ཕྱི་མར་རང་གི་དགྲ་བོར་གྱུར་པ་སོགས་རེད། འཕགས་པ་ཀཏྱཱཡནས། ཕ་ཤ་ཟ་ཞིང་མ་ལ་རྡེག།།གསོད་པའི་དགྲ་བོ་པང་ན་བཟུང་།། ཆུང་མས་ཁྱོ་ཡི་རུས་པ་འཆའ།། འཁོར་བའི་ཆོས་ལ་གད་མོ་བྲོ།། ཞེས་སྔོན་འཕགས་པ་ཀཏྱཱཡན་བསོད་སྙོམས་ལ་ཕེབས་པས་ཁྱིམ་བདག་ཅིག་གིས་བུ་ཞིག་པང་ན་བཟུང་བ་དང་། ཉ་ཤ་ཞིག་ཞིམ་ཞིམ་ལྟར་ཟ། ཁྱི་མོ་ཞིག་རུས་པ་འཆའ་བ་ལ་རྡོ་རྡེག་པར། འཕགས་པས་མངོན་ཤེས་ཀྱིས་གཟིགས་པས། ཉ་དེ་ད་རེས་ཀྱི་ཕ་དང་། ཁྱི་མོ་དེ་མའི་སྐྱེ་བ། ཚེ་སྔོན་རང་གསོད་པའི་དགྲ་དེ་བུར་སྐྱེས་པ་ཡིན་པར་གཟིགས་ཏེ་གོང་གི་ཚིགས་བཅད་དེ་གསུངས་པ་རེད། དེས་ན་འཁོར་བའི་གནས་སུ་བདེ་སྡུག་ལེགས་ཉེས་རྣམས་ལ་ངེས་པ་མེད་ཅིང་། རྟག་ཏུ་འགྱུར་བའི་རང་བཞིན་རེད། དེ་ནི་རང་གི་བསམ་བློའི་འཁྱེར་ཚུལ་དང་། རང་གི་ལས་ཀྱི་གནས་བབ། གྲོགས་དང་འགྲོགས་པ། དབང་ཐང་དང་དཔལ་འབྱོར་སོགས་ཕྱོགས་མང་པོར་སྦྱར་ཆོག  གང་ལྟར་འཁོར་བའི་ཕུན་ཚོགས་ཡིན་ཕྱིན་རྟག་པ་བརྟན་པ་མེད་པ་དང་། ངེས་པ་མེད་པ་རེད། དཔེར་ན་ཚེའི་ཚད་ལྟ་བུ་སྦྱར་ནའང་ནམ་འཆི་ལ་ངེས་པ་མེད་པ་ཡིན་ཞིང་། དེ་ནི་ངེས་པ་མེད་པའི་ཉེས་པའི་ནང་བགྲང་ནའང་མི་འགྲིགས་པ་མེད།

གཉིས་པ་ངོམ་པ་མེད་པའི་ཉེས་པ་ནི་འཁོར་བའི་ཕུན་ཚོགས་ལ་ཇི་ཙམ་ལོངས་སྤྱད་པ་དེ་ཙམ་འདོད་སྲེད་གོང་འཕེལ་དུ་འགྲོ་བ་མ་གཏོགས། ཚིམས་པའི་སྣང་བ་ཞིག་ནམ་ཡང་ཡོང་རྒྱུ་མེད། གལ་ཏེ་དེ་ནི་བདེ་བའི་རང་བཞིན་ཡིན་ན་ལོངས་སྤྱད་པའི་རྗེས་སུ་ངོམ་ཞིང་ཚིམས་པ་ཞིག་ཡོང་དགོས། དཔེར་ན་སྐོམ་པའི་སྐབས་སུ་ཆུ་འཐུང་རྒྱུ་ནི་དངོས་ཡོད་ཀྱི་དགོས་མཁོ་ཞིག་རེད། དེས་ན་ཆུའི་ཚད་དེ་བཏུངས་ན་སྐོམ་པ་དེ་བསལ་ནས་ཚིམས་པའི་འདུ་ཤེས་སྐྱེ་བ་རེད། དེ་ནས་གནས་སྐབས་ཤིག་ལ་ཆུ་བཏུང་དགོས་མེད། ཡིན་ནའང་འཁོར་བའི་ཕུན་ཚོགས་ལ་ཇི་ཙམ་ལོངས་སྤྱད་ནའང་ངོམ་པ་མི་ཡོང་ཞིང་། དེ་ནི་ད་ལྟའི་གནས་སྐབས་སུ་བག་མེད་ལོངས་སྤྱོད་ཀྱི་དངོས་ཡོད་གནས་སྟངས་དེ་རེད། དེས་ན་ངོམ་པ་མེད་པའི་ཉེས་པ་ནི་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་ཧ་ཅང་དངོས་གསལ་དོད་པོ་རེད། དེ་ཡང་སྒོར་འབུམ་གཅིག་ཡོད་ན་འབུམ་བརྒྱ་དང་། འབུམ་བརྒྱ་བྱུང་ན་འབུམ་སྟོང་བྱུང་ན་བསམ་པའི་འདོད་རྔམས་ལ་མཐའ་ཐུག་པ་མེད།

གསུམ་པ་ལུས་ཡང་ཡང་འདོར་བའི་ཉེས་པ་ནི་ལུས་བཟང་ངན་གང་བླངས་ཀྱང་ཚེ་རིང་ཐུང་ཙམ་ལ་མ་ལྟོས་པར་མཐའ་མ་འདོར་དགོས་པ་དང་། གང་ལྟར་ལུས་རྟེན་གཅིག་ལ་བསྡད་ཐབས་མེད་ཅིང། ཡང་ཡང་ན་བ་དང་། རྒ་བ། འཆི་བ་བཅས་ཀྱི་སྡུག་བསྔལ་མྱངས་ཏེ་ལུས་འདོར་དགོས།

བཞི་པ་ཡང་ཡང་ཉིང་མཚམས་སྦྱར་བའི་ཉེས་པ་ནི་ལུས་ཡང་ཡང་འདོར་བ་མ་ཟད། ལུས་དོར་བའི་རྗེས་སུ་སྐྱེ་བ་མ་བླངས་པར་ལྷག་ཐབས་མེད། ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་ནས་སྐྱེ་བ་གསར་པ་ལ་ཉིང་མཚམས་སྦྱར་དགོས། སྤྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་ཞིབ་ཚགས་པོས་མྱོང་བ་ཐོན་ན་ལུས་ཡང་ཡང་འདོར་བ་དང་ཡང་ཡང་ཉིང་མཚམས་སྦྱར་བའི་ཉེས་པ་དེ་བློ་ལ་ཁུལ་པོ་ཡོང་།

ལྔ་པ་ཡང་ཡང་མཐོ་དམན་དུ་གྱུར་པའི་ཉེས་པ་ནི་སྟོབས་གོ་ས་དང་། གཏམ་སྙན་གྲགས། དཔལ་འབྱོར་གྱི་མངའ་ཐང་སོགས་སྐབས་རེ་མཐོ་པོ་དང་སྐབས་རེ་དམའ་པོ་ཆགས་ཤིང་། གོང་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དཔེར་ཞུས་པ་བཞིན་སྐབས་རེ་ཧ་ཅང་མཐོ་པོ་དང་། སྐབས་རེ་ཧ་ཅང་དམའ་པོར་ལྷུང་བ་རེད། ཡང་ཡང་མཐོ་དམན་དུ་གྱུར་པའི་ཉེས་པ་ལ་ཞིབ་ཚགས་པོས་གཟིགས་ན་འཁོར་བ་ནས་མ་ཐར་བའི་མིའི་བསམ་བློའི་ནང་གི་སྡུག་བསྔལ་ཆེ་ཤོས་ཤིག་རེད། གོ་གནས་དང་དཔལ་འབྱོར་སོགས་ཀྱི་གནས་བབ་མཐོ་པོར་སླེབས་ན་བསམ་བློའི་ནང་དེ་ནས་ག་དུས་ཉམས་ཡོང་བསམ་པའི་དྭོགས་པ་དང་འཇིགས་སྣང་དེ་རྒྱུན་དུ་ཡོད་མུས་རེད། དེ་ནས་ཉམས་པ་ཡིན་ན་ཉམས་པའི་སྡུག་བསྔལ་དེ་བསྣན་པ་རེད། སླར་ཡང་མཐོ་བའི་དཔལ་དེ་འཐོབ་པའི་འདོད་རྔམས་དེ་སྔར་ལས་ཤུགས་ཆེ་རུ་འགྲོ་བ་དང་། འགྱེལ་ས་ནས་ལངས་དགོས་སྙམ་པའི་བསམ་བློ་མུ་མཐུད་ཡོང་རྒྱུ་རེད། དེ་ནི་སེམས་དང་ལུས་གཉིས་ཀའི་སྡུག་བསྔལ་རེད།

དྲུག་པ་གྲོགས་མེད་པའི་ཉེས་པ་ནི་སྤྱིེར་འཇིག་རྟེན་གྱི་སྐྱེ་འགྲོ་མང་ཆེ་བ་དང་། ལྷག་པར་དུ་མིའི་སྐྱེ་འགྲོ་དེ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན་ཙང་གྲོགས་དང་མ་འགྲོགས་པར་རང་ཉིད་གཅིག་པུ་བསྡད་པའི་ནུས་པ་མེད། སྤྱིར་དུད་འགྲོའི་སྐྱེ་གནས་མང་ཆེ་བ། དཔེར་ན། འབུ་གྲོག་མ་དང་སྦྲང་བུ་རྣམས་ཚོགས་ལ་བརྟེན་པ་རེད། ཡིན་ནའང་རི་དྭགས་བསེ་རུ་ལྟ་བུ་རེ་གཉིས་ཚོགས་ལ་མ་བརྟེན་པའང་ཡོད། མིའི་འགྲོ་བ་ཚོགས་ལ་བརྟེན་པ་ཡིན་ཙང་གྲོགས་མེད་པ་ནི་སྡུག་བསྔལ་གྱི་རང་བཞིན་རེད། ཡིན་ནའང་སྤྱོད་འཇུག་ལས། སྐྱེ་ན་གཅིག་པུ་སྐྱེ་འགྱུར་ཞིང་།། འཆི་ནའང་དེ་ཉིད་གཅིག་འཆི་སྟེ།། སྡུག་བསྔལ་སྐལ་གཞན་མི་ལེན་ན།། གེགས་བྱེད་མཛའ་བས་ཅི་ཞིག་བྱ།། ཞེས་གསུངས་པ་བཞིན་གྲོགས་ཡོད་ནའང་ཕན་ཐོགས་མེད་ལ། གནད་འགག་ཆེ་སར་གྲོགས་མེད་པ་རང་རེད་མ་གཏོགས། དེ་ལ་གྲོགས་ཀྱིས་ཅིའང་བྱེད་རྒྱུ་མེད། སྐྱེ་བ་ལེན་པའི་སྐབས་སུ་གཅིག་པུ་སྐྱེ་བ་བླང་རྒྱུ་དང་། ཤི་བའི་སྐབས་སུའང་གཅིག་པུ་འཆི་རྒྱུ་རེད་མ་གཏོགས། གཞན་གྱིས་རོགས་བྱེད་ཐབས་གང་ཡང་མེད། དེ་བཞིན་ན་བའི་སྐབས་སུའང་གཅིག་པུ་ན་བ་མ་གཏོགས། གཞན་གྱིས་ན་ཚ་བླང་རྒྱུ་གང་ཡང་མེད། དེས་ན་གོ་སྐབས་ངན་པ་ནམ་བྱུང་ལ་གྲོགས་མེད་པར་གཅིག་པུ་མ་གཏོགས། གྲོགས་དང་ལྷན་ཅིག་ཏུ་འགྲོ་རྒྱུ་མེད་པ་དེ་འཁོར་བའི་རང་བཞིན་རེད། དེ་ལྟ་བུའི་ཉེས་པ་དྲུག་བསམ་ན་འཁོར་བ་ལ་ཡིད་འབྱུང་སྐྱེ་ཐུབ།

སྡུག་བསྔལ་གསུམ་བསམ་པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་རེད། སྤྱིར་དེ་གསུམ་གོང་དུ་ཞུས་ཟིན་པ་ཡིན། དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་ནི་ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་ཡོངས་སུ་རྫོགས་པ་རེད། དཔེར་ན་ལུས་ཀྱི་རྨ་ལ་བརྟེན་ནས་ན་ཚ་བྱུང་བ་ལྟ་བུ་རེད། དེ་ལྟ་བུའི་རྨ་ལ་སྨན་བྱུགས་ཏེ་ཕྲན་བུ་སྡུག་བསྔལ་ཆུང་དུ་ཕྱིན་ནས་བདེ་བའི་ངོ་བོར་བསམ་པ་ལྟ་བུ་ནི་འགྱུར་བའི་སྡུག་བསྔལ་རེད། དེང་སང་ཟུག་བཅག་གི་སྨན་ལྟ་བུས་ཟུག་མི་བཅག་ཀྱང་ཟུག་ཚོར་བའི་དབང་རྩ་དེ་བཀག་པར་བརྟེན། ཟུག་གཟེར་ཆུང་དུ་མ་སོང་ཡང་ཚོར་བ་དང་འདུ་ཤེས་ཀྱིས་ངོས་ལེན་མ་བྱས་པ་ཡིན་ཙང་། བདེ་བ་ལྟ་བུ་ཚོར་བ་རེད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ཇི་སྲིད་ལས་ཉོན་མ་ཟད་བར་མཉམ་དུ་འགྲོ་བའི་སྡུག་བསྔལ་གྱི་ཕུང་པོ་དེ་རེད། སྡུག་བསྔལ་དེ་ཚོ་ཡང་ཡང་བསམ་ན་འཁོར་བ་ལ་ཡིད་འབྱུང་སྐྱེ་ཐུབ། དེ་ཡན་གྱིས་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དེ་གྲུབ་པའི་ཁུལ་ཡིན།

འཁོར་བ་བྱེ་བྲག་གི་སྡུག་བསྔལ་བསམ་པ་ནི་འགྲོ་བ་རིགས་དྲུག་ཏུ་ཕྱེ་ནས་ངན་སོང་གསུམ་གྱི་སྡུག་བསྔལ་ནི་སྤྱིར་སྐྱེས་བུ་ཆུང་ངུའི་སྐབས་སུ་ཕྲན་བུ་ཞུས་ཟིན། བདེ་འགྲོ་གསུམ་ནི་ལྷ་དང་། མི། ལྷ་མ་ཡིན་བཅས་ལ་སོ་སོའི་སྡུག་བསྔལ་ཡོད་ཅིང་། དཔེར་ན་མི་ལྟ་བུར་མཚོན་ན། གོང་དུ་ཞུས་པ་བཞིན་སྐྱེ་རྒ་ན་འཆི་དང་། མི་སྡུག་པ་དང་ཕྲད་པ་དང་སྡུག་པ་དང་བྲལ་བའི་སྡུག་བསྔལ་སོགས་སྦྱར་ཆོག  ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཡོད་ཅིང་། དེ་ནི་ལྷ་རྣམས་འཆི་འཕོ་བའི་སྐབས་སུ་དམིགས་བསལ་གྱི་སྡུག་བསྔལ་ཞིག་རེད། ལྷ་མ་ཡིན་ནི་རྟག་ཏུ་ལྷ་དང་འཐབ་རྩོད་ཀྱི་སྡུག་བསྔལ་སོགས་ཡོད། གང་ལྟར་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་མེད་པའི་གནས་མེད། འོན་ཀྱང་གཟུགས་མེད་དང་བསམ་གཏན་སོགས་སུ་དངོས་སུ་ཚོར་བ་སྡུག་བསྔལ་གྱི་སྡུག་བསྔལ་མེད། གང་ལྟར་ཇི་ཙམ་སྐྱེས་གནས་དེ་ལ་གནས་པའི་རིང་ཏིང་ངེ་འཛིན་ལ་འབྱམས་ནས་བརྒྱལ་བ་ལྟ་བུ་འདུ་ཤེས་མེད་པ་ཙམ་རེད་མ་གཏོགས། བདེ་བའི་ངོ་བོ་མེད་ལ། དེ་ལ་བརྟེན་པའི་ཕན་ཐོགས་ཀྱང་མེད། ཉིན་ཞིག་ཉམས་པའི་སྐབས་སུ་སྡུག་བསྔལ་ཡོང་ངེས། དེ་ལྟར་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ཡང་ཡང་བསམ་ན་རིམ་གྱིས་ཁ་སང་ཞུས་པ་བཞིན་ཡུལ་གང་ལ་འཇུག་ཀྱང་སྡུག་བསྔལ་སྐྱེ་བའི་ཡུལ། གནས་གང་དུ་གནས་ཀྱང་སྡུག་བསྔལ་སྐྱེ་བའི་གནས། ལོངས་སྤྱོད་གང་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་སྐྱེ་བའི་ལོངས་སྤྱོད། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་སྐྱེ་བའི་གྲོགས་ཡིན་པ་མ་ཟད། འཁོར་བའི་ཕུན་ཚོགས་བཟང་ངན་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་མ་གཏོགས། བདེ་བའི་རང་བཞིན་གཏན་ནས་མེད་པ་མཐོང་ན་འཁོར་བ་དེ་ལས་འབྲལ་འདོད་ཀྱི་བློ་ཤུགས་དྲག་སྐྱེ་རྒྱུ་རེད།

འཁོར་བའི་སྡུག་བསྔལ་རྣམས་ཞིབ་ཚགས་མ་ཤེས་པ་དང་། ཤེས་ནའང་བསམ་བློ་བཏང་ནས་རང་གི་མྱོང་ཐོག་ལ་མ་བསྐོར་བ་ཡིན་ན་རྟག་ཏུ་འཁོར་བ་ལ་བདེ་བའི་འདུ་ཤེས་སམ་སྡུག་བསྔལ་མེད་པའི་འདུ་ཤེས་བྱུང་ཞིང་། དེས་ན་འཁོར་བ་ལས་གྲོལ་ནས་ཐར་པ་ཐོབ་པའི་འདུན་པ་བཅོས་མ་མ་ཡིན་པ་ཡོང་དཀའ། གལ་ཏེ་འཁོར་བའི་ཕུན་ཚོགས་མཐོང་བ་ན་འདི་ལ་སྙིང་པོ་མེད་པ་དང་། འདི་ལ་ངེས་པ་མེད་པ། འདི་ལ་ངོམ་པ་མེད་པ་སོགས་ཀྱི་བློ་ངམ་ངམ་ཤུགས་ཀྱིས་སྐྱེ་ཐུབ་པ་བྱུང་ན་འཁོར་བ་ལས་ཐར་བའི་ཐར་པ་སྒྲུབ་པའི་རེ་བ་དང་། དེ་འདྲ་བའི་བློ་དེ་ངེས་འབྱུང་གི་བསམ་པའི་གྲས་སུ་ཚུད་པ་རེད། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པའི་རྒྱུད་སྦྱང་བྱ་གཙོ་བོའང་དེ་རེད། འོན་ཀྱང་བཅོས་མ་མ་ཡིན་པའི་ངེས་འབྱུང་ཞེས་པ་དེ་ལས་སླ་པོས་སྐྱེ་དཀའ་ནའང། འཁོར་བའི་སྡུག་བསྔལ་རྣམས་ལ་དཔྱད་སྒོམ་གྱིས་ཡང་ཡང་བསམས་པའི་རྗེས་སུ་སྡུག་བསྔལ་ལ་མི་འདོད་པའི་བློ་བཅོས་མ་ཚུན་ཆད་སྐྱེས་ནའང་གནས་སྐབས་རིང་དེས་གོ་ཆོད་པ་བྱས་ནས་དེ་ལ་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་རེད། ང་ཚོ་ལས་དང་པོ་བ་ལ་ཐོག་མ་བློ་སྦྱོང་བའི་སྐབས་སུ་བཅོས་མ་མ་ཡིན་པའི་བློ་དེ་དང་པོ་ཉིད་ནས་སྐྱེ་རྒྱུ་ཡོད་པ་ཞིག་མིན། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་རྣམས་བཅོས་མ་ཚུན་ཆད་ཀྱིས་གསལ་བཏབ་དགོས་པ་དེ་མ་འོངས་པར་བཅོས་མ་མ་ཡིན་པ་སྒྲུབ་པའི་བག་ཆགས་དང་རྒྱུ་བྱེེད་ཀྱི་རེད། དེས་ན་བཅོས་མ་ཙམ་ལའང་སྣང་མེད་དུ་མ་སོང་བ་བྱེད་དགོས། ལྷག་པར་དུ་སྔགས་ཀྱི་རིམ་གཉིས་སྒོམ་མཁན་ཡིན་ན་མོས་པ་ཡིད་བྱེད་དང་བཅོས་མ་ནས་མགོ་བཙུག་རྒྱུ་རེད་མ་གཏོགས། དངོས་སུ་བཅོས་མ་མ་ཡིན་པའི་བློ་སྐྱེ་བ་ལ་རིང་པོ་འགོར་རྒྱུ་རེད། དེས་ན་མོས་པ་ཡིད་བྱེད་ཙམ་གྱིས་ཀྱང་བསྒོམ་རྒྱུ་གལ་ཆེན་པོ་ཡིན་པ་ནི་མ་འོངས་པ་ལ་བློ་དངོས་སུ་སྐྱེ་བའི་བག་ཆགས་འཇོག་པ་དང་། དེས་མཐུན་པའི་རྒྱུ་ལ་འགྲོ་རྒྱུ་ཡིན་པ་རེད། དེ་ལྟར་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་དེ་བློ་ལ་ཁུལ་ངེས་བྱུང་ན་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་དེ་དགོངས་པ་བཞེས་དགོས།

ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ནི་དེ་ལྟ་བུའི་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་འཁོར་བ་འདིའི་ནང་རང་དབང་མེད་པར་ཡང་ཡང་སྐྱེ་ཤིའི་ཐོག་ནས་འཁོར་དགོས་པ་དེ་ཀུན་འབྱུང་བདེན་པའི་དབང་གིས་བྱུང་ཞིང་། ཀུན་འབྱུང་ལ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་བཅས་གཉིས་རེད། ལས་ཀྱི་ཀུན་འབྱུང་གིས་ངན་འགྲོ་དང་བདེ་འགྲོ་འཕེན་བྱེད་ཀྱི་ལས་སྟོབས་ལྡན་དེ་གསོག་ཅིང་། དེ་ལྟ་བུའི་ལས་ཀྱི་ཀུན་འབྱུང་གསོག་འཇུག་མཁན་ནི་ཉོན་མོངས་པའི་བློ་དེ་རེད། དང་པོ་ཉོན་མོངས་སྐྱེ་བའི་རིམ་པ་དང། ཉོན་མོངས་པའི་རྒྱུ། དེས་ལས་གསོག་ཚུལ་རྣམས་ཤེས་ན་ཀུན་འབྱུང་བདེན་པ་ལ་བརྟེན་ནས་འཁོར་བའི་ནང་རང་དབང་མེད་པར་འཁོར་ཚུལ་དེ་ངོས་ཟིན་ཐུབ། དེ་འདྲའི་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ལ་ཐོག་མ་ཉོན་མོངས་ངོས་ཟིན་དགོས་ཤིང་། ཉོན་མོངས་ནི་བློ་མ་རུང་བའམ་རང་བཞིན་དུ་མི་གནས་པའི་བྱེད་ལས་ཅན་གྱི་སེམས་སེམས་བྱུང་ཞིག་རེད། དེ་ལ་རྣམ་གྲངས་ཀྱིས་དབྱེ་ཚུལ་མང་པོ་རེད། དཔེར་ན་ལམ་རིམ་ཆེན་པོའི་ནང་མངོན་པ་གོང་མའི་ལུགས་སུ་ལྟ་བ་ལྔ་དང་ལྟ་མིན་ལྔ་བཅས་ཉོན་མོངས་བཅུའི་རྣམ་གཞག་གསུངས་པ་རེད། མངོན་པ་འོག་མའི་ལུགས་སུ་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུའི་རྣམ་གཞག་ཕྱེ་བ་རེད། མགོན་པོ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བའི་ནང་ཉོན་མོངས་དྲུག་ཅུ་རྩ་བཞིར་དབྱེ་བ་རེད། འཕགས་པ་གནས་བརྟན་སྡེ་པའི་མངོན་པའི་ནང་ཉོན་མོངས་ཀྱི་རྣམ་གཞག་དེ་ང་ཚོ་ལས་མང་བ་རེད། ད་ལྟ་དུས་ཚོད་སོགས་ཀྱི་ཆ་ནས་ཉོན་མོངས་ཀྱི་དབྱེ་བ་རྣམས་ཞིབ་ཚགས་ཞུ་ཐུབ་པ་མི་འདུག  ལར་ནས་འདིར་དཔེ་ཆ་བ་ཤ་སྟག་ཡིན་ཙང་ཞུ་དགོས་པའང་མི་འདུག  གང་ལྟར་ཉོན་མོངས་ཐམས་ཅད་ཀྱི་རྣམ་གྲངས་ཀྱི་དབྱེ་བ་རྣམས་བསྡུས་ན་འདོད་སྡང་རྨོངས་གསུམ་རེད། དེ་ལ་མི་དགེ་བའི་རྩ་བ་གསུམ་མམ་དུག་གསུམ་ཞེས་ཀྱང་ཟེར། དེ་གསུམ་ཡག་པོ་ངོས་ཟིན་ན་དེའི་ཐོག་ནས་ཀུན་འབྱུང་འཁོར་བའི་འཇུག་རིམ་དེ་རགས་པ་ཙམ་ཤེས་ཐུབ། འདོད་ཆགས་དང་ཞེ་སྡང་གཉིས་ནི་ཚུལ་བཞིན་མ་ཡིན་པའི་བློའམ་ཉོན་མོངས་ངོ་མ་དེ་རེད། འདོད་སྡང་གཉིས་ནི་མ་རིག་པའམ་འཇིག་ལྟ་ལས་བྱུང་ཞིང་། གྲུབ་མཐའ་སྨྲ་བ་སོ་སོའི་དབང་གིས་མ་རིག་པ་དང་འཇིག་ལྟ་གཉིས་གཅིག་ཏུ་བཞེད་པ་དང་། དེ་གཉིས་ཐ་དད་དུ་བཞེད་པའང་ཡོད། གང་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་དང་པོ་མ་རིག་པ་ནི་དེ་ཁོ་ན་ཉིད་ལ་རྨོངས་པའི་རྨོངས་པ་ཞིག་རེད། དེ་ཁོ་ན་ཉིད་ལ་རྨོངས་པའི་རྨོངས་པ་ཞེ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་གང་ཡིན་པ་མ་ཤེས་པའི་བློ་ཞིག་ལ་ཟེར། ཕུང་པོའི་སྟེང་དུ་བདག་གི་འདུ་ཤེས་འཛིན་ན་འཇིག་ལྟ་ཞེས་བརྗོད་ཅིང་། གང་ལྟར་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་བཅས་གཉིས་སུ་ཕྱེ་རུང་། གཙོ་བོ་དེ་ཁོ་ཉིད་ལ་རྨོངས་པའི་མ་རིག་པ་ལ་བརྗོད། དཔེར་ན་ང་ཞེས་པ་དེ་མིང་རྐྱང་བཏགས་ཡོད་ཙམ་གྱི་ངོ་བོར་ཡོད་པ་མིན་པར། རང་གི་ངོས་ནས་སམ་རང་གི་མཚན་ཉིད་ཀྱིས་རང་ཚུགས་སུ་གྲུབ་པ་དེ་བསམ་བློའི་ནང་ལྷན་སྐྱེས་ཀྱི་འཛིན་སྟངས་ཤུགས་ཆེན་པོ་ཞིག་ཡོད་པ་དེ་ནི་འདོད་སྡང་རྨོངས་པ་སོགས་མི་འདོད་པ་ཐམས་ཅད་ཀྱི་རྐྱེན་རེད། དེས་ན་མ་རིག་པའི་འཛིན་སྟངས་དེ་ངོ་ཤེས་དགོས་པ་གལ་ཆེན་པོ་རེད། དེ་ལ་ལྟ་བ་སྒོམ་པའི་སྐབས་སུ་དགག་བྱ་ངོས་འཛིན་ཞེས་བརྗོད། ད་ལྟ་འདིར་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པའི་སྐབས་སུའང་འཁོར་བའི་རྒྱུའི་རྩ་བ་མ་རིག་པ་དེའི་བྱེད་སྟངས་གང་ཡིན་པ་དེ་ཤེས་དགོས་པ་དང་། དེ་ལྟ་བུའི་མ་རིག་པ་དེ་བློ་དོན་མཐུན་མིན་པ་དང་། དངོས་པོའི་གནས་ལུགས་མེད་པ་ལ་ཡོད་པར་འཛིན་པའི་སྒྲོ་འདོགས་ཅན་གྱི་བློ་ཞིག་ཡིན་ཙང་བློ་དེའི་ཞེན་ཡུལ་སུན་ཕྱུང་བའི་གཉེན་པོ་ཡོད་ཅིང་། དེ་ནི་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས་པའི་ཤེས་རབ་དེ་བློ་དེ་དང་འཛིན་སྟངས་དངོས་སུ་འགལ་བ་ཡིན་པས་དེས་ས་བོན་དང་བཅས་པ་འཇོམས་ཐུབ་པ་དེ་ཤེས་ཐུབ། དཔེར་ན་ཐོ་ཡོར་ལ་མུན་པ་བབས་པའི་དབང་གིས་མི་གཅིག་འདུག་བསམ་པའི་འཛིན་པ་དེ་ཉི་མ་ཤར་ནས་སྣང་བ་ཕྱེ་དུས་མི་མིན་པར་ཐོ་ཡོར་ཡིན་པ་ཤེས་ཐུབ། དེ་བཞིན་ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་དབང་གིས་འཇིགས་སྐྲག་སྐྱེས་པ་དེ་གློག་སྤར་སྐབས་སྦྲུལ་མིན་པར་ཐག་ཁྲ་ཡིན་པ་མཐོང་དུས་ཐག་ཁྲ་ལ་སྦྲུལ་འཛིན་གྱི་བློ་དེ་རྩ་མེད་དུ་འགྲོ་ཐུབ། དེ་ལྟ་བུའི་ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་བློ་དེ་ཤེས་པ་དོན་མཐུན་མིན་པ་དང་དངོས་ཡོད་ཀྱི་གནས་ཚུལ་ལ་བརྟེན་པ་མིན་པ་ཡིན་ཙང་བསལ་ཐུབ། དེ་བཞིན་མ་རིག་པའང་བདག་མེད་རྟོགས་པའི་ཤེས་རབ་དེ་དང་འཛིན་སྟངས་དངོས་སུ་འགལ་བ་ཡིན་ཙང་བསལ་ཐུབ། དེ་བསལ་བ་ན་དེས་སྐྱེས་པའི་ཉོན་མོངས་པ་རྣམས་མེད་པར་གྱུར། དེར་བརྟེན་འཁོར་བའི་རྩ་བ་ལྡོག་ཏུ་རུང་བ་དེ་གཞི་ནས་ཤེས་ཐུབ།

དེ་རིང་སྐྱེས་བུ་འབྲིང་གི་སྐོར་ཟིན་དགོས་པར་བརྟེན་མདོར་བསྡུས་ནས་ཞུ་རྒྱུ་ཡིན། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པའི་ནང་ཉོན་མོངས་པས་ལས་གསོག་ཚུལ་དང་། ལས་ཀྱིས་ཉིང་མཚམས་སྦྱོར་ཚུལ། དེ་ལ་བརྟེན་ནས་འཆི་འཕོ་ཚུལ། སླར་ཡང་སྐྱེ་བ་ལེན་ཚུལ་བཅས་ཀྱི་དགོངས་པ་བཞེས་ཚུལ་དང་། དེའི་ཐོག་ཏུ་ཞིབ་ཚགས་པོ་བྱས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དགོངས་པ་བཞེས་ཚུལ་དེ་རེད། དེ་ནི་མ་རིག་པས་ཀུན་ནས་བསླངས་ཏེ་རྒ་ཤིའི་བར་གྱི་ཡན་ལག་བཅུ་གཉིས་ཅན་གྱི་རྟེན་འབྲེལ་གྱི་རིམ་པ་དེ་ཇི་ལྟར་སྐོར་བ་འཁོར་བ་དང་། དེ་ལ་འཕེན་བྱེད་ཀྱི་ཡན་ལག་དང་འཕངས་པའི་ཡན་ལག་ཇི་ཡོད། དེ་ལ་སྒྲུབ་བྱེད་ཀྱི་ཡན་ལག་དང་གྲུབ་པའི་ཡན་ལག་ཇི་ཡོད། ཚེ་ཇི་ཙམ་ལ་རྫོགས་པ་སོགས་ལ་དགོངས་པ་བཞེས་ན་མཐའ་མེད་པ་དང་། འཁོར་བའི་སྐྱེ་བ་ལ་གཉེན་པོའི་སྒོ་ནས་མཚམས་མ་བཅད་ན་རང་བཞིན་གྱིས་མཚམས་ཆོད་ཐབས་མེད་པ་དེ་གསལ་པོ་ཤེས་ཐུབ། ལྷག་པར་དུ་མ་རིག་པས་ཀུན་ནས་བསླངས་ཏེ་འདུ་བྱེད་ཀྱི་ལས་བསགས་པའི་བག་ཆགས་དེ་གཞི་དུས་ཀྱི་རྣམ་ཤེས་སྟེང་དུ་བཞག  དེ་ལ་སྲེེད་ལེན་སྲིད་པས་གསོས་བཏབ་པ་སོགས་རིམ་པས་གཅིག་རྗེས་གཉིས་མཐུད་དུ་རང་དབང་མེད་པར་ཡོང་བ་རེད། དེ་དག་ཁུག་པ་རྐྱང་པར་འགྲོ་ན་དེ་ཙམ་གྱིས་འཇིགས་སྣང་མེད་རུང་། དེ་ནི་ཁུག་པ་རྐྱང་པར་མི་འགྲོ་བར་འདུ་བྱེད་ཀྱི་ལས་གཅིག་གིས་མིའི་སྐྱེ་བར་འཕངས་པ་དེའི་འབྲས་དུས་ཀྱི་རྟེན་འབྲེལ་ཁུག་པ་གཅིག་གི་ནང་ལོ་ཇི་ཙམ་བསྡད་པའི་རིང་རྒྱུ་དུས་ཀྱི་རྟེན་འབྲེལ་མང་པོ་ནུས་ལྡན་དུ་བསགས་པ་རེད། དེས་ན་འབྲས་བུ་སྨིན་པའི་གོ་སྐབས་གཅིག་གི་ནང་རྒྱུ་སྟོབས་ལྡན་འབུམ་ཕྲག་མང་པོ་བསགས་པའི་སྐབས་སུ་གཉེན་པོས་མ་ལྡོག་ན་རང་བཞིན་གྱིས་འཁོར་བའི་མཇུག་མཐའ་ཁྱོན་ནས་མེད་པ་ཞིག་དེའི་ཐོག་ནས་གསལ་པོ་རེད། གང་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཁོར་ཚུལ་དེ་འབྲས་དུས་ཀྱི་རྟེན་འབྲེལ་གཅིག་གི་སྐབས་སུ་རྒྱུ་དུས་ཀྱི་རྟེན་འབྲེལ་འབུམ་ཕྲག་མང་པོ་བསྐྱར་དུ་གསོག་པར་བརྟེན་དེ་ལ་མཐའ་རྫོགས་རྒྱུ་ཞིག་མེད། དེའི་ཐོག་ནས་འཁོར་བ་ལ་མཐའ་མེད་པ་དེ་མཐོང་ཐུབ། དེ་ལ་ཇི་སྲིད་ཐོག་མའི་མ་རིག་པ་དེ་ལ་དངོས་གཉེན་མ་བསྟེན་པ་དེ་སྲིད་རྒ་ཤིའི་བར་འགྲོ་རྒྱུ་ཡིན་པ་དང་། དེ་ལ་སྐེད་པ་ནས་གཅད་རྒྱུ་མེད་པར་རང་བཞིན་གྱིས་འཁོར་ལོ་འཁོར་བ་བཞིན་གཅིག་མཇུག་གཉིས་མཐུད་དུ་འགྲོ་རྒྱུ་རེད། སྐེད་པ་ནས་གཅད་རྒྱུ་མེད་པ་དེའི་ཐོག་ནས་འབྲས་དུས་ཀྱི་གནས་སྐབས་རེ་རེའི་ནང་རྒྱུ་དུས་ཀྱི་རྟེན་འབྲེལ་ཆ་ཚང་བ་མང་པོ་བསགས་པ་དེའི་དབང་གིས་འཁོར་བའི་སྡུག་བསྔལ་ལ་མུ་མཐའ་མེད་པ་དེ་ཉམས་སུ་མྱོང་ཐུབ། དེ་ཡག་པོ་སྒོམ་ཤེས་པ་དང་བློ་ལ་ངེས་པ་བྱུང་ན་ཡིད་ཐང་ཆད་པ་ཞིག་ཡོད་རེད། དེ་ནས་ཉོན་མོངས་སྐྱེ་བའི་རྒྱུ་དྲུག་ལ་སོགས་པ་གསུངས་པ་དེ་དག་གང་ཐུབ་བཀག་དགོས་པ་དང་། ད་ལྟ་ང་ཚོས་ཉོན་མོངས་བརྩད་ནས་སྤོང་བའི་ནུས་པ་མ་ཐོབ་ཀྱི་བར་དུ་ཉོན་མོངས་མངོན་གྱུར་བ་མགོ་ནོན་པ་དང་། ཉོན་མོངས་པའི་དབང་དུ་མི་འགྲོ་བའི་ཉམས་ལེན་གྱི་གནད་མང་པོ་གཞུང་ནས་གསུངས་པ་དེ་དག་དགོངས་པ་བཞེས་ན་ཐུགས་ལ་ངེས་པ་རྙེད་པ་ཡོང་རྒྱུ་རེད། དེ་ནི་རང་གི་རྒྱུད་ལ་བསྐོར་ནས་དངོས་གནས་འཁོར་བ་དེ་སྡུག་བསྔལ་གྱི་རང་བཞིན་བཟོད་པར་དཀའ་བ་ཞིག་རེད་འདུག་བསམ་པའི་ཚོར་བ་ཞིག་སེམས་ཐོག་ཏུ་སླེབས་པ་བྱེད་རྒྱུ་དེ་རེད། གང་ལྟར་ཉོན་མོངས་པ་ལ་བརྟེན་ནས་ལས་བསགས་པ་དང་། ལས་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ལ་ཉིང་མཚམས་སྦྱར་བ་སོགས་ཡོང་བར་བརྟེན། དེ་ལྟ་བུའི་ཀུན་འབྱུང་གི་འཁོར་བའི་འཇུག་རིམ་དེ་ཇི་ལྟར་མེད་པ་བཟོ་ཐུབ་བམ། ལས་དང་ཉོན་མོངས་པའི་གཞན་དབང་གིས་སླར་ཡང་འཁོར་བའི་གནས་སུ་སྐྱེ་བ་བླང་མི་དགོས་པ་དེ་ཇི་ལྟར་ཡོང་ཐུབ་བམ་ཞེས་པའི་དྲི་བ་དེ་དག་གི་ལན་དུ་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་ཕབ་པ་དེ་ཡོང་བ་རེད།

ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་ཕབ་པ་ནི་སངས་རྒྱས་ཀྱིས་བསླབ་པ་གསུམ་གྱི་ཉམས་ལེན་ཞེས་སྟབས་བདེ་པོས་གསུངས་ཡོད། བཤེས་སྤྲིངས་ལས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན།། དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་།། ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ།། དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས།། ཚུལ་ཁྲིམས་དག་དང་བསམ་གཏན་ཤེས་རབ་ཀྱིས།། མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི།། གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ།། ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད།། ཅེས་གསུངས་པ་བཞིན་འཁོར་བའི་སྡུག་བསྔལ་ཚུལ་བཞིན་དུ་བསམས་ནས་དེ་ལས་འབྲལ་འདོད་ཀྱི་བློ་སྐྱེ་ན་སླར་ཡང་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་བླང་རྒྱུ་དེ་བཟློག་པའི་ཐབས་ལ་ཛ་དྲག་ཆེན་པོས་འབད་དགོས་ཤིང་། དེ་ནི་མགོ་ལ་མེ་ཤོར་ནའང་འཕུར་ལོངས་མེད་པའི་དཔེ་ལྟར་བྱེད་དགོས་ཞེས་གསུངས། དེའི་ཆེད་དུ་བསླབ་པ་གསུམ་ཉམས་སུ་བླང་དགོས། བསླབ་པ་གསུམ་དུ་གྲངས་ངེས་པ་དེ་རྒྱུ་མཚན་མང་པོའི་ཐོག་ནས་གསུངས་ཤིང་། དེ་གསུམ་དུ་གྲངས་ངེས་ཚུལ་ནི་སེམས་འདུལ་བའི་རིམ་པའི་དབང་དུ་བཤད་ན། སེམས་ཕྱི་རོལ་གྱི་རྣམ་གཡེང་རགས་པ་ལས་ལྡོག་པའི་ཆེད་དུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། སེམས་ཕྱི་རོལ་གྱི་རྣམ་གཡེང་ཕྲ་མོ་ལས་ལྡོག་པའི་ཆེད་དུ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། སེམས་རྣམ་པར་གྲོལ་བའི་ཆེད་དུ་ལྷག་པ་ཤེས་རབ་ཀྱི་བསླབ་པ་བཅས་གསུམ་རེད། དེ་ལ་འཁོར་བ་ལས་རྣམ་པར་གྲོལ་བའི་ཆེད་དུ་འཁོར་བའི་རྩ་བ་ཐོག་མ་མ་རིག་པ་དེའི་དངོས་གཉེན་དུ་གྱུར་པའི་བློ་དེ་ལ་བསླབ་པ་ཤེས་རབ་ཀྱི་བསླབ་པ་ཟེར། སེམས་ཕྱི་རོལ་གྱི་ཡུལ་དུ་གཡེང་བ་ལས་བཙན་ཐབས་སུ་ཆ་ཚང་ལྡོག་ཐུབ་པ་དེ་ཕྲན་བུ་ཁག་པོ་ཡིན་ཙང་། རིམ་པ་བཞིན་ཐོག་མ་གཡེང་བ་རགས་པ་དང་། དེ་ནས་གཡེང་བ་ཕྲ་མོ། མཐར་ཆོས་ཀྱི་གནས་ལུགས་ཤེས་པའི་རྣམ་འབྱེད་ཀྱི་ཤེས་རབ་ཐོབ་པ་རེད། བསླབ་པ་གསུམ་དུ་གྲངས་ངེས་ཚུལ་འབྲས་བུ་ལ་ལྟོས་ནས་བཤད་ན། དེ་ནི་གཞུང་ཁ་ཤས་ནང་གསལ་ཞིང་། ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན་ནས་འབྲས་བུ་འདོད་པའི་བདེ་འགྲོ་ལྷ་དང་མིའི་གོ་འཕང་གཉིས་དང་། ཏིང་ངེ་འཛིན་གྱི་བསླབ་པ་ལ་བརྟེན་ནས་གཟུགས་དང་གཟུགས་མེད་ཀྱི་བདེ་འགྲོ་གཉིས། ཤེས་རབ་ཀྱི་བསླབ་པ་ལ་བརྟེན་ནས་ཐར་པའི་གོ་འཕང་སྒྲུབ་པ་བཅས་རེད། བསླབ་པ་གསུམ་དུ་གྲངས་ངེས་ཚུལ་མངོན་པ་གོང་མའི་ནང་སྤང་བྱ་ཉོན་མོངས་པ་སྤོང་ཚུལ་ལ་ལྟོས་ནས་བཤད་ན། ཉོན་མོངས་སུན་འབྱིན་པའི་ཆ་ནས་ཚུལ་ཁྲིམས་ཀྱི་བསླབ་པ་དང་། མངོན་གྱུར་བ་མགོན་ནོན་པའི་ཆ་ནས་ཏིང་ངེ་འཛིན་གྱི་བསླབ་པ། ས་བོན་དང་བཅས་པ་བརྩད་ནས་སྤངས་པའི་ཆ་ནས་ཤེས་རབ་ཀྱི་བསླབ་པ་བཅས་རེད། གང་ལྟར་ཉོན་མོངས་པ་དེ་ས་བོན་དང་བཅས་པ་སྤང་དགོས་ན་ཆོས་རབ་ཏུ་རྣམ་འབྱེད་དམ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བརྟེན་ནས་འཇིག་ལྟའམ་མ་རིག་པ་དེ་མེད་པ་བཟོ་དགོས། དེ་ལྟ་བུའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེ་བ་ལ་ཏིང་ངེ་འཛིན་བརྟན་པོ་མེད་ན་ལྷག་མཐོང་གི་ཤེས་རབ་དེ་སྐྱེ་མི་ཐུབ། དེས་ན་ཏིང་ངེ་འཛིན་གྱི་བསླབ་པ་དེས་ཉོན་མོངས་མངོན་གྱུར་བ་མགོན་ནོན་པའམ་ཉོན་མོངས་མངོན་གྱུར་བ་རྒྱུད་ལ་སྐྱེ་རུ་མ་བཅུག་པའི་ཐབས་ཤེས་བྱེད་ཅིང་། ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན་ནས་ཉོན་མོངས་ལ་སྤང་བྱར་མཐོང་བ་དང། ཉོན་མོངས་སུན་འབྱིན་པ། ཉོན་མོངས་དྭང་དུ་མི་ལེན་པ་བཅས་ཡོང་བ་རེད། དེ་དག་ལ་བརྟེན་ནས་བསླབ་པ་གསུམ་གྱི་རྣམ་གཞག་མཛད་པ་རེད། ༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་གཞུང་ཆེན་པོར་སློབ་གཉེར་མི་བྱེད་པའི་གང་ཟག་ཕལ་པ་ཚོས་བསླབ་པ་གསུམ་གྱི་གནས་ཚུལ་ཞིབ་ཚགས་པོས་གོ་བའི་ཆེད་དུ་མར་མེའི་འོད་དང་སྟ་རེ་སོགས་ལ་དཔེ་སྦྱར་ཏེ་བཀའ་གནང་ཞིང་། དེ་ཡང་སྤང་བྱ་ཉོན་མོངས་པའི་ཤིང་སྡོང་ཆེན་པོ་ཞིག་གཅད་དགོས་ན། རྣོ་ངར་ལྡན་པའི་སྟ་རེ་དང་། སྟ་རེ་དེ་འཛིན་མཁན་དང་གཞུ་མཁན་གྱི་དཔུང་པ་བརྟན་པོ། དཔུང་པ་དེ་གང་ལ་ལྡན་པའི་གང་ཟག་སྟོབས་ཆེན་པོ་ཞིག་བཅས་དགོས་པ་བཞིན་དུ་ཤེས་རབ་ཀྱིས་ཉོན་མོངས་པའི་ཤིང་སྡོང་གཅོད་པར་བྱེད་པ་ལ་ཤེས་རབ་ཀྱི་སྟ་རེ་འཛིན་མཁན་གྱི་དཔུང་པ་བརྟན་པོ་དང་མཚུངས་པའི་ཏིང་ངེ་འཛིན་གྱི་ནུས་པ་བརྟན་པོ་ཞིག་དང་། དེ་བཞིན་དཔུང་པ་གང་ལ་ལྡན་པའི་གང་ཟག་སྟོབས་ཆེན་པོ་ཞིག་དགོས་པ་བཞིན་ཚུལ་ཁྲིམས་ཀྱི་བསླབ་པ་མཐུ་དང་ལྡན་པ་དགོས། གང་ལྟར་ཉོན་མོངས་པའི་ས་བོན་དང་བཅས་པ་བརྩད་ནས་འཇོམས་པ་ལ་ཤེས་རབ་ཀྱི་བསླབ་པ་མེད་དུ་མི་རུང་བ་དང་། ཤེས་རབ་ཀྱི་བསླབ་པ་ལྷག་མཐོང་གི་ངོ་བོ་ཡིན་ཙང་དེ་འདྲེན་པ་ལ་ཞི་གནས་ཀྱི་ངོ་བོ་ཏིང་ངེ་འཛིན་གྱི་བསླབ་པ་མེད་དུ་མི་རུང་བ། དེ་ལྟ་བུའི་ཏིང་ངེ་འཛིན་གྱི་བསླབ་པ་སྐྱེ་བ་ལ་ཉོན་མོངས་རགས་པ་མགོ་ནོན་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དེ་མེད་དུ་མི་རུང་བ་རེད། ཚུལ་ཁྲིམས་ཀྱི་བསླབ་པ་ནི་རྩ་བ་ལྟ་བུ་དེ་རེད། ༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་དཔེ་གཞན་ཞིག་གསུངས་པ་ནི། ལྷ་ཁང་ནག་ཁུང་ཞིག་ནང་སྡེབས་རིས་ཡོད་པ་དེ་གསལ་པོ་བལྟ་དགོས་ན། མར་མེ་ཡག་པོ་ཞིག་དགོས་པ་དང་། དེ་ཡང་རླུང་གིས་ལྷབ་ལྷུབ་མི་བསྐྱོད་པ། མར་མེ་གཞག་ས་གཡོ་འགུལ་མེད་པར་བརྟན་པོ་དགོས་པ་བཞིན་ཚུལ་ཁྲིམས་ཀྱི་གཞི་རྩ་བརྟན་པོ། དེའི་ཐོག་ཏུ་ཏིང་ངེ་འཛིན་གྱི་རླུང་གིས་མ་བསྐྱོད་པ། ཤེས་རབ་ཀྱི་མར་མེ་འོད་གསལ་བ་དེས་གཟུགས་བརྙན་མཐོང་ཐུབ་པ་སོགས་བཀའ་གནང་གི་ཡོད། གང་ལྟར་བསླབ་པ་གསུམ་ནང་མ་འདུས་པའི་ཐར་པ་སྒྲུབ་པའི་ལམ་གྱི་རིམ་པ་མེད། གཙོ་བོ་གོ་རིམ་ཚུལ་དུ་བྱས་ན། ཚུལ་ཁྲིམས་ནི་རྩ་བ་དང་། གལ་ཏེ་ཚུལ་ཁྲིམས་ཀྱི་བསླབ་པ་ཚད་ལྡན་མེད་ན་ཏིང་ངེ་འཛིན་གྱི་བསླབ་པ་སྐྱེ་བའི་རེ་བ་མེད། ཏིང་ངེ་འཛིན་གྱི་བསླབ་པ་མེད་ན་ཤེས་རབ་ཀྱི་བསླབ་པ་ཡོང་ཐབས་མེད། དེས་ན་བསླབ་པ་གསུམ་རྒྱུ་འབྲས་ཀྱི་ངོ་བོར་གནས་པ་དང་། དེའི་ནང་ནས་ཐམས་ཅད་ཀྱི་གཞི་རྩར་གྱུར་པ་དེ་ཚུལ་ཁྲིམས་ཀྱི་བསླབ་པ་གལ་ཆེ་ཤོས་ཡིན་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་ཕུན་སུམ་ཚོགས་པ་བྱུང་ན་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པའང་རང་བཞིན་གྱིས་ཡོང་རྒྱུ་རེད། མདོར་ན་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་ལ་ཐོག་མ་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་ནས་མགོ་བཙུགས་ཏེ། འཁོར་བའི་སྡུག་བསྔལ་ལ་བརྒྱད་དང་། དྲུག། གསུམ་རྣམས་ཤེས་པ་དང་། དེ་ལ་བརྟེན་ནས་ངེས་འབྱུང་གི་བསམ་པ་བཅོས་མ་མིན་པ་ཞིག་སྐྱེ་རུ་བཅུག  ངེས་འབྱུང་གི་བསམ་པ་སྐྱེས་ན་སྡུག་བསྔལ་འཁོར་བའི་ཉེས་དམིགས་གང་ནས་ཡོང་བའི་རྒྱུ་ཀུན་འབྱུང་འཁོར་བའི་འཇུག་རིམ་དེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་ཀྱི་སྒོ་ནས་གསལ་པོ་བྱུང་ན། དེ་ལྡོག་པའི་ཐབས་སུ་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་བསླབ་པ་གསུམ་གཏན་ལ་ཕབ་ཅིང་། དེ་ནས་བསླབ་པ་གསུམ་ཉམས་སུ་ལེན་པའི་རིམ་པ་རྣམས་ཀྱི་གོ་རིམ་དང་རྣམ་གྲངས་མ་འཕྱུག་པར་ཉམས་སུ་ལེན་ཐུབ་ན། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་ཉམས་ལེན་ཚད་དང་ལྡན་པ་ཡོང་རྒྱུ་རེད།

དེ་དག་གི་དོན་རྣམས་བསྟན་པའི་ཆེད་དུ། སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ།། ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚིགས་ཀྱི།། ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ།། དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་སྤྱད་པས་མི་ངོམས་ཞེས་པ་དེས་སྡུག་བསྔལ་དྲུག་གི་ནང་ནས་ངོམ་པ་མེད་པའི་ཉེས་པ་ཚིག་གིས་དངོས་སུ་ཟིན་པ་དང་། སྡུག་བསྔལ་ཀུན་གྱི་སྒོ་ཞེས་པས་སྡུག་བསྔལ་གཞན་རྣམས་བསྟན་ཅིང་། འཁོར་བའི་ཕུན་ཚོགས་ལ་ཇི་ཙམ་སྤྱད་ཀྱང་ངོམ་པ་མེད་པ་ཙམ་དུ་མ་ཟད། དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་སྒོ་ཡིན་པ་དང་། ཡིད་བརྟན་མི་རུང་ཞེས་པས་སྡུག་བསྔལ་དྲུག་གི་ནང་ནས་ངེས་པ་མེད་པའི་ཉེས་པ་དངོས་སུ་བསྟན་ཅིང་། དེ་ལྟ་བུའི་ཡིད་བརྟན་མེད་པའི་སྲིད་པའི་ཕུན་ཚོགས་ནི་ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་དང་། འཁོར་བ་ལ་ཡིད་མ་འབྱུང་བའི་གང་ཟག་རྣམས་ཀྱིས་འཁོར་བའི་དངོས་པོ་མང་པོ་ལ་ཕུན་ཚོགས་སུ་མཐོང་ཡང་། འཁོར་བ་ལ་ཡིད་འབྱུང་བ་རྣམས་ལ་ཕུན་ཚོགས་དེ་དག་ཡིད་བརྟན་མི་རུང་བ་དང་། ངེས་པ་མེད་པ། ངོམ་པ་མེད་པར་མཐོང་ནས་དེ་ལས་འབྲལ་འདོད་བྱུང་། དེ་ལྟ་བུའི་སྲིད་པའི་ཕུན་ཚོགས་དེ་ཡོན་ཏན་མིན་པར་ཉེས་དམིགས་དང་བཅས་པ་ཡིན་པ་ཤེས་ནས་དེ་ལས་ངེས་པར་འབྱུང་བའི་ཐར་པའི་བདེ་བ་ལ་དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་གསུངས་པ་རེད།

དེ་ལྟ་བུའི་ངེས་འབྱུང་གི་བསམ་པ་བཅོས་མ་མིན་པ་སྐྱེ་ན་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་ལ་ཇི་ལྟར་བསླབ་དགོས་ཤེ་ན། དེ་བསྟན་པའི་ཕྱིར་འོག་གི་ཚིགས་བཅད་གཉིས་པོ་དེ་བྱུང་བ་རེད། རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི།། དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས།། བསྟན་པའི་རྩ་བ་སོ་སོ་ཐར་པ་ལ།། སྒྲུབ་པ་སྙིང་པོ་བྱེད་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་འདིའི་ཚིག་ཟིན་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་ཚུལ་གསུངས་ཤིང་། དེ་ནི་བསླབ་པ་གསུམ་ལས་གལ་ཆེ་ཤོས་ཤིག་དང། དམིགས་ཀྱིས་བཀར་ནས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་བཤད་པའི་སྐབས་སུ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་གསུངས་ཤིང་། གང་ལགས་ཤེ་ན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མཐར་ཆགས་སུ་བསྟན་པའི་སྐབས་སུ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་གཉིས་སྐྱེས་བུ་ཆེན་པོའི་སྤྱོད་པ་སྤྱི་བསླབ་ཀྱི་སྐབས་སུ་ཕར་ཕྱིན་མཐའ་མ་གཉིས་ལ་སློབ་ཚུལ་ཞེས་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་གཉིས་ལ་སློབ་པའི་སྐབས་སུ་ཞི་གནས་དང་ལྷག་མཐོང་ཟུར་དུ་བསྟན།

དེ་ལྟར་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་ཕབ་ནས་ཐར་པ་སྒྲུབ་འདོད་བྱུང་ན་ནུས་པ་ཅི་ཡོད་ཀྱིས་ཐོག་མ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཚུལ་བཞིན་དུ་བསླབ་དགོས། གལ་ཏེ་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་རྩ་མེད་ན་ཆོས་ཉམས་ལེན་བྱེད་པའི་རེ་བ་ཧ་ཅང་ཆུང་ཆུང་རེད། ལྷག་པར་དུ་སོ་སོ་ཐར་པའི་ཚུལ་ཁྲིམས་དེ་ལུས་ངག་གི་ཉེས་སྤྱོད་སྡོམ་པ་གཙོ་བོ་ཡིན་པས། ལས་དང་པོ་བས་སོ་ཐར་གྱི་ཚུལ་ཁྲིམས་ལ་ཚུལ་བཞིན་དུ་མ་འབད་ན་ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པ་ཡོང་ཐབས་མེད། དེས་ན་ཚུལ་ཁྲིམས་ཀྱི་བསླབ་པ་ནི། བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།། ཞེས་གསུངས་པ་བཞིན་བསླབ་པ་གཞན་གཉིས་ཙམ་དུ་མ་ཟད། དཀར་ཕྱོགས་དགེ་བའི་ཆོས་གང་བྱས་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་དག་པ་མེད་ན་ཡོང་རྒྱུ་མེད། སྐབས་འདིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པར་དུ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པའི་ནང་སོ་ཐར་གྱི་ཚུལ་ཁྲིམས་གཙོ་བོར་གསུངས། འདིར་སྔགས་དང་བྱང་སེམས་ཀྱི་ཚུལ་ཁྲིམས་འབྲེལ་བ་གང་ཡང་མེད། དེས་ན་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ཉམས་སུ་ལེན་པའི་སྐབས་སུ་སོ་སོ་ཐར་པའི་སྡོམ་པ་ཞིག་ཡོད་ན་སྡོམ་པ་མེད་པའི་ཁྱིམ་པ་ལས་ལམ་གྱི་ས་ཆོད་ཆེ་བ་དང་། བསོད་ནམས་ཀྱི་གསོག་རྒྱབ་ཆེ་བ། ལམ་མྱུར་བ་སོགས་ཀྱིས་ཁྱད་ཆེ། སྤྱིར་ཁྱིམ་པ་དང་རབ་བྱུང་གཉིས་ལས་རབ་བྱུང་ནི་ཐར་པ་སྒྲུབ་པའི་ལམ་ལ་བརྩོན་པའི་གོ་སྐབས་མང་བ་དང་། རྟེན་གྱི་ཆ་ནས་ཁྱད་པར་དུ་འཕགས་པ་ཡིན་ཙང་ལམ་མྱུར་བ་རེད། ཡིན་ནའང་ཁྱིམ་པས་བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་བླང་རྒྱུ་ཡོད། སྟོན་པ་ཞལ་བཞུགས་པའི་སྐབས་སུའང་རྗེས་འཇུག་ཁྱིམ་པ་ཚོས་ཉིན་ཞག་ཁྲུགས་གཅིག་གི་བསྙེན་གནས་ཀྱི་སྡོམ་པ་སྲུང་བ་དང་། ཇི་སྲིད་འཚོ་བའི་མཐའ་ཅན་གྱི་སྣ་གཅིག་སྤྱོད་པ་ནས་ཡོངས་རྫོགས་སྤྱོད་པའི་བར་དགེ་བསྙེན་གྱི་སྡོམ་པ་སྲུང་བའི་བྱུང་བ་ཡོད། ལར་ནས་བསྙེན་གནས་ཀྱི་སྡོམ་པ་དང་སྣ་གཅིག་སྤྱོད་པ་ནི་ཁག་པོའང་མིན། ཁྱིམ་པའི་རྟེན་ཅན་གྱིས་ཀྱང་སོ་ཐར་གྱི་སྡོམ་པ་ཞིག་ཡོད་ན་ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་ལེན་ལ་ཡན་ལག་ཚང་བ་རེད། རབ་བྱུང་རྣམས་ནི་དགེ་ཚུལ་སློང་གི་སྡོམ་པ་གལ་ཆེན་པོས་སྲུང་དགོས་ཤིང་། གཏམ་རྗེན་པར་སྨྲ་ན། རབ་ཏུ་བྱུང་ཟིན་ནས་ཚུལ་ཁྲིམས་མ་བསྲུང་ན་མི་ཚེའི་ནང་ལས་ཀ་བྱེད་སྟངས་འགལ་འདུ་དང་མ་རབས་ཤིག་རེད། ཐོག་མ་གྲྭ་པ་བྱེད་དགོས་ཞེས་ཁྲལ་རྒྱག་མཁན་མེད་ཅིང་། སོ་སོའི་དྭང་འདོད་ཀྱིས་ཆོས་སྒོར་ཞུགས་པ་རེད། སྐབས་དེར་མཁན་སློབ་དགེ་འདུན་དང་བཅས་པས་ཚུལ་ཁྲིམས་སྲུང་ཐུབ་མིན་སོགས་ཀྱི་འདྲི་བརྩད་ཡང་ཡང་གནང་ཡོད། དེ་ནས་ཁྱིམ་ནས་ཁྱིམ་མེད་པ་ཞེས་རང་གི་བདག་དབང་དུ་ཡོད་པའི་ཁྱིམ་གྱི་ཕུན་ཚོགས་མཐའ་དག་བློས་གཏོང་གིས་དགེ་འདུན་གྱི་སྡེའི་ནང་ཞུགས་པ་རེད། དེ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱེད་དགོས་དུས་ཐར་པ་དོན་གཉེར་ནི་ཡིན་ཤག་རེད། དེ་ལྟར་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོ་ཐོབ་ཙ་ན་དམ་ཆོས་འདུལ་བ་ནས་གསུངས་པའི་ཁྲིམས་རྣམས་ཉམས་ལེན་གནང་དགོས་པ་བཤད་མ་དགོས་པ་རེད། ང་ཚོ་བོད་བརྒྱུད་ནང་བསྟན་ནང་འདུལ་བ་དེ་ཧ་ཅང་ཞིབ་ཚགས་པོ་དང་རྒྱ་ཆེན་པོ་སློབ་སྦྱོང་གནང་བའི་གོ་སྐབས་ཡོད་རེད།

སྤྱིེར་སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་ཀྱི་མཚམས་གཟུང་ས་འདྲ་མིན་མང་པོ་དང་། བསྟན་པའི་གནས་ཚད་ཀྱང་སྣ་ཚོགས་གསུངས་ཡོད། ཡིན་ནའང་ཐེག་པ་ཐུན་མོང་བའི་དབང་དུ་བྱས་ན་དམ་ཆོས་འདུལ་བའི་བསྟན་པ་གནས་དང་མི་གནས་ལ་རག་ལས་པ་ཧ་ཅང་གསལ་པོ་རེད། འདུལ་བ་གཞུང་བླ་མའམ་གཞུང་དམ་པ་ལས། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ཇི་ཙམ་གྱིས་ན་དམ་པའི་ཆོས་མཆིས་པ་ཞེས་བགྱི། ཇི་ཙམ་གྱིས་ན་ཞིག་པ་ཞེས་བགྱི། ཨུ་པཱ་ལི་ཇི་སྲིད་དུ་ལས་བྱེད་ཅིང་ནན་ཏན་བྱེད་པ་ཡང་ཡོད་པའི་བར་དུ་སྟེ། ལས་བྱེད་ལ་ནན་ཏན་བྱེད་པ་ཡང་ཡོད་ན་དམ་པའི་ཆོས་ཡོད་པ་ཞེས་བྱའོ།། ལས་ཀྱང་མི་བྱེད་ལ་ནན་ཏན་བྱེད་པ་དག་ཀྱང་མེད་ན་དེ་ནི་དམ་པའི་ཆོས་ཞིག་པ་ཞེས་བྱའོ།། ཞེས་གསུངས་ཡོད། ད་ལྟ་བསྟན་པའི་གནས་ཚད་བལྟས་ན་རྟགས་ཙམ་འཛིན་པའི་ལེའུ་སླེབས་མེད་ཀྱང་། དངོས་ཡོད་ཀྱི་གནས་ཚུལ་ལ་ང་ཚོ་རྟགས་ཙམ་འཛིན་པའི་ལེའུ་ལ་སླེབས་པ་མིན་ནམ་སྙམ་པའི་དྭོགས་པ་ཡོང་གི་ཡོད་ཅིང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེའི་ནང་འདུལ་བའི་ཕྱག་བཞེས་ལ་དོ་སྣང་ཇེ་ཆུང་དུ་འགྲོ་བའི་གནས་སྟངས་ལ་ང་ཚོ་འདྲོགས་དགོས་པ་དང་བློ་འཚབ་སྐྱེ་གཞི་ཆགས་ཡོད། སྔོན་རྒྱ་གར་དུ་བསྟན་པ་གནས་པའི་སྐབས་སུ་ཉན་ཐོས་སྡེ་པ་བཅོ་བརྒྱད་སོགས་བྱུང་ཡོད་ཀྱང་། ད་ལྟ་དགེ་ཚུལ་སློང་གི་སྡོམ་རྒྱུན་ཡོད་པའི་སྡེ་པ་གསུམ་མ་གཏོགས་ལྷག་མེད། ང་ཚོའི་སྡེ་པ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ནས་བྱུང་ཞིང་། མཁན་ཆེན་ཞི་བ་འཚོས་བོད་དུ་སྤེལ་བ་ནས་བཟུང་ད་ལྟའི་བར་དུ་བོད་དང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ནང་སྲུང་མུས་རེད། དེ་ནས་ཤྲཱིངྐཱ་དང་། ཐ་ཡི་ལེན། མ་ཡན་མར་སོགས་སངས་རྒྱས་ཀྱི་བསྟན་པ་དར་བའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ནང་གནས་བརྟན་ཀཏྱཱཡནའི་རྗེས་འཇུག་འཕགས་གནས་བརྟན་སྡེ་པའི་ལུགས་དར་བ། དེ་བཞིན་རྒྱ་ནག་སོགས་ཡུལ་གྲུ་ཁ་ཤས་ནང་ཆོས་སྲུང་སྡེ་པའི་སྡོམ་རྒྱུན་ད་ལྟ་མ་ཉམས་ཙམ་ཡོད་འདུག  འཕགས་པ་གནས་བརྟན་སྡེ་པ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་གཉིས་ཀའི་ནང་དགེ་ཚུལ་ཕ་མ་ཡོད་པ་དང་། དེ་ནས་དགེ་སློང་ཕ་མ་གཏོགས་དགེ་སློང་མའི་སྡོམ་རྒྱུན་ཉམས་ཟིན་པས་དགེ་སློང་མའི་སྡོམ་རྒྱུན་ཡོད་མིན་རྩོད་གཞི་རེད། འོན་ཀྱང་ཆོས་སྲུང་སྡེ་པའི་ནང་དགེ་ཚུལ་ཕ་མ་གཉིས་དང་། དགེ་སློང་ཕ་མ་གཉིས་ཀྱི་སྡོམ་རྒྱུན་ཡོད་འདུག  དེ་གསུམ་ལ་བསྡུར་ནས་བལྟས་ན་འདུལ་བ་ལུང་གཞི་ལྟ་བུར་ཆ་མཚོན་ན། བོད་དུ་བསྒྱུར་བའི་འདུལ་བ་ལུང་སྡེ་བཞི་དེ་རྒྱས་ཤོས་རེད། ད་ལྟ་པཱལིའི་ནང་བཞུགས་པའི་འདུལ་བ་ལུང་སྡེ་བཞི་དེ་ཧ་ཅང་བསྡུས་པ་ལས་མེད། དེ་གཉིས་ཀྱི་སོ་ཐར་གྱི་མདོ་ལ་ཁྱད་པར་མེད། ཡིན་ནའང་གཞི་བཅུ་བདུན་དང་། ལུང་རྣམ་འབྱེད། ལུང་ཕྲན་ཚེགས་སོགས་བོད་སྐད་ནང་ཡོད་པ་བཞིན་གནས་བརྟན་སྡེ་པ་ལ་མེད། ཆོས་སྲུང་སྡེ་པ་ལ་གཞུང་ཇི་ཙམ་ཡོད་པ་ངས་ཤེས་ཀྱི་མེད། ལྷག་པར་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་དམིགས་བསལ་གྱིས་ཕུན་སུམ་ཚོགས་པའི་གནས་གཞན་ཞིག་གང་ཡོད་ཅེ་ན། སློབ་དཔོན་ཡོན་ཏན་འོད་ཀྱིས་བརྩམས་པའི་འདུལ་བ་མདོ་རྩ་བ་དེ་རེད། དེའི་ནང་ལུང་སྡེ་བཞིའི་བརྗོད་དོན་ཡོངས་སུ་རྫོགས་པ་ཉུང་ངུར་བསྡུས་ནས་བསྟན་ཡོད། དེ་ལ་རྒྱ་འགྲེལ་ཧ་ཅང་མང་པོ་དང་། བོད་འགྲེལ་ལའང་མཚོ་ཊིཀ་སོགས་མང་པོ་མཛད་ཡོད། དེས་ན་འདུལ་བའི་གཞུང་ལ་སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་དང་གོ་སྐབས་བོད་བརྒྱུད་ནང་བསྟན་ནང་ཡོད་པ་བཞིན་ཞིབ་ཚགས་པོ་དང་རྒྱ་ཆེན་པོ་གཞན་ལ་མེད། དེ་བཞིན་སློབ་སྦྱོང་གི་རྒྱུན་ཡང་མ་ཆད་པར་གདན་སའི་ནང་ཡོད་མུས་རེད། ཡིན་ནའང་བོད་པའི་དགེ་འདུན་གྱི་སྡེ་ནང་འདུལ་བའི་ཕྱག་བཞེས་ཉམས་པ་ལྟ་བུ་རེད། ང་ལྟ་བུ་གང་ཟག་ཕལ་པ་ཞིག་གིས་གདན་ས་ཆེན་པོའི་ནང་དེ་ལྟར་ཞུས་ན་མ་འོས་པ་འདུག་རུང། དངོས་ཡོད་མཐོང་བའི་གནས་ཚུལ་རྣམས་གོ་སྐབས་ཡོད་དུས་མ་ཞུས་ན་མ་བཟོད་པ་ལྟ་བུ་འདུག  ཕྱིའི་མཐོང་ཚུལ་ལ་བལྟས་ན་གནས་བརྟན་སྡེ་པ་དང་བོད་པའི་རབ་བྱུང་རྣམས་ཀྱི་རྒྱུན་ལྡན་གྱི་སྤྱོད་ལམ་ཧ་ཅང་མི་འདྲ་བ་རེད། ཁོང་ཚོས་དངོས་གསལ་དོད་པོའི་ཐོག་ནས་བཅས་པ་དང་འགལ་བའི་བྱ་བ་མང་པོ་ལ་མི་ཞུགས་པ་དང་། ལྷག་པར་དུ་ཚང་མས་མངོན་སུམ་དུ་མཐོང་བའི་རིགས་ལ་འཛེམས་ཟོན་བྱེད་ཀྱི་རེད། དཔེར་ན་ཆོས་གོས་རྣམ་གསུམ་ཚད་ལྡན་བཅང་བ་དང་། བསོད་སྙོམས་ལ་རྒྱུ་བ། ཕྱི་དྲོའི་ཁ་ཟས་འཛེམས་པ་སོགས་ནི་འཕགས་པ་གནས་བརྟན་སྡེ་པ་རྣམས་ཞིབ་ཚགས་པ་དང། དེ་བཞིན་མཐོང་སྣང་ལའང་མཛེས་པོ་རེད། ཐ་ཡི་ལེན་དང་མ་ཡན་མར་གྱི་ཡུལ་ལུང་སོགས་སུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པའི་དགེ་སློང་ད་ལྟའང་མཇལ་དུ་ཡོད། སྦྱངས་པའི་ཡོན་ཏན་ཁ་ཤས་ལ་གནས་པ་ནི་མང་པོ་རེད། ང་ཚོ་གདན་ས་ཆེན་པོ་དང་གང་ཟག་བྱེ་བྲག་པའི་ནང་སྦྱངས་པའི་ཡོན་ཏན་རེ་གཉིས་ལ་གནས་པའང་དཀོན་པོ་རེད། གང་ཟག་བྱེ་བྲག་པའི་ནང་འདུལ་བའི་ཉམས་ལེན་ཚད་ལྡན་གནང་མཁན་ཡོད་སྲིད་ཀྱང་། དགེ་འདུན་གྱི་སྡེ་སོ་སོའི་ནང་ཕྱག་བཞེས་ཉམས་པ་ལྟ་བུ་རེད། དཔེར་ན་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་གདན་ས་གསུམ་གྱི་གསོ་སྦྱོང་གི་དུས་ཚིགས་དང་སོ་ཐར་གྱི་མདོ་རྒྱས་པ་འདོན་མིན་སོགས་བསྐྱར་ཞིབ་གནང་སྐབས་ལོ་འཁོར་མོ་ལ་སོ་ཐར་གྱི་མདོ་རྒྱས་པ་མི་འདོན་པར་ཅམ་བཞག་བྱས་པ་དེ་གཟིགས་ནས་བཀའ་བཀྱོན་ཕེབས་རྗེས་བཀས་བཅད་གནང་བ་ལ་བརྟེན་ནས་གདན་ས་གསུམ་གྱི་ནང་ལོ་གཅིག་ནང་དབྱར་གནས་སྐབས་སུ་གསོ་སྦྱོང་གི་མདོ་རྒྱས་པ་ཚར་གཅིག་གསུངས་ཏེ་ནོར་བུ་གླིང་ཁར་སྙན་གསན་ཞུ་དགོས་པའི་སྲོལ་དེ་ཕྱི་ལོ་ ༡༩༥༩ བར་གནས་པ་རེད། དེ་བཞིན་ལྟུང་བ་གླེང་དྲན་བྱེད་པའི་སྲོལ་ནི་གནའ་སྔ་མོ་ནས་ཉམས་ཟིན་ཞིང་།  ད་ལྟ་ལྟུང་བ་གླེང་དྲན་གྱི་གོ་རྟོགས་ཙམ་ཡང་མང་པོར་མེད་ཚོད་འདུག  དེས་ན་སོ་སོ་ལ་ཉིན་བཅོ་ལྔའི་ནང་ལྟུང་བ་གང་དང་གང་བྱུང་བའང་ཤེས་ཁག་པོ་ཆགས་ཡོད། དེར་བརྟེན་མང་པོ་ཞིག་ཆོ་ག་ཕྱག་ལེན་ལྟ་བུ་འདོན་ཕྱིན་པ་རེད། དེ་ཚོ་དངོས་ཡོད་གནས་སྟངས་ཐོག་ནས་ཡང་དག་པ་ཞིག་མིན། དེ་བཞིན་གང་ཟག་བྱེ་བྲག་པ་ལ་ཟས་ལ་བརྟེན་པའི་ལྟུང་བ་དང་། གོས་ལ་བརྟེན་པའི་ལྟུང་བ་སོགས་སྤང་ལྟུང་མང་པོ་ཡོང་མུས་ཡིན་རུང་། དགེ་འདུན་འདུས་ཚོགས་ནང་ཕྲན་བུ་ཐུགས་སྣང་གནང་ན་ཕྱིའི་མིག་ལྟོས་དང་མཐོང་སྣང་ལ་ཡག་པོ་ཡོང་སྲིད། སྔོན་མ་བོད་དུ་གདན་ས་ཁག་ཏུ་སྔ་དྲོའི་གྲྭ་ཇ་ལ་མ་གཏོགས། ཕྱི་དྲོའི་གྲྭ་ཇ་ལ་ཐུག་པ་སོགས་གཏོང་སྲོལ་མེད། གང་ལྟར་དགེ་འདུན་འདུས་སྡེའི་ནང་ཕྱི་དྲོའི་ཁ་ཟས་དངོས་གསལ་དོད་པོས་གཏོང་སྲོལ་མེད། སྐྱབས་བཅོལ་དུ་འབྱོར་ནས་སྒྲིག་འཛུགས་དང་འདུས་སྡེའི་ནང་ཕྱི་དྲོའི་ཁ་ཟས་བག་མེད་དུ་གཏོང་རྒྱུར་དགག་བྱ་མེད་པ་དང་། ལྷག་པར་དུ་ཕྲན་བུ་བློ་ལ་མི་བདེ་བ་ཡོང་རྒྱུ་ནི་གཞིས་ཆགས་ཁག་ཏུ་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཀྱི་གཙུག་ལག་ཁང་དང་དགོན་པ་རྟེན་དང་བརྟེན་པར་བཅས་པ་ཧ་ཅང་རྫིག་པོ་མང་པོ་གསར་བཞེངས་གནང་བ་དེ་དག་ཐོག་མར་བཞེངས་པའི་སྐབས་སུ་ལས་ཀྱིས་མཚམས་གཅད་རྒྱུ་དང་། རུང་ཁང་གཅད་རྒྱུ་དང་བྱིན་གྱིས་བརླབ་རྒྱུ་སོགས་ལ་ཐུགས་སྣང་གནང་གི་མེད། སྔོན་མ་རྗེ་ཡབ་སྲས་ཀྱི་སྐབས་སུ་དགའ་ལྡན་དང་སེ་ར་འབྲས་སྤུངས་ཀྱི་གདན་ས་སོགས་ཕྱག་འདེབས་སྐབས་འདུལ་བ་ནས་བྱུང་བ་གཞིར་བཟུང་གིས་ལག་གི་གླ་བསྐོས་པ་ནས་བཟུང་སྟེ་དགེ་འདུན་གྱི་ལས་གནང་དགོས་པ་དང་། མཚམས་དང་རུང་ཁང་སོགས་ཞིབ་ཚགས་པོ་གནང་ཡོད། དེང་སང་དེ་འདྲའི་སྐད་ཆ་ཁྱོན་ནས་མེད། དེ་ཚོ་ང་ཚོས་མ་ཤེས་པ་ཡིན་ན་གནས་ཚུལ་ཐ་དད་རེད། འོན་ཀྱང་ང་ཚོའི་ནང་འདུལ་བ་ལ་མཁས་པ་ནི་མང་པོ་རེད། དེས་ན་འདུལ་བ་དེ་ཙམ་མཁས་ནའང་ལག་ལེན་སྐྱོ་པོ་དེ་སྤྱི་ཚོགས་ཀྱི་སྐྱོན་ཡིན་ནམ། ཡང་ན་སྒྲིག་འཛུགས་ཀྱི་སྐྱོན་ཡིན། གང་ལྟར་ང་ཚོའི་ཞན་ཆ་ཆེན་པོ་ཞིག་རེད། སྔ་མོ་བོད་ལ་ཡོད་སྐབས་གྲྭ་པ་རྒན་པ་འདུལ་བ་གཟིགས་མཁན་དེ་ཚོས་ཉིན་རེར་བློ་བསྐྱེད་གསར་པ་བྱུང་བ་རྣམས་ལམ་སེང་ཐད་ཀར་ཉམས་ལེན་དུ་བསྟར་ནས་ཕྱག་བཞེས་གནང་མཁན་མི་ཉུང་བ་ཞིག་ཡོད་རེད། དེ་ནས་དགོང་བཅད་དང་། བྱིན་ལེན་བྱེད་མཁན་ཡང་མང་པོ་རེད། དེ་དག་ད་ལྟ་ཇེ་ཉུང་དུ་འགྲོ་མུས་རེད། དེ་ཚོ་གནད་འགག་ཆེན་པོ་ཡིན་པ་དང་། དེ་ལ་བརྟེན་ནས་བསྟན་པའི་རྒྱུན་ལ་གནོད་པ། དམ་ཆོས་འདུལ་བའི་བསྟན་པ་ཚུལ་བཞིན་དུ་མ་གནས་ན་བསྟན་པ་སྤྱི་ལ་གནོད་པ་སོགས་ལ་གཏིང་ཟབ་པོ་དང་ཤུགས་ཆེན་པོས་དགོངས་པ་བཞེས་མཁན་དཀོན་པོ་ལྟ་བུ་འདུག  དེས་ན་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་བཞེས་དེ་གང་ཐུབ་ཀྱིས་ཉམས་གསོ་གནང་ཐུབ་ན་བསྟན་པ་ལ་ཞབས་འདེགས་བླ་མེད་བསྒྲུབ་རྒྱུ་རེད། ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་སུ་ལེན་པ་ལ་གལ་ཆེ་ཤོས་ནི་དེའི་མི་མཐུན་པའི་ཕྱོགས་ལྟུང་བ་འབྱུང་བའི་སྒོ་བཞི་པོ་སྤང་དགོས་ཤིང་། དེ་ཡང་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ། མ་གུས་པའི་ལྟུང་བ་འབྱུང་བའི་སྒོ། ཉོན་མོངས་མང་བ་ལྟུང་བ་འབྱུང་བའི་སྒོ། བག་མེད་པ་ལྟུང་བ་འབྱུང་བའི་སྒོ་བཅས་རེད། དང་པོ་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ནི་གདན་སའི་སློབ་གཉེར་བ་རྣམས་ལ་ཕལ་ཆེར་མེད། གལ་ཏེ་འདུལ་བ་ཆ་ཚང་གཟིགས་མཁན་ཞིག་ཡིན་ན་དངོས་བཅས་ཀྱི་ལྟུང་བ་ཡོངས་སུ་རྫོགས་པའི་བཅས་བཀག་གནང་གསུམ་གྱི་མཚམས་སོགས་མ་ཤེས་པ་མེད། གཉིས་པ་མ་གུས་པ་ལྟུང་བ་འབྱུང་བའི་སྒོ་ནི་ང་ཚོས་ཁ་ཕྱེ་ནས་བཞག་པ་ལྟ་བུ་རེད། མ་གུས་པ་ནི་བཅས་མཚམས་ལ་མ་གུས་པ་རེད། སྤྱིེར་ཟས་ལ་བརྟེན་པའི་ལྟུང་བ་དང་གོས་ལ་བརྟེན་པའི་ལྟུང་བ་མང་པོ་ང་ཚོ་ལ་ཉིན་ལྟར་ཡོང་ཡང་། དེ་ལ་ཞིབ་ཚགས་པོས་བལྟས་ན་བཅས་རྐྱང་གི་ལྟུང་བ་མ་གཏོགས། རང་བཞིན་གྱི་ཁ་ན་མ་ཐོ་བ་ཉུང་བ་རེད། ང་ཚོའི་བསམ་པའི་ནང་བཅས་པ་ལ་ཁྱད་དུ་གསོད་པའི་མ་གུས་པ་ཡོད་ན་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བར་འགྱུར་རྒྱུ་རེད། དེང་སང་ཁྲིམས་རྩོད་པས་ཁྲིམས་རྩོད་བྱ་རྒྱུའི་དོན་དེ་ནག་ཉེས་ཅན་མིན་ནའང་། ཁྲིམས་ཁང་གི་བཀའ་ལ་མ་བརྩི་ན་བཀའ་མ་བརྩི་བ་དེ་ནག་ཉེས་སུ་གྱུར་ཏེ་བཙོན་ཁང་དུ་འགྲོ་སྲིད། དེ་བཞིན་བྱིན་ལེན་མ་བྱས་པ་ལྟ་བུ་བཅས་རྐྱང་གི་ལྟུང་བ་ཡིན་རུང་། དེ་ནི་མ་གུས་པའི་དབང་གིས་བྱས་པ་ཡིན་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཟད། སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་རེད། དེས་ན་མ་གུས་པ་ལྟུང་བ་འབྱུང་བའི་སྒོ་དེ་ངེས་པར་དུ་བཀག་དགོས། གསུམ་པ་ཉོན་མོངས་མང་བ་ལྟུུང་བ་འབྱུང་བའི་སྒོ་ནི་དེང་རབས་ཀྱི་དུས་ཚོད་འདིའི་ནང་ཧ་ཅང་མང་པོ་རེད། ལྷག་པར་དུ་གདན་ས་ཁག་གི་ནང་དེང་རབས་ཀྱི་ཡོ་བྱད་མང་པོ་བེད་སྤྱོད་གཏོང་གི་ཡོད། དེ་ཚོ་ཕན་ཐོགས་པོ་དང་དགོས་མཁོ་ཆེན་པོ་ཡོད་པའི་སྒྲུབ་བྱེད་མང་པོ་གསུང་གི་ཡོད་ཀྱང་། གཅིག་བྱས་ན་ཕན་ཐོགས་པོ་དང་དགོས་མཁོ་ཆེན་པོ་ཡོད་སྲིད། ཡིན་ནའང་མཐུན་རྐྱེན་ནམ་འགལ་རྐྱེན་དེ་ཚོ་རྩ་བ་ནས་མེད་པའི་སྐབས་སུ། དཔེར་ན་བོད་དུ་སོ་སོའི་མི་ཚེའི་ནང་བལྟས་ན་དེ་ལྟ་བུའི་མཐུན་རྐྱེན་ནམ་འགལ་རྐྱེན་གཅིག་ཀྱང་མེད་རུང་། སྐབས་དེའི་ང་ཚོའི་མི་ཚེ་དེ་ཆོས་དང་འཇིག་རྟེན་གང་གི་ཐོག་ནས་ཀྱང་ད་ལྟ་ལས་བཟང་བ་མ་གཏོགས་སྡུག་པ་མེད། ད་ལྟ་མཐུན་རྐྱེན་ནམ་འགལ་རྐྱེན་དེ་དག་འཛོམས་སྐབས་ཆོས་དང་འཇིག་རྟེན་གང་གི་ཐོག་ནས་བལྟས་ཀྱང་མི་ཚེའི་གནས་སྟངས་ཇི་ལྟར་སྐྱེལ་མིན་ཞིབ་ཚགས་པོས་གཟིགས་ན་མཁྱེན་ཐུབ། གང་ལྟར་ཉོན་མོངས་ཉུང་དུ་གཏོང་རྒྱུའི་ཚབ་ཏུ་ཉོན་མོངས་མང་དུ་གཏོང་རྒྱུའི་མཐུན་རྐྱེན་དེ་ད་ལྟ་ཧ་ཅང་མང་དུ་ཕྱིན་ཡོད། གོང་དུ་དུས་ཚོད་ཀྱིས་རྐྱེན་པས་ཉོན་མོངས་སྐྱེ་བའི་རྒྱུ་རྣམས་ཞུ་རྒྱུ་བྱུང་མེད། ཉོན་མོངས་སྐྱེ་བའི་རྒྱུ་དྲུག་གི་ནང་བཤད་པ་ཞེས་པ་ཞིག་ཡོད། དེའི་ནང་ལོག་པའི་བསྟན་བཅོས་དང་། ང་རྒྱལ་དང་ཁོང་ཁྲོ་འདོད་ཆགས་སོགས་སྤེལ་བའི་རྩོམ་ཡིག་སོགས་འདུས་པ་རེད། བཞི་པ་བག་མེད་པ་ལྟུང་བ་འབྱུང་བའི་སྒོ་ནི་མ་གུས་པ་བྱུང་ན་བག་མེད་པ་ཡོང་རྒྱུ་དེ་བས་ཀྱང་ལས་སླ་པོ་རེད། དེར་བརྟེན། བསྟན་པའི་རྩ་བ་སོ་སོ་ཐར་པ་ལ།། སྒྲུབ་པ་སྙིང་པོ་བྱེད་པར་བྱིན་གྱིས་རློབས།། ཞེས་གསུངས་པ་དེ་ང་ཚོས་ཕྱག་ལེན་དུ་འཁེལ་ཐུབ་མིན་ཞིབ་ཚགས་པོས་ཐུགས་སྣང་གནང་དགོས། གལ་ཏེ་ཕྱག་ལེན་དུ་འཁེལ་ཐུབ་ན་དགའ་བ་བསྒོམ་རྒྱུ་དང་། ཕྱག་ལེན་དུ་འཁེལ་ཐུབ་ཀྱི་མེད་ན་འགྱོད་པ་སྐྱེ་བ་དང་། ཕྱག་ལེན་དུ་འཁེལ་ཐུབ་པའི་འབད་བརྩོན་གནང་ན་ཆོས་འཆད་ཉན་བྱེད་པའི་དགོས་པ་གྲུབ་པ་རེད། དེ་མིན་ཆོས་འཆད་ཉན་ཡང་ཆོ་ག་ཕྱག་ལེན་དུ་སོང་ན་ཁྱེད་ཚོའི་དུས་ཚོད་འཕྲོ་བརླག་རེད་ལ། ངའི་དུས་ཚོད་ཀྱང་འཕྲོ་བརླག་རེད། དེས་ན་ཕྲན་བུ་དགོངས་པ་བཞེས་ནས་སོ་སོའི་རྒྱུད་ལ་བརྟག་དཔྱད་གནང་རྒྱུ་དང་། མ་གུས་པ་དང་། བག་མེད་པ། ཉོན་མོངས་མང་བའི་དབང་གིས་བཅས་པ་དང་འགལ་བའི་ཉེས་པ་མི་ཡོང་བའི་ཐབས་ཤེས་གནང་ཐུབ་ན། དངོས་གནས་ཚིག་བཟང་པོ་ཞལ་ནས་གསུང་། དོན་བཟང་པོ་ཡིད་ལ་བསམ་ཞེས་པ་དེ་ཡོང་རྒྱུ་རེད། ཐོག་མ་རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཞེས་པའི་བསམ་པ་དེ་ང་ཚོའི་རྒྱུད་ལ་སྐྱེ་དགོས། དེ་ནས་དྲན་པ་དང་ཤེས་བཞིན་བག་ཡོད་རྣམས་རང་བཞིན་གྱིས་ཡོང་རྒྱུ་རེད། དེ་བྱུང་ན་བསྟན་པའི་རྩ་བ་སོ་སོ་ཐར་པ་ལ་སྒྲུབ་པ་སྙིང་པོ་བྱེད་ཐུབ་པའི་རེ་བ་ཡོད། དེ་མིན་བསྟན་པའི་རྩ་བ་སོ་སོ་ཐར་པ་དེ་ང་ཚོས་རྩེད་མོ་ལྟ་བུ་མ་གཏོགས། གལ་ཆེན་པོ་མིན་པའི་བསམ་ཚུལ་བཟུང་ན་ཏག་ཏག་བསྡད་མེད། ལྷག་པར་དུ་སྤྱིར་རྒྱལ་བའི་བསྟན་པ་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་གྱི་ཞབས་འདྲེན་དུ་འགྲོ་རྒྱུ་རེད།

མདོར་ན་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་ཐོག་མར་སྡུག་བདེན་འཁོར་བའི་ཉེས་དམིགས་བསམས་ནས་འཁོར་བ་ལས་ཡིད་འབྱུང་བའི་བློ་སྐྱེ་རྒྱུ་དང་། དེ་ནས་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམས་ནས་འཁོར་བ་ལ་འཇུག་ལྡོག་གི་རིམ་པ་རྣམས་བློ་ངོར་ངེས་རྒྱུ། དེ་རྗེས་ཐར་པ་སྒྲུབ་པའི་ལམ་གྱི་རིམ་པ་གཏན་ལ་ཕབ་ནས་ཀུན་འབྱུང་འཁོར་བའི་འཇུག་རིམ་གྱི་རྩ་བ་ཐོག་མ་མ་རིག་པ་དེ་བརྩད་ནས་འཇོམས་པའི་རིག་པ་ཡེ་ཤེས་ཀྱི་བློ་རྒྱུད་ལ་སྐྱེ་རྒྱུ་དང་། དེའི་ཆེད་དུ་བརྟན་པ་ཐོབ་པའི་བསམ་གཏན་གྱི་བློ་ཞི་གནས་མཚན་ཉིད་དང་ལྡན་པ་རྒྱུད་ལ་སྐྱེ་རྒྱུ། དེའི་མཐུན་རྐྱེན་མེད་དུ་མི་རུང་བ་སོ་སོ་ཐར་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་པ་ཞིག་རྒྱུད་ལ་སྐྱེ་རྒྱུ་སོགས་འབད་བརྩོན་བྱེད་ན་འཁོར་བ་ལས་གྲོལ་བའི་ཐར་པའི་གོ་འཕང་ཐོབ་པའི་རེ་བ་བྱེད་ཆོག  དེ་ཡན་གྱིས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་ཚུལ་དེ་ས་བཅད་མ་སྟོང་ཙམ་སོང་བའི་ཁུལ་ཡིན། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

 

ཉིན་གསུམ་པ།

(༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢)

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་ལས། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ།། རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན།། ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ།། རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར།། དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས།། རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན།། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།། ཞེས་གསུངས་པ་བཞིན་ཐེག་པ་ཆེན་པོར་འཇུག་པའི་གང་ཟག་ཅིག་ཡིན་ཕྱིན་སེམས་བསྐྱེད་དེ་ཐེག་པ་ཆེན་པའི་ལམ་གྱི་འཇུག་སྒོ་དང་ལམ་གྱི་གཞུང་ཤིང་ལྟ་བུ་དང་། གལ་ཏེ་སེམས་བསྐྱེད་ཀྱི་བློ་ཕུན་སུན་ཚོགས་པ་མེད་ན་རང་གི་སྣང་ཚུལ་ལ་ཐེག་པ་ཆེན་པོའི་ཆོས་དང་། སྔགས་ཀྱི་ཆོས་ཀྱི་ཉམས་ལེན་བྱེད་ཀྱི་ཡོད་སྙམ་རུང་། སེམས་བསྐྱེད་ཀྱི་རྩིས་མ་ཟིན་ན་ཡོང་ཐབས་མེད། བཀའ་གདམས་པ་གོང་མ་ཚོས། ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག  གང་ཟག་ཐེག་པ་ཆེན་པོའི་གྲལ་དུ་ཚུད་པ་དགོས་ཞེས་གསུངས་པ་བཞིན་རེད། དེ་ལྟ་བུའི་སེམས་བསྐྱེད་རང་རྒྱུད་ལ་སྐྱེ་ན་ཐ་ན་གཉིད་ལོག་པ་ཚུན་ཆད་ཀྱང་སེམས་ཅན་གྱི་དོན་དུ་འགྱུར་བ་དང་། དེ་ལ་བརྟེན་ནས་རླབས་ཆེན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བདེ་བླག་ཏུ་རྫོགས་ཐུབ་པ། རླབས་ཆེན་གྱི་སྤྱོད་པ་ཕྱིན་དྲུག་གི་གཞི་དང་རྟེན་དུ་གྱུར་པ་རེད། གང་ལྟར་སེམས་བསྐྱེད་ཀྱི་རྩིས་ཟིན་པའི་དགེ་བ་རྣམས་སེམས་ཅན་ཐམས་ཅད་ལ་དམིགས་པར་བརྟེན། སེམས་ཅན་གྱི་གྲངས་དང་མཉམ་པའི་བསོད་ནམས་དཔག་ཏུ་མེད་པ་འཐོབ་རྒྱུ་ཡིན་ཙང་། གྲངས་མེད་གསུམ་གྱི་ཚོགས་ཀྱང་དུས་ཡུན་ཐུང་ངུའི་ནང་རྫོགས་ཐུབ། དེས་ན་བྱང་ཆུབ་སེམས་དཔའ་རྒྱལ་སྲས་དཔའ་བོ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་འཛིན་པ་བཞིན། རྗེ་བདག་ཉིད་ཆེན་པོས་ཀྱང་ཐུགས་དམ་གྱི་མཐིལ་དུ་བཟུང་བ་ཡིན་ཞེས་གསུངས།

ཐེག་པ་ཆེན་པོའི་ལམ་ལ་བློ་སྦྱོང་བའི་ཐོག་མར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉམས་སུ་བླང་དགོས་པ་དང་། དེ་རྒྱུད་ལ་སྐྱེ་ན་དེ་ནི་སྐྱེ་བོ་ཕལ་པ་ཞིག་ཡིན་ནའང་རྒྱལ་བའི་སྲས་ཞེས་པའི་མཚན་ཐོགས་པ་དང་། ཉན་རང་སོགས་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་སོགས་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཙང་། ངེས་པར་དུ་ང་ཚོས་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་ཐོབ་པའི་སྐབས་འདིར་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཀྱང་སྐྱེ་ཐུབ་པ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟ་བུ་བྱེད་པ་ལའང་ཐོག་མར་དམ་པའི་ཆོས་ལ་སློབ་གཉེར་གནང་ནས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ལ་སོགས་པ་བྱང་སེམས་སྐྱེ་བའི་ཐབས་ལམ་རྣམས་སློབ་གཉེར་གནང་ནས་དེ་ཚུལ་བཞིན་དུ་མཁྱེན་པའི་ཐོག་ནས་ཉམས་སུ་ལེན་དགོས། ཐེག་པ་ཆེན་པོའི་སེམས་བསྐྱེད་ཅེས་པ་དེ་སྐྱེ་ཐུབ་པ་དང་སྦྱང་ཐུབ་པ་ཞིག་རེད། གལ་ཏེ་འབད་རྩོལ་བྱེད་ན་ངེས་པར་དུ་ལོ་བརྒྱ་ལའང་མི་སྐྱེ་སྙམ་པ་ཞིག་འདུས་བྱས་སོ་ན་མི་གནས་པ་ཡིན་པས་ངེས་པར་དུ་སྐྱེ་བ་རེད། ང་ཚོས་ཉམས་སུ་ལེན་ཚུལ་དང་སྒོམ་ཚུལ་རྣམས་ཕྱོགས་གཅིག་ནས་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱིས་རྒྱབ་འཁྱོག་པ་དང་། ཕྱོགས་གཞན་ནས་ལམ་གྱི་ངོ་བོ་དང་། གོ་རིམ། རྐང་གྲངས་སོགས་མ་འཁྲུགས་པར་ཉམས་སུ་ལེན་ཤེས་པ་དང་། དེ་ཡང་གཞུང་ཆེན་མོ་ལ་ལྟ་རྟོག་དང་། ཚོགས་བསགས་སྒྲིབ་སྦྱོང་། སྒོམ་ཉམས་ལེན་རྣམས་ཡ་མ་བྲལ་བར་བྱེད་ན་ངེས་པར་དུ་སྐྱེ་ཐུབ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཚེ་འདི་ལ་བཅོས་མ་ཚུན་ཆད་ཀྱང་སྐྱེ་ཐུབ་པའི་ཐབས་ཤེས་བྱེད་དགོས་སྙམ་པའི་འདུན་པ་དང་བཅས་ཆོས་གསན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར། མདོར་ན་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེ་འཐོབ་པར་བྱ་བའི་ཕྱིར་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་པའི་ཀུན་སློང་གསལ་བཏབ་ནས་གསན་དགོས་པ་ཡིན་པ་རེད། གང་གསན་པར་བྱ་བའི་ཆོས་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། དཔལ་མཉམ་མེད་ཇོ་བོ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ་ལྟ་བུའི་གདམས་པ་ཟབ་མོ། སྐལ་བ་དང་ལྡན་པའི་གང་ཟག་རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། ཆེ་བ་བཞི་དང་ཁྱད་ཆོས་གསུམ་གྱིས་ཕྱུག་པའི་ཆོས་བྱང་ཆུབ་ལམ་གྱི་རིམ་པའི་གནད་མདོ་ཙམ་སྟོན་པའི་རྗེ་བདག་ཉིད་ཆེན་པོའི་གསུང་ཡོན་ཏན་གཞིར་གྱུར་མའི་བཤད་ཁྲིད་མདོར་བསྡུས་ཙམ་འབུལ་བ་སྐབས་སུ་བབས་པ་རེད།

སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ།

སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ། སེམས་བསྐྱེད་ཐེག་ཆེན་གྱི་འཇུག་སྒོ་ཡིན་པ་དང་། སེམས་བསྐྱེད་ཚུལ། སྤྱོད་པ་ལ་སློབ་ཚུལ་བཅས་གསུམ་མོ།། སེམས་བསྐྱེད་་ཐེག་ཆེན་གྱི་འཇུག་སྒོ་ཡིན་པ་དེ་སྔོན་འགྲོའི་ཆོས་བཤད་གནང་སོང་ཟིན། སེམས་བསྐྱེད་ཚུལ་དང་སྤྱོད་པ་ལ་སློབ་ཚུལ་ནི་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ངོ་མ་ལྟ་བུ་དེ་རེད། སེམས་བསྐྱེད་ཚུལ་ལའང། གོ་སྐབས་དང་དུས་ཚོད་ཡོད་ན་ཐོག་མ་སེམས་བསྐྱེད་ཀྱི་ཕན་ཡོན་བསམས་ནས་སྤྲོ་བ་བསྐྱེད་པ་དང་། སེམས་བསྐྱེད་ཀྱི་རྒྱུ་བཞི་དང་། རྐྱེན་བཞི། སྟོབས་བཞི་སོགས་ཀྱི་སྒོ་ནས་གསུངས་ཚུལ་ཡོད་རུང་། དེ་ཚོ་མ་དགོས་པ་བྱ་རྒྱུ་ཡིན། ད་ལྟ་སེམས་བསྐྱེད་ཀྱི་བློ་སྦྱོང་ཚུལ་མདོར་བསྡུས་ལག་ཏུ་བླང་བདེ་བའི་ཐོག་ནས་ཞུ་ན། བོད་བརྒྱུད་ནང་བསྟན་དུ་དར་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ་གྱི་ཉམས་ལེན་གྱི་མན་ངག་ལ་གཉིས་རེད། དེ་ཡང་བླ་མ་གསེར་གླིང་པ་ནས་ཇོ་བོ་ཆེན་པོ་ལ་བརྒྱུད་པའི་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་དང་། དཔལ་མཉམ་མེད་ཞི་བ་ལྷ་ནས་བརྒྱུད་པའི་བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་བཅས་ཡིན། མཐར་ཐུག་ན་མན་ངག་རྒྱུ་འབྲས་བདུན་གྱི་གདམས་པ་དེ་རྒྱ་ཆེན་སྤྱོད་བརྒྱུད་དང་འབྲེལ་ནས་རྗེ་བཙུན་བྱམས་པ་ནས་འཕགས་པ་ཐོགས་མེད་ལ་བརྒྱུད་པ་དང་། བདག་གཞན་མཉམ་བརྗེའི་གདམས་པ་དེ་ཟབ་མོ་ལྟ་བརྒྱུད་དང་འབྲེལ་ནས་རྗེ་བཙུན་འཇམ་དབྱངས་ནས་འཕགས་ཀླུ་སྒྲུབ་ལ་བརྒྱུད་པ་བཅས་བཤད་ནའང་མི་འགྲིགས་པ་མེད། ཕྱོགས་གཞན་ནས་བཤད་ན། མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་དེ་བྱང་ཆུབ་སེམས་དཔའ་དབང་པོ་འབྲིང་དང་མཐའ་མས་ཉམས་ལེན་གཙོ་བོར་བྱེད་རྒྱུ་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་དེ་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོའམ་རབ་དེ་ཚོས་ཉམས་ལེན་གནང་ན་སྟབས་བདེ་བ་ཡོད་ཚོད་རེད། གང་ལྟར་མཐར་གཏུག་ན་སྟོང་པ་རྟེན་འབྱུང་གི་དོན་ངེས་པའི་བློས་གྲོགས་བྱེད་དགོས་པ་དང་། བདག་དང་གཞན་ནི་མིང་རྐྱང་བཏགས་ཡོད་ཙམ་དུ་མ་གཏོགས་དོན་གྱི་ངོ་བོའི་སྒོ་ནས་མ་གྲུབ་པ་དེ་གསལ་པོ་རྟོགས་ན་བདག་གཞན་མཉམ་བརྗེའི་ཉམས་ལེན་དེ་སྟབས་བདེ་བ་ཡོང་རྒྱུ་རེད། དེ་ནི་བདག་གཞན་མཉམ་བརྗེ་དབང་པོ་རབ་ཀྱི་ཉམས་ལེན་ཡིན་པའང་དེ་ལྟར་རེད།

མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ།

ཐོག་མ་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་མདོར་བསྡུས་ཞུ་ན། གཞུང་ཁ་ཤས་དང་དེང་སང་བཤད་རྒྱུན་མང་པོའི་ནང་མན་ངག་རྒྱུ་འབྲས་བདུན་པོ་ལས་མར་ཤེས་ནས་ལྷག་བསམ་གྱི་བར་དུ་རྒྱུ་དྲུག་དང་། ཐེག་ཆེན་སེམས་བསྐྱེད་དེ་འབྲས་བུ་གཅིག་བཅས་གསལ་རུང་། རྗེ་བདག་ཉིད་ཆེན་པོའི་གསུང་སྟངས་ཕྲན་བུ་མི་འདྲ་ཞིང་། དེ་ཡང་ལམ་རིམ་ཆེ་ཆུང་ནང་སྙིང་རྗེ་ཆེན་པོ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ཡིན་ཙང་གཙོ་བོ་དེ་ལ་བློ་སྦྱོང་ཚུལ་གྱི་ཐབས་ལམ་དེ་བསྟན་པ་དང་། དེ་ཉམས་སུ་ལེན་པའི་སྐབས་སུ་ཐོག་མ་བསྒྲུབ་བྱའི་གཙོ་བོ་སྙིང་རྗེ་ཆེན་པོ་ཡིན་པས། དེ་སྒྲུབ་པ་ལ་སྙིང་རྗེ་སྐྱེ་བའི་ཡུལ་དེ་ཤིན་ཏུ་ཐག་ཉེ་བ་དང་ཡིད་དུ་འོང་བ་མ་མཐོང་ན་སྐྱེ་དཀའ་བས་ཡིད་འོང་གི་བྱམས་པ་དེ་དགོས། དེ་སྒྲུབ་པ་ལ་སེམས་ཅན་ཐམས་ཅད་རང་གི་གཉེན་དུ་འདུ་ཤེས་པ་དང་དྲིན་ཆེ་བ་ཡིན་པ་འདུ་ཤེས་དགོས་པས་དྲིན་དྲན་དང་དྲིན་གཟོ་བའི་བསམ་པ་སྔོན་དུ་འགྲོ་དགོས། དེ་ལྟ་བུའི་དྲིན་དྲན་དང་དྲིན་གཟོ་སྐྱེ་བ་ལ་སེམས་ཅན་ཐམས་ཅད་རང་གི་གཉེན་གྱི་ནང་ནས་མཆོག་ཏུ་གྱུར་པ་མར་ཤེས་དགོས། མར་ཤེས་ཀྱི་བསམ་པ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ན་དྲིན་དྲན་ཐུབ། དེ་བྱུང་ན་དྲིན་གཟོ་བའི་བསམ་བློ་འཁོར། དེ་འཁོར་ན་དྲིན་གཟོ་བའི་ཐབས་ལ་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ། དེ་ནས་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེ། སྙིང་རྗེ་ཆེན་པོ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ན་དེས་དྲངས་པའི་ལྷག་བསམ་དང་། དེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་ཡོང་རྒྱུ་རེད། དེར་བརྟེན་ལྷག་བསམ་དང་བྱང་ཆུབ་ཀྱི་སེམས་གཉིས་འབྲས་བུ་དང་། མར་ཤེས་ནས་ཡིད་འོང་གི་བྱམས་པའི་བར་དུ་རྒྱུ། སྙིང་རྗེ་ཆེན་པོ་བསྒྲུབ་བྱ་གཙོ་བོ་བཅས་རྒྱུ་འབྲས་མན་ངག་བདུན་ཡིན། ཐེག་ཆེན་སེམས་བསྐྱེད་ལ་བློ་སྦྱོང་བའི་སྐབས་སུ་རྒྱུ་འབྲས་མན་ངག་བདུན་དང་། བདག་གཞན་མཉམ་བརྗེ་སོགས་ལ་བློ་སྦྱང་དགོས་པའི་རྒྱུ་མཚན་ཇི་ལྟར་ཆགས་ཤེ་ན། བྱང་ཆུབ་ཀྱི་སེམས་ནི་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས་པའི་བློ་ཞིག་ལ་ཟེར། སྤྱིེར་འདུན་པ་གཉིས་ལྡན་ཞེས་བརྗོད་ཀྱང་། འདུན་པ་གཉིས་ཀྱི་ནང་ནས་གཞན་དོན་དོན་གཉེར་གྱི་འདུན་པ་དེ་གཙོ་ཆེ་བ་རེད། གཞན་དོན་དོན་གཉེར་གྱི་འདུན་པ་མེད་པ་ལ་བྱང་ཆུབ་དོན་གཉེར་བྱུང་ན། དེ་ལྟ་བུའི་བྱང་ཆུབ་དོན་གཉེར་གྱིས་དྲངས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་སེམས་ཤིག་བྱུང་ནའང་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་མི་བརྗོད། དེ་ལ་བྱང་ཆུབ་སེམས་ཀྱི་ཡན་ལག་མི་ཚང་ཞིང་། དེ་ཚང་བ་ལ་གཞན་དོན་དོན་གཉེར་གྱི་བློ་མེད་དུ་མི་རུང་བ་རེད། གཞན་དོན་དོན་གཉེར་གྱི་བློ་སྐྱེ་བའི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་སྐབས་སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་བྱ་མཐར་ཐུག་ལ་མི་བརྩི། དེའི་འཐོབ་བྱ་མཐར་ཐུག་ནི་གཞན་དོན་འབད་མེད་ལྷུན་གྲུབ་ཡོང་རྒྱུ་དེ་རེད། གང་ལྟར་གཞན་དོན་དུ་རྫོགས་བྱང་ལ་དམིགས་པ་མ་གཏོགས། སོ་སོ་ལ་སྐྱིད་པོ་ཡོང་བའི་དོན་དུ་མ་རེད། དེ་ལྟ་བུའི་རང་དོན་གྱི་འདུན་པ་ལ་བྱང་ཆུབ་ཀྱི་སེམས་ཞེས་མི་བརྗོད། དེས་ན་གཞན་དོན་དོན་གཉེར་གྱི་བློ་དེ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་རྒྱབ་ལྗོངས་ཀྱི་བློ་མེད་དུ་མི་རུང་བ་དེ་རེད། དེང་སང་གི་བཤད་སྟངས་བྱས་ན་གཞན་དོན་ནི་མཇུག་འབྲས་དང་། སངས་རྒྱས་ཀྱི་གོ་འཕང་ཐབས་ལམ་རེད། གཞན་དོན་འབད་མེད་ལྷུན་གྲུབ་ཡོང་བ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་སེམས་ཅན་གྱི་ཁམས་དང་། བསམ་པ། བག་ལ་ཉལ། ཐབས་ཇི་ལྟ་བུའི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་སྟངས་ཕྲ་ཞིང་ཕྲ་བ་རྣམས་ཤེས་ཀྱི་མེད། ཉན་རང་དགྲ་བཅོམ་པ་ཡིན་ནའང་གཞན་དོན་ཉི་ཚེ་བ་ཙམ་ལས་མཐར་ཐུག་པ་བྱེད་མི་ཐུབ་པ་ནི་གཞན་གྱི་ཁམས་དང་། བསམ་པ། བག་ལ་ཉལ་ཇི་ལྟ་བ་བཞིན་ཤེས་པའི་ནུས་པ་མེད་པས་རེད། དེ་ལ་ཡུལ་གྱི་བསྐལ་བ་དང་། དུས་ཀྱིས་བསྐལ་བ། ངོ་བོ་ཕྲ་བས་བསྐལ་བ་སོགས་ཡོད་པར་བརྟེན་རྟོགས་མི་ནུས་པ་རེད། དེ་བཞིན་ཉན་རང་དགྲ་བཅོམ་པ་རང་གི་དོན་ཡོངས་སུ་རྫོགས་མེད་ཅིང་། དེ་ནི་རང་འཇིགས་པ་ཐམས་ཅད་ལས་གྲོལ་མེད་ལ། ཤེས་བྱའི་འཇིགས་པ་ལས་ཀྱང་གྲོལ་མེད། དེས་ན་གཞན་གྱི་དོན་སྒྲུབ་པའི་ཐབས་ལའང་རྣམ་པ་ཐམས་ཅད་དུ་མཁས་པ་ཞིག་མིན། དེ་ལྟར་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་གཞན་དོན་འབད་མེད་ལྷུན་གྲུབ་ཡོང་ཐུབ། དཔེར་ན་ནམ་མཁར་ཟླ་བ་ཤར་བའི་སྐབས་སུ་ཆུ་སྣོད་ཐམས་ཅད་དུ་ཟླ་བའི་གཟུགས་བརྙན་རང་བཞིན་གྱིས་ཤར་བ་བཞིན་གདུལ་བྱའི་རྒྱུད་ལ་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པའི་ཆ་རྐྱེན་ཚང་ན་འབད་མེད་ལྷུན་གྲུབ་ཏུ་འཇུག་པ་མ་གཏོགས། སངས་རྒྱས་ཀྱིས་འབད་པ་བྱེད་དགོས་པ་དང་བློ་ཡི་གཡོ་བ་སྔོན་དུ་བཏང་ནས་སྐུ་ངལ་བསྐྱོན་དགོས་པ་མེད། དེ་ལྟ་བུའི་འབད་མེད་ལྷུན་གྲུབ་ཀྱི་འཕྲིན་ལས་གྲུབ་ན་གཞན་དོན་རླབས་ཆེན་རང་བཞིན་གྱིས་ཡོང་ཐུབ། དེས་ན་བྱང་ཆུབ་སེམས་དཔའི་མཐར་ཐུག་གི་བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ནི་གཞན་དོན་ཡིན་པ་ལས་བྱང་ཆུབ་མིན། གཞན་དོན་དེའི་ཆེད་དུ་ལག་ཆའམ་ཐབས་ལམ་ལ་བྱང་ཆུབ་དེ་དགོས། སྐབས་འདིེར་གཞན་དོན་དོན་གཉེར་ནི་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་འདུན་པ་ཞིག་ལ་ཟེར། ད་ལྟའང་ང་ཚོའི་བསམ་བློའི་ནང་གཞན་དོན་དོན་གཉེར་གྱི་བློ་བཅོས་མའམ་ཕལ་པ་ལྟ་བུ་ཞིག་ཡོད་ཅིང་།  སོ་སོའི་དགའ་པོ་ཉེ་པོ་ལ་ཡག་པོ་བྱུང་ན་སྙམ་པའི་བློ་ཞིག་ཡོད། ཡིན་ནའང་ང་ཚོའི་གཞན་དོན་དོན་གཉེར་མཚན་ཉིད་པ་མི་ཡོང་བའི་འགག་རྩ་གང་དུ་ཐུག་ཡོད་ཅེ་ན། སེམས་ཅན་ཐམས་ཅད་ལ་མཉམ་པའི་དོན་སྒྲུབ་པའི་འདུན་པ་མེད་པ་དེ་རེད། དེས་ན་གཞན་དོན་དོན་གཉེར་གྱི་བློའི་གཞི་གྲུབ་པ་ལ་ཐོག་མ་སེམས་ཅན་ཡོངས་ལ་སེམས་མཉམ་པ་དེ་དགོས། དེ་སྔོན་ལ་མ་བསྒྲུབ་ན་མར་ཤེས་དང་དྲིན་དྲན་ལ་སོགས་པའི་བློ་གོང་མ་སྦྱོང་བའི་སྐབས་སུ་དཀའ་ངལ་འཕྲད་རྒྱུ་རེད། དེས་ན་ཇོ་བོ་རྗེ་ནས་བརྒྱུད་པའི་མན་ངག་རྒྱུ་འབྲས་བདུན་གྱི་ནང་བཏང་སྙོམས་ཞེས་པ་དེ་མེད། དེ་ནི་མར་ཤེས་ནས་མགོ་ཚུགས་པ་རེད། འོན་ཀྱང་དེ་ལྟ་བུའི་མར་ཤེས་ཀྱི་བློ་ཚད་དང་ལྡན་པ་སྐྱེ་བ་ལ་དེའི་མཐུན་རྐྱེན་ནམ་སྔོན་འགྲོའི་གཞི་ལྟ་བུ་བཏིང་བའི་ཆེད་དུ་བཏང་སྙོམས་ཀྱི་བློ་དེ་འཁྱེར་དགོས། དེས་ན་བཏང་སྙོམས་བསྒོམ་རྒྱུ་དེ་མན་ངག་རྒྱུ་འབྲས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཐབས་ཤེས་བྱེད་ནའང་རེད། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཐབས་ཤེས་བྱེད་ཀྱི་ཡོད་ནའང་རེད། གང་ལྟར་དེ་གཉིེས་ཀར་ཐོག་མ་བཏང་སྙོམས་བསྒྲུབ་དགོས་པ་དེ་གལ་ཆེན་པོ་རེད། སྤྱིར་བཏང་སྙོམས་ལ་འདུ་བྱེད་བཏང་སྙོམས་དང་། ཚོར་བ་བཏང་སྙོམས་ཡོད་ཀྱང་། སྐབས་འདིར་དེ་གཉིས་མ་ཡིན་པར་སེམས་ཅན་ཀུན་ལ་སེམས་སྙོམས་པའི་བཏང་སྙོམས་དེ་རེད། འོན་ཀྱང་ཐེག་པ་ཐུན་མོང་བའི་གཞུང་ནས་བཤད་པའི་ཚད་མེད་བཞིའི་ནང་ཚན་གྱི་བཏང་སྙོམས་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པ་མ་གཏོགས། སེམས་ཅན་ཐམས་ཅད་ལ་དམིགས་པ་ཞིག་མིན། སྤྱིར་བློ་ཡི་རྣམ་པ་སྦྱོང་སྟངས་དེ་ཐེག་པ་ཐུན་མོང་ནས་བཤད་པའི་ཚད་མེད་བཞིའི་ནང་ཚན་གྱི་བཏང་སྙོམས་དང་མཚུངས་པ་རེད། དེས་ན་གོང་དུ་ཞུས་པ་བཞིན་ལམ་གྱི་ཤར་སྒོམ་དང་། ཉམས་ལེན། བློ་སྦྱོང་སོགས་གང་བསྒོམ་ཡང་སྦྱོར་དངོས་རྗེས་གསུམ་ཚང་བ་བྱེད་དགོས་ཤིང་། སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གནད་སྨིན་སྔོན་དུ་འགྲོ་དགོས་པ་སྨོས་མ་དགོས། དེ་མ་བྱུང་ན་བསོད་ནམས་ཀྱིས་རྒྱབ་འཁྱོག་གི་མ་རེད། དེ་ནི་བསག་སྦྱང་གི་ཡན་ལག་མ་ཚང་བ་འགྱུར་རྒྱུ་རེད། ལར་ནས་སྒོམ་པ་ཙམ་མིན་པར། ཕྱག་དཔེ་གཟིགས་རྒྱུ་དང་། ཆོས་རྭ་འགྲིམས་པ་དང་དེའི་ནང་ཞལ་འདོན་གནང་བ་སོགས་ཚང་མ་ཐེག་པ་ཆེན་པོའི་ཆོས་ཚད་ལྡན་དུ་འགྲོ་བ་ལ་སྔ་དྲོ་བཞེངས་པ་དང་སྦྱོར་བའི་ཆོས་དྲུག་ཚང་བའི་ཉམས་ལེན་གནང་སྟེ་དེའི་ཉིན་མོའི་དགེ་བའི་བྱ་བ་རྣམས་སྦྱོར་དངོས་རྗེས་གསུམ་ཚང་བ་དང་། མཚན་མོ་གཟིམ་ཁར་དེ་ཚོ་ཚང་མ་བགྲང་བཤེར་གནང་ནས་དེ་དག་བསྔོ་བ་དང་སྨོན་ལམ་གྱིས་རྒྱབ་བཏབ་ཅིང། བྱུང་ན་འཁོར་གསུམ་མི་དམིགས་པའི་རྒྱས་བཏབ་པ་དང་། མ་བྱུང་ནའང་བྱང་ཆུབ་ཏུ་བསྔོ་བའི་རྒྱས་བཏབ་པ་བཅས་གནང་ཐུབ་ན་དགེ་བ་བྲེ་གསོག་ཕུལ་གསོག་རྣམས་ཆུད་ཟོས་སུ་མ་སོང་བ་དང་གནད་དུ་སྨིན་པ་ཞིག་ཡོང་རྒྱུ་རེད། དེ་ལྟ་བུའི་སྦྱོར་བའི་ཆོས་སྔོན་བཏང་ཟིན་ནས་དངོས་གཞི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་བློ་སྦྱོང་བའི་སྐབས་སུ་ཐོག་མ་བཏང་སྙོམས་བསྒོམ་དགོས།

ང་ཚོའི་བློ་ཡི་འཆར་སྣང་དུ་འགའ་ཤས་ལ་དགྲ་ཡི་རྣམ་པ་དང་། འགའ་ཤས་ལ་གྲོགས་ཀྱི་རྣམ་པ། འགའ་ཤས་ལ་དགྲ་གཉེན་གང་ཡང་མིན་པའི་བར་མའི་རྣམ་པ་བཅས་ཡོང་ཞིང་། ང་ཚོས་མི་གཞན་སུ་ལའང་འབྲེལ་བ་བྱེད་པའི་སྐབས་སུ་གྲོགས་པོ་དང་གཉེན་ཡིན་སྙམ་པ་ཚོ་མཐོང་བ་ན་ཆགས་པའི་ཀུན་ནས་བསླངས་པའི་བསམ་བློ་སྐྱེ་བ་དང་། དེ་བཞིན་སོ་སོའི་སྒེར་གྱི་མི་དགའ་ས་དང་། སྤྱི་ཚོགས་དང་མི་རིགས་ཀྱི་དགྲ་མཐོང་བ་ན་མི་དགའ་བ་དང་ཁོང་ཁྲོ་ལངས་པ་རེད། དཔེར་ན་ང་ཚོ་བོད་པའི་སྤྱི་ཚོགས་ལ་ཕྱི་ནས་བལྟས་ན་ཆོས་གོས་རྣམ་གསུམ་མཆོད་དེ་ཧ་ཅང་འདྲ་ཆགས་པོ་བཞུགས་པ་ཚོ་ལ་ནང་དུ་ཞིབ་ཚགས་ཀྱིས་ཞུ་དག་གཏོང་ན་རྒྱ་མི་དང་རྒྱ་མིའི་ལས་བྱེད་ཚོ་ལ་སྡང་སེམས་དང་ཁོང་ཁྲོ་མེད་པ་དཀོན་པོ་རེད། གང་ལྟར་ཁོང་ཚོ་ང་ཚོའི་མི་རིགས་ཀྱི་འགལ་ཟླ་དང་ང་ཚོར་སྡུག་པོ་མང་པོ་གཏོང་མཁན་ཞིག་ཡིན་པར་བརྟེན། དེ་ལ་དམིགས་པའི་བློ་མ་བདེ་བ་དང་། བློའི་ནང་ཞེ་སྡང་གི་རྣམ་པ་རང་བཞིན་གྱིས་ཡོང་རྒྱུ་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་སྐྱབས་བཅོལ་ཡོང་བའི་སྐབས་སུ་བླ་མ་བགྲེས་པ་སྐྱ་ཆས་མཆོད་དེ་སྐུ་གཟུགས་ལ་མཚོན་ཆ་བཏགས་ནས་ཕེབས་མཁན་དེ་འདྲ་ལམ་དུ་མཇལ་སོང་། སྐབས་དེར་བསམ་བློའི་ནང་མ་བདེ་བ་ཡོང་གི་འདུག  གུང་བྲན་གྱིས་བསྟན་པ་བཤིག་པ་ཡོངས་གྲགས་རེད། འོན་ཀྱང་གུང་བྲན་གྱི་རྐྱེན་ལ་བརྟེན་ནས་ང་ཚོས་ཀྱང་དེ་ལ་མཐུན་འགྱུར་བྱེད་པ་ལྟ་བུ་རེད། དགེ་བཤེས་ཤེས་རབ་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་པའི་ལོར་ལྗགས་རྩོམ་གནང་བ་དང་། དེ་ནི་དགའ་ལྡན་གྱི་བྲག་སོག་རིན་པོ་ཆེས་ཞུས་པ་ཞིག་རེད། ཕལ་ཆེར་དེའི་མཚན་ལ་བསླབ་བྱ་ཨ་རུ་ར་རྣམ་པར་རྒྱལ་བའི་དགའ་ཚལ་ཡིན་པ་ཡོད། དེའི་ནང་། གུང་ཞེས་བྱ་བའི་མིང་གི་ཡི་གེའི་གཟུགས།། དེང་སང་འཛིན་མའི་ཏོག་ཏུ་བཀོད་པ་འདིས།། བསྟན་ལ་རྨ་སྲོལ་ཅི་ཡང་མི་འབྱིན་ཏེ།། མདུན་གྱི་ཐེམ་པའི་དོང་ལ་དྭོགས་ཟོན་གཅེས།། ཞེས་གུང་བྲན་གྱིས་བསྟན་པ་བཤིག་རྒྱུ་དེ་མི་ཡོང་རུང་། བསྟན་པ་ཉམས་དང་མི་ཉམས་ནི་སོ་སོའི་དྲུང་དུ་ཡོད་པའི་ཐེམ་པའི་མདུན་གྱི་དོང་ལ་དྭོགས་གཟོན་བྱེད་དགོས་ཞེས་གསུངས་པ་བཞིན་ང་ཚོའི་བསམ་བློའི་ནང་དགྲ་གཉེན་བར་གསུམ་དུ་རིས་བཅད་ནས་ཁ་ཤས་ལ་སྡང་བ་དང་། ཁ་ཤས་ལ་ཆགས་པ། ཁ་ཤས་ལ་བར་མ་བྱེད་ན་རང་རྒྱུད་ཀྱི་བསྟན་པ་དེ་རང་གིས་བཤིག་པ་རེད། ང་ཚོའི་རྒྱུད་ལ་ཡོད་པའི་ལུང་དང་རྟོགས་པའི་བསྟན་པ་ནི་ཕྱི་མི་གཞན་ཞིག་གིས་བཤིག་ཁག་པོ་རེད། སྤྱིེར་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་རྩ་མེད་དུ་གཏོང་བ་དང་། སློབ་གཉེར་གྱི་ཡུལ་གསུང་རབ་རྣམས་མེར་བསྲེགས་གཏོང་བ། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གཏོར་བཤིག་གཏོང་བ་སོགས་ནི་ཕྱིའི་དགྲ་ཡིས་བྱེད་ཐུབ། འོན་ཀྱང་སོ་སོའི་རྒྱུད་དུ་ཡོད་པའི་ལུང་རྟོགས་ཀྱི་ཆོས་མེད་པ་བཟོ་རྒྱུ་དང་འཕྲོག་རྒྱུ་གང་ཡང་མེད། དེ་ནི་ཉོན་མོངས་པའི་བློ་ཤུགས་དྲག་སྐྱེས་ནས་དེ་ལ་བརྟེན་ནས་རང་རྒྱུད་ཀྱི་བསྟན་པ་རང་གིས་བསྣུབས་པ་རེད། དེས་ན་རིས་སུ་བཅད་པའི་བློ་དེ་མེད་པ་བཟོས་ནས་རིས་སུ་མ་བཅད་པའི་བློ་སྐྱེ་བའི་དོན་དུ་ཐོག་མ་ལ་བཏང་སྙོམས་བསྒོམ་རྒྱུ་དེ་རེད། ཐེག་པ་ཐུན་མོང་བའི་ཚད་མེད་བཞི་བཤད་པའི་སྐབས་སུ་བཏང་སྙོམས་མཐའ་མ་ཡོང་བ་དང་། ཡིན་ནའང་སྒོམ་པའི་སྐབས་སུ་དང་པོར་བསྒོམ་རྒྱུ་རེད། བཏང་སྙོམས་ནི་བློ་ཉེ་རིང་བྲལ་བ་ཞིག་ལས། ཡལ་བར་དོར་བ་ལ་མི་ཟེར། དེ་ལྟ་བུའི་བཏང་སྙོམས་ཡོང་བ་ལ་ཇི་ལྟར་བསྒོམ་དགོས་ཤེ་ན། རང་གི་མདུན་དུ་ཧ་ཅང་ཁོང་ཁྲོ་སྐྱེ་སའི་དགྲ་ཞིག་གསལ་བཏབ་པ་དང་། དེ་བཞིན་རང་གི་ཕ་མ་ལྟ་བུ་ཧ་ཅང་ཐག་ཉེ་བ་ཞིག་གསལ་བཏབ། དེ་ནས་ངོ་མི་ཤེས་པའི་གང་ཟག་ཅིག་གསལ་བཏབ་ནས་རང་གི་བློས་གང་ཟག་དེ་གསུམ་ལ་རང་གི་ངོས་ནས་བློ་ཡི་འཁྱེར་སོ་ཇི་ལྟར་ཡོད་མིན་བརྟག་དཔྱད་བྱེད་ན། དགྲ་ཡི་ངོས་ལ་མི་དགའ་བ་དང་སྡང་ཟུག་གི་རྣམ་པ་དང་། དེ་ལ་གནོད་པ་བྱུང་ན་སྙམ་པ་དང་། གཉེན་དེ་ལ་དགའ་བའི་རྣམ་པ་དང་དེ་ལ་ཕན་ཐོགས་ན་སྙམ་པ། བར་མ་དེ་ལ་གང་བྱུང་ནའང་འགྲིགས་པ་ལྟ་བུའམ་ཡལ་བར་འདོར་བའི་རྣམ་པ་བཅས་མི་འདྲ་བ་གསུམ་ཡོང་ཞིང་། དེ་ལྟ་བུའི་འདུ་ཤེས་གསུམ་ང་ཚོས་ངོས་མ་ཟིན་པ་མ་གཏོགས་རྒྱུན་དུ་ཡོད་པ་དེ་སོ་སོའི་བློ་ལ་བརྟག་དཔྱད་བྱེད་ན་བདེ་བླག་ཏུ་མཁྱེན་ཐུབ། དཔེར་ན་རླུང་འཕྲིན་ནམ་གསར་ཤོག་ནང་ཡུལ་གྲུ་གཞན་ཞིག་ཏུ་ས་ཡོམ་བརྒྱབས་ནས་མི་སྟོང་ཕྲག་ཁ་ཤས་འཆི་བའི་གསར་འགྱུར་ཐོན་ན་དེས་སོ་སོའི་བསམ་བློར་གཡོ་འགུལ་གང་ཡང་མི་ཐེབས་པ་དང་། དེ་ལ་དགའ་བ་དང་མི་དགའ་བའི་འདུ་ཤེས་གང་ཡང་མེད། དེ་ལྟ་བུའི་གསར་འགྱུར་དེ་སོ་སོ་དང་ཕྲན་བུ་འབྲེལ་བ་ཡོད་པའི་ས་གནས་ཤིག་ལ་བྱུང་ན་དེའི་ནང་ངའི་ངོ་ཤེས་པ་དེ་འདྲ་ལ་སྐྱོན་བྱུང་མེད་དམ་སྙམ་ནས་ཕྲན་བུ་འདྲོགས་ཀྱི་རེད། གནས་ཚུལ་དེ་སོ་སོའི་གཉེན་སོགས་ཧ་ཅང་མང་པོ་ཡོད་པའི་ས་གནས་ལ་བྱུང་ན་ལམ་སེང་བྲེལ་འཚུབ་ལངས་ནས་གང་ཡོང་ཅི་ཡོང་བྱེད་ཀྱི་རེད། དེ་དག་གིས་གང་མཚོན་གྱི་ཡོད་ཅེ་ན། ས་ཡོམ་བརྒྱབས་ནས་མི་སྟོང་ཤི་བའི་གནས་ཚུལ་དེ་གཅིག་ཡིན་རུང་། དེས་ཚོར་བ་སྟེར་སྟངས་སམ་བསམ་བློའི་ནང་གཡོ་འགུལ་བྱེད་སྟངས་མི་འདྲ་བ་རེད། ལར་ནས་འཆི་མཁན་ཚང་མ་མི་ཡིན་པ་དང་སྲོག་ལ་གཅེས་པ་གཅིག་པ་རེད་ལ། བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པའང་གཅིག་པ་རེད། ཡིན་ནའང་ང་ཚོས་ལྟ་སྟངས་ལ་ཁྱད་པར་འགྲོ་བ་དེ་ཉམས་མྱོང་ཐོག་ནས་མཁྱེན་ཐུབ།

དེ་ལྟ་བུའི་བློའི་འཁྱེར་སོ་མི་འདྲ་བ་དེའི་ཐོག་ལ་དཔྱད་སྒོམ་བྱས་ནས་རྒྱུ་མཚན་བསམ་དགོས། སྐབས་དེར་སོ་སོའི་བསམ་བློའི་ནང་རྒྱུ་མཚན་ལྟར་སྣང་མང་པོ་ཡོང་ཞིང་། དཔེར་ན་དགྲ་དེས་ང་ལ་གནོད་པ་འདི་ལྟར་བྱས་སོང་སོགས་དང་། གཉེན་དེས་རང་ལ་གྲོགས་བྱས་པའི་འདུ་ཤེས་རྣམས་བྱུང་བ་ལ་སོ་སོས་དཔྱད་པ་བྱས་ཏེ། དགྲ་འདིས་ད་ལྟ་འདི་འདྲ་བྱས་ཀྱང་། འདིས་སྐྱེ་བ་སྔོན་མ་རྣམས་སུ་མ་སོགས་གཉེན་བྱས་པ་གྲངས་ཀྱིས་མི་ཆོད་ལ། དེའི་སྐབས་སུ་ཧ་ཅང་མང་པོ་ཕན་བཏགས་པ་རྣམས་རྩིས་མེད་དུ་བཏང་ནས། ད་རེས་ལན་ཅིག་གནོད་བྱས་པ་ལ་གལ་ཆེན་པོ་བརྩི་དགོས་པ་གང་ཡིན་སོགས་དང་། དེ་བཞིན་དུ་ད་ལྟའི་གཉེན་རྣམས་ཀྱིས་ཀྱང་སྐྱེ་བ་མང་པོར་རང་གི་དགྲ་བོར་གྱུར་ཏེ་གནོད་མང་པོ་བྱས་ཡོད་པ་ལ་ད་རེས་གཉེན་ཡིན་པ་ཙམ་གྱིས་ཆགས་པ་བྱེད་དགོས་དོན་གང་ཡིན་སོགས་བསམ་བློ་གཏོང་ན་དགྲ་གཉེན་བར་གསུམ་གྱི་དབྱེ་བ་བཅད་པ་དེ་གནས་སྐབས་བློ་ཡིས་བཏགས་པ་ཙམ་དང་། དེ་དག་ཀྱང་ཉོན་མོངས་དབང་དུ་སོང་ནས་བྱས་པ་ཤ་སྟག་ཡིན་པ་མཁྱེན་ཐུབ། དེ་ལྟར་རིམ་པས་གོམས་པའི་སྐབས་སུ་སེམས་ཅན་ཀུན་ལ་བློ་སྙོམས་པ་སྐྱེ་ཐུབ་པ་རེད། དེ་ལྟར་གཅིག་གྱུར་གྱི་བློ་སྐྱེ་ན་དེ་ནས་མར་ཤེས་བསྒོམ་རྒྱུ་རེད། དེའི་རྒྱུ་མཚན་ནི་རིག་པའི་ཐོག་ནས་སྐྱེ་བ་སྔ་ཕྱི་མུ་མཐུད་པ་དང་རིག་པའི་ཡ་མཐའ་ཐོག་མེད་དུ་སྒྲུབ་པའི་གནས་ཚུལ་གཞི་ལ་བཞག་ནས་བཤད་པ་རེད། སྐྱེ་བ་སྔ་ཕྱིའི་རྣམ་གཞག་ཁས་མི་ལེན་ན་མ་གཅིག་མ་གཏོགས་མ་མང་པོ་ཡོང་རྒྱུ་མེད་པར་བརྟེན། མར་ཤེས་ཡོང་ཐབས་མེད། དེས་ན་ཐོག་མ་མེད་པ་ནས་ཁམས་གསུམ་འཁོར་བ་འདིིའི་ནང་སྐྱེ་བ་ལེན་པ་དང་ཤི་བ་སོགས་མུ་མཐུད་ནས་ཡོང་བའི་སྐབས་སུ་རང་གི་ཕ་མ་སོགས་མ་བྱས་པ་མེད། དེ་ལྟར་རང་གི་སྐྱེ་བ་ལ་ཐོག་མ་མེད་པའི་ངེས་པ་རྙེད་པ་དང་། དེ་བཞིན་སེམས་ཅན་གཞན་དག་གི་སྐྱེ་བ་ལའང་ཐོག་མ་མེད་པའི་ངེས་པ་རྙེད་ན་དེ་ལྟ་བུའི་གྲངས་མེད་པའི་སྐྱེ་བ་བླངས་པའི་རིང་ཕ་མ་སོགས་མང་པོ་དགོས་རྒྱུ་ངེས་པ་རེད་ཅེས་སོགས་དཔྱད་སྒོམ་བྱེད་ན་རིམ་གྱིས་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་བ་དང་། དེ་ཡང་གྲངས་མེད་པ་ཞིག་བྱས་མྱོང་བ་དེ་ངེས་པ་རྙེད་རྒྱུ་རེད། ད་ལྟ་ང་ཚོས་དཔྱད་སྒོམ་མང་པོ་བྱེད་ཀྱི་མེད་ཙང་བསམ་བློའི་ནང་མ་ཡིན་སྙམ་པའི་འདུ་ཤེས་དེ་ཡོང་མི་ཐུབ། གལ་ཏེ་བློ་སྦྱང་ན་རིམ་གྱིས་ཡོང་རྒྱུ་རེད། དེ་ནས་མར་ཤེས་ཀྱི་བསམ་བློར་རྩོལ་བཅས་ཀྱི་མྱོང་བ་ཕྲན་བུ་ཐོན་ན་དེ་ནས་དྲིན་དྲན་དགོས་ཤིང་། དྲིན་དྲན་ཚུལ་ནི་ཚེ་འདིའི་མས་ཐོག་མ་ཟླ་བ་དགུ་ངོ་བཅུའི་རིང་རང་གི་སྦྲུམ་ནང་ཉར་ནས་ཕྲུ་གུར་གནོད་དྭོགས་ཀྱིས་རང་གི་འཕྲོད་བསྟེན་དང་འགུལ་བསྐྱོད་ཡན་ཆད་ནས་གཟབ་གཟབ་བྱ་རྒྱུ་དང་། སྐྱེ་བའི་སྐབས་སུ་སྡུག་བསྔལ་གྱི་ཚོར་བ་ཤུགས་དྲག་པོ་ཡོད་ནའང་བཟོད་བསྲན་གྱིས་ཕྲུ་གུར་ལྟ་རྟོག་བྱ་རྒྱུ། སྐྱེས་ཟིན་པ་ན་ཉུང་མཐར་ལོ་བཅུ་གྲངས་སམ་རང་མགོ་མ་ཐོན་བར་ཟས་ཀྱི་ཕུད་དང་གོས་ཀྱི་ཕུད་སོགས་ཀྱིས་གཅེས་སྤྲས་ཀྱིས་བསྐྱངས་ཤིང་། མི་ལྟ་ཞོག་དུད་འགྲོ་ལ་བལྟས་ནའང་དེའི་ཕ་མས་སོ་སོའི་ཕྲུ་གུ་ལ་གསོ་སྐྱོང་བྱེད་སྟངས་ང་ཚོས་རྟག་ཏུ་མཐོང་བཞིན་པ་རེད། གང་ལྟར་སོ་སོའི་ནུས་ཚོད་ལ་གཞིགས་པས་གང་གཟབ་བྱེད་ཀྱི་ཡོད། དེ་ལྟ་བུས་བསྐྱངས་པའི་དྲིན་དེ་ཧ་ཅང་དྲིན་ཆེན་དུ་ཚོར་ནས་དྲིན་དྲན་དགོས། རང་གི་ཚེ་འདིའི་མས་ཇི་ལྟར་བསྐྱངས་པའི་དྲིན་གྱི་ཚུལ་ལ་ཡང་ཡང་བསམས་ན་སྐྱེ་བ་གཞན་གྱི་མ་ལ་དྲིན་དྲན་ལ་ཕན་ཐོགས་ཡོད། གལ་ཏེ་དྲིན་དྲན་བྱུང་ན་དྲིན་གཟོ་སྐྱེ་བ་ལ་དེ་ཙམ་ཁག་པོ་མེད། དྲིན་དེ་ཡག་པོ་དྲན་ན་དྲིན་ལན་གསབ་དགོས་པ་དེ་རང་བཞིན་གྱིས་གནས་སྟངས་རེད། མི་ཡ་རབས་ཤིག་ཡིན་ན་དྲིན་ལན་གསབ་པའི་ཐབས་ཤེས་ངང་གིས་བྱེད་ཀྱི་རེད། དེ་ལྟར་དྲིན་གཟོ་བའི་བློ་དེ་བྱུང་ན་ཡིད་འོང་གི་བྱམས་པ་རང་ཤུགས་ཀྱིས་ཡོང་རྒྱུ་རེད། ཡིད་འོང་གི་བྱམས་པ་ནི་མང་ཆེ་བ་ལྷན་སྐྱེས་ཀྱི་རང་བཞིན་ལ་བྱུང་ན་ཤུགས་ཆེ་བ་དང་ནུས་པ་ཆེ་བ་རེད། སྤྱིར་ཡིད་འོང་གི་བྱམས་པ་དང་འདོད་ཆགས་གཉིས་ཀྱི་དབྱེ་བ་ཕྱེ་ཐུབ་དཀའ་ཞིང་། ཡིན་ནའང་དཔྱད་སྒོམ་ཐོག་ནས་མར་ཤེས་དང་། དྲིན་དྲན། དྲིན་གཟོ་བཅས་ཀྱིས་དྲངས་པའི་ཡིད་འོང་གི་བྱམས་པ་དེ་ངོ་མ་ཡིན་པས་འདོད་ཆགས་ཀྱི་ཕྱོགས་སུ་མི་འགྲོ་བ་རེད། ཡིད་འོང་གི་བྱམས་པ་དེ་འདོད་ཆགས་ཀྱི་ཕྱོགས་སུ་འགྲོ་དང་མི་འགྲོ་ཇི་ལྟར་བལྟ་དགོས་ཤེ་ན། འདོད་ཆགས་ནི་ཀུན་ལ་ཁྱབ་པ་མིན། དེ་ནི་གང་ཟག་འགའ་ཤས་ལ་ཡོད་པ་དང་འགའ་ཤས་ལ་མེད་པ་ལྟ་བུ་རེད། ཡིད་འོང་གི་བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པ་མ་ཟད། ཉེ་རིང་གི་ཁྱད་པར་མེད། དེ་ལྟ་བུའི་ཡིད་འོང་གི་བྱམས་པ་དེས་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་དེ་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་དེ་རང་ཤུགས་ཀྱིས་ཡོང་། དེའི་སྡུག་བསྔལ་བསལ་འདོད་ཀྱི་བསམ་པ་དེ་ལ་སྙིང་རྗེ་ཟེར། དེས་ན་ཡིད་འོང་གི་བྱམས་པའི་རྗེས་སུ་སྙིང་རྗེའི་བློ་སྐྱེ་བའི་སྐབས་སུ་བྱམས་པའི་བློའི་ཡུལ་དུ་གྱུར་པའི་སེམས་ཅན་དེའི་སྡུག་བསྔལ་ཤེས་དགོས། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པའི་ནང་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་བསམས་ནས་རང་ཉིད་འཁོར་བའི་སྡུག་བསྔལ་གྱི་གནས་ཚུལ་བསྒོམ་དགོས་པ་དེ་ངེས་འབྱུང་རྐྱང་པའི་དོན་དུ་མིན་ཞིང་། སེམས་བསྐྱེད་ཀྱི་སྐབས་སུ་སྙིང་རྗེ་ཆེན་པོ་སྐྱེ་བའི་མཐུན་རྐྱེན་ལའང་རང་གི་སྡུག་བསྔལ་དཔེ་རུ་བླངས་ནས་དེ་དང་མཚུངས་པ་གཞན་སྡུག་བསྔལ་གྱིས་མནར་བ་དེ་ལ་སྙིང་རྗེ་སྐྱེ་ཤུགས་ཆེན་པོ་ཡོང་རྒྱུ་རེད། རང་གི་སྡུག་བསྔལ་གྱིས་མནར་བའི་ཚུལ་ལ་བ་སྤུ་གཡོ་འགུལ་ཙམ་མེད་པར་གཞན་སྡུག་བསྔལ་གྱིས་མནར་བ་ལ་སྙིང་རྗེ་སྐྱེ་ཐབས་མེད་ཅེས་རྗེ་རིན་པོ་ཆེས་ཡང་ཡང་གསུངས། དེར་བརྟེན་ངན་སོང་གི་སྡུག་བསྔལ་བསམ་པ་དང་། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམ་པ་སོགས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྒོམ་པའི་སྐབས་སུ་སྙིང་རྗེའི་བློ་སྐྱེ་བའི་ཐབས་ཤེས་རེད། དེས་ན་ལམ་གྱི་དམིགས་ཡུལ་དང་རྐང་གྲངས་དེ་དག་ཐོག་མ་ནས་ངེས་ཐུབ་དགོས། དེ་བཞིན་བྱང་ས་ལས་སྙིང་རྗེའི་དམིགས་པའི་ཡུལ་དུ་གྱུར་པའི་སྡུག་བསྔལ་བརྒྱ་རྩ་བཅུ་ལ་སོགས་པ་གསུངས་པ་རྣམས་གཟིགས་ཚེ་ད་ལྟའི་ང་ཚོའི་སྙིགས་མའི་དུས་ཀྱི་སྐྱེ་བོ་ཚོ་ལ་དངོས་སུ་ཡོད་པའི་སྡུག་བསྔལ་མང་པོ་རྣམ་གྲངས་སུ་ཕྱེ་ཡོད། ལྷག་པར་དུ་སེམས་ཅན་འགའ་ཤས་དབུལ་ཕོངས་དང་། འགའ་ཤས་ནད་ཀྱིས་མནར་བ། འགའ་ཤས་སྡུག་པ་དང་བྲལ་བ། འགའ་ཤས་མི་སྡུག་པ་དང་ཕྲད་པ་སོགས་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བ་རྣམས་ལས་བྲལ་འདོད་ཀྱི་སྙིང་རྗེ་སྐྱེ་དགོས། དེ་ལས་སེམས་ཅན་འདི་དག་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པ་དང་། དེ་ནས་བྲལ་བར་གྱུར་ཅིག་ཅེས་པའི་སྨོན་པ། དེ་ནས་བྲལ་བར་བདག་གིས་བྱའོ་སྙམ་པའི་ལྷག་བསམ་མམ་ཁུར་དུ་བླངས་པའི་བསམ་པ་དེ་ཡོང་། ལྷག་པའི་བསམ་པ་ཞེས་པ་དེ་གང་ལས་ལྷག་པ་རེད་ཅེ་ན། སེམས་ཅན་འདི་དག་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པ་དང་། བྲལ་བར་གྱུར་ཅིག་སྙམ་པ་ནི་ཉན་རང་གི་ལམ་དུ་ཞུགས་པ་རྣམས་ལའང་ཡོད་རུང་། བྲལ་བར་བདག་གིས་བྱའོ་སྙམ་པའི་བློ་སྟོབས་དེ་མེད། དེས་ན་དེ་ལྟ་བུའི་བློ་སྟོབས་དེ་ཉན་རང་གི་རྒྱུད་ཀྱི་སྙིང་རྗེ་ལས་ལྷག་པ་ཡིན་ཙང་ལྷག་བསམ་རེད། ལྷག་བསམ་དང་སྙིང་རྗེ་གཉིས་སྐབས་འགར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ལྟ་བུ་རེད། དེ་ཡང་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་ཤུགས་ཆེན་པོ་ཞིག་སྐྱེས་པ་དང་ཆབས་ཅིག་ཏུ་སྡུག་བསྔལ་དང་བྲལ་བ་བདག་གིས་བྱའོ་སྙམ་པ་དེ་ཡོང་རྒྱུ་རེད། ལྷག་བསམ་དེས་གང་དོན་དུ་གཉེར་བ་ཡིན་ཞེ་ན། རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལས་སྒྲོལ་བའི་བྱ་བ་དེ་ངས་བྱེད་ཀྱི་ཡིན་ཞེས་གཞན་དོན་དོན་གཉེར་གྱི་བློ་མཚན་ཉིད་པ་ཞིག་སྐབས་དེར་སླེབས་ཤིང་། དེ་ལྟ་བུའི་གཞན་དོན་དོན་གཉེར་གྱི་བློ་སླེེབས་པའི་སྐབས་སུ། ད་ལྟ་ངས་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་མི་ཤེས་པས་སྡུག་བསྔལ་དང་བྲལ་བ་དེ་ངས་བྱེད་མི་ཐུབ་པར་བརྟེན། བྱང་ཆུབ་དོན་གཉེར་གྱི་འདུན་པ་ལ་བློ་སྦྱང་དགོས་ཤིང་། དེ་ཡང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་། འབད་མེད་ལྷུན་གྲུབ་ཀྱི་འཕྲིན་ལས་སོགས་ཐོབ་ན་སེམས་ཅན་ཐམས་ཅད་ཀྱི་དོན་འབད་རྩོལ་མེད་པར་བྱེད་ཐུབ་པའི་ངེས་པ་རྙེད་སྐབས་གཞན་དོན་དུ་རྫོགས་བྱང་ལ་དམིགས་པ་རེད། དེ་ལྟ་བུའི་རྫོགས་བྱང་ནི་རང་དོན་མིན་པར་གཞན་དོན་ཁོ་ནའི་ཆེད་དུ་བསྒྲུབ་རྒྱུ་དེ་རེད། དེ་ལྟར་གཞན་དོན་འདུན་པ་དང་བྱང་ཆུབ་འདུན་པ་བློ་ལ་སྐྱེ་ན་བྱང་ཆུབ་ཀྱི་སེམས་རེད། དེ་དག་ནི་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་དེ་རེད།

བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ།

བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་སྦྱོང་ཚུལ་མདོར་བསྡུས་ཞུ་ན། སྤྱིར་བདག་གཞན་བརྗེ་བ་ཞེས་པ་དེ་རང་དང་གཞན་དབར་གོ་ས་བརྗེ་རྒྱུ་གང་ཡང་མེད། ཡིན་ནའང་རང་གི་བསམ་ངོ་ལ་རང་གཅེས་འཛིན་གྱི་ཚབ་ཏུ་གཞན་གཅེས་འཛིན་དང་། གཞན་ཡལ་བར་འདོར་བའི་ཚབ་ཏུ་རང་ཉིད་ཡལ་བར་འདོར་རྒྱུ་དེ་རེད། གང་ལྟར་གཅེས་འཛིན་བྱ་ཡུལ་གཞན་དང་ཡལ་བར་འདོར་ཡུལ་རང་ཉིད་རེད། ད་ལྟ་ང་ཚོས་རང་གཅེས་པར་འཛིན་པ་དང་གཞན་ཡལ་བར་འདོར་བ་རེད། དེའི་ཚབ་ཏུ་རང་ཉིད་གཅེས་པར་འཛིན་པ་དང་མཚུངས་པར་གཞན་གཅེས་པར་གཟུང་རྒྱུ་དང་། གཞན་ཡལ་བར་འདོར་བ་དང་མཚུངས་པར་རང་ཉིད་ཡལ་བར་འདོར་བ་བཅས་བྱུང་ན་བདག་གཞན་མཉམ་བརྗེ་རེད། རྟོག་གེ་པ་ཁ་ཤས་ཀྱིས་བདག་གཞན་བརྗེ་རྒྱུ་མེད་ཅིང་། བདག་ནི་བདག་རེད། གཞན་ནི་གཞན་རེད་ཅེས་བཤད་ཀྱི་ཡོད། ཡིན་ནའང་བདག་དང་གཞན་ནི་ཁ་དོག་སྔོ་སེར་བཞིན་རང་བཞིན་གྱིས་ཐ་དད་པ་ཞིག་མིན། དེ་ནི་ལྟོས་ས་ལྟོས་འཇོག་གི་སྒོ་ནས་བཞག་པ་རེད། དཔེར་ན་གང་ཟག་ལྷས་སྦྱིན་ནི་མཆོད་སྦྱིན་ལ་ལྟོས་ཏེ་གཞན་ཡིན་རུང་། མཆོད་སྦྱིན་རང་ངོས་ནས་བལྟས་སྐབས་གང་ཟག་ལྷས་སྦྱིན་དེ་གཞན་རེད། ལྷས་སྦྱིན་རྟག་ཏུ་རང་གི་ངོ་བོ་དང་མཆོད་སྦྱིན་རྟག་ཏུ་གཞན་གྱི་ངོ་བོ་ལ་བསྡད་པ་མེད། དེས་ན་ཕ་རོལ་ཚུ་རོལ་བཞིན་རང་དང་གཞན་ཡང་ལྟོས་གྲུབ་དབང་གིས་ཡིན་ཙང་བློ་གོམས་ན་རང་གི་ས་ཆ་ལ་གཞན་འཇོག་ཐུབ་པ་དང་། གཞན་གྱི་ས་ཆ་ལ་རང་བསྡད་ཐུབ་པ་ཡོང་རྒྱུ་རེད། དེར་བརྟེན་བདག་གཞན་ལྟོས་ནས་གྲུབ་པ་ལས་སྔོ་སེར་ལྟར་ཐ་དད་མེད། བསླབ་བཏུས་ལས། བདག་གཞན་མཉམ་ཉིད་གོམས་བྱས་པས།། བྱང་ཆུབ་སེམས་ནི་བརྟན་པར་གྱུར།། བདག་དང་གཞན་ཉིད་ལྟོས་པ་སྟེ།། ཕ་རོལ་ཚུ་རོལ་ཇི་བཞིན་བརྫུན།། ཞེས་གསུངས་པ་བཞིན་རེད། བདག་གཞན་མཉམ་བརྗེ་ལ་གཞན་གཅེས་པར་བཟུང་བའི་བློ་སྐྱེས་པ་ལ་བརྟེན་ནས་གཞན་དོན་དོན་གཉེར་གྱི་བློ་ཤུགས་ཆེན་པོ་སྐྱེས་པ་དང་། མན་ངག་རྒྱུན་འབྲས་བདུན་གྱི་སྒོ་ནས་གཞན་དོན་དོན་གཉེར་གྱི་བློ་སྐྱེ་བ་ལ་ཡིད་འོང་གི་བྱམས་པ་ཤུགས་ཆེན་པོ་དགོས་པ་དང་། དེ་ལ་བརྟེན་ནས་སྙིང་རྗེ་ཆེན་པོ་སྐྱེ། སྙིང་རྗེ་དེའི་དབང་གིས་གཞན་དོན་དོན་གཉེར་གྱི་བློ་དེ་དྲངས་པ་རེད། ད་ལྟའང་གཞན་གཅེས་པར་འཛིན་པའི་བློ་དེས་ཡིད་འོང་གི་བྱམས་པའི་ཚབ་ཏུ་སྙིང་རྗེ་ཆེན་པོ་དྲངས་པ་དང་། དེས་གཞན་དོན་དོན་གཉེར་དྲངས་པ་ལས། གཞན་རྣམས་གཅིག་མཚུངས་རེད། སྤྱིར་ཡོངས་གྲགས་སུ་མན་ངག་རྒྱུ་འབྲས་བདུན་ཇོ་བོ་རྗེའི་གདམས་ངག་ཡིན་པ་དང་། བདག་གཞན་མཉམ་བརྗེ་སློབ་དཔོན་ཞི་བ་ལྷའི་གདམས་ངག་ཡིན་པ་གསུང་གི་ཡོད་ཀྱང། ཇོ་བོ་རྗེ་ལའང་བདག་གཞན་མཉམ་བརྗེའི་གདམས་ངག་དེ་མེད་པ་མིན་ཞིང་། ཇོ་བོ་རྗེ་བོད་དུ་ཕེབས་པའི་སྐབས་སུ་མན་ངག་རྒྱུ་འབྲས་བདུན་གྱི་གདམས་ངག་དེ་ཡོངས་གྲགས་གསུངས་ཡོད་ལ། ལམ་སྒྲོན་དུའང་གསལ་ཡོད། འོན་ཀྱང་བདག་གཞན་མཉམ་བརྗེའི་གདམས་ངག་དེ་ཕལ་ཆེར་འབྲོམ་སྟོན་པ་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་བ་དང་། འབྲོམ་སྟོན་པས་དགེ་བཤེས་པོ་ཏོ་བ་དང། དགེ་བཤེས་པོ་ཏོ་བས་དགེ་བཤེས་གླང་ཐང་པ་དང་ཤ་ར་བ། དགེ་བཤེས་ཤ་ར་བས་དགེ་བཤེས་འཆད་ཁ་བ་ལ་ལྐོག་ཆོས་སུ་གནང་། དགེ་བཤེས་འཆད་ཁ་བས་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་ལ་བློ་སྦྱོང་དོན་བདུན་མ་བརྩམས་པ་ནས་ཚོགས་ཆོས་སམ་ཡོངས་གྲགས་སུ་གྱུར། དེ་ནས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་སྐབས་སུ་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་བ་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བ་གཉིས་ཀ་ལམ་རིམ་པ་ཡོངས་ཀྱིས་ཕྱག་བཞེས་གནང་བ་རེད།

བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་ལའང་ཐོག་མ་བཏང་སྙོམས་བསྒོམ་དགོས་པ་དང་། གལ་ཏེ་བཏང་སྙོམས་ཀྱི་བློ་སྐྱེ་ན་བློ་གཞན་རྣམས་སྐྱེ་སླ་བ་རེད། དེ་ནས་བདག་གཞན་མཉམ་པ་བསྒོམ་དགོས་ཤིང་། དེ་ནི་བདག་དང་གཞན་ལ་ཁྱད་པར་མེད་པའི་བློ་གོམས་པར་བྱ་རྒྱུ་དེ་རེད། བདག་གཞན་སུ་ཡིན་ནའང་སྡུག་བསྔལ་མི་འདོད་ལ་བདེ་བ་འདོད་པ་དེ་གཅིག་པ་ཡིན་ཙང་། བདག་གཞན་མཉམ་པ་དེ་བློ་ལ་གསལ་པོ་འཆར་ཐུབ། བླ་མ་མཆོད་པའི་ཆོ་ག་ལས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་།། བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི།། བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས།། གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་རེད། དེ་ནི་བདག་གཞན་མཉམ་པའི་བློ་སྒོམ་ཚུལ་དེ་རེད།

དེ་ནས་བདག་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པ་ནི། བླ་མ་མཆོད་པའི་ཆོ་ག་ལས། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། ཞེས་དང་། རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི།། མི་འདོད་སྡུག་བསྔལ་སྐྱེད་པའི་རྒྱུར་མཐོང་ནས།། ལེ་ལན་བདས་ལ་ཁོན་དུ་བཟུང་བྱས་ཏེ།། བདག་འཛིན་གདོན་ཆེན་འཇོམས་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བའི་གནས་སུ་སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར་དགོས་པའི་རྒྱུ་རྐྱེན་རྩ་བ་ནི་བདག་འཛིན་ལ་ཐུག་ཡོད། བདག་འཛིན་ལ་བརྟེན་ནས་བདག་གཅེས་འཛིན་གྱི་བློ་སྐྱེ་ཞིང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བདག་འཛིན་གཤགས་འདེབས་ནང་བདག་འཛིན་དང་བདག་གཅེས་འཛིན་གཉིས་གཅིག་པ་ལྟ་བུ་གནང་ཡོད། གང་ལྟར་བདག་ཏུ་འཛིན་པའི་བློ་དེ་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་དང་། ལས་བཟང་ངན་ཐམས་ཅད་ཀྱི་རྩ་བ་རེད། གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་དུ་མཐོང་དུ་མ་འཇུག་པའི་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་དེ་བདག་འཛིན་རེད། དེ་ལས་ཆོས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མ་མཐོང་བར་བརྟེན་ལས་དང་ཉོན་མོངས་པ་ལུ་གུ་བརྒྱུད་དུ་ཡོང་བ་རེད། དེས་ན་བདག་གཅེས་འཛིན་རྒུད་པ་ཐམས་ཅད་ཀྱི་སྒོ་ཡིིན་པ་རེད།

གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ་པ་ནི། བླ་མ་མཆོད་པའི་ཆོ་ག་ལས། མ་རྣམས་གཅེས་བཟུང་བདེ་ལ་འགོད་པའི་བློ།། མཐའ་ཡས་ཡོན་ཏན་འབྱུང་བའི་སྒོར་མཐོང་ནས།། འགྲོ་བ་འདི་དག་བདག་གི་དགྲར་ལངས་ཀྱང་།། སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་རང་གི་དོན་དོར་ནས་གཞན་གྱི་དོན་ཁུར་དུ་ལེན་པའི་གཞན་གཅེས་འཛིན་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པའི་བྱ་བ་ཡོངས་སུ་རྫོགས་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཐམས་ཅད་ཡོང་བ་རེད། སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལས།། སངས་རྒྱས་ཆོས་འགྲུབ་འདྲ་བ་ལ།། རྒྱལ་ལ་གུས་བྱེད་དེ་བཞིན་དུ།། སེམས་ཅན་ལ་མིན་ཅི་ཡི་ཚུལ།། ཞེས་སངས་རྒྱས་ཀྱིིས་ཆོས་བསྟན་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་དང་། སེམས་ཅན་ལ་སྙིང་རྗེ་སོགས་བསྒོམ་པ་དང་ཕར་ཕྱིན་དྲུག་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་གཉིས་མཚུངས་ཀྱང་། སངས་རྒྱས་ལ་གུས་པ་བཞིན་སེམས་ཅན་ལ་གཅེས་འཛིན་ཅིའི་ཕྱིར་མི་བྱེད་ཅེས་གསུངས། ད་དུང་སྤྱོད་འཇུག་ལས། མང་དུ་བཤད་ལྟ་ཅི་ཞིག་དགོས།། བྱིས་པ་རང་གི་དོན་བྱེད་དང་།། ཐུབ་པ་གཞན་གྱི་དོན་མཛད་པ།། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།། ཞེས་རང་གཅེས་འཛིན་དང་གཞན་གཅེས་འཛིན་གཉིས་ཀྱི་སྐྱོན་དང་ཡོན་ཏན་མང་པོ་བཤད་དགོས་པ་མེད་ཅིང་། བྱིས་པ་རང་གི་དོན་བྱེད་པ་དང་། སྟོན་པ་གཞན་གྱི་དོན་མཛད་པ་གཉིས་ཀྱི་ཁྱད་པར་ལ་ལྟོས་ན་ཤེས་པར་འགྱུར་ཞེས་གསུངས།

བདག་གཞན་བརྗེ་བའི་བསམ་པ་དངོས་ནི་གོང་དུ་ཞུས་པ་བཞིན་རང་གི་ཚབ་ཏུ་གཞན་གཅེས་པར་འཛིན་པའི་བློ་སྐྱེ་བ་དང་། གཞན་གྱི་ཚབ་ཏུ་རང་ཉིད་ཡལ་བར་འདོར་བ་དེ་རེད། དེ་ཉམས་ལེན་དུ་སྦྱར་བའི་སྐབས་སུ་གཏོང་ལེན་གྱི་ཉམས་ལེན་སྐོར་ད་ལྟ་དུས་ཚོད་མེད་ཙང་ཟུར་ཙམ་མ་གཏོགས་ཞུ་རྒྱུ་མིན། དེ་ཡང་བླ་མ་མཆོད་པའི་ཆོ་ག་ལས། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།། མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་དང་། ཡང་། གཏོང་ལེན་རླུང་ལ་བསྐྱོན་པའི་འཕྲུལ་འདེགས་ཅན།། བྱམས་དང་སྙིང་རྗེ་ལྷག་པའི་བསམ་པ་ཡིས།། འགྲོ་རྣམས་སྲིད་མཚོ་ཆེ་ལས་སྒྲོལ་བའི་ཕྱིར།། བྱང་ཆུབ་སེམས་ཉིད་འབྱོངས་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་རང་གི་སྣ་བུག་ནས་དབུགས་ཕྱིར་གཏོང་བའི་སྐབས་སུ་རང་གི་དགེ་བ་དང་བདེ་བ་རྣམས་སེམས་ཅན་ལ་གཏོང་བ་དང་། དབུགས་ནང་དུ་རྔུབ་པའི་སྐབས་སུ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་སྡིག་པ་རང་གིས་ལེན་པའི་མོས་པ་བྱ་རྒྱུ་རེད།

བདག་གཞན་བརྗེ་བའི་བསམ་པ་ཤུགས་ཆེན་པོ་དང་བརྟན་པོ་ཡོང་བའི་ཆེད་དུ་རང་གི་དགེ་བ་དང་བདེ་བ་གཞན་ལ་གཏོང་བ་དང་། གཞན་གྱི་སྡུག་བསྔལ་དང་སྡིག་པ་རང་གིས་ལེན་པའི་མོས་པ་ཡིད་བྱེད་ཚུན་ཆད་ནས་བྱེད་ན་བློ་སྟོབས་སྐྱེ་བར་ཕན་ཁྱད་ཆེ། དེས་ན་རང་གི་ས་ལ་སེམས་ཅན་སླེབས་པ་ཡིན་ཙང་། དེ་དག་ལ་ཡིད་འོང་གི་བྱམས་པ་དང་སྙིང་རྗེ་ཤུགས་ཆེན་པོ་སླེབས་པར་བརྟེན། རང་ཤུགས་ཀྱིས་ལྷག་པའི་བསམ་པ་སྐྱེས་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་འགྲུབ་རྒྱུ་རེད། དེས་ན་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་སྐབས་སུ་མན་ངག་རྒྱུ་འབྲས་བདུན་གྱི་སྐབས་སུ་བཤད་པའི་བློ་སྦྱོང་ཚུལ་རྣམས་རྩ་བ་ནས་མ་དགོས་པ་མིན། འོན་ཀྱང་དམིགས་རྣམ་སྐྱོང་སྟངས་ཕྲན་བུ་མི་འདྲ་བ་རེད། བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོའི་རིགས་ལ་བདག་གཞན་མཉམ་བརྗེའི་བློ་དེ་ཁྱད་པར་དུ་འཕགས་པ་རེད། རི་བོ་དགེ་ལྡན་པའི་སྙན་རྒྱུད་ཀྱི་ལུགས་འདི་ལ་བདག་གཞན་མཉམ་བརྗེ་དང་མན་ངག་རྒྱུ་འབྲས་བདུན་གྱི་བློ་སྦྱོང་ཚུལ་ཕྱོགས་གཅིག་ཏུ་བསྡོམས་ནས་མན་ངག་རྒྱུ་འབྲས་བཅུ་གཅིག་དང་། བཅུ་གཉིས། བཅུ་གསུམ་བཅས་ཀྱི་ཐོག་ནས་བློ་སྦྱོང་ཚུལ་ཡོད། དེང་སང་དེ་ཚོའི་སྐོར་ལ་གཅིག་བྱས་ན་གདན་ས་ཁག་ཏུའང་བཀའ་མོལ་མང་པོ་མེད་སྲིད། ལར་ནས་བློ་སྦྱོང་གི་ཉམས་ལེན་ཐོག་ལ་དངོས་སུ་དོན་གཉེར་བྱས་ནས་སྒོམ་མཁན་མེད་ན་ཐུགས་སྣང་ཡོང་དཀའ།

མན་ངག་རྒྱུ་འབྲས་བདུན་གྱི་བློ་སྦྱོང་བའི་རིམ་པ་དང་། བདག་གཞན་མཉམ་བརྗེའི་བློ་སྦྱོང་བའི་རིམ་པ་གཉིས་མཉམ་དུ་གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་བྱ་གཏོང་སྙན་སྒྲོན་གྱི་ཚུལ་དུ་ཟུར་ཙམ་ཞུ་ན། རྒྱས་ཤོས་མན་ངག་རྒྱུ་འབྲས་བཅུ་གསུམ་གྱི་ཐོག་ནས་སྒོམ་པའི་སྐབས་སུ་ཐོག་མར་བཏང་སྙོམས་དང་། དེ་ཡག་པོ་བྱུང་ན་མར་ཤེས། དེ་ནས་དྲིན་དྲན། དེ་ནི་མ་བྱས་པའི་སྐབས་སུ་དྲིན་ཇི་འདྲ་བསྐྱངས་པ་དེ་རེད། དེ་རྗེས་དྲིན་དྲན་ཁྱད་པར་བ་ནི་མ་མ་བྱས་པའི་སྐབས་སུ་དྲིན་ཆེ་ཚུལ་དེ་རེད། དེ་ཡང་སེམས་ཅན་དེ་མ་དང་གཉེན་བྱས་པའི་སྐབས་སུ་དྲིན་ཆེ་བ་མ་ཟད། དགྲ་དང་བར་མ་བྱས་པའི་སྐབས་སུའང་དྲིན་ཆེ་བ་དང་། རྟག་ཏུ་དྲིན་ཆེ་བ་རེད། དཔེར་ན་དགྲ་བྱས་པ་ལྟ་བུར་ཆ་བཞག་ན། བཟོད་པའི་ཡུལ་དུ་གྱུར་པར་བརྟེན་བཟོད་པའི་ཉམས་ལེན་ཐུབ་པ་དང་། དེ་བཞིན་འཚེ་བ་མེད་པའི་ཉམས་ལེན་ནམ་གནོད་ལན་གནོད་པས་མི་འཇལ་བའི་ཉམས་ལེན་ཞིག་བྱེད་དགོས་ནའང་དགྲ་ཞིག་མེད་ན་ཡོང་ཐབས་མེད། དེས་ན་དགྲ་དེ་ནི་བཟོད་པ་དང་བྱམས་སྙིང་རྗེའི་ཉམས་ལེན་རྩལ་དུ་བཏོན་པ་ལ་མེད་དུ་མི་རུང་བ་རེད། དེ་བཞིན་གཉེན་དུ་གྱུར་པའི་སྐབས་སུ་དྲིན་ཆེ་བ་བཤད་མ་དགོས་པ་རེད། བར་མ་དོའི་གནས་སྐབས་སུའང་ཚེ་འདིའི་བདེ་སྐྱིད་ནས་བཟུང་སྟེ་སྐྱེ་བ་གཏན་གྱི་བདེ་སྐྱིད་ཀྱི་བར་དུ་ཇོ་བོ་སེམས་ཅན་ལ་མ་བརྟེན་པ་གང་ཡང་བྱེད་ཐབས་མེད། གཞན་ལྟ་ཞོག  འབྲས་དཀར་ཡོལ་གང་ལ་མཚོན་ནའང་དེ་འདེབས་མཁན་གྱི་མི་ཇི་ཙམ་དང་། དེ་སྡུད་མཁན་ཇི་ཙམ། བསྡུས་ནས་དབོར་མཁན་ཇི་ཙམ། དེ་ནས་རིམ་བཞིན་ཚོང་ཁང་དང་། མཐའ་མ་ང་ཚོའི་ལག་ཏུ་འབྱོར་སྐབས་མི་དང་དུད་འགྲོ་ཧ་ཅང་མང་པོས་གྲོགས་བྱས་ཡོད། དེ་དག་ལ་མ་བརྟེན་པར་འབྲས་བཙོ་ཆོག་ཅིག་ཡོང་ཐབས་མེད། དེ་བཞིན་གོས་སོགས་གང་ལ་བསམས་ཀྱང་དེ་མཚུངས་རེད། དེ་བཞིན་བྱང་ཆུབ་སྒྲུབ་པ་ལའང་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱང་སེམས་ཅན་ལ་དམིགས་ནས་བསྒོམ་དགོས་ཤིང། སེམས་ཅན་མེད་ན་དེ་ཚོ་གཞི་རྩ་མེད་པ་ཆགས་རྒྱུ་རེད། དཔེར་ན་སོ་སོའི་མི་ཚེའི་ནང་བསམ་བློ་གཏོང་ན་ཕ་མ་སྤུན་མཆེད་སོགས་ཀྱིས་དྲིན་ཆེན་པོས་བསྐྱངས་ཡོད་ཀྱང་། མིའི་འགྲོ་བ་སྤྱི་ཚོགས་ལ་བརྟེན་པ་ཡིན་ཙང་། མི་ཚེའི་བརྒྱུད་རིམ་ནང་མི་གཞན་མང་པོ་ལ་མ་བརྟེན་པར་རང་ཉིད་གཅིག་པུས་རང་རྐྱ་འཕེར་ཐབས་མེད། དེས་ན་མ་བྱས་པའི་སྐབས་ཀྱི་དྲིན་ལས་མ་མ་བྱས་པའི་སྐབས་ཀྱི་དྲིན་དེ་ཧ་ཅང་ཆེ་བ་ཡིན་ཙང་དྲིན་དྲན་ཁྱད་པར་བ་ཞེས་བརྗོད། དེ་ནས་དྲིན་དྲན་ཁྱད་པར་བ་བསྒོམས་པའི་རྗེས་སུ་དྲིན་གཟོ་དེ་སླེབས་ཤིང་། དེ་ནི་དྲེིན་ཆེ་བའི་ཕ་མ་དང་ཕ་མ་མ་བྱས་པའི་གནས་སྐབས་སུ་དྲིན་ཆེ་བ་གཉིས་ཀ་ལ་དྲིན་གཟོ་རྒྱུ་དེ་རེད། དེ་ནས་བདག་གཞན་མཉམ་པ་བསྒོམ་རྒྱུ་རེད། དེ་རྗེས་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་དགོས་ཤིང་། ད་བར་ཁམས་གསུམ་འཁོར་བ་འདིའི་ནང་སྡུག་བསྔལ་གྱི་ཕུང་པོ་ཇི་ཙམ་མྱོང་བ་དེ་རང་གཅེས་འཛིན་ལ་བརྟེན་ནས་བྱུང་བ་རེད། དེ་ནས་གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ་དགོས་ཤིང་། ད་བར་ཁམས་གསུམ་འཁོར་བའི་ནང་ཕུན་སུམ་ཚོགས་པའི་དངོས་པོ་ཇི་ཙམ་བྱུང་བ་གཞན་གཅེས་འཛིན་ལ་བརྟེན་ནས་བྱུང་བ་རེད། དེ་ནས་རིམ་བཞིན་བདག་གཞན་བརྗེ་བ་དང་། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ། བྱང་ཆུབ་ཀྱི་སེམས་བཅས་བསྒོམ་ན་སྟབས་བདེ་བ་དང་ནུས་པ་ཆེ། དེ་ལྟ་བུ་ལ་བརྟེན་ནས་གཞན་དོན་དོན་གཉེར་དང་བྱང་ཆུབ་དོན་གཉེར་བཅས་འདུན་པ་གཉིས་ཀྱིས་དྲངས་པའི་གཙོ་སེམས་ཁྱད་པར་བ་སྐྱེས་པའི་སྐབས་སུ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་རེད།

སྤྱིར་བྱང་ཆུབ་ཀྱི་སེམས་ལ་དབྱེ་བ་མང་པོ་ཡོད་ཀྱང་། གཙོ་ཆེ་བ་ནི་སྨོན་པའི་སེམས་དང་འཇུག་པའི་སེམས་བཅས་གཉིས་རེད། སྨོན་སེམས་དང་འཇུག་སེམས་ཀྱི་ཁྱད་པར་ནི་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས་མིན་ཐོག་ནས་རེད། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི།། བྱེ་བྲག་ཇི་ལྟར་ཤེས་པ་ལྟར།། དེ་བཞིན་མཁས་པས་འདི་གཉིས་ཀྱི།། བྱེ་བྲག་རིམ་བཞིན་ཤེས་པར་བྱ།། ཞེས་གསུངས་པ་བཞིན་སྤྱོད་པ་ཉམས་ལེན་གྱིས་དངོས་སུ་ཟིན་པ་དང་མ་ཟིན་པའི་དབང་གིས་རེད། ལེགས་བཤད་གསེར་ཕྲེང་དང་། ལམ་རིམ་ཆེན་མོ་སོགས་སུ་སྒོམ་རིམ་ནས་གསུངས་པ་བཞིན་བྱང་སྡོམ་ཡོད་མེད་ཐོག་ནས་ཕྱེ་ཞིང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཆོ་གས་བླངས་ཕྱིན་ཆད་འཇུག་སེམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་མ་བླང་བར་དུ་སྤྱོད་པ་ཉམས་ལེན་ལ་ཞུགས་ནའང་སྨོན་སེམས་རེད། དེའི་རྒྱུ་མཚན་གཙོ་བོ་ནི་སྡོམ་པ་མ་བླངས་བར་དུ་བསྲུང་བྱ་སྲུང་བའི་དགེ་བ་ཡོད་ནའང་། སྡོམ་པ་ཡོད་པ་བཞིན་ཚུལ་ཁྲིམས་སྐྱེ་རྒྱུ་མེད། དཔེར་ན། དགེ་སློང་གི་སྡོམ་པ་མ་བླངས་པའི་གང་ཟག་ཅིག་གིས་སྲོད་གཅོད་སོགས་སྤངས་པའི་དགེ་བ་ཡོད་ནའང་། དེ་ལ་སྡོམ་པ་མེད་པར་བརྟེན་སོ་སོ་ཐར་པའི་ཚུལ་ཁྲིམས་ཀྱི་ངོ་བོར་དགེ་བའི་དངོས་པོ་རྒྱུན་མ་ཆད་པ་ཡོང་རྒྱུ་མེད། སྤྱོད་འཇུག་ལས། དེ་ནས་བཟུང་སྟེ་གཉིད་ལོག་གམ།། བག་མེད་གྱུར་ཀྱང་བསོད་ནམས་ཤུགས།། རྒྱུན་མི་འཆད་པ་དུ་མ་ཞིག།།ནམ་མཁའ་མཉམ་པར་རབ་ཏུ་འབྱུང་།། ཞེས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་ནས་ཚུལ་ཁྲིམས་སམ་སྡོམ་པའི་ངོ་བོའི་རྒྱུན་ཞིག་བྱུང་།

བྱང་ཆུབ་ཀྱི་སེམས་སྐྱེས་པའི་རྗེས་སུ་སྡོམ་པ་ལེན་ཚུལ་རྣམས་བྱང་ས་ནས་གསུངས་པ་བཞིན་བླ་མའི་དྲུང་ནས་ལེན་པ་དང་། རྟེན་གྱི་དྲུང་ནས་ལེན་པ་གཉིས་པོ་ལམ་རིམ་ཆེན་མོའི་ནང་གསལ་པོ་གསུངས་ཡོད། ཁྱེད་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་བྱང་སྡོམ་ཐེངས་མང་ཞུས་ཡོད་ངེས་རེད། དེ་ཚོ་མ་ཉམས་པར་བསྲུང་རྒྱུ་དང་། ཉམས་ན་ཕྱིར་བཅོས་པའི་ཚུལ་རྣམས་ལམ་རིམ་ཆེ་ཆུང་ནང་གཟིགས་ནས་ཕྱག་བཞེས་གནང་དགོས་པ་གལ་ཆེན་པོ་རེད། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་སྐྱེ་བ་ཐམས་ཅད་དུ་མི་འབྲལ་བ་དང་། ཚེ་འདི་ལའང་གོང་འཕེལ་དུ་འགྲོ་བའི་ཆེད་དུ་དཀར་པོའི་ཆོས་བཞི་བསྟེན་པ་དང་ནག་པོའི་ཆོས་བཞི་སྤང་བ་སོགས་ཉམས་ལེན་གནང་དགོས།

དོན་དེ་དག་བསྟན་པའི་ཆེད་དུ་འདིའི་ནང་། རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ།། མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།། མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི།། བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས།། ཞེས་གསུངས་པ་རེད། གོང་དུ་ཞུས་པ་བཞིན་རང་ཉིད་སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སྐབས་སུ་སྡུག་བསྔལ་ཇི་ལྟར་མྱོང་བ་བཞིན་འཁོར་བ་ལས་མ་ཐར་བའི་སེམས་ཅན་གཞན་ཚོའང་སྡུག་བསྔལ་དེ་ལྟ་བུ་མྱོང་བར་མཐོང་ནས་སྙིང་རྗེ་དང་སྡུག་བསྔལ་ལས་བྲལ་འདོད་ཀྱི་ལྷག་བསམ་གྱིས་དྲངས་པའི་བྱང་ཆུབ་ཀྱི་སེམས་མཆོག་འབྱོངས་པའམ་གོམས་པ་མཐར་ཕྱིན་པར་བྱིན་གྱིས་རློབས་ཤིག་ཅེས་པའོ།། དེ་ཡན་གྱིས་མན་ངག་རྒྱུ་འབྲས་བདུན་དང་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ་གཉིས་ཟིན་པ་ཡིན།

སྤྱོད་པ་ལ་སློབ་ཚུལ།

སེམས་བསྐྱེད་པ་ཙམ་གྱིས་མི་ཆོག་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་དགོས། གལ་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མ་བསླབ་ན་སེམས་བསྐྱེད་པ་དེས་ཕན་ཐོགས་མེད་ཅིང་། དེ་ནི་བསམ་པ་བཟང་བ་ཙམ་དུ་ཟད་པ་རེད། གལ་ཏེ་སྤྱོད་པ་ལ་མ་བསླབ་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་ཏུ་མེད། དེས་ན་སྤྱོད་པ་ལ་སློབ་ཚུལ་ལ་ཚུལ་ཁྲིམས་རྣམ་པ་གསུམ་ལ་སློབ་ཚུལ་ནི། སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ།། གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར།། ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ།། བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་སྨོན་སེམས་ཙམ་བསྐྱེད་ནའང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་ལ་གོམས་པའམ་མི་སློབ་ན་བྱང་ཆུབ་ཀྱི་གོ་འཕང་མི་འགྲུབ་པ་དེ་ལེགས་པར་ཤེས་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བརྩོན་པ་ཤུགས་དྲག་པོས་སློབ་པར་བྱིན་གྱིས་རློབས་ཤིག་ཅེས་པའོ།། དེ་ཡང་ཚུལ་ཁྲིམས་རྣམ་པ་གསུམ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱིི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅས་རེད། འདིའི་ནང་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞིའི་ཉམས་ལེན་རྣམས་མ་འདུས་པ་མེད། སྤྱིར་ཕྱིན་དྲུག་གི་ཉམས་ལེན་ནང་སྤྱོད་པ་མཐའ་དག་བསྡུས་པའི་སྐབས་སུ་བསྡུ་བའི་དངོས་པོ་བཞིའང་འདུས། དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི་སོ་ཐར་གྱི་ཚུལ་ཁྲིམས་ལ་གཙོ་བོར་འཇོག་ཅིང་། དེ་ཡང་ཉེས་སྤྱོད་སྡོམ་པ་ནི་གཙོ་བོ་ལུས་ངག་གི་ཉེས་སྤྱོད་སྡོམ་པ་རེད། དེ་ཡང་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་རེད། སྤྱིར་བྱང་སེམས་ཀྱི་སྡོམ་པ་ཁྱད་པར་བ་ཐོབ་པ་ལ་སོ་ཐར་གྱི་སྡོམ་པ་གང་རུང་དང་ལྡན་པ་དགོས། བྱང་ཆུབ་ལམ་སྒྲོན་ལས། སོ་སོ་ཐར་པ་རིས་བདུན་གྱི།། རྟག་ཏུ་སྡོམ་གཞན་ལྡན་པ་ལ།། བྱང་ཆུབ་སེམས་དཔའི་སྡོམ་པ་ཡི།། སྐལ་བ་ཡོད་ཀྱིས་གཞན་དུ་མིན།། ཞེས་གསུངས་ཀྱང་། རྗེ་བདག་ཉིད་ཆེན་པོས་དབུས་པའི་བོད་ཀྱི་མཁས་པ་མང་ཆེ་བས་སོ་ཐར་གྱི་སྡོམ་པ་དེ་བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་དུ་དགོས་པ་མི་བཞེད། སློབ་སྤྲིངས་ལས། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ།། ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་།། མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན།། ཞེས་གསུངས་པ་བཞིན་སྡོམ་པ་ཁྱད་པར་ཅན་ཐོབ་པ་ལ་སོ་ཐར་གྱི་སྡོམ་པ་ཡོད་ན་བཟང་ཞིང། དེ་མིན་བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་དུ་གྱུར་པའི་ལྷ་ཡི་རྟེན་ཅན་གྱི་གང་ཟག་དང་། ཀླུ་ཡི་རྟེན་ཅན་གྱི་གང་ཟག་ཡོད་པ་རེད། སོ་ཐར་གྱི་སྡོམ་པ་མེད་པའི་བྱང་ཆུབ་སེམས་དཔའ་ལ་མཚོན་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ནང་ནས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་། བཅས་པའི་ཁ་ན་མ་ཐོ་བ་ལས་སྡོམ་པའི་བསླབ་བྱ་རྣམས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་གྲངས་སུ་བརྩི། གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་ཀྱི་ཉམས་ལེན་མཐའ་དག་རེད། དགེ་བ་ཞེས་པའི་ནང་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་འདུས། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་ཚོགས་གཉིས་ཀ་གསོག་དགོས་ཤིང་། དེའི་ཆེད་ཕར་ཕྱིན་དྲུག་གི་ཉམས་ལེན་དེ་ཧ་ཅང་གལ་ཆེ། དེ་ཡང་བསམ་པ་དེ་གཙོ་ཆེ་བ་ཡིན། དཔེར་ན། སྦྱིན་པའི་ཕར་ཕྱིན་ལ་མཚོན་ན། གཏོང་བའི་བསམ་པ་དེ་ཚད་ཅིག་ནང་མ་བསྡད་པར་ཕ་རོལ་ཏུ་ཕྱིན་པ་ཆགས་ན་དེ་ལ་ཕ་རོལ་ཏུ་ཕྱིན་པ་བརྗོད་པ་ལས། སྦྱིན་པ་བཏང་ནས་འགྲོ་བ་དབུལ་བ་བསལ་བ་ལ་སྦྱིན་པའི་ཕར་ཕྱིན་གྱི་ཚད་མི་འཇོག་ཅིང་། སྤྱོད་འཇུག་ལས། གལ་ཏེ་འགྲོ་བ་དབུལ་བོར་བས།། སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན།། ད་དུང་འགྲོ་བཀྲེན་ཡོད་ན་སྔོན།། སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན།། བདོག་པ་ཐམས་ཅད་འབྲས་བཅས་ཏེ།། སྐྱེ་བོ་ཀུན་ལ་གཏང་སེམས་ཀྱིས།། སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ།། དེ་ལྟས་དེ་ནི་སེམས་ཉིད་དོ།། ཞེས་གསུངས་པ་བཞིན་ནོ།། ཇོ་བོའི་བསྟོད་པ་ལས། མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་།། འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་ལ་སྤྱོད།། ཅེས་གསུངས་པའི་བསྡུ་བའི་དངོས་པོ་བཞིིའི་ཉམས་ལེན་རྣམས་ཀྱང་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནང་འདུས་ཤིང་། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གང་ཐུབ་ཀྱིས་རྒྱ་གང་ཆེ་བསགས་ནས་བསྡུས་པ་ལ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བརྗོད། གསུམ་པ་སེམས་ཙན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལས་ཐ་དད་པ་གང་ཡང་མེད། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་ཚུལ་ཁྲིམས་གཞན་གཉིས་ལ་ཁྱད་པར་ཡོད། ཡིན་ནའང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་དཔེར་ན་ཕྱིན་དྲུག་གི་ཉམས་ལེན་ལྟ་བུ་ལ་མཚོན་ན། ཕྱིན་དྲུག་གི་ཉམས་ལེན་ནི་སེམས་ཅན་གྱི་ཡུལ་ལ་དངོས་སུ་ལག་བསྟར་ནས་བྱེད་རྒྱུ་དང་། རང་གི་བསམ་བློའི་ནང་སྦྱངས་ནས་བྱེད་རྒྱུ་བཅས་གཉིས་རེད། སྦྱིན་པ་ཡིན་ན་རང་གི་ལུས་དང་ལོངས་སྤྱོད་དགེ་རྩ་གང་ལའང་མ་ཆགས་པར་ཐམས་ཅད་གཏོང་ནུས་པའི་གཏོང་སེམས་སྤེལ་བ་དེ་ནང་གི་ཉམས་ལེན་རེད། དངོས་སུ་ལུས་དང་ལོངས་སྤྱོད་དང་། བློ་ཡི་ནུས་པ་སྨིན་པའི་སྐབས་སུ་མགོ་དང་རྐང་ལག་སོགས་གཏོང་རྒྱུ་དེ་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་གྱི་ནང་ལག་ལེན་ལྟ་བུ་དེ་རེད། གང་ལྟར་གཏོང་བའི་བསམ་པ་སྦྱང་བ་དང་། གཏོང་བའི་བྱ་བ་ལ་དངོས་སུ་ཞུགས་པ་བཅས་གཉིས་རེད། གཏོང་བའི་བྱ་བ་ལ་དངོས་སུ་ཞུགས་པ་དེ་སེམས་ཅན་ཞིག་ཡུལ་དུ་བྱེད་དགོས་པ་ཡིན་ཙང་དེ་ལ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཟེར། གཏོང་བའི་བྱ་བ་ལ་མ་ཞུགས་པར་བསམ་བློའི་ནུས་པ་སྦྱང་བ་ཙམ་ལ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སུ་འཇོག་ན་མི་འགྲིགས་པ་ཨེ་ཡོད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལག་ལེན་དུ་བསྟར་བའི་ཚུལ་ནི་རྗེ་བདག་ཉིད་ཆེན་པོའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ་དུ་སེམས་ཅན་གྱི་དོན་བྱ་ཚུལ་བཅུ་གཅིག་གསུངས་ཡོད་པ་རྣམས་མཁྱེན་རྟོགས་ཙམ་གྱི་ཆེད་དུ་གྲངས་འདྲེན་ཙམ་ཞུ་ན། བྱ་བ་བྱེད་པ་དང་སྡུག་བསྔལ་གྱི་གྲོགས་བྱེད་པ། ཐབས་ལ་རྨོངས་པའི་དོན་བྱེད་པ། ཕན་འདོགས་པས་དོན་བྱེད་པ། འཇིགས་པས་ཉེན་པའི་དོན་བྱེད་པ། མྱ་ངན་གྱིས་གཟིར་བའི་དོན་བྱེད་པ། ཕོངས་པའི་དོན་བྱེད་པ། གནས་འཆའ་བར་འདོད་པའི་དོན་བྱེད་པ། བློ་མཐུན་པར་འདོད་པའི་དོན་བྱེད་པ། ཡང་དག་པར་ཞུགས་པའི་དོན་བྱེད་པ། ལོག་པར་ཞུགས་པའི་དོན་བྱེད་པ། རྫུ་འཕྲུལ་གྱིས་དོན་བྱེད་པ་སྟེ་བཅུ་གཅིག་ཡིན། འདིའི་ནང་ནས་བཅིུག་པ་རྫུ་འཕྲུལ་གྱིས་དོན་བྱེད་པ་ནི་རྫུ་འཕྲུལ་ཐོབ་པས་མ་གཏོགས་ལས་དང་པོ་བས་བྱེད་མི་ཐུབ། གཞན་བཅུ་པོ་རྣམས་འགྲོ་བའི་ཁམས་དང་མོས་པ་སྣ་ཚོགས་པ་མཚོན་དཔེར་གསུངས་པ་ཞིག་རེད། དེ་དག་ནི་བྱང་སེམས་སོ་སྐྱེས་ཀྱང་བྱེད་ཐུབ། དེ་དག་གི་དོན་རྒྱས་པར་མཁྱེན་འདོད་ན་བྱང་ཆུབ་གཞུང་ལམ་གཟིགས་དགོས། གང་ལྟར་སེམས་ཅན་གྱི་སྣོད་ཀྱི་ཁྱད་པར་མི་འདྲ་བ་རྣམས་བསྟན་པ་རེད། དེ་ཡན་གྱིས་ཚུལ་ཁྲིམས་གསུམ་ལ་སློབ་ཚུལ་དེ་ཕྱིན་དྲུག་ལ་སློབ་ཚུལ་དང་མི་འདྲ་བ་མེད་ནའང་གསུང་ཕྱོགས་ཐ་དད་པ་ཞིག་བསྟན།

ཕར་ཕྱིན་མཐའ་མ་གཉིས་ལ་སློབ་ཚུལ།

དེ་ནས་ཕར་ཕྱིན་མཐའ་མ་གཉིས་ལ་སློབ་ཚུལ་ཟུར་དུ་བསྟན་པ་ནི། ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང་།། ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡི།། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ།། མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་འཁོར་བའི་རྩ་བ་བརྩད་ནས་གཅོད་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་དགོས་ཤིང་། ལྷག་མཐོང་གི་ངོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་དེས་མ་རིག་པའི་དངོས་གཉེན་བྱས་ནས་མཐོང་སྤང་གི་ངོ་བོར་གྱུར་པའི་སྤང་བྱའམ་སྒོམ་སྤང་གི་ངོ་བོར་གྱུར་པའི་སྤང་བྱ་མཐའ་དག་སྤང་དགོས། དེ་ལྟ་བུ་སྤང་བྱ་སྤོང་ནུས་པའི་ཡེ་ཤེས་ཐོབ་པ་ལ་ཞི་ལྷག་ཟུང་དུ་འབྲེལ་བའི་རྣལ་འབྱོར་མ་བྱུང་ན་ཁ་སང་ཞུས་པ་བཞིན་སྟ་རེ་ཡག་པོ་ཡོད་ནའང་དེ་འཛིན་མཁན་གྱི་དཔུང་པ་བརྟན་པོ་མེད་ན་མི་འགྲིགས་པ་བཞིན་ཐོག་མར་ཁམས་གོང་མའི་སེམས་ཀྱི་ངོ་བོར་གྱུར་པའི་ཞི་གནས་མཚན་ཉིད་པའམ་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་བློ་རྩེ་གཅིག་པ་དགོས། དེ་ནས་ལྷག་མཐོང་ཚད་ལྡན་ཞིག་ཡོང་ཐུབ། དེ་ལ་བརྟེན་ནས་ཉོན་མོངས་པའི་གཉེན་པོ་བྱེད་ཐུབ། ས་དང་པོ་དང་མཐོང་ལམ་ཐོབ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགྲོ་བའི་ངེས་པ་རྙེད་པ་རེད། འཕགས་ལམ་མ་ཐོབ་བར་དུ་བྱང་ཆུབ་ཀྱི་སྤྱོད་པ་ཚུལ་བཞིན་དུ་སློབ་མ་ཐུབ་པ་དང་། ལམ་བུལ་དུ་འགྲོ་བ། ཉམས་རྟོགས་ཞན་དུ་འགྲོ་བའི་གོ་སྐབས་ཡོད་མུས་རེད། དེར་བརྟེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དེ་ཧ་ཅང་གལ་ཆེ།

ཚིགས་བཅད་དེ་འགྲེལ་ན། ང་ཚོའི་སེམས་དེ་བྱིང་བའི་དབང་དུ་སོང་བ་དང་། རྒོད་པའི་དབང་དུ་སོང་བ། འཕྲོས་པའི་དབང་དུ་སོང་ནས་ལོག་པའི་ཡུལ་དུ་གཡེང་བ་དང་། ལོག་པའི་ཡུལ་ཞེ་ན་ཞི་གནས་ཀྱི་དམིགས་པའི་གྲངས་སུ་མི་ཚུད་པའི་ཡུལ་གཞན་དུ་འགྲོ་བ་དེ་རེད། དེ་ལྟ་བུའི་ལོག་པའི་ཡུལ་ལ་གཡེང་བ་ཞི་བ་དེ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བྱེད་ཐུབ་ཅིང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ཞི་གནས་སྒྲུབ་ཚུལ་དེ་ཧ་ཅང་རྒྱ་ཆེན་པོ་རེད། མདོར་བསྡུས་ན། དབུས་མཐའ་རྣམ་འབྱེད་ལས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད།། བསྟེན་པའི་རྒྱུ་ལས་བྱུང་བ་འོ།། ཞེས་གསུངས་པ་བཞིན་རེད། རྗེ་བདག་ཉིད་ཆེན་པོས་རྒྱུད་རྒྱ་གཞུང་ནས་གསུངས་པའི་ཞི་གནས་སྒྲུབ་ཚུལ་རྣམས་ཕྱོགས་བསྡོམས་གནང་སྟེ་ལམ་རིམ་ཆེན་མོའི་ནང་ཉེས་པ་ལྔ་སྤོང་ཚུལ་དང་འདུ་བྱེད་བརྒྱད་བསྟེན་ཚུལ་ཐོག་ནས་ཞི་གནས་སྒྲུབ་ཚུལ་དང་། སེམས་དགུའི་རིམ་པ་རྣམས་གསལ་པོ་གསུངས་ཡོད། དེེང་སང་ཞི་གནས་སྒྲུབ་མཁན་ཡོད་ན། དེའི་ཐབས་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱིས་གསུངས་པ་ལས་ལྷག་པ་ཞིག་མེད། གལ་ཏེ་ཞི་གནས་ཐོབ་ན་སེམས་རྩེ་གཅིག་པ་དེ་སེམས་རྟེན་དུ་བྱས་ནས་ཡོན་ཏན་གཞན་མང་པོ་སྒྲུབ་ཐུབ་པ་དང་། ལྷག་པར་སྔགས་ཀྱི་ཉམས་ལེན་པ་ཡིན་ན་ཞི་གནས་མེད་ནའང་ཉུང་མཐར་སེམས་གནས་དགུ་པ་ཙམ་མ་ཐོབ་ན་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་མེད་པས་བསྐྱེད་རིམ་དང་རྫོགས་རིམ་བསྒོམ་རྒྱུ་དེ་ཧ་ལམ་སྤྲོས་བྲལ་རེད། ད་ལྟ་ང་ཚོས་དམིགས་པ་གཏད་སྐབས་རྩེ་གཅིག་ཏུ་གནས་མི་ཐུབ་པ་དེ་ཞི་ལྷག་གི་ལམ་དུ་འགྲོ་མ་ཐུབ་པ་དེས་རེད། ལྷག་མཐོང་དེས་ལྷག་པ་གང་མཐོང་གི་ཡོད་ཅེ་ན། དངོས་པོ་མཐོང་བ་ཙམ་ལ་ཆ་བཞག་ནས་འགྲོ་བ་མིན་པར་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱེད་པའི་སྒོ་ནས་མཐོང་བ་ཡིན་ཙང་རེད། དེ་ནས་ཞི་གནས་དང་ལྷག་མཐོང་གཉིས་ཟུང་དུ་འབྲེལ་བ་ཐོབ་པ་ན་ལྟ་ཐོག་ནས་སྒོམ་པ་འཚོལ་ཐུབ་པ་དང་། སྒོམ་ཐོག་ནས་ལྟ་བ་འཚོལ་ཐུབ་པ། ཞི་གནས་ཀྱི་ནང་ནས་ལྷག་མཐོང་དུ་འགྲོ་ཐུབ་པ། ལྷག་མཐོང་གི་ངོས་ནས་ཞི་གནས་འདྲེན་ཐུབ་པ་ཡོང་། དེ་ལྟ་བུའི་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་དེ་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་པའོ།། དེ་ཡན་གྱིས་སྤྱོད་པ་སྤྱི་བསླབ་སོགས་ཟིན་པ་ཡིན།

གསང་སྔགས་རྡོ་རྗེ་ཐེག་པ་ལ་སློབ་ཚུལ།

དེ་ནས་སྔགས་ཀྱི་ལམ་ལ་ཞུགས་ཚུལ་ནི། ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན།། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག།།སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར།། བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་ཐོག་མར་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྦྱིན་སོགས་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ཉམས་སུ་བླངས་ནས་རྒྱུད་ཡོངས་སུ་སྨིན་པའམ་ཐུན་མོང་གི་ལམ་སྦྱངས་རྣམས་སྣོད་དུ་གྱུར་པ་ན་ཐེག་པ་ཀུན་གྱི་མཆོག་ཏུ་གྱུར་པ་རྡོ་རྗེའི་ཐེག་པ་ནི་ཐེག་པ་ཆེན་པོའི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཞིང་། རྟོགས་བརྗོད་འདུན་ལེགས་མ་ལས། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ།། ཟབ་མོ་རྡོ་རྗེའི་ཐེག་དང་ཕར་ཕྱིན་ཐེག།།རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས།། ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས།། ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས།། ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ།། ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས།། འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ།། དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན།། དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང་།། ཞེས་རྗེ་བདག་ཉིད་ཆེན་པོས་བཀའ་བཀྱོན་གནང་ཡོད། གལ་ཏེ་གསང་སྔགས་དེ་མྱུར་ལམ་ཡིན་ན་ང་ཚོས་ངེས་པར་དུ་བཙལ་དགོས། ཧ་ཅང་དབང་པོ་རྣོན་པོའི་གདུལ་བྱ་ལ་བསྟན་པར་བྱ་བ་ཡིན་ཙང་ཐེག་པ་ཀུན་གྱི་མཆོག་ཏུ་གྱུར་པ་རེད། དེ་ཡང་གཞན་ཞིག་ནས་བསམ་ན་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་གསོག་མི་དགོས་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ཐུབ་པའི་ཐབས་ལམ་ཡོད་ཙང་ཐེག་པ་ཀུན་གྱི་མཆོག་ཏུ་གྱུར་པ་རེད། དེ་འདྲའི་རྡོ་རྗེ་ཐེག་པ་དེ་སྐལ་བ་བཟང་པོའི་སྐྱེ་བོའི་འཇུག་ངོགས་སམ་ལམ་ཡིན་པ་ལས་སྐལ་བ་དམན་པ་རྣམས་འཇུག་མི་ཐུབ། དེ་ལྟ་བུའི་འཇུག་ངོགས་དམ་པ་ལ་དཀའ་བ་མེད་པར་བདེ་བླག་ཏུ་འཇུག་པར་བྱིན་གྱིས་རློབས་ཤིག་ཅེས་པའོ།། སྤྱིར་སངས་རྒྱས་ཀྱི་གོ་འཕང་དེ་སྔགས་ལམ་དུ་མ་ཞུགས་པར་འཐོབ་རྒྱུ་མེད། སངས་རྒྱས་ཀྱི་ས་ལ་ཆོས་གཟུགས་ཀྱི་སྐུ་གཉིས་བསྒྲུབ་དགོས། དེའི་ཆེད་དུ་ཆོས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཅིག་ཕར་ཕྱིན་ཐེག་པ་ལ་བརྟེན་ནས་བསྒྲུབ་རྒྱུ་ཡོད་ཀྱང་། གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་ལམ་བསྒོམ་རྒྱུ་ཕར་ཕྱིན་ཐེག་པ་ལ་མེད། གཟུགས་སྐུ་བསྒྲུབ་པའི་རྒྱུ་ལ་བསོད་ནམས་ཀྱི་ཚོགས་གསོག་རྒྱུ་མ་གཏོགས། སེམས་ཅན་གྱི་ས་ནས་སངས་རྒྱས་ཀྱི་ས་ལ་གཟུགས་སྐུའི་ངོ་བོར་འཕོ་བའི་ཉེར་ལེན་གྱི་རྒྱུའི་སྒྲུབ་སྟངས་སོགས་ཕར་ཕྱིན་ཐེག་པའི་ནང་བཤད་མེད། ཕ་རོལ་ཏུ་ཕྱིན་པའི་ལམ་རྐྱང་པའི་ཐོག་ནས་ས་བཅུའི་རྒྱུན་མཐའ་ལ་སླེབས་ནའང་མཐར་སྔགས་ལམ་གྱིས་སྣོན་པ་མ་བཏབ་ན་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་ཚང་གི་མེད། དེར་བརྟེན་སྐལ་བཟང་སྐྱེ་བོའི་འཇུག་ངོགས་སུ་གྱུར་པ་རེད། དེ་བཞིན་ཆོས་སྐུའི་ངོ་བོར་འགྲོ་བའི་ཉེར་ལེན་གྱི་རྒྱུ་ངོ་མའང་ཞིབ་ཚགས་པོས་དཔྱད་ན། འཆི་དུས་ཤིན་ཏུ་ཕྲ་བའི་སེམས་དེ་བྱ་བ་ལ་ཞུགས་ནས་དེས་རྟོགས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཆོས་སྐུའི་ཉེར་ལེན་མ་གཏོགས། རགས་པའི་སེམས་ཀྱིས་སྟོང་ཉིད་རྟོགས་པ་དེ་ཆོས་སྐུའི་ཉེར་ལེན་དུ་འགྲོ་ཁག་པོ་རེད།

དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི།། རྣམ་དག་སྡོམ་ཚིག་སྡོམ་པར་བསྲུང་བ་ལ།། བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས།། སྲོག་དང་བསྡོས་ཏེ་བསྲུང་བར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་དེ་ལྟ་བུའི་སྔགས་ལམ་དུ་ཞུགས་པའི་སྐབས་སུ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་འགྲུབ་པའི་གཞི་གཙོ་བོ་ནི་དབང་དུས་སུ་ཁས་བླངས་པའི་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་རེད། འདིར་མཆོག་གི་དངོས་གྲུབ་ནི་རྡོ་རྗེ་འཆང་གི་གོ་འཕང་དང་། ཐུན་མོང་གི་དངོས་གྲུབ་ནི་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་པས་འགྲུབ་པའི་ཐུན་མོང་གི་དངོས་གྲུབ་བརྒྱད་དང་བཅུ་དྲུག་སོགས་ཡོད། སྔགས་ཀྱི་ལམ་སྒྲུབ་པའི་མཐུན་རྐྱེན་བླ་ན་མེད་པ་ནི་དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་རེད། དེའི་ནང་སྡོམ་པ་གསུམ་གའི་བཅས་པ་ཡོད། དེ་དག་ལ་ངེས་པ་རྙེད་པའི་ཐོག་ནས་དམ་ཚིག་དང་སྡོམ་པ་རྣམས་རང་གི་སྲོག་དང་བསྡོས་ཏེ་བསྲུང་ནུས་པ་བྱིན་གྱི་རློབས་ཤིག་ཅེས་པའོ།།

དེ་ནས་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི།། གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།། ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར།། དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་རི་བོ་དགེ་ལྡན་པས་ཉམས་སུ་བླང་བྱའི་རྒྱུད་སྡེའི་ནང་གསང་བདེ་འཇིགས་གསུམ་གལ་ཆེ་ཤོས་རེད། སྤྱིར་འོད་གསལ་གཙོ་བོར་སྟོན་པའི་མ་རྒྱུད་དང་། སྒྱུ་ལུས་གཙོ་བོར་སྟོན་པའི་ཕ་རྒྱུད་ཅེས་སོགས་དབྱེ་སྟངས་མི་འདྲ་བ་ཕྲན་བུ་ཡོད་ཀྱང་། རྗེ་བདག་ཉིད་ཆེན་པོའི་ཡབ་སྲས་ཀྱི་བཞེད་དགོངས་ལ་རྒྱུད་གཉིས་སུ་མ་འདུས་པ་མེད། དེས་ན་རྒྱུད་སྡེའི་ནང་གསུངས་པའི་སྙིང་པོ་དེ་གང་རེད་ཅེ་ན། བསྐྱེད་རིམ་དང་རྫོགས་རིམ་བཅས་རིམ་པ་གཉིས་ཀྱི་རྣལ་འབྱོར་ཡིན་ཞིང་། བསྐྱེད་རིམ་ནི་རང་ཉིད་ལྷར་བསྐྱེད་པ་དང་ལྷ་ཡི་དཀྱིལ་འཁོར་གྱི་རྣམ་པ་བསྒོམ་རྒྱུ་དང་། དེ་ཡང་སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པའི་ལམ་བསྒོམ་རྒྱུ་དེ་རེད། ལྷ་ཡི་གཟུགས་བསྒོམ་པ་ཙམ་ཕྱི་རོལ་པ་ལའང་ཡོད། འོན་ཀྱང་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ་དང་། དེའི་ཐོག་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་གཟུང་རྣམ་ལྷ་ཡི་དཀྱིལ་འཁོར་དུ་བསྒོམ་རྒྱུ་དེ་རེད། དེ་ནི་ཉོན་མོངས་པའི་གཉེན་པོར་འགྲོ་ཚབས་ཆེ་ཤོས་རེད། སྔགས་ཀྱི་ཁྱད་ཆོས་མི་འདྲ་བ་གཅིག་ནི་འབྲས་བུ་ལམ་བྱེད་དང་། དེ་ནི་འབྲས་བུའི་གནས་སྐབས་སུ་གང་ཡོང་རྒྱུ་ཡོད་པ་དེ་ད་ལྟ་ནས་ལམ་དུ་བྱས་ནས་འགྲོ་རྒྱུ་དེ་རེད། དེས་ན་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པའི་བསྐྱེད་རིམ་བསྒོམ་རྒྱུ་དེ་རིམ་པ་དང་པོ་དང་། རིམ་པ་གཉིས་པ་ནི་ལུས་ཀྱི་རྩ་ཁམས་ལ་གནད་དུ་བསྣུན་རྒྱུ་དེ་རེད། དེ་ཡང་སྔགས་ལམ་མྱུར་བ་དེ་རྫོགས་རིམ་གྱི་སྐབས་སུ་ཀུན་རྟོག་གཡོ་བྱེད་ཀྱི་ལས་རླུང་རྣམས་བཀག་པ་རེད། དཔེར་ན་རྟ་བཞོན་ནས་རྒྱུག་མཁན་གྱི་མི་དེ་གཟུང་རྒྱུའི་ཚབ་ཏུ་རྟ་དེ་མེད་པ་བཟོ་རྒྱུ་རེད། རགས་པ་ཉེར་ལྔ་དང་ཀུན་རྟོག་བརྒྱད་ཅུ་སོགས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་རྣམ་རྟོག་དེ་དག་རེ་རེ་ལ་གཉེན་པོ་བསྟེན་ནས་འགོག་མི་དགོས་པར། དེ་དག་ཀུན་ནས་སློང་བྱེད་དམ་བཞོན་པར་གྱུར་པའི་རླུང་དེ་སྙིང་གའམ་ལྟེ་བའམ་གསང་གནས་ལྟ་བུའི་གནད་གཅིག་ལ་ཞུགས་གནས་ཐིམས་གསུམ་བྱས་ནས་རླུང་དེ་མེད་པ་ཆགས་པ་ན་ཉོན་མོངས་པའི་ཀུན་རྟོག་རྣམས་རང་བཞིན་གྱིས་འགགས་པ་རེད། དེ་དག་ནི་རིམ་པ་གཉིས་ཀྱི་སྐོར་རགས་ཙམ་ཞུས་པ་ཡིན། དེ་ལྟ་བུའི་གནད་རྣམས་ཇི་ལྟ་བ་བཞིན་དུ་རྟོགས་ནས་བརྩོན་པའི་ཐོག་ནས་ཉིན་གཅིག་ལ་ཐུན་བཞིའི་རྣལ་འབྱོར་སྤྱོད་པ་ལས་མི་གཡེལ་བ་དང་། སྔགས་ཀྱི་ཉམས་ལེན་སྐབས་སུ་དཔེ་ཐོག་བྲོ་རྡུང་ངམ་དཔེ་ཆ་བཀླགས་ནས་ཉམས་ལེན་བྱེད་ཆོག་མེད། དེ་ལ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་རྣམས་རྒྱལ་བ་རྡོ་རྗེ་འཆང་ནས་རང་གི་དྲིན་ཅན་གྱི་རྩ་བའི་བླ་མའི་བར་དུ་བརྒྱུད་མ་བར་མ་ཆད་དུ་ཡོད་པ་དང། དེ་ཡང་རང་གི་བླ་མའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས་ཤིག་ཅེས་པའོ།། དེ་ནི་སྔགས་ཀྱི་ཉམས་ལེན་བྱེད་ཐུབ་པའི་ཐུགས་སྨོན་གནང་རྒྱུ་དེ་རེད།

དེ་ནས་མཐའ་མའི་བསྔོ་བ་ནི། དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང་།། ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང་།། ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས།། ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་གསུངས་པ་བཞིན་ལམ་བཟང་སྟོན་པའི་བཤེས་གཉེན་ཞབས་བརྟན་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་ལམ་ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཀྱང་ཞབས་བརྟན་དགོས་པ་གལ་ཆེན་པོ་རེད། དེས་ན་སྟོན་པ་པོ་བླ་མ་ལ་མ་བརྟེན་པ་དང་གྲོགས་དགེ་འདུན་ལ་མ་བརྟེན་པར་ཆོས་སྒྲུབ་ཐུབ་ཐབས་མེད། ལྷག་པར་དུ་ལམ་བཟང་སྟོན་པའི་བཤེས་གཉེན་ཞལ་བཞུགས་པ་རྣམས་སྐུ་ཚེ་བརྟན་པའི་ཆེད་དུ་རྒྱུན་དུ་སྨོན་ལམ་བཏབ་དགོས་པ་དང་། བརྟན་པར་བཞུགས་པའི་གསོལ་བ་འདེབས་དགོས་པ་རེད། དེ་ཡང་དུས་ལས་མི་ཡོལ་བར་དགོས་པ་དེ་གལ་ཆེན་པོ་རེད། དེ་ནས་ཕྱིའི་བར་དུ་གཅོད་པ་ནི་ནད་དང་གོད་ཆགས་སོགས་དང་། ནང་གི་བར་དུ་གཅོད་པ་ནི་བསམ་བློ་ཉོན་མོངས་དབང་དུ་བློ་ཆོས་སུ་མི་འགྲོ་བ་དང་ཆོས་ལམ་དུ་མི་འགྲོ་བ། དེ་བཞིན་ལམ་རིམ་ཉམས་སུ་ལེན་པའི་སྐབས་སུ་ལམ་གྱི་རིམ་པ་གང་དུ་སླེབས་པ་དེའི་མི་མཐུན་ཕྱོགས་ཀྱི་བློ་རྣམས་ཀྱང་ནང་གི་བར་དུ་གཅོད་པ་རེད། དེ་ལྟ་བུའི་ཕྱི་ནང་གི་བར་དུ་གཅོད་པའི་ཚོགས་རྣམས་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་ཅེས་པའོ།།

བྱང་ཆུབ་ལམ་གྱི་རིམ་པའི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པའི་རིམ་པ་ལམ་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ནི་འདོད་འདུན་ཅན་དུ་མས་བསྐུལ་བའི་དོན་དུ་སེམས་དཔའ་ཆེན་པོ་དུ་མས་བྱིན་གྱིས་བརླབས་པའི་སྒྲུབ་གནས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་དགོན་པ་གོང་དུ་དཔལ་ཨ་ཏཱི་ཤའི་སྐུ་དངོས་དང་ཁྱད་པར་མ་མཆིས་པའི་སྐུ་འདྲ་དབུ་ཡོན་མ་ཆེ་བར་གྲགས་པའི་སྤྱན་སྔར་ཡུན་རིང་དུ་གསོལ་བ་བཏབ་ནས་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའི་ཡི་གེ་པ་ནི་ཤཱཀྱ་སེངྒེས་བྱས་པའོ།།

མཇུག་གི་གཏམ།

ད་རིང་འདིར་ཡོན་ཏན་གཞིར་གྱུར་མའི་འཆད་ཉན་ཞུ་དགོས་པའི་རྐྱེན་ནི་ཕུ་ཁང་ཁང་ཚན་གྱི་འདུ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གྲུབ་མཚམས་དེའི་སྒོ་དབྱེ་དང་སྦྲགས་ནས་འཆད་ཉན་ཞིག་དགོས་ཞེས་བཀའ་གནང་བ་རེད། འདི་ལོ་བློ་གསལ་གླིང་གྲྭ་ཚང་དུ་ལོ་སྔོན་མའི་རྩ་བ་ཤེས་རབ་ཀྱི་འཕྲོས་བསྐྱང་རྒྱུའི་འཆར་གཞི་ཡོད་ཙང་། དེ་དང་འབྲེལ་ནས་ད་རིང་ཉིན་ཤས་རིང་ཁང་ཚན་གྱི་མངོན་འདོད་ལྟར་ཁས་བླངས་པ་རེད། དེ་དུས་འཆད་ཉན་གང་གནང་མིན་ཁྱེད་རང་གིས་ཐག་བཅད་ན་འགྲིགས་ཀྱི་རེད་གསུངས་པ་རེད། གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གི་རྣ་རྒྱན་ཁང་ཚན་ཞིག་གི་ནང་དང་། དེ་ཡང་འདུ་ཁང་གི་སྒོ་འབྱེད་དང་འབྲེལ་ནས་འཆད་ཉན་བྱེད་དགོས་དུས་མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པའི་གཞུང་ཞིག་བྱུང་ན་ཡག་པོ་འདུག་སྙམ་པ་དང་། དེ་ཡང་ཉིན་གསུམ་མ་གཏོགས་མེད་སྟབས་གཞུང་ཆེན་པོ་ཞིག་ནི་བཤད་ཐུབ་ཐབས་མེད་པར་བརྟེན་ཡོན་ཏན་གཞིར་གྱུར་མ་ལ་གཏན་འཁེལ་བ་རེད། ལར་ནས་ཉིན་གསུམ་ནང་བཤད་རྒྱུ་དེའང་ཕྲན་བུ་ཧམ་པ་ཚ་དྲགས་འདུག  སྤྱིར་ང་ལ་ཞུ་རྒྱུ་མང་པོ་མེད་ཀྱང་། ཉིན་གསུམ་ནང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་ཆ་ཚང་འགྲོ་བའི་ཐབས་ཤེས་བྱེད་སྐབས་ས་བཅད་མ་སྟོང་ཙམ་མ་གཏོགས། དོན་ལ་ཞིབ་ཚགས་པོས་དཔྱད་པ་གསུམ་གྱིས་གཏན་ལ་ཕབ་རྒྱུ་དང་ཆོས་བཤད་བྱ་རྒྱུའི་གོ་སྐབས་མེད། འོན་ཀྱང་ཡོན་ཏན་གཞིར་གྱུར་མ་དེ་རྗེ་བདག་ཉིད་ཆེན་པོའི་གསུང་བྱིན་ཅན་དང་། ལྷག་པར་དུ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་དང་འབྲེལ་བ། དེ་ཡང་རྗེ་བདག་ཉིད་ཆེན་པོ་ལ་ལམ་རིམ་བླ་མ་བརྒྱུད་པའི་དག་སྣང་དང་ཞལ་གཟིགས་བྱུང་བའི་ཉེར་ལེན་ལ་བརྟེན་ནས་བརྩམས་པ་ཞིག་ཡིན་པར་བརྟེན། དེ་འབུལ་ཐུབ་ན་སྐལ་བ་བཟང་པོ་རེད་དྲན་བྱུང་།

བར་ལམ་ཟླ་ཤས་རིང་གཟུགས་པོ་མི་བདེ་བར་བརྟེན་མཇུག་བསྐྱལ་ཐུབ་མིན་གྱི་དྭོགས་པ་བྱུང་། ཉེ་སྔོན་ཕྱི་ཟླ་བདུན་པའི་ནང་ཨ་རིར་ཨོལ་སྒོ་བཤགས་བཅོས་བྱེད་དགོས་བྱུང་ཞིང། སྐབས་དེར་སྐད་དེ་འགགས་ནས་སྒྲ་མི་ཐོན་པ་དང་། སྨན་པ་ཚོས་དེ་གསོ་བ་ལ་ལོ་གཅིག་འགོར་རྒྱུ་གསུངས་སོང་། ད་ལྟ་ཟླ་བ་བཞི་ཙམ་མ་གཏོགས་སོང་མེད། ཡིན་ནའང་བར་ལམ་སྐད་ཕྲན་བུ་གསོས་པ་རེད། ཁ་སང་ཉིན་དང་པོར་སྐད་འགག་གྲབས་བྱས་སོང་། དེས་ན་ཉིན་གསུམ་རིང་སྐད་མ་འགག་ཙམ་ཐོག་ནས་འཆད་ཉན་ས་བཅད་མ་སྟོང་ཙམ་བྱུང་བ་དེ་ང་རང་སྐལ་བ་བཟང་པོ་ཡིན་བསམ་གྱི་འདུག

དེ་རིང་འཆད་ཉན་ནང་མཁན་པོ་མཁན་ཟུར་སོགས་བགྲེས་སོང་མང་པོ་ཕེབས་འདུག  ཡོན་ཏན་གཞིར་གྱུར་མའི་ཁྲིད་རྒྱུན་དཀོན་པོ་གང་ཡང་མེད། ལྷག་པར་དུ་ང་ལ་རྣམ་པ་ཚོ་ལ་ཐུགས་ཕན་གསོ་བ་ཞུ་རྒྱུ་གང་ཡང་མེད། ཁྱེད་ཚོ་ཚང་མས་མཁྱེན་གསལ་བཞིན་ང་སྔོན་མ་གྲྭ་སར་དཔེ་ཆ་ཡག་པོ་མི་ལྟ་མཁན་གྲས་རེད། དེ་ནས་དབུ་མ་རྙིང་པའི་ལོ་ལ་སྐྱབས་བཅོལ་དུ་འབྱོར་ནས་དཔེ་ཆ་བལྟ་རྒྱུ་བྱུང་མེད། ངའི་རྒན་མཁན་ཟུར་རིན་པོ་ཆེས་རྟག་ཏུ་ཁྱེད་རང་མི་ཁོམ་པ་དགུ་པའི་དབང་དུ་སོང་བ་རེད་ཅེས་ཐུ་ལུ་བཏབ་ནས་གསུང་གི་རེད། དེས་ན་རང་གིས་ཐོས་བསམ་ཡང་མ་བྱས། སྒོམ་སྒྲུབ་ཀྱང་མ་བྱས། ད་དུང་གཞན་ལ་བཤད་རྒྱུ་དེ་རྫ་དཔལ་དགེས། རང་ལ་ཉམས་ལེན་མེད་པའི་དཔེ་ཐོག་གི་བྲོ་རྡུང་།། ཉན་མཁན་མོས་མོས་འདྲ་ཡང་མི་བདེན་ངོ་མ།། ཞེས་རང་ལ་ཉམས་ལེན་མེད་པར་དཔེ་ཆའི་ཐོག་ནས་བཤད་པ་དེ་ཉན་མཁན་ཚོས་མོས་མདོག་ཁ་པོ་བྱས་ནའང་མི་བདེན་ངོ་མ་རེད་ཅེས་གསུངས་པ་ལྟ་བུ་རེད། ཡིན་ནའང་བླ་མའི་བཀའ་ཁྲོལ། ལྷ་དང་བླ་མ་ལ་གསོལ་བ་བཏབ་པར་བརྟེན་གཅིག་བྱས་ན་ཕན་ཐོགས་འདྲ་ཡོད་འགྲོ་བསམས་ནས་ཞུས་པ་རེད།

ད་རེས་ཉིན་གསུམ་གྱི་འཆད་ཉན་རིང་གསན་མཁན་ཚོས་ཐུགས་སྣང་ཆེན་པོའི་ཐོག་ནས་གསན་པ་དང་། གཙོ་བོ་ནི་ཁང་ཚན་འདིའི་ནང་མ་འོངས་པར་བསླབ་པ་སློབ་གཉེར་གནང་མཁན་གྱི་དགེ་འདུན་མང་པོ་ཡོང་བ་དང་། དེ་དག་ཀྱང་ཆོས་བཞིན་འདུལ་བ་བཞིན་དང་། དོན་ཉུང་བ་བྱ་བ་ཉུང་བ། འདོད་ཆུང་ཆོག་ཤེས། དམ་ཆོས་འདུལ་བའི་དགོངས་དོན་དང་མཐུན་པར་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ཤ་སྟག་ཡོང་བའི་སྨོན་ལམ་འདེབས་རྒྱུ་ཡིན་ལ། ལྷན་རྒྱས་ཚོས་ཀྱང་ཐུགས་སྨོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།

སྤྱིར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཞེས་པ་དེ་དགོས་གལ་ཆེན་པོ་རེད། ཡིན་ནའང་གཙུག་ལག་ཁང་གི་གོ་དོན་ནི། སྤྱོད་འཇུག་ལས། གཙུག་ལག་ཁང་རྣམས་ཀློག་པ་དང་།། ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག།།རྟག་ཏུ་དགེ་འདུན་མཐུན་པ་དང་།། དགེ་འདུན་དོན་ཡང་འགྲུབ་པར་ཤོག།།ཅེས་གསུངས་པ་བཞིན་སྡེ་སྣོད་གསུམ་བཞུགས་ཡུལ་དང་དགེ་འདུན་གྱི་ལས་བྱ་ཡུལ་ལ་གཙུག་ལག་ཁང་དང་། སངས་རྒྱས་བཞུགས་ཡུལ་ལ་དྲི་གཙང་ཁང་། དགེ་འདུན་བཞུགས་ཡུལ་ལ་ཀུན་དགའ་རྭ་བ་ཞེས་བརྗོད་ཅིང་། ང་ཚོའི་གཙུག་ལག་ཁང་དེ་སྡེ་སྣོད་གསུམ་ལ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་བྱ་ཡུལ་གྱི་ཁང་པ་ལ་ངོས་འཛིན་གནང་དགོས། འདིར་ཀློག་པ་ནི་ཁ་ལབ་བསླབ་པ་དང་ལུང་འབོགས་པ་ཡིན། དཔེར་ན་ཕུ་ཁང་ཁང་ཚན་དང་ལྭ་བ་ཁང་ཚན་དུ་བསྡུས་གྲྭ་ཁ་ལབ་བསླབ་པའི་སྲོལ་ཡོད། དེ་ནི་བོད་པ་གཅིག་པུ་ལ་མིན་པར་མ་ཡན་མར་ (Myanmar) གྱི་དགེ་སློང་གིས་དགོན་པའི་ནང་མར་མེ་སོགས་མེད་པར་མངོན་པའི་ཚན་པ་རྣམས་ཁ་ལབ་སློབ་སྲོལ་འདུག  དེ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་རིང་པོར་མ་ལོན་པར་སངས་རྒྱས་ཀྱི་གསུང་རྣམས་ཡིག་ཐོག་ཏུ་བཀོད་ནས་རས་སོགས་སུ་འབྲི་རྒྱུ་དེ་ཉུང་ཉུང་རེད། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་སུ་འབྲི་རྒྱུའི་སྲོལ་དར་ཟིན་ཞིང་། དེ་ཡང་ཤིང་ཤུན་དང་། གྲོ་ག  ཏཱ་ལའི་ལོ་མ། རས་སོགས་སུ་འབྲི་བ་རེད། དེས་ན་མདོ་སྔགས་སུ་གྲོ་གའམ། རས་སམ། ཤིང་ཤུན་ལ་བྲིས་ཏེ་ཞེས་བྱུང་། འོན་ཀྱང་འབྲི་རྒྱུ་དེ་འབེལ་པོ་མེད་ཙང་། གཙུག་ལག་ཁང་དུ་གནས་བརྟན་བགྲེས་པ་ཚོས་གཞོན་པ་རྣམས་ལ་མདོ་རྣམས་ཁ་ལབ་ཀྱིས་བསླབ་པ་ལ་ཀློག་པ་ཞེས་ཟེར། ཁ་ཏོན་ནི་དགེ་རྒན་གྱིས་ཁ་བསླབ་བྱས་པ་མིན་པར་སོ་སོས་འདོན་རྒྱུ་དེ་རེད། གང་ལྟར་ཀློག་པ་དང་ཁ་ཏོན་བྱེད་མཁན་རྣམས་ཀྱི་བཞུགས་ས་ལ་གཙུག་ལག་ཁང་ཞེས་བརྗོད། གཙུག་ལག་ཁང་རྒྱས་སྤྲོས་ཆེན་པོའི་ནང་དུ་ཐོས་བསམ་སློབ་གཉེར་ཡག་པོ་གནང་མཁན་མ་བྱུང་ན་དགོས་པ་གང་ཡང་མེད། གལ་ཏེ་ཐོས་བསམ་སློབ་གཉེར་གནང་མཁན་ཞིག་ཡིན་ནའང་། མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་བཞིན་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་བའི་ཐོག་ནས་ཐོས་བསམ་ཁ་ཕྱིར་བལྟས་སུ་མ་སོང་བར་རང་གི་རྒྱུད་ཐོག་ཏུ་སྨིན་པ་དང་། དེ་བཞིན་ཉམས་ལེན་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་དགོས། མགྱོགས་པོ་འདི་ནས་གནས་ཚུལ་མང་པོ་མཁོ་སྒྲུབ་གནང་ནས་ལམ་སེང་ནུབ་ཕྱོགས་སུ་འཕུར་བའི་དགོངས་པ་མ་བཞེས་པར། གཙོ་བོ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་དོན་གཉེར་དེ་མ་བརླགས་པར་ངེས་པར་འབྱུང་བའི་བསམ་པས་སྣེ་ཟིན་པ་མ་བྱུང་ན་གང་བྱས་ཚེ་འདི་སྣང་ལ་འགྲོ་རྒྱུའི་ཉེན་ཁ་ཡོད།

འདིར་ཁང་ཚན་གྱི་རྟེན་དང་བརྟེན་པར་བཅས་པ་གསར་བསྐྲུན་ཐོག་འབྲེལ་ཐོགས་སྦྱིན་བདག་དང་། འགན་ཁུར་བ། ཁང་ཚན་གྱི་ལས་སྣེ་སོགས་ཀྱིས་སྐུ་ངལ་གནང་བའི་ཆོས་དང་མཐུན་པའི་བྱ་བ་རྣམས་ལས་བྱུང་བའི་དགེ་བ་རྣམས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཐོབ་པའི་བསྔོ་བ་སྨོན་ལམ་གནང་ཐུབ་པ་དང་། ལྷག་པར་དུ་དུས་ཚོད་གཉན་འཕྲང་ཅན་འདིའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་ཚང་ལ་མ་ནོར་བའི་བོད་བརྒྱུད་ནང་བསྟན་གཅིག་པུ་ནི་འཇིག་རྟེན་ཐམས་ཅད་ཀྱི་ཕན་བདེ་འབྱུང་བའི་གཞི་རྩ་ཡིན་པར་བརྟེན། དར་རྒྱས་ཡུན་གནས་ལ་ང་ཚོའི་ངོས་ནས་གང་ཐུབ་ཀྱིས་ཞབས་འདེགས་ཞུ་ཐུབ་པའི་དགོངས་པ་བཞེས་དགོས།

ད་ལྟ་འཇིག་རྟེན་གྱི་ཁྱོན་ཡོངས་སུ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་སྔར་མ་གྲགས་པའི་འདྲེན་པོ་ཆེན་པོར་བཞུགས་ཤིང་། ཁོང་གི་མཛད་པ་འཕྲིན་ལས་རྣམས་རྒྱུན་དུ་ང་ཚོའི་རྒྱུད་དུའང་སྦྱར་ཐུབ་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཀུན་ལ་འཕྲལ་ཕུགས་ཀྱི་ཕན་བདེ་སྒྲུབ་ཐུབ་པ། རིང་པོར་མ་ཐོགས་པར་༧གོང་ས་མཆོག་རང་གི་གདུལ་ཞིང་གངས་ཅན་གྱི་ལྗོངས་སུ་༧ཞབས་སོར་འཁོད་ནས་གཞིས་བྱེས་མཉམ་འཛོམས་ཡོང་བར་ཐུགས་སྨོན་བདེན་ཚིག་དང་བསྔོ་བ་སྨོན་ལམ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ད་རེས་ཉིན་གསུམ་གྱི་འཆད་ཉན་གྱི་མིང་ཙམ་ལེགས་གྲུབ་བྱུང་བ་དེ་ཕྱོགས་གཅིག་ནས་དགེ་འདུན་འདུས་པ་རྒྱ་མཚོའི་སྐུ་བསོད་དང་བྱིན་རླབས་ཡིན་ཙང་། དེ་ལའང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

ཡོན་ཏན་གཞིར་གྱུར་མའི་བཤད་ཁྲིད་ནི་༧སྐྱབས་རྗེ་རྣམ་པ་གཉིས་དང་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་ཡང་ཡང་ཐོབ་ཡོད། ཡིན་ནའང་ཆ་ཚང་ཉམས་ཁྲིད་ཀྱི་ཚུལ་དུ་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་སྐུ་མདུན་ནས་ལམ་རིམ་ཞུ་སྐབས་སྦྱོར་ཆོས་ནང་ཆ་ཚང་ཡོད་པ་བཞིན་སྐབས་དེར་ཐོབ། དེ་ནི་སྦྱོར་ཆོས་ཀྱི་གསོལ་འདེབས་ཀྱི་མཇུག་ཏུ་ཡོད་པ་ཡིན་ཙང་། སྦྱོར་ཆོས་ཀྱི་ཁྲིད་རྒྱས་པ་ཐོབ་སྐབས་ཡོན་ཏན་གཞིར་གྱུར་མའང་ཐོབ་ཡོད། གང་ལྟར་བརྒྱུད་རིམ་དེ་༧སྐྱབས་རྗེ་རྣམ་པ་གཉིས་དང་༧གོང་ས་མཆོག་བཅས་གསུམ་ནས་བརྒྱུད་པར་བརྩི་ན་མ་འགྲིགས་པ་མེད། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་གསུང་ཆོས་གྲོལ།། །།

 

(ཇི་ལྟར་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ཕུ་ཁང་ཁང་ཚན་གྱིས་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ཕུ་ཁང་ཁང་ཚན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་དབུ་འབྱེད་དང་། ཕྱི་ཟླ་ ༡༠ ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༡ བར་ཉིན་གསུམ་རིང་གཙུག་ལག་ཁང་གསར་པའི་ནང་ཡོན་ཏན་གཞིར་གྱུར་མའི་བཀའ་ཁྲིད་བསྩལ།)