ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད།

༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༢། ཉིན་དང་པོ།

༄༅།། འདིར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭའི་ངོས་ནས་རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་བཤད་ཁྲིད་ཅིག་ཆོས་འབྲེལ་ཚུལ་དུ་བྱེད་དགོས་ཞེས་ལོ་ཤས་སྔོན་ནས་གསུངས་པ་རེད། སྔོན་མ་འདིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་ཤིག་འཁྲིད་པ་རེད། སྐབས་དེར་ཆོས་འབྲེལ་གྱི་ངོ་བོ་མིན་པར་དེང་རབས་སློབ་གྲྭ་ཁག་གི་འཛིན་གྲྭའི་ནང་ཤེས་ཡོན་སློབ་སྟོན་གྱི་ངོ་བོར་བཤད་པ་རེད། དེ་ནི་བླ་མ་ལ་འགན་མེད་པ་དང་། ཉན་མཁན་ལའང་བླ་སློབ་ཀྱི་འདུ་ཤེས་བཞག་མི་དགོས་པར་བརྟེན་སྟབས་བདེ་པོ་ཞིག་ཡོད་རེད། སྐབས་དེ་དུས་ནས་ལམ་གཙོ་རྣམ་གསུམ་དེ་ཆོས་འབྲེལ་གྱི་ངོ་བོར་བྱེད་དགོས་ཞེས་བཀའ་གནང་སོང་། ལར་ནས་ཆོས་འབྲེལ་བྱེད་རྒྱུ་དེ་ཅུང་དཀའ་ལས་ཁག་པོ་རེད། སློབ་མའི་ངོས་ནས་བླ་མ་ལ་བརྟག་དཔྱད་བྱས་ནས་བསྟེན་འོས་སམ་མི་འོས། གལ་ཏེ་བསྟེན་ན་བསྟེན་ཚུལ་མ་ལོག་པ་ཡོང་ཐུབ་བམ་མི་ཐུབ། བླ་མའི་འོས་ཆོས་ཚང་ངམ་མི་ཚང་སོགས་བལྟ་དགོས་པ་དང་།  བླ་མའི་ངོས་ནས་ཀྱང་སློབ་མ་རྣམས་ཚད་ལྡན་དང་སྣོད་ལྡན་ཡིན་མིན་སོགས་བལྟ་དགོས་པའི་འགན་ཞིག་ཡོད་རེད། བླ་སློབ་ཀྱི་འབྲེལ་བ་བཞག་ཟིན་ནས་མུ་མཐུད་བསྟེན་ཚུལ་མ་ལོག་པ་བྱེད་མ་ཐུབ་ན་བླ་སློབ་གཉིས་ཀ་ལ་ཉེན་ཁ་ཡོང་རྒྱུ་རེད། དེས་ན་སློབ་གྲྭའི་འཛིན་གྲྭའི་ནང་གི་ཤེས་ཡོན་སློབ་སྟོན་གྱི་ངོ་བོ་དེ་ལ་ནུབ་ཕྱོགས་པས་ Academic teaching ཞེས་བརྗོད་ཀྱི་ཡོད། ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཆོས་ཀྱི་སློབ་སྦྱོང་གི་སྡེ་ཚན་དུ་སློབ་དཔོན་བསྐོ་གཞག་སྐབས་སུ་ནང་པའི་ཆོས་སློབ་མཁན་གྱི་སློབ་དཔོན་ཞིག་བཙལ་དགོས་ན་ནང་པ་མིན་པ་ཞིག་རག་མིན་ལྟ་གི་རེད། སོ་སོ་ཆོས་ལུགས་དེ་ལ་དད་པ་ཡོད་ན་དྲང་པོ་དྲང་ཤག་གིས་ཉམས་ཞིབ་བྱེད་ཐུབ་ཀྱི་མ་རེད་བསམ་གྱི་ཡོད། དེས་ན་དགེ་རྒན་གྱི་ལས་འགན་ཡང་ལན་བསྐྱལ་རྒྱུ་ཙམ་རེད། དགེ་ཕྲུག་གིས་དགེ་རྒན་ཕོགས་བརྒྱབས་ནས་བཞག་ཡོད་ཙང་ལས་བྱེད་དང་ལས་བྱེད་སྐོ་མཁན་གྱི་འབྲེལ་བ་ཙམ་ལས་མེད། སློབ་སྦྱོང་བྱེད་པའི་སྐབས་སུའང་ཕྱིའི་དངོས་པོ་གྲངས་འདྲེན་དང་གཅིག་པ་རེད། དཔེར་ན་ས་ཁམས་ཀྱི་གནས་བབ་དང་། ཡུལ་ལུང་གི་ཆགས་ཚུལ། སྤྱི་ཚོགས་ཚན་རིག་ལྟ་བུ་བསླབ་ན་དེ་འདྲ་ཞིག་ཡིན་པ་རེད་བསམ་རྒྱུ་ལས། རང་གི་རྒྱུད་ཐོག་ཏུ་སྦྱར་ནས་བརྟག་དཔྱད་བྱེད་དགོས་པ་གང་ཡང་མེད། དེ་ལས་ལོགས་སུ་ཆོས་འབྲེལ་ལམ་ཆོས་འཆད་ཉན་གྱི་ངོ་བོར་བྱེད་དགོས་ན་བླ་མ་དང་སློབ་མ་གཉིས་ཀས་བཤད་སྟངས་དང་ཉན་སྟངས་མི་འདྲ་བ་ཞིག་དགོས། བླ་མས་བཤད་པའི་སྐབས་སུའང་གདུལ་བྱའི་བློ་འདུལ་བའི་རིམ་པ་གཙོ་བོར་བྱས་ནས་རྒྱུད་ལ་གང་ཕན་བྱ་རྒྱུ་དང་། གདུལ་བྱའི་ངོས་ནས་ཀྱང་བླ་མས་གང་བཤད་པ་རྣམས་རང་གི་རྒྱུད་ཐོག་ཏུ་བརྟག་དཔྱད་བྱས་ནས་ཆོས་དང་འགལ་བ་འདུག་གམ། ཆོས་དང་མཐུན་པ་འདུག གལ་ཏེ་ཆོས་དང་འགལ་བ་ཡོད་ན་ཇི་ལྟར་སྤང་དགོས་པ་དང་། ཆོས་དང་མཐུན་པ་ཡོད་ན་ཇི་ལྟར་ཡར་རྒྱས་གཏོང་དགོས་པ་སོགས་རང་གི་རྒྱུད་ཐོག་ཏུ་བརྟགས་ནས་འགྲོ་དགོས། ཕྱོགས་གཞན་ནས་བཤད་ན། ཇི་དྡཱུ་ཀྲྀཥྞམཱུརྟིས་ (Jiddu Krishnamurti) སངས་རྒྱས་ཀྱི་གསུང་དང་རིག་བྱེད་ཀྱི་གཞུང་སོགས་ལ་ཕར་བརྟག་དཔྱད་བྱེད་རྒྱུ་དེ་དེང་རབས་ཤེས་ཡོན་གྱི་ཉམས་ཞིབ་བྱེད་སྟངས་རེེད། སངས་རྒྱས་ཀྱི་གསུང་དང་རིག་བྱེད་ཀྱི་གཞུང་སོགས་གཞི་ལ་བཞག་ནས་རང་རྒྱུད་ལ་ཚུར་བརྟག་དཔྱད་བྱེད་རྒྱུ་དེ་ཆོས་པའི་སློབ་སྦྱོང་བྱེད་སྟངས་རེད་ཅེས་གསུངས་པ་བཞིན་ང་ཚོ་ཆོས་འཆད་ཉན་གྱི་སྒོ་ནས་འགྲོ་དགོས་ན་བླ་མས་གང་གསུངས་པ་དེ་གཞན་གྱི་ཅ་ལག་གྲངས་འདྲེན་དང་འཛམ་གླིང་རྒྱས་བཤད་སོགས་སློབ་པ་ལྟ་བུ་མིན་པར་རང་གི་རྒྱུད་ཐོག་ཏུ་སྦྱར་ནས་ཇི་ལྟར་ཉམས་སུ་ལེན་ཐུབ་མིན་བལྟ་རྒྱུ་རེད།

དེ་རིང་འདིར་གངས་ལྗོངས་རིག་གནས་སློབ་གྲྭའི་མཛད་གཙོ་རྣམ་པ་ཚོས་ཨུ་ཚུགས་གནང་བ་བཞིན་ཆོས་འབྲེལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན། ལར་ནས་སློབ་གྲྭ་དང་སྒྲིག་འཛུགས་སོགས་ཀྱིས་ཆོས་འབྲེལ་ཞུ་སྐབས་དེའི་ནང་ཡོད་པ་རྣམས་ཀྱི་འདོད་པ་ཡོད་མིན་ལ་ལྟོས་པར་ཆོས་གྲལ་དུ་འགྲོ་དགོས་པ་ཆགས་ཀྱི་ཡོད། དེས་ན་ངས་དང་པོ་ཞུ་དགོས་པ་ནི་ཁྱེད་ཚོའི་ངོས་ནས་བླ་སློབ་ཀྱི་འདུ་ཤེས་བཞག་ནས་ཆོས་རང་གི་ངོ་བོར་ཉན་ན་འགྲིགས་ཀྱི་རེད། དེ་མིན་འཛིན་གྲྭའི་ནང་གི་ཤེས་ཡོན་སློབ་སྟོན་གྱི་ངོ་བོར་ཉན་ནའང་འགྲིགས་ཀྱི་རེད། རང་གི་ངོས་ནས་བླ་སློབ་ཀྱི་འདུ་ཤེས་མ་བཞག་པ་དང་ཆོས་འཆད་ཉན་གྱི་བསམ་བློ་མེད་ན་ཆོས་གྲལ་དུ་བསྡད་པ་ཙམ་གྱིས་བླ་མ་དང་སློབ་མ་ཆགས་འགྲོ་རྒྱུ་མེད། དེས་ན་ཤེས་ཡོན་སློབ་སྟོན་གྱི་ངོ་བོར་གཟིགས་མཁན་ཡིན་ན་ལམ་གཙོ་རྣམ་གསུམ་ཞེས་པ་དེ་སློབ་ཚན་གྱི་སློབ་དེབ་ཅིག་ཏུ་གཟིགས་རྒྱུ་རེད། གལ་ཏེ་ཆོས་འཆད་ཉན་གྱི་ངོ་བོར་ཉན་མཁན་ཡིན་ན་གོང་དུ་ཞུས་པ་བཞིན་རང་གི་རྒྱུད་དང་སྦྱར་ནས་བརྟག་དཔྱད་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེ་ནི་ཕྱི་ལ་གནས་ཚུལ་གཞན་ཞིག་བཤད་པ་ལྟ་བུ་མིན་པར་རང་རྒྱུད་ལ་ཚེ་འདིའི་སྣང་ཤས་དང་ཕྱི་མའི་སྣང་ཤས་ལྡོག་པའི་ཐབས་ཤེས་ཇི་ལྟར་བྱེད་དགོས་པ་དང་། ངེས་འབྱུང་གི་བསམ་པ་སྐྱེ་བའི་ཐབས་གང་དང་གང་བྱེད་རྒྱུ་འདུག  ད་ལྟ་བྱེད་ཐུབ་པ་དང་བྱེད་མི་ཐུབ་པ་གང་འདུག  བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་ལམ་གང་འདུག་སོགས་རང་རྒྱུད་ལ་བསྐོར་ནས་དགོངས་པ་བཞེས་དགོས། ཞེས་གསུངས།

དེ་ནས་བླ་སློབ་ཡོངས་ཀྱིས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། བདག་གིས་འཆད་ཉན་བགྱིས་པའི་ཚོགས་རྣམས་ཀྱིས།། འགྲོ་ལ་ཕན་ཕྱིན་སངས་རྒྱས་འགྲུབ་པར་ཤོག།། ཅེས་ལན་གསུམ་བཏོན།

དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག། འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ།། ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན།། སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས།། ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས།། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།། ཞེས་གསུངས་པ་བཞིན་ང་ཚོ་ད་ལྟའི་གནས་སྐབས་སུ་མི་ཁོམ་པ་བརྒྱད་ལས་ཐར་བའི་དལ་བ་བརྒྱད་དང་། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་བཅས་འབྱོར་པ་བཅུ་ཚང་བའི་མིའི་ལུས་རྟེན་ཁྱད་པར་འཕགས་པ་ཞིག་ཐོབ་པ་དེ་རྩ་ཆེ་ཆུང་དང་རིན་ཐང་ཆེ་ཆུང་གི་ཐོག་ནས་གཟིགས་ན་ཡིད་བཞིན་གྱི་ནོར་བུ་བརྒྱ་ཕྲག་འབུམ་ཕྲག་ལས་ཀྱང་ལྷག་པ་རེད། ཡིད་བཞིན་གྱི་ནོར་བུ་ཞེས་པ་ནི་གནའ་སྔ་མོའི་རྒྱ་གར་གྱི་སྐད་ཆ་བཤད་སྟངས་ཤིག་རེད། རྒྱ་གར་གྱི་སྲོལ་རྒྱུན་གྱི་སྒྲུང་གཏམ་ནང་ཡིད་བཞིན་གྱི་ནོར་བུ་ཞེས་པ་དེ་དགོས་འདོད་ཀུན་འབྱུང་དང་བསམ་འཕེལ་སོགས་བཀྲུས་གསུམ་འཕྱི་གསུམ་གྱིས་རྒྱལ་མཚན་གྱི་རྩེ་མོར་བཀོད་དེ་གསོལ་བ་བཏབ་ན་ལྟོ་གོས་གཏམ་གསུམ་སོགས་ཚེ་འདིའི་མངོན་འདོད་ཐམས་ཅད་འབད་མེད་དུ་འགྲུབ་ཐུབ་པ་ཞིག་ཡོད་ཚུལ་བཤད་ཀྱི་ཡོད། གང་ལྟར་ཚེ་འདིའི་འདོད་པའི་དངོས་པོ་མཐའ་དག་འབད་མེད་དུ་རྙེད་ཐུབ་པའི་ཚུལ་རེད། དེ་ལྟ་བུའི་ཡིད་བཞིན་ནོར་བུ་ནི་སྙན་ངག་དང་རྟོགས་བརྗོད། ཉེ་བར་བཀོད་པའི་སྒྲུང་སོགས་ནང་ཡོང་རྒྱུ་ལས། ད་ལྟ་མཐོང་མྱོང་མཁན་ནི་མེད། དེང་སང་གི་དཔེ་ལ་སྦྱར་ན་ཨ་སྒོར་ལ་བརྩི་ཆོག  ད་ལྟའི་ང་ཚོའི་ལུས་རྟེན་འདི་ཨ་སྒོར་དུང་ཕྱུར་མང་པོ་ལས་ཀྱང་ལྷག་པའི་དོན་ཆེ་བ་ཡིན་གསུངས། དེ་ཡང་ཨ་སྒོར་དུང་ཕྱུར་ཁ་ཤས་ཡོད་ན་དེའི་ཐོག་ནས་ཚེ་འདིའི་གནས་སྐབས་ཀྱི་བདེ་སྐྱིད་ཕྲན་བུ་ཞིག་ཉོ་ཐུབ་པ་ལས། དེ་ལས་སྤྲོས་ཏེ་སྐྱེ་བ་ཕྱི་མའི་དོན་ཙམ་ཡང་བསྒྲུབ་མི་ཐུབ། འོན་ཀྱང་དལ་འབྱོར་གྱི་ལུས་རྟེན་འདིའི་ཐོག་ནས་བདེ་བླག་ཏུ་སྒྲུབ་ཐུབ་པའི་སྐྱེ་བ་ཕྱི་མའི་དོན་དང་། འཕགས་ལམ་ཐོབ་པའི་ཐབས། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཐབས་སོགས་ཡོད་པའི་ནང་ནས་ཆུང་ཤོས་ལ་སྐྱེ་བ་ཕྱི་མའི་མངོན་མཐོའི་གོ་འཕང་སྒྲུབ་པ་ཙམ་ཡང་ཨ་སྒོར་ས་ཡ་ཡོད་ཀྱང་བྱེད་མི་ཐུབ་པ་དེ་དངོས་ཡོད་ཀྱི་གནས་སྟངས་རེད། ཚེ་འདིའི་དོན་དུ་མཚོན་ན་བཟའ་བཏུང་ཁང་པ་འགྲིམས་འགྲུལ་གྱི་མཐུན་རྐྱེན་སོགས་ཨ་སྒོར་གྱིས་བསྒྲུབ་ཐུབ་ཀྱང་། ཚེ་འདིའི་ནང་སེམས་ཀྱི་བདེ་སྐྱིད་ཉོ་མི་ཐུབ། དེར་བརྟེན་དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག་པ་རེད། ལྷག་པའི་རྒྱུ་མཚན་ནི་ད་ལྟ་ང་ཚོའི་ལག་ཏུ་ཡོད་པའི་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདིའི་ཐོག་ནས་ང་ཚོས་མ་བྱས་པའི་ལན་པ་རེད་མ་གཏོགས། ང་ཚོས་འབད་རྩོལ་བྱེད་ན་དམིགས་ཡུལ་ཆེ་ཆུང་ཇི་ཙམ་ཞིག་བསྒྲུབ་ནའང་སྒྲུབ་ནུས་པ་དང་སྒྲུབ་པའི་གོ་སྐབས་ཡོད་མུས་རེད།

སྐྱེས་བུ་ཆུང་ངུའི་དམིགས་ཡུལ་སྐྱེ་བ་ཕྱི་མ་ངན་སོང་དུ་མི་འགྲོ་བ་དང་། བདེ་འགྲོ་ལྷ་མིའི་གོ་འཕང་ཚད་ལྡན་ཞིག་ཐོབ་པའི་ཐབས་ཤེས་བྱེད་ནའང་ལུས་རྟེན་འདིའི་ཐོག་ནས་ངལ་བ་ཆེན་པོ་མི་དགོས་པར་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཙམ་བསྲུང་ན་བདེ་བླག་ཏུ་བསྒྲུབ་ཐུབ། དེ་ཡང་ཚེ་འདིའང་བདེ་སྐྱིེད་ནང་བསྡད་ཐུབ་པ་དང་། སྐྱེ་བ་ཕྱི་མ་ངན་སོང་དུ་མི་ལྷུང་བ་ཡོང་ཐུབ། དེ་ལས་ད་དུང་དམིགས་ཡུལ་མཐོ་བ་སྐྱེ་བ་ཕྱི་མ་ངན་སོང་དུ་མི་ལྷུང་བ་ཙམ་དུ་མ་ཟད། ལས་ཉོན་དབང་གིས་སླར་འཁོར་བ་འདི་ལ་སྐྱེ་བ་བླང་མི་དགོས་པའི་ཐར་པ་ཞིག་བསྒྲུབ་ནའང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་པའི་སྒོ་ནས་ལུས་རྟེན་འདིའི་ཐོག་ནས་བསྒྲུབ་ཐུབ། དེ་ལས་ཀྱང་ཧ་ཅང་གི་དམིགས་ཡུལ་ཚད་མཐོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཞིག་བསྒྲུབ་ནའང་ལུས་རྟེན་འདིའི་ཐོག་ནས་བསྒྲུབ་ཐུབ་པ་དང་། ད་ལྟ་ང་ཚོ་དེ་ལས་ཀྱང་རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་དར་ལ་མ་ཉམས་པའི་སྐབས་སུ་སྐྱེས་པར་བརྟེན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཙམ་དུ་མ་ཟད། སྔགས་ཀྱི་ཐེག་པ་དང་ཡང་མཇལ་རྒྱུ་བྱུང་བ་རེད། ཕར་ཕྱིན་ཐེག་པའི་ལམ་རྐྱང་པར་བརྟེན་ན་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་དགོས་པ་དང་། མགོ་དང་རྐང་ལག་སྦྱིན་པར་གཏོང་བ་སོགས་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་མང་པོ་ལ་བསླབ་དགོས་པ་རྣམས་དཀའ་ཚེགས་མེད་པར་ཟབ་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་སྐྱེ་བ་བཅུ་དྲུག་གམ་སྙིགས་དུས་ཀྱི་ཚེ་གཅིག  ཡང་ན་ལོ་གསུམ་ཕྱོགས་གསུམ་ཙམ་གྱི་དུས་ཚོད་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནུས་རེད། གང་གི་དྲིན་གྱིས་བདེ་ཆེན་ཉིད།། སྐད་ཅིག་ཉིད་ལ་འཆར་བ་གང་།། ཞེས་གསུངས་པ་བཞིན་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་གསོག་པ་ལ་ལྟོས་ན་ཚེ་གཅིག་ལུས་གཅིག་ཅེས་པ་དེ་སྐད་ཅིག་ཙམ་རེད། དེས་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ནི་ཧ་ཅང་དོན་ཆེན་པོ་ཡིན་པ་རེད།

དེ་ལྟ་བུ་དོན་ཆེན་པོ་ཙམ་དུ་མ་ཟད། ཡང་ནས་ཡང་དུ་རྙེད་རྒྱུ་ཡོད་པ་ཡིན་ན་ད་རེས་སྐྱེ་བ་འདི་ལ་སྙིང་པོ་ལེན་མ་ཐུབ་ནའང་འགྲིགས། འོན་ཀྱང་དེ་ལྟ་མིན་པར་ཧ་ཅང་རྙེད་དཀའ་བ་རེད། དེའི་རྒྱུ་མཚན་ནི་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདི་ལྟ་བུ་ཐོབ་པ་ལ་རྒྱུ་མང་པོ་གསོག་དགོས། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་འབྲས་བུ་ཡོང་རྒྱུ་མེད། དེ་ལྟ་བུའི་རྒྱུ་དེ་ང་ཚོས་གསོག་ཐུབ་མིན་ད་ལྟའི་ང་ཚོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་བལྟས་ན་གསལ་པོ་ཤེས་ཐུབ། བདེ་འགྲོའི་རྟེན་བཟང་ཙམ་འཐོབ་རྒྱུའི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་ང་ཚོའི་རྒྱུད་ལ་ཡོད་མིན་ཞིབ་འཇུག་གནང་ན་དེ་ལས་སྐྱེ་བ་ཕྱི་མ་གང་དུ་འགྲོ་མིན་ཐག་ཆོད་ཐུབ་པར་བརྟེན། དེ་ལ་མོ་རྩིས་བརྒྱབ་དགོས་པ་གང་ཡང་མེད། རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེན་མོའི་ནང་དེང་སང་ཆོས་པ་འགའ་ཤས་ཀྱིས་སངས་རྒྱས་ལས་ཀྱང་མོ་མ་ཐིག་པོ་ལ་རྩིས་ཆེ་བ་ཡོད་ཅེས་གསུངས་ཡོད། མོ་མ་ཞིག་གིས་འཚུབ་ཆ་ཡོད་ཚུལ་གྱིས་ཞབས་རིམ་ཕབ་ན་དེ་ལ་ཚད་མར་བརྩིས་ཏེ་ལག་ལེན་དུ་འཁེལ་གང་ཐུབ་བྱེད་ཀྱི་ཡོད། འོན་ཀྱང་སངས་རྒྱས་ཀྱིས་དགེ་བ་ལས་བདེ་བ་དང་མི་དགེ་བ་ལས་སྡུག་བསྔལ་ཡོང་རྒྱུ་གསུངས་པ་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། དེས་ན་སོ་སོའི་སེམས་རྒྱུད་དུ་དགེ་མི་དགེ་གང་མང་བ་འདུག  སྔ་དྲོ་ལངས་པ་ནས་བཟུང་སྟེ་མཚན་མོ་མ་ཉལ་བར་དུ་ཉིན་ཞག་ཁྲུགས་གཅིག་གི་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་རྣམས་ཆོས་དང་མཐུན་པ་དང་ཆོས་དང་མི་མཐུན་པ་ཇི་ཙམ་འགྲོ་མིན་ཐོག་ཞིབ་འཇུག་ཡག་པོ་བྱེད་ན། དལ་འབྱོར་རྙེད་དཀའ་བ་ཡིན་པ་དེ་རིགས་པས་བསྒྲུབ་མི་དགོས་པར་སོ་སོའི་ངོས་ནས་ཚོད་དཔག་བྱེད་ཐུབ། དབུ་མ་འཇུག་པ་ལས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད།། ཅེས་གསུངས་པ་བཞིན་མངོན་མཐོ་ཕལ་པ་ཙམ་ཐོབ་པ་ལའང་ཚུལ་ཁྲིམས་ཤིག་ངེས་པར་དུ་བསྲུང་དགོས། དེས་ན་ང་ཚོའི་སེམས་རྒྱུད་དུ་སྐྱོན་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་གང་འདུག་ཞུ་དག་བཏང་ན། གང་ཟག་ཁྱད་པར་ཅན་སྦས་པའི་བརྟུལ་ཞུགས་འཛིན་མཁན་དེ་འདྲ་ཡོད་སྲིད་མ་གཏོགས། ལས་དང་པོ་བ་ང་དང་ང་འདྲ་བ་མང་པོ་ཞིག་གིས་ལུས་ལ་ཆོས་གོས་རྣམ་གསུམ་གྱོན། སོ་ཐར་གྱི་སྡོམ་པ་མཐོ་ཤོས་དགེ་སློང་གི་སྡོམ་པ་མནོས། ད་དུང་བྱང་སེམས་ཀྱི་སྡོམ་པ་དང་སྔགས་སྡོམ་ཡང་བླངས་རུང་། དེ་དག་བག་ཡོད་ཚུལ་མཐུན་གྱི་ཐོག་ནས་ཇི་ཙམ་བསྲུང་ཐུབ་པ་དང་། སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས་རྣམས་ཇི་ཙམ་སྤང་ཐུབ་མིན་ལ་རྩིས་ཞིབ་ཡག་པོ་བྱེད་ན་ཁག་པོ་ཡིན་སྲིད། གཞུང་ཆེན་མོ་ལ་སློབ་གཉེར་གནང་མ་མྱོང་བའི་རབ་ཏུ་བྱུང་བ་མང་པོ་དངོས་བཅས་ཀྱི་ལྟུང་བའི་གྲངས་དང་ངོ་བོ་ཙམ་ཡང་མ་མཁྱེན་པ་ང་ཚོའི་དགེ་འདུན་གྱི་སྡེའི་ནང་ཡོང་སྲིད། དེ་བཞིན་གཞུང་ཆེན་མོ་ལ་སློབ་གཉེར་གནང་སྟེ་འདུལ་བ་གཟིགས་པ་དེ་ཚོས་ཀྱང་དངོས་སུ་ཕྱག་ལེན་གྱི་ཐོག་ལ་ཇི་ཙམ་འཁེལ་མིན་དང་། དགེ་འདུན་ཁྱོན་ཡོངས་ཀྱི་ཆ་ནས་འདུལ་བའི་ཕྱག་ལེན་ཇི་འདྲ་གནང་མིན། གང་ཟག་བྱེ་བྲག་པའི་ཆ་ནས་ཉིན་རེའི་ལུས་ངག་གི་སྤྱོད་ཚུལ་ནང་སོ་སོ་ཐར་པའི་སྡོམ་པ་དང་མི་འགལ་བ་དང་། ཉམས་ན་ཕྱིར་བཅོས་པ་སོགས་ཏག་ཏག་གནང་མིན་ཞིབ་འཇུག་བྱེད་ན་དགེ་འདུན་གྱི་ཚོགས་པ་དང་གང་ཟག་བྱེ་བྲག་པ་གཉིས་ཀའི་ཐོག་ཁག་པོ་ཆགས་ཡོད།

དེ་ལྟར་དལ་བའི་རྟེན་འདི་རྙེད་པར་དཀའ་བ་བསམ་པའི་སྐབས་སུ་རྒྱུ་བསྒྲུབ་དཀའ་བའི་སྒོ་ནས་རྙེད་པར་དཀའ་བ་དང་། དཔེ་སྲིད་དཀའ་བའི་སྒོ་ནས་རྙེད་པར་དཀའ་བ། ངོ་བོ་འཛོམས་དཀའ་བའི་སྒོ་ནས་རྙེད་པར་དཀའ་བ་བཅས་ལམ་རིམ་ཆེན་མོའི་ནང་གསུངས་ཡོད། དེ་དག་ལས་རྒྱུ་བསྒྲུབ་དཀའ་བའི་སྒོ་ནས་རྙེད་པར་དཀའ་བ་དེ་བསམ་ན་ཕན་ཐོགས་ཆེ་ཤོས་ཡོད། རྒྱུ་དེ་སོ་སོའི་རྒྱུད་ལ་ཡོད་མིན་བལྟ་དགོས། དེ་ཡང་ཉིན་ཞག་ཁྲུགས་གཅིག་གི་རིང་སྦྱོར་བ་ནི་ཀུན་སློང་རྣམ་པར་དག་པ་དང་། དངོས་གཞི་ནི་དགེ་བའི་ལས་ལ་རྣམ་གཡེང་སོགས་ཀྱིས་མ་བསླད་པར་སེམས་རྩེ་གཅིག་ཏུ་བྱེད་པ། མཇུག་ནི་བསྔོ་བ་དང་སྨོན་ལམ་གྱི་མཚམས་སྦྱོར་ཡང་དག་པ་བཅས་ཚང་བའི་དགེ་བའི་ལས་ང་ཚོས་ཇི་ཙམ་གསོག་ཐུབ་མིན་དང་། བོད་པའི་ཆོས་པ་དང་། ལྷག་པར་དུ་དགེ་འདུན་གྱི་སྡེའི་ནང་བཞུགས་པའི་རབ་ཏུ་བྱུང་བ་ལ་བལྟས་ན། མི་ཚེའི་བྱ་བ་ཕལ་ཆེ་བ་ཆོས་ལྡན་གྱི་བྱ་བ་ལྟ་བུར་སྣང་རུང་། དེ་དག་གི་ཀུན་སློང་དང་། དངོས་གཞི། མཇུག་བཅས་ཚང་མིན་རང་གིས་རང་ལ་ཞུ་དག་ཡག་པོ་བཏང་ན། དགེ་བའི་བྱ་བ་ལྟ་བུར་སྣང་བའི་ལས་ཀ་མང་པོ་ཞིག་སེམས་གཞན་དུ་གཡེངས་ནས་ཆོ་ག་ཕྱག་ལེན་ལྟ་བུ་བྱས་པ་ཡིན་ཙང་། དགེ་བ་རྣམས་སྟོབས་ཆུང་བ་དང་། ཕུན་སུམ་མ་ཚོགས་པ་ཤ་སྟག་ཏུ་འགྲོ་ཉེན་ཡོད། དཔེར་ན་ང་ཚོའི་ཉིན་ཞག་ཁྲུགས་ཅིག་གི་བྱ་བའི་ནང་ཁས་ལེན་ཡོད་པའི་ཁ་ཏོན་ཞིག་འདོན་རྒྱུ་དེ་དགེ་བའི་བྱ་བ་ཡིན་པར་བསམས་རུང་། དབུ་འཛུགས་སུ་ཀུན་སློང་སྐྱེ་བ་ཕྱི་མ་དོན་གཉེར་དང་། ཐར་པ་དོན་གཉེར། བྱང་ཆུབ་ཀྱི་སེམས་བཅས་གང་རུང་གིས་རྩིས་ཟིན་པ་ཡིན་མིན་བལྟས་ན་ཧ་ལམ་གོམས་གཤིས་ཀྱི་དབང་གིས་རང་འགུལ་ལྟ་བུ་མ་གཏོགས། ཀུན་སློང་ཡང་དག་པ་ཞིག་སྔོན་དུ་བཏང་ནས་བྱས་པ་ཧ་ཅང་དཀོན་པོ་རེད། སྐབས་དེར་ཁ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་འདོན་རུང་། ཁ་ལ་གོམས་པའི་ཚིག་དེ་བསྐྱར་ལྡབ་མ་གཏོགས། བསམ་བློའི་ནང་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་གསལ་བཏབ་ནས་དེའི་ངང་ནས་འཇུག་པ་ཧ་ཅང་དཀོན་པོ་རེད། དེ་ནས་འདོན་པའི་སྐབས་སུའང་ཁ་གཡེང་མིག་གཡེང་དང་། བྱ་བ་ལྷག་འཕྲོ་རྣམས་ཀྱང་དེའི་སྐབས་སུ་དྲན་ནས་ཐོ་བརྒྱབ་པ་སོགས་མཐོང་རྒྱུ་ཡོད། དེས་ན་སྦྱོར་དངོས་རྗེས་གསུམ་མ་ཚང་བ་ནི་མང་ཆེ་བ་ཆོས་ཕྱོགས་ཀྱི་བྱ་བ་རྣམས་རེད།

འོན་ཀྱང་མི་དགེ་བའི་ཕྱོགས་ཀྱི་བྱ་བ་ཡིན་ཕྱིན་གཞན་ལ་ཚིག་རྩུབ་ཅིག་བརྗོད་པ་ཚུན་ཆད་ལ་རྒྱུའི་ཀུན་སློང་ཁོང་ཁྲོ་དྲག་པོ་དང་། དུས་ཀྱི་ཀུན་སློང་ཁོང་ཁྲོ་དང་སྡང་སེམས་ཤུགས་དྲག་པོ། སྦྱོར་བ་ཚིག་གང་རྩུབ་རྩུབ་དང་གང་བརྣག་བརྣག  སེམས་ལ་གང་ཕོག་ཕོག  མཇུག་མི་དེ་སེམས་མི་སྐྱིད་པ་དང་ཁོང་ཁྲོ་བྱུང་ན་སོ་སོ་འདོད་པ་ཚིམས་པ་དང་བྱ་བ་དེ་ལ་ཡང་ཡང་རྗེས་སུ་ཡི་རངས་པ་བཅས་སྦྱོར་དངོས་རྗེས་གསུམ་ཚང་ངེས་ཤེས་པ་དང་། དེའི་ཕྱི་ཉིན་ལའང་ཕྱིར་དྲན་གྱིས་དགའ་བ་སྒོམ་གྱི་ཡོད། དེས་ན་དགེ་བ་དང་མི་དགེ་བའི་ཕྱོགས་གཉིས་གསོག་སྟངས་བསྡུར་ན། དགེ་བའི་ཕྱོགས་ནི་ཧ་ཅང་ཉམས་དམའ་པོ་དང་སྦྱོར་དངོས་རྗེས་གསུམ་མ་ཚང་བ། མི་དགེ་བའི་ཕྱོགས་ནི་སྟོབས་ཆེ་བ་དང་སྦྱོར་དངོས་རྗེས་གསུམ་ཚང་བ་ཤ་སྟག་རེད། དེ་བཞིན་འཆི་ཁར་སོ་སོའི་སེམས་རྒྱུད་ལ་དགེ་བ་དང་མི་དགེ་བའི་ལས་སྣ་ཚོགས་རྒྱལ་པོའི་བངས་མཛོད་བཞིན་ཡོད་པའི་ནང་ནས་དགེ་བའི་ལས་ལ་གསོས་བཏབ་བམ། ཡང་ན་མི་དགེ་བའི་ལས་ལ་གསོས་བཏབ་མིན་སྲེད་པ་དང་ལེན་པས་གསོས་འདེབས་སྟངས་ལ་ཧ་ཅང་རག་ལས་པ་རེད།  ད་ལྟ་ང་ཚོར་གློ་བུར་དུ་འཇིགས་སྐྲག་སོགས་ཡོང་བའི་སྐབས་སུ་བསམ་བློའི་ནང་ངར་འཛིན་ཤུགས་ཆེར་སོང་ནས་ཚེ་འདི་ལ་སྲེད་པའི་སྲེད་པ་ཤུགས་ཆེ་རུ་འགྲོའམ། ཡང་ན་བླ་མ་དཀོན་མཆོག་སོགས་དྲན་གྱི་འདུག དེ་ལ་བརྟག་དཔྱད་བྱེད་ན་ང་ཚོའི་བློའི་གོམས་པ་དེ་གསལ་པོ་མཐོང་ཐུབ། དེས་ན་འཆི་བའི་སྐབས་སུ་བསམ་བློའི་འཇིགས་སྐྲག་སོགས་ཡོང་རྒྱུ་བཤད་མ་དགོས་ཤིང་། སྐབས་དེར་སྔགས་ལམ་གྱི་འཆི་བ་ཆོས་སྐུ་ལམ་འཁྱེར་ཉམས་ལེན་གྱི་ཐོག་ནས་འཆི་བའི་རིམ་པ་རྣམས་ལ་སྦྱངས་པ་ཞིག་ཡིན་ན་ཕྲན་བུ་དྲག་པ་མ་གཏོགས། གློ་བུར་དུ་གང་ཟག་ཕལ་པ་ཞིག་ལ་འཆི་བ་བྱུང་སྐབས་ལུས་སེམས་གཉིས་ཡུན་རིང་ལས་ཉོན་གྱིས་འཆིང་ཞགས་ཀྱིས་བཅིངས་པ་དེ་བཙན་ཐབས་སུ་བཅད་དེ་ལུས་སེམས་གཉིས་བྲལ་བ་ན་ལུས་ལ་ཧ་ཅང་ན་ཟུག་དང་། སེམས་ལ་འཁྲུལ་སྣང་དང་འཇིགས་སྐྲག་སོགས་ཚབས་ཆེ་ཡོད་སྐབས་ལས་བཟང་པོ་ཞིག་ལ་གསོས་བཏབ་པ་ལས། ལས་ངན་པ་ཞིག་ལ་གསོས་བཏབ་པའི་གོ་སྐབས་ཧ་ཅང་མང་བ་མངོན་སུམ་དུ་མཐོང་ཐུབ། དེའི་ཐོག་ནས་བལྟས་ནའང་དལ་བརྒྱད་འབྱོར་བཅུ་ཚང་བའི་ད་ལྟའི་ལུས་རྟེན་འདི་བཞིན་སྐྱེ་བ་ཕྱི་མ་རྣམས་སུ་ཐོབ་ཁག་པོ་རེད།

ས་ཡི་གོ་ལ་འདིའི་ཐོག་ད་ལྟ་མི་ཁྲག་ཁྲིག་བདུན་ཡོད་ཅེས་བཤད་ཀྱི་ཡོད། དེ་ལྟ་བུའི་མི་ཁྲག་ཁྲག་བདུན་ནང་དལ་བརྒྱད་འབྱོར་བཅུ་ཚང་བ་ག་ཚོད་ཡོད་དམ། སངས་རྒྱས་ཀྱི་བསྟན་པ་དང་མཇལ་མཁན་ག་ཚོད་ཡོད་དམ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་བ་ག་ཚོད་ཡོད་དམ། དེ་དག་ནི་ཧ་ཅང་ཉུང་ཉུང་རེད། དེས་ན་མི་ལུས་ཙམ་ཐོབ་ཁག་པོ་དང་། མི་ལུས་ཐོབ་ནའང་དལ་བརྒྱད་འབྱོར་བཅུ་ཚང་བ་དེ་བས་ཀྱང་དཀོན་པོ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།

མིའི་ལུས་རྟེན་འདི་རྙེད་དཀའ་བ་ཙམ་དུ་མ་ཟད། ད་ལྟ་ཡོད་བཞིན་པ་འདི་ལའང་སྙིང་པོ་ཞིག་ལམ་སེང་བླང་མ་ཐུབ་ན་ཡུན་རིང་མི་གནས་པར་འཇིག་སླ་བ་རེད། མིའི་སྲོག་ཅེས་པ་ནི་ཧ་ཅང་འགྲོ་ཆོག་དང་། འཆི་བའི་རྐྱེན་མང་ལ་གསོན་པའི་རྐྱེན་ཉུང་བ། གསོན་པའི་རྐྱེན་སྨན་དང་ཟས་སོགས་ཀྱི་མཐུན་རྐྱེན་རྣམས་ཀྱང་བྱེད་སྟངས་མ་འགྲིགས་པས་ཡང་ཡང་འཆི་བའི་རྐྱེན་དུ་འགྱུར་བ་མང་པོ་རེད། དཔེར་ན་ལུས་འཚོ་བའི་ཆེད་དུ་ཟས་བཟས་པ་དེ་མ་འཇུ་བས་འཆི་བ་དང། འགྲིམས་འགྲུལ་གྱི་མཐུན་རྐྱེན་འཁོར་ལོ་སོགས་བརྡབས་ནས་འཆི་བ། རང་ཉིད་ཀྱི་འཚོ་གནས་ཁང་པ་བརྡིབས་ནས་འཆི་བ་སོགས་ཉིན་རེའི་མི་ཚེའི་ནང་མཐོང་མུས་རེད། དེ་ཚོ་ལ་བལྟས་ན་འཇིག་སླ་བ་དེ་ང་ཚོས་དོ་སྣང་མ་བྱས་པ་མ་གཏོགས། དེ་ལ་རིགས་པས་བསྒྲུབ་དགོས་པ་དང་ལུང་དྲང་དགོས་པ་གང་ཡང་མེད། རྗེ་གུང་ཐང་བསྟན་པའི་སྒྲོན་མེས། ལྐོག་གྱུར་གནས་ལུགས་འཚོལ་བའི་ཁུལ་བྱེད་ཀྱང།། མངོན་གྱུར་འཆི་བ་མི་མཐོང་ཡིད་རེ་མུག།། ཅེས་ང་ཚོས་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་དང་། རྡོ་རྗེ་གཟེགས་མའི་གཏན་ཚིགས། རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་སོགས་ཀྱིས་ལྐོག་གྱུར་གྱི་དངོས་པོའི་གནས་ལུགས་དང་སྟོང་ཉིད་ཀྱི་དོན་རྟོགས་པའི་ཐབས་ཤེས་བྱེད་ཀྱི་ཡོད་བསམས་ཀྱང་། རིགས་པས་བསྒྲུབ་མི་དགོས་པར་མངོན་སུམ་མིག་མཐོང་གཟུགས་གྲུབ་ཏུ་ཡོད་པའི་འཆི་བ་མ་ཤེས་པ་དེ་ཡིད་མུག་དགོས་པ་རེད་ཅེས་གསུངས།

འཆི་བ་མི་རྟག་པ་ལ་དམིགས་བསལ་གྱིས་སྐྱོན་ནམ་རང་གཤིས་ལྟ་བུ་གཉིས་རེད། དང་པོ་ནི་ཡོང་རྒྱུ་ཡིན་པ་གཏན་འཁེལ་བ་དེ་རེད། སྲིད་པ་ཆགས་པ་ནས་ད་བར་ཚེ་ཐུང་དང་ཚེ་རིང་གྱི་ཁྱད་པར་ཡོད་པ་མ་གཏོགས། མ་ཤི་བར་བསྡད་པ་སུའང་མེད། དེང་རབས་ཀྱི་ཚན་རིག་པ་ཚོས་ཚན་རིག་དང་འཕྲུལ་ལས་ཀྱི་ཡར་རྒྱས་ལ་བརྟེན་ནས་ཟླ་བའི་ནང་སླེབས་པ་དང་མིག་དམར་ནང་འགྲོ་རྒྱུ་ཡིན་ཞེས་བཤད་པ་དང་། དེ་བཞིན་བསམ་ཡུལ་ལས་འདས་པའི་བྱ་བ་མང་པོ་ཞིག་བྱས་ཀྱང་། ན་ཚ་བཅོས་ཐབས་སོགས་ཀྱིས་ཚེ་བསྲིངས་ནས་དུས་མ་ཡིན་པའི་འཆི་བ་ལྡོག་པའི་ཐབས་ཤེས་རེ་ཟུང་མ་གཏོགས། འཆི་རྒྱུ་མེད་པ་བཟོས་པའི་ཐབས་ད་བར་རྙེད་མེད་ལ། མ་འོངས་པར་ཡང་རྙེད་ཐབས་མེད། དེས་ན་འཆི་བར་ངེས་པ་ནི་གཏན་འཁེལ་བ་ཞིག་རེད། ཇི་ལྟར་འཆི་བ་གཏན་འཁེལ་བ་བཞིན་ནམ་འཆི་གཏན་མ་འཁེལ་བ་ཞིག་རེད། ཕྱོགས་གཅིག་ལ་ངེས་པ་ལ་ཕྱོགས་གཞན་དུ་ངེས་པ་ཁྱོན་ནས་མེད་པ་ཞིག་རེད། སང་དང་འཇིག་རྟེན་ཕྱི་མ་གཉིས།། སྔོན་དུ་གང་འོང་གཏོལ་མེད་པས།། ཞེས་གསུངས་པ་བཞིན་སང་ཉིན་སྔོན་དུ་སླེབས་གྲབས་ཡོད་དམ། འཇིག་རྟེན་ཕྱི་མ་སྔོན་དུ་སླེབས་གྲབས་ཡོད་སུས་ཀྱང་ཆ་མི་འཚལ་བ་རེད། ད་ལྟ་འདིར་ཡོད་པ་ཚང་མའི་བསམ་བློའི་ནང་སང་ཉིན་ཉིན་རྒྱབ་འདིར་འཛོམས་ནས་བཀའ་ཆོས་མུ་མཐུད་ནས་ཉན་གྱི་ཡིན་ཤག་ཡོད་ཀྱང་། ད་ལྟའམ་དོ་དགོང་མི་འཆི་བའི་གདེང་སུ་ལའང་མེད། ལྷག་པར་དུ་དེང་སང་ཧ་ཅང་ཤི་བདེ་པོ་ཡོད་ཅིང་། སྙིང་གི་ན་ཚ་བྱུང་བའམ་ཀླད་རྩ་འགགས་པ་སོགས་ཀྱིིས་གློ་བུར་འགྲོ་གིན་འགྲོ་གིན་ལ་འཆི་བ་མཐོང་རྒྱུ་ཡོད།

དེར་བརྟེན་ད་ལྟ་ཡོད་པའི་དལ་བའི་རྟེན་འདིའི་ཐོག་ནས་སྙིང་པོ་བླང་དགོས་ན་སང་བྱ་གནངས་བྱར་མ་བཞག་པར་ད་ལྟ་ལམ་སེང་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གུང་ཐང་བསྟན་པའི་སྒྲོན་མེས། ཆོས་བྱེད་ཀྱི་སང་ཉིན་འཆར་གྱི་བར།། འཆི་དུས་ཀྱི་དེ་རིང་སླེབས་ཉེན་ཆེ།། ཞེས་གསུངས་པ་བཞིན་རེད། ད་ལྟ་ང་ལོ་ཆུང་ཆུང་ཡིན། ང་ལ་ལས་ཀ་མང་པོ་ཡོད། མ་འོངས་པར་ཆོས་རྣམ་དག་ཅིག་བྱེད་ཀྱི་ཡིན་ཞེས་པ་དེ་ང་ཚོ་ཚང་མ་ཆོས་བྱེད་མ་འཇུག་མཁན་གྱི་ཕུང་འདྲེ་དེ་རེད། གུང་ཐང་གིས། ལོ་ཟླ་བ་འདི་ལ་འདི་སྣང་གི། ལས་བྱ་བྱེད་ཚགས་སུ་ཚུད་བྱས་ནས།། སླར་གཙང་མའི་ཆོས་ཤིག་བྱེད་སྙམ་པ།། འདི་ཐམས་ཅད་བསླུ་བའི་ཕུང་འདྲེ་ཡིན།། ཞེས་ལོ་དང་ཟླ་བ་འདི་ཙམ་ལ་ལས་ཀ་དེ་དག་ཟིན་པར་བྱས་ནས་བྱ་བྲལ་གྱིས་ཆོས་གཙང་མ་ཞིག་བྱེད་ཀྱི་ཡིན་བསམ་པ་དེས་བསླུ་བ་རེད་ཅེས་གསུངས། གུང་ཐང་གི་གསུང་རྣམས་ཧ་ཅང་གི་ནུས་པ་ཆེན་པོ་དང་དངོས་ཡོད་ཀྱི་གནས་སྟངས་རྗེན་སྟོན་གནང་བ་ཤ་སྟག་ཡོད། དེས་ན་རྙེད་དཀའ་བ་དང་འཇིག་སླ་བ་ནམ་མཁའི་གློག་དང་འདྲ་བ་རེད། ནམ་མཁའི་གློག་ནི་ཁྱུག་ཙམ་ལས་རྒྱུན་རིང་བསྡད་ཀྱི་མེད། ཐོག་མར་་དལ་འབྱོར་དོན་ཆེན་ཡིན་པ་དང་། རྙེད་དཀའ་བ་ཡིན་པ། འཇིག་སླ་བ་ཡིན་པ་བཅས་ངོ་ཤེས་ན་སྙིང་པོ་བླང་རྒྱུའི་བློ་ཞིག་ངེས་པར་དུ་སྐྱེ། དེར་བརྟེན་ད་ལྟ་ང་ཚོ་ལ་ཡོད་བཞིན་པའི་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདིའི་ཐོག་ནས་སྙིང་པོ་ཞིག་ངེས་པར་བླང་དགོས་འདུག་སྙམ་པའི་བསམ་བློ་ཞིག་རང་གི་རྒྱུད་ལ་སྐྱེ་ཐབས་རྟག་ཏུ་གནང་དགོས། དེ་ལྟ་བུའི་བསམ་བློ་ཞིག་ཡོད་ན་ངམ་ངམ་ཤུགས་ཀྱིས་བློ་ཆོས་ཕྱོགས་སུ་འགྲོ་རྒྱུ་རེད། ད་ལྟ་ཆོས་གྲལ་དུ་བླ་མས་ངོ་སྤྲད་པའི་སྐབས་སུ་ཕྱིའི་དངོས་པོ་གྲངས་འདྲེན་ལྟ་བུ་མིན་པར། དལ་འབྱོར་དོན་ཆེ་བ་དང་། རྙེད་དཀའ་བ། འཇིག་སླ་བ་རྣམས་རང་གི་རྒྱུད་སྟེང་དུ་བསྐོར་ནས་ངས་སྙིང་པོ་གང་ཐུབ་ཅི་ཐུབ་ལེན་བསམ་པ་བྱུང་ན་ཆོས་གྲལ་དུ་བསྡད་གོ་ཆོད་པ་དང་། དེ་ནས་ཆོས་ཉན་བསམ་གནང་བ་རྣམས་དོན་ལྡན་ཡོང་རྒྱུ་རེད། གལ་ཏེ་བསམ་བློར་འགུལ་བསྐྱོད་ཕྲན་བུ་ཐེབས་པ་བྱུང་ན་གཞི་ནས་ཆོས་ཞུས་པའི་དགོས་པ་འགྲུབ་པ་རེད།

དེར་བརྟེན་ཚེ་འདིའི་འཇིག་རྟེན་གྱི་བྱ་བ་རྣམས་སྦུན་པའམ་ཤུན་པ་འཕྱར་བ་བཞིན་དུ་སྙིང་པོ་མེད་པར་རྟོགས་པར་གྱུར་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བའམ་ཚེ་འདིའི་བདེ་ཐབས་རྐྱང་པར་མགོ་བོ་མ་རྨོངས་པར་ཉིན་མཚན་ཀུན་ཏུ་སྙིང་པོ་བླང་དགོས། ཉིན་མཚན་ཀུན་ཞེས་པ་ནི་མཚན་ལའང་གཉིད་མ་ལོག་པར་ཆོས་བསྒྲུབ་པའི་དགོས་པའི་དོན་མིན་ཞིང་། མི་ཚེའི་ནང་ཉིན་མོ་དང་མཚན་མོ་གཉིས་ཀའི་ཆ་ཤས་དགོས་ངེས་ཅན་རེད། ཉིན་མོར་ལས་ཀ་བྱེད་རྒྱུ་དང་། མཚན་མོར་གཉིད་ཉལ་རྒྱུ་རེད། ལུས་ཀྱི་གནས་བབ་ཀྱི་ཐོག་ནས་གཉིད་ཁུག་དགོས་ཤིང་། གལ་ཏེ་གཉིད་མ་ཉལ་ན་ལུས་ཀྱི་བྱ་བ་བྱེད་པའི་ནུས་པ་ཉམས་རྒྱུར་བརྟེན། ཉིན་མཚན་གཉིས་ཡོང་དགོས་པ་དེ་ལྟར་རེད། ཡིན་ནའང་བསམ་བློ་དེ་ཉིན་མཚན་གཉིས་སུ་བློ་སྦྱང་དགོས་ཤིང། གལ་ཏེ་ཉིན་མོར་བློ་སྦྱངས་ནས་མཚན་མོར་ལྷོད་གཡེང་སོང་ན་ཡར་རྒྱས་ཡོང་རྒྱུ་མེད། དེ་བཞིན་མཚན་མོར་བློ་སྦྱངས་ནས་ཉིན་མོར་ལྷོད་གཡེང་ངམ་རྣམ་གཡེང་དུ་སོང་ན་བསམ་བློ་ཡར་རྒྱས་ཡོང་རྒྱུ་དཀའ། དེར་བརྟེན་ལམ་རིམ་ལ་སྦྱོང་མཁན་ཞིག་ཡིན་ན་ཉིན་མཚན་གཉིས་ཀར་བློ་སྦྱོང་བའི་བརྩོན་པ་མ་འདོར་བ་དགོས་པ་དེ་གལ་ཆེན་པོ་རེད། དེས་ན་ང་ཚོའི་ཁས་ལེན་མང་པོའི་ནང་། དཔེར་ན་སྐྱབས་སྡོམ་ཞིག་བཟུང་ནའང་ཉིན་ལན་གསུམ་དང་མཚན་ལན་གསུམ་དང་། བྱང་སེམས་ཀྱི་སྡོམ་པ་ཞིག་བཟུང་ནའང་སྨོན་སེམས་ཉིན་ལན་གསུམ་མཚན་ལན་གསུམ། སྔགས་སྡོམ་ཞིག་བཟུང་ནའང་སོ་སོའི་དམ་ཚིག་མང་པོ་ཉིན་རེ་བཞིན་དུས་དྲུག་ཏུ་བྱེད་དགོས་པ་དེ་གང་རེད་ཅེ་ན། བློ་དེ་ཧ་ཅང་གི་གོམས་ཁག་པོ་དང་ཡར་རྒྱས་འགྲོ་ཁག་པོ་ཡིན་ཙང་། རྒྱུན་དུ་མུ་མཐུད་ནས་བློ་སྦྱང་མ་ཐུབ་ན་ཕྲན་བུའི་སྦྱངས་པ་དེ་ཉམས་པ་རེད། དེས་ན་ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་རེད། ཉལ་བའི་ཚེའང་གཉིད་དོན་ལྡན་དུ་འགྲོ་ཐབས་བྱེད་དགོས། དེས་ན་ཐུན་དང་ཐུན་མཚམས་ཀྱི་བྱ་བ་རྣམས་བང་ཡག་པོ་བསྒྲིག་དགོས། ལམ་གྱི་རིམ་པ་ལ་བློ་སྦྱོང་བའི་བྱ་བ་དེ་ཉིན་མོར་ཇི་ཙམ་བྱས་པ་དེ་མཚན་མོར་ཆུད་ཟོས་སུ་མི་འགྲོ་བའི་དོན་དུ་གཉིད་མ་ཁུག་གོང་དུ་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་བྱེད་དགོས། གཉིད་ཅེས་པའི་སེམས་བྱུང་དེ་གཞན་འགྱུར་བཞིའི་ནང་འཇོག་ཅིང་། དེ་བཞི་པོའི་ངོ་བོ་ལུང་མ་བསྟན་ཡིན། དེ་དག་ནི་དགེ་བ་དང་མི་དགེ་བ་གཉིས་ཀར་འགྲོ་བ་རེད། དེས་ན་གཉིད་ཉལ་བའི་ཚེ་དད་པ་དང་དགའ་བ་སོགས་དགེ་བའི་བློ་ཁྱད་པར་ཅན་གྱིས་ཟིན་ན་ཚོུད་ཇི་ཙམ་གཉིད་ཁུག་ནའང་དེའི་རིང་དགེ་བའི་ངོ་བོར་འགྲོ་བ་རེད། ལྷག་པར་སྔགས་ཀྱི་ནང་གཉིད་ཀྱི་སྐབས་སུ་ཉམས་ལེན་མང་པོ་བྱེད་རྒྱུ་ཡོད། རྗེ་བཙུན་མི་ལས། ང་རེ་འགའ་ཉལ་ཞིང་ཉལ་ཞིང་སྒོམ། ཉལ་ཞིང་ཉལ་ཞིང་སྒོམ་ཙ་ན། ཉལ་ཚད་འོད་གསལ་དུ་འགྲོ་བའི་གདམས་པ་ཡོད་ཅེས་གསུངས་པ་བཞིན་རེད། དེས་ན་ཆོས་ཉམས་ལེན་པ་ཡིན་ན་ལུས་ངག་ཡིད་གསུམ་མཐུན་ནས་ཉམས་ལེན་བྱེད་དགོས་པ་དང་། ཉིན་དང་མཚན་གཅིག་གྱུར་དུ་ཉམས་ལེན་བྱེད་དགོས།

ཉིན་མཚན་ཀུན་ཏུ་སྙིང་པོ་ཇི་ལྟར་བླང་དགོས་ཤེ་ན། སྙིང་པོ་ལེན་པའི་ཐབས་ནི་སངས་རྒྱས་ཀྱིས་ཡུམ་གྱི་མདོ་ནས་གསུངས་པ་བཞིན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ནང་སྙིང་པོ་ལེན་པའི་ཚུལ་ཡོངས་སུ་རྫོགས་ཤིང་། དེ་ཡང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་བཅས་ལ་ཉིན་ལྟར་ཤར་སྒོམ་ཚུན་ཆད་གནང་ནས་ལམ་ཡོངས་རྫོགས་ལ་བག་ཆགས་འཇོག་ཐུབ་པ་བྱེད་རྒྱུ་ནི་སྙིང་པོ་ལེན་ཚུལ་ངོ་མ་དེ་རེད། རང་གི་བློའི་ཚད་གང་དུ་སླེབས་ས་དེར་རྒྱས་པར་བྱ་དགོས། དཔེར་ན་བཤེས་གཉེན་བསྟེན་ཚུལ་སྒོམ་པ་ལྟ་བུ་ཡིན་ན། བཤེས་གཉེན་བསྟེན་ཚུལ་གྱི་དམིགས་རྣམ་བསྐྱང་རྒྱུ་རྣམས་རྒྱས་ཤིང་རྒྱས་པ་དང་། དེ་རྗེས་དལ་འབྱོར་དོན་ཆེན་རྙེད་དཀའ་ནས་སློབ་མི་སློབ་ཟུང་འཇུག་བར་གྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སྔ་དགོང་ལ་ཤར་སྒོམ་རེ་གནང་ཐུབ་ན་དངོས་གནས་དལ་བའི་རྟེན་ལ་སྙིང་པོ་ལེན་པ་ཞེས་པ་དེ་ཆགས་རྒྱུ་རེད། དེ་བཞིན་ལུས་ངག་གིས་ཐ་སྙད་ཀྱི་དགེ་བ་བྱེད་རྒྱུ་དང་། བསམ་བློ་དགེ་བའི་ཕྱོགས་སུ་འགྲོ་རྒྱུ་གཉིས་ཀ་འབད་རྩོལ་ཐུབ་ན་སྐད་ཅིག་རེ་རེའང་དོན་མེད་ཆུད་ཟོས་སུ་མི་འགྲོ་བ་ཡིན། ལྕང་སྐྱ་རིན་པོ་ཆེས། ཕྱག་སྐོར་བ་ཅི་ལྕོགས་མཎྜལ་འབུལ།། སྔགས་ཟབ་མོ་བཟླས་བརྗོད་རྒྱུན་མི་ཆད།། བྱམས་སྙིང་རྗེ་བྱང་སེམས་རྟག་པར་སྒོམ།། དེ་སྒོ་གསུམ་ཕྱི་ཡི་ཉམས་ལེན་ཡིན།། ཞེས་གསུངས་པ་བཞིན་ཉིན་མཚན་ཀུན་ཏུ་སྙིང་པོ་ཇི་ལྟར་ལེན་དགོས་ཤེ་ན། ཕྱག་འཚལ་བ་དང་། སྐོར་བ་བསྐོར་བ། མཆོད་པ་འབུལ་བ། མཎྜལ་འབུལ་བ་ནི་ལུས་ཀྱི་དགེ་བ་དང་། སྔགས་ཟབ་མོ་ཡི་གེ་བརྒྱ་པ་ལ་སོགས་པ་དང་། ཡི་དམ་ལྷའི་གཟུངས་སྔགས་སོགས་རྒྱུན་དུ་འདོན་པ་ནི་ངག་གི་དགེ་བ། བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་རྟག་ཏུ་སྒོམ་པ་ནི་ཡིད་ཀྱི་དགེ་བ་བཅས་གསུམ་ནི་སྒོ་གསུམ་ཕྱི་ཡི་ཉམས་ལེན་ཡིན་ཞེས་གསུངས། ལྕང་སྐྱ་རིན་པོ་ཆེས། ལུས་ཤ་ཁྲག་གི་མཆོད་སྦྱིན་རྒྱ་རེ་ཆེ།། ངག་རྒྱུ་འབྲས་བདེན་པའི་ཆོས་འཆད་ཅིང་།། སེམས་དབྱིངས་རིག་དབྱེར་མེད་སྤྲོས་དང་བྲལ།། དེ་སྒོ་གསུམ་ནང་གི་ཉམས་ལེན་ཡིན།། ཞེས་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་ན་གཅོད་སོགས་ཉམས་ལེན་གྱི་ཐོག་ནས་ལུས་ཤ་ཁྲག་གི་མཆོད་སྦྱིན་རྒྱ་ཆེན་པོ་གཏོང་རྒྱུ་དང་། ངག་གིས་མི་མ་ཡིན་ལ་རྒྱུ་འབྲས་བདེན་པའི་ཆོས་བཤད་རྒྱུ། སེམས་ཀྱིས་དབྱིངས་དང་རིག་པ་དབྱེར་མེད་དུ་ཕྱག་རྒྱ་ཆེན་པོའི་ལམ་མམ་སྟོང་པ་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་བཅས་ནི་སྒོ་གསུམ་གྱི་ནང་གི་ཉམས་ལེན་ཡིན་གསུངས། ལྕང་སྐྱ་རིན་པོ་ཆེས། ལུས་ལྷར་སྒོམ་ཐ་མལ་སྣང་ཞེན་བཅད།། ངག་རྡོ་རྗེ་བཟླས་པས་ལས་རླུང་འགག།།སེམས་ལྷན་སྐྱེས་བདེ་སྟོང་རོལ་པས་མྱོས།། དེ་སྒོ་གསུམ་གསང་བའི་ཉམས་ལེན་ཡིན།། ཞེས་གསུངས་པ་བཞིན་སྔགས་ཀྱི་ཉམས་ལེན་པ་ཡིན་ན། སྐྱེད་རིམ་གྱི་ལམ་ནས་ལུས་ལྷར་བསྒོམས་ནས་ཐ་མལ་གྱི་སྣང་ཞེན་བཀག་པ་དང་། ངག་རྡོ་རྗེ་བཟླས་པའི་ལམ་ནས་ལས་ཀྱི་རླུང་སྙིང་གར་བསྡུ་བའི་ཆེད་རྩ་རླུང་ལ་གནད་དུ་བསྣུན་པ་ལ་སོགས་པའི་རྫོགས་རིམ་ལ་སྦྱངས་པ། སེམས་ལྷན་ཅིག་སྐྱེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་རོལ་པ་བཅས་ནི་སྒོ་གསུམ་གསང་བའི་ཉམས་ལེན་ཡིན་ཞེས་གསུངས། དེ་ལྟར་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཉམས་ལེན་བྱེད་ཐུབ་པ་ཡིན་ན་ཉིན་གཅིག་མ་གཏོགས་ཚེའི་ལྷག་མ་མེད་ཀྱང་འགྱོད་པ་མེད་པ་ཡོང་རྒྱུ་རེད། བཀའ་གདམས་པ་གོང་མ་ཚོས། ཟླ་གཅིག་ཟླ་གཉིས་མ་ཤི་ན། སྐྱེ་བ་ཕྱི་མའི་འདུན་མ་འགྲུབ་པ་དང་། ལོ་གཅིག་ལོ་གཉིས་མ་ཤི་ན། སྐྱེ་བ་གཏན་གྱི་འདུན་མ་འགྲུབ་པ་དགོས་ཞེས་གསུངས་པ་བཞིན་ང་ཚོས་ཀྱང་བློ་ཐག་ཆོད་པོའི་ཐོག་ནས་ལུས་ངག་ཡིད་གསུམ་དགེ་བ་ལ་བསྒྱུར་རྒྱུ་དང་། དེ་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ངོ་བོ་དང་གོ་རིམ་སོགས་ཆ་ཚང་བ་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་པོ་ནས་གསུངས་པ་བཞིན་བློ་ལ་ངེས་ན་ས་ཆོད་ཆེ། གལ་ཏེ་ལམ་གྱི་ངོ་བོ་དང་རྐང་གྲངས་སོགས་ཆ་ཚང་བ་མ་ངེས་པ་དང་། དེ་བཞིན་ལམ་ལ་རིམ་པར་བློ་སྦྱོང་བའི་ཚུལ་ཡང་མ་ངེས་པར་ཕྱོགས་གང་ས་ནས་ཁ་ཟིན་སྣ་ཟིན་ཙམ་བྱེད་ན་ས་ཆོད་ཆེན་པོ་མི་ཡོང་། བཀའ་གདམས་པ་གོང་མ་ཚོས། བོད་པའི་ཆོས་པ་ལ་བསྒོམ་རྒྱུ་ལྷ་རེ་དང་བགྲང་རྒྱུ་སྔགས་རེ་མེད་པ་སུའང་མེད་ཀྱང་། བསམ་རྒྱུ་ཆོས་ཤིག་མེད་པས་ལན་པ་ཡིན་ཞེས་གསུངས་པ་བཞིན་ཚང་མས་ལྷ་ཞིག་སྒོམ་པ་དང་སྔགས་ཤིག་བགྲང་རུང་། རང་གི་སེམས་རྒྱུད་བཟང་དུ་འགྲོ་རྒྱུ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོང་རྒྱུའི་བསམ་བློ་གཏོང་སྟངས་དེ་མ་ཤེས་པས་ལན་པ་རེད། རྒྱལ་བ་འབྲོམ་སྟོན་པས་གཙུག་ལག་ཁང་དུ་མི་སྐོར་བ་བྱེད་མཁན་ཞིག་ལ་ཁྱེད་རང་སྐོར་བ་བྱེད་པ་གློ་བ་དགའ་སྟེ། དེ་བས་ཆོས་ཤིག་བྱེད་ན་ཨང་ཞེས་གསུངས་པ་དང་། དེ་ནས་དེས་སྐོར་བ་བྱེད་པ་ལས་མདོ་ཀློག་པ་བཟང་བ་མིན་ནམ་སྙམ་ནས་ཆོས་ཀློག་ནས་བསྡད་པའི་སྐབས་སུ་རྒྱལ་བ་འབྲོམ་སྟོན་པས་ཇོ་བོ་མདོ་སྡེ་ཀློག་པ་གློ་བ་དགའ་སྟེ། དེ་བས་ཆོས་ཤིག་བྱེད་ན་ཨང་ཞེས་གསུངས། དེ་ལྟ་བུ་ཁ་ཤས་གསུངས་པའི་རྗེས་སུ་མི་དེས་ཆོས་ཇི་ལྟར་བྱེད་དགོས་ཞེས་དྲིས་པར། རྒྱལ་བ་འབྲོམ་སྟོན་པས་ཚེ་འདི་བློས་ཐོངས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཞེས་གསུངས།

སྤྱིར་ཆོས་ཞེས་པ་ནི་བཟོ་བཅོས་གཏོང་བའི་དོན་རེད། རྣམ་བཤད་རིགས་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཆོས་པ་དང་།། ངན་འགྲོའི་འཇིགས་ལས་སྐྱོབ་བྱེད་གང་ཡིན་པ།། འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ།། གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད།། ཅེས་གསུངས་པ་དེ་བསྟན་བཅོས་ཀྱི་སྒྲ་བཤད་ཡིན་རུང་། ཆོས་ཞེས་པ་ནི་བློ་མ་རུང་བའམ་ཉོན་མོངས་པའི་གཞན་དབང་དུ་སོང་བ་དེ་བཅོས་ནས་ཡང་དག་པའི་ཕྱོགས་སུ་བསྒྱུར་རྒྱུ་དེ་རེད། དེ་ལྟ་བུ་ཡང་དག་པའི་ཕྱོགས་སུ་འགྲོ་བ་ལ་མགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་གི་བར་གྱི་ལམ་གྱི་རིམ་པ་ཆ་ཚང་བ་ལ་གོ་བ་ཆགས་དགོས་པ་དང་། དེའི་ནང་ནས་ལམ་གྱི་གནད་དམ་སྲོག་ལྟ་བུ་ནི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གནད་ཐམས་ཅད་ཡོངས་སུ་རྫོགས་པ་བསྡུས་པའི་ལམ་གྱི་གཙོ་བོ་རྣམ་པ་གསུམ་པོ་དེ་རེད། དེ་ཡང་ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བུ་གསུམ་པོ་ནི་ཆོས་གཤའ་མ་བྱེད་མཁན་ལ་མེད་དུ་མི་རུང་བ་རེད། དེར་བརྟེན་དེ་ལ་ཉམས་ལེན་གྱི་མཐིལ་ལམ་སྙིང་པོ་བྱེད་ཐུབ་ན་དལ་འབྱོར་དོན་དང་ལྡན་པ་དང་ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་ཐུབ་པ་ཡོང་རྒྱུ་རེད།

རྗེ་བདག་ཉིད་ཆེན་པོ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལམ་གྱི་རིམ་པ་མང་པོ་སྟོན་པའི་ནང་ནས་སྲོག་ལྟ་བུ་དང་མཆོག་ཏུ་གྱུར་པ་ནི་ལམ་གྱི་གཙོ་བོ་རྣམ་གསུམ་དེ་ཡིན་པ་རེད། རྗེ་བདག་ཉིད་ཆེན་པོར་འཇམ་དཔལ་དབྱངས་དངོས་སུ་ཞལ་མ་གཟིགས་པའི་སྐབས་སུ་བླ་མ་དབུ་མ་པས་ཞུ་བརྒྱུད་ཀྱིས་དྭོགས་གཅོད་བཀའ་འདྲི་ཞུ་ཞིང་། རྗེས་སུ་དགའ་གདོང་དུ་བཞུགས་པའི་སྐབས་སུ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་ཞལ་གཟིགས་པ་ནས་བཟུང་མི་དང་མི་ཐུག་པ་ལྟ་བུ་བྱུང་། སྤྱིར་ལྷའི་ཞལ་གཟིགས་ཞེས་པ་ལ་གཟིགས་ཚུལ་མི་འདྲ་བ་སྣ་ཚོགས་རེད། དེ་ཡང་རྨི་ལམ་དུ་གཟིགས་པ་དང་། དག་སྣང་གིས་གཟིགས་པ། མངོན་སུམ་དུ་གཟིགས་པ་བཅས་ཡོད། བློ་ཧ་ཅང་མ་སྦྱངས་པར་ལམ་གྱི་རྟོགས་པ་མཐོ་པོར་མ་སླེབས་པ་རྣམས་ལ་ཡི་དམ་གྱི་ལྷས་རྨི་ལམ་དུ་ཞལ་བསྟན་ནས་ལུང་བསྟན་པ་དང་། དེ་ལ་ནོར་འཁྲུལ་མེད་པ་དང་བར་ཆད་མེད་པའི་ངེས་པ་མེད། ད་དུང་དེ་ལས་བློ་སྦྱངས་པ་ན་ཉམས་སྣང་དང་དག་སྣང་ལ་ཞལ་གཟིགས་པ་རེད། དཔེར་ན་རྟག་ཕུ་དག་སྣང་དང་གསང་བ་རྒྱ་ཅན་རྣམས་དག་སྣང་ལ་གཟིགས་ནས་ཆོས་ཞུས་པ་ལྟ་བུ་རེད། མངོན་སུམ་དུ་གཟིགས་པ་ལ་དབང་མངོན་གྱིས་གཟིགས་པ་དང་ཡིད་མངོན་གྱིས་གཟིགས་པ་བཅས་ནང་གསེས་གཉིས་རེད། ཡིད་མངོན་གྱིས་གཟིགས་པ་ལ་དབང་པོའི་མངོན་སུམ་གྱིས་མཇལ་བ་མེད། དབང་མངོན་གྱིས་གཟིགས་པ་ནི་མི་དང་མི་ཐུག་པ་ལྟ་བུ་རེད། རྗེ་བདག་ཉིད་ཆེན་པོས་རྗེ་བཙུན་འཇམ་དཔལ་དབྱངས་དབང་མངོན་གྱིས་དངོས་སུ་གཟིགས་ནས་མི་དང་མི་ཐུག་པ་བཞིན་བགྲོ་གླེང་དང་དྭོགས་གཅོད་སོགས་གནང་བ་རེད། རྗེ་རིན་པོ་ཆེའི་ལྗགས་རྩོམ་མང་ཆེ་བའི་དོན་གྱི་ངོ་བོ་དང་གོ་རིམ་རྣམས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གསུངས་པ་ལ་རྗེ་བདག་ཉིད་ཆེན་པོས་ཚིག་སྦྱོར་གནང་བ་རེད། དེས་ན་ལམ་གྱི་གཙོ་བོ་རྣམ་གསུམ་ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མན་ངག་ཐུན་མོང་མ་ཡིན་པ་ཞིག་རེད། རྗེའི་གསང་བའི་རྣམ་ཐར་ནང་། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་དང་།། མི་ཕམ་མགོན་གྱི་ཡང་དག་དོན་བསྟོད་པ།། དོན་གྱི་ངོ་བོ་གོ་རིམ་འཇམ་དབྱངས་ཀྱིས།། གསལ་བར་གསུངས་ནས་ཚིག་སྦྱོར་ལེགས་སྦྱར་བ།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཞེས་གསུངས་པ་བཞིན་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་དང་བྱམས་པའི་བསྟོད་ཆེན་གཉིས་དཔེ་ཙམ་རེད། ལམ་རིམ་སྨོན་ལམ་ལས། སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས།། ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང་།། ཞེས་གསུངས་པ་བཞིན་ལམ་རིམ་ཆེན་པོ་དེ་རྒྱལ་བ་སྲས་དང་བཅས་པའི་འཕྲིན་ལས་ལས་གྲུབ་ཅིང་། གྲུབ་ཚུལ་ཡང་རྗེ་བཙུན་འཇམ་དཔལ་དབྱངས་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པ་པོར་བཞེངས་ནས་ལམ་སྟོན་དང་གདམས་ངག་གི་འོག་ཏུ་བྲིས་པ་དང་། རྗེ་རིན་པོ་ཆེ་གང་ཟག་གཅིག་གིས་བརྩམས་པ་མིན་ཞེས་གསུངས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཐོག་མར་རྗེ་བདག་ཉིད་ཆེན་པོ་ལ་ལམ་སྤྱིའི་ཁོག་འབུབས་ནས་གདམས་ངག་གནང་བའི་སྐབས་སུ་ལམ་གཙོ་རྣམ་གསུམ་གཙོ་བོར་གསུངས་པ་དང་། རྗེས་སུ་བྱང་ཆུབ་ལམ་སྒྲོན་ལ་གཞི་བཞག་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ནང་བསྡུས་ནས་ལམ་རིམ་ཆེ་ཆུང་མཛད་པའི་སྐབས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་སྐུ་རྩེད་ལྟ་བུར་ངས་བཤད་པའི་ལམ་གཙོ་རྣམ་གསུམ་གྱིས་མ་ཚང་བ་མཐོང་ངམ་ཞེས་གསུངས་པར། རྗེ་བདག་ཉིད་ཆེན་པོས་དེའི་ནང་མ་ཚང་བ་མེད་རུང་། གང་ཟག་ལས་དང་པོ་བས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ནས་ཉམས་སུ་ལེན་བདེ་བའི་ཆེད་དུ་ཆེ་བ་བཞི་དང་ཁྱད་ཆོས་གསུམ་གྱིས་བརྒྱན་པའི་བྱང་ཆུབ་ལམ་གྱི་རིམ་པ་འདིས་ཡིད་འཕྲོགས་པ་དང་། གདུལ་བྱ་དཀྲི་བའི་རིམ་པ་དེ་རང་བྱེད་ན་ལེགས་ཚུལ་ཞུས་པར། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དེ་རང་རེད་ཅེས་ལེགས་སོ་བསྔགས་བརྗོད་གནང་བའི་བྱུང་བ་ཡོད། དེ་བཞིན་རྗེ་རིན་པོ་ཆེས་རྗེ་བཙུན་རེད་མདའ་བ་དང་བླ་མ་དབུ་མ་པ་ལ་ཕུལ་བའི་ཕྱག་བྲིས་དེ་དག་ནང་འདི་རང་འདུ་ཆེ་བ་འདུག་པས་གདུལ་བྱ་དཀྲི་བའི་རིམ་པ་བྱང་ཆུབ་ལམ་གྱི་རིམ་པ་ཤ་སྟག་གིས་བྱེད་ཀྱི་ཡོད། ཁྲིད་མང་པོ་བཏབ་པ་མ་བྱས་ཞེས་གསུངས་ཡོད། བོད་སྔ་མ་ཚོས་ཉམས་ལེན་རེ་ལ་ཁྲིད་ཀྱི་སྡེ་ཚན་ཐ་དད་མང་པོ་གནང་ཞིང་། དཔེར་ན་སྔོན་འགྲོ་ལྟ་བུར་མཚོན་ན། མཎྜལ་གྱི་ཁྲིད། ཕྱག་གི་ཁྲིད། ལྟུང་བཤགས་ཀྱི་ཁྲིད། རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད་སོགས་ཐ་དད་དང་། དེ་ནས་ལམ་གྱི་རིམ་པ་རེ་ལ་ཁྲིད་ཀྱི་རྣམ་གྲངས་མི་འདྲ་བ་རྣམས་རྗེ་བདག་ཉིད་ཆེན་པོས་མི་དགོས་པ་གནང་ནས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ཆེ་བ་ཡོད་པའི་བྱང་ཆུབ་ལམ་གྱི་རིམ་པའི་སྒྲོམ་ཁོ་ནའི་ཐོག་ནས་ཁྲིད་པ་རེད།

དེས་ན་གོང་དུ་ཞུས་པ་བཞིན་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པའི་དལ་འབྱོར་གྱི་ལུས་རྟེན་འདི་ལྟ་བུ་ཞིག་ཐོབ་པའི་སྐབས་སུ་སྙིང་པོ་ངེས་པར་དུ་བླང་དགོས། སྙིང་པོ་ལེན་པའི་བསམ་པ་ཡོད་ནའང་རླབས་ཆེ་བ་མ་བྱུང་ན་ལམ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་ལ་མགོ་བོ་འཁོར་ནས་ས་ཆོད་མེད་པས་སྙིང་པོ་ཆེན་པོ་ཞིག་བླང་མི་ཐུབ། དེས་ན་ལམ་གྱི་གནད་ཡོངས་སུ་རྫོགས་པ་ལ་ཉམས་ལེན་བྱེད་དགོས། དེའི་མཐར་ཐུག་གི་དམིགས་ཡུལ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱངས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚེ་གཅིག་ལུས་གཅིག་ལ་ཐོབ་ཐབས་བྱེད་དགོས་པ་དེ་རེད། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྦྱངས་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་སྔོན་འགྲོར་རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་སྐྱེ་དགོས་པ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན་ཞིང་། ངེས་འབྱུང་གི་བསམ་པ་བཅོས་མ་མིན་པ་མེད་པ་ལ་སྙིང་རྗེ་ཆེན་པོ་སྐྱེ་ཐབས་མེད། རྗེ་བདག་ཉིད་ཆེན་པོས། རང་སྡུག་བསྔལ་གྱིས་མནར་བ་ལ་བ་སྤུ་གཡོ་འགུལ་ཙམ་མེད་པར་གཞན་སྡུག་བསྔལ་གྱིས་མནར་བར་སྙིང་རྗེ་སྐྱེ་ཐབས་མེད་པས། རང་སྡུག་བསྔལ་གྱིས་མནར་བའི་ངང་ཚུལ་ཤེས་ནས་རང་ཉིད་འཁོར་བ་ལས་གྲོལ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་མ་སྐྱེས་པ་དེ་སྲིད་དུ་གཞན་སྡུག་བསྔལ་གྱིས་མནར་བ་ལས་བྲལ་འདོད་ཀྱི་སྙིང་རྗེ་བཅོས་མ་མ་ཡིན་པ་མི་སྐྱེ་ཞེས་གསུངས། འདིར་སྡུག་བསྔལ་ལས་བྲལ་འདོད་ཅེས་པ་ནི་ལྟོགས་པ་ལ་ཟས་སྦྱིན་པ་དང་འཁྱགས་པ་ལ་གོས་སྦྱིན་ནས་སྡུག་བསྔལ་ལས་བྲལ་འདོད་ཙམ་ལ་མིན་ཞིང་། དེ་ནི་སྡུག་བསྔལ་གསུམ་གྱི་རྒྱུ་ལས་དང་ཉོན་མོངས་པ་ས་བོན་དང་བཅས་པ་སྤངས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཀོད་པ་ནི་སྡུག་བསྔལ་ལས་བྲལ་བ་མཐར་ཐུག་པ་དེ་རེད། དེ་ལྟ་བུའི་སྡུག་བསྔལ་ལས་བྲལ་འདོད་ཀྱི་བསམ་པ་དེ་སྙིང་རྗེ་ཆེན་པོ་མེད་པར་ཡོང་ཐབས་མེད། མན་ངག་རྒྱུ་འབྲས་བདུན་ཞེས་པའི་སྐབས་སུའང་སྙིང་རྗེ་ཆེན་པོ་གཙོ་བོར་གསུངས། དེ་ལྟ་བུའི་སྙིང་རྗེ་ཆེན་པོ་ཚད་དང་ལྡན་པ་རྒྱུད་ལ་སྐྱེ་བ་ལ་ཐོག་མ་རང་ཉིད་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་ཞིག་དགོས་པ་དང་། དེ་ལྟ་བུའི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་དེ་རིམ་པས་བློ་སྦྱོང་བ་ལས་གློ་བུར་དུ་ཡོང་རྒྱུ་མེད་ཅིང་། ཐོག་མ་ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་སྐྱེ་དགོས་པ་དང་། དེ་ནས་ཕྱི་མའི་སྣང་ཤས་ལྡོག་པའི་ངེས་འབྱུང་སྐྱེ་དགོས། དེ་དག་ནི་གཞུང་གི་ནང་རིམ་པས་ཡོང་རྒྱུ་རེད། དེ་ལྟ་བུའི་ངེས་འབྱུང་ལ་བརྟེན་ནས་སྙིང་རྗེ་ཆེན་པོ་དང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས། དེ་ནས་སྤྱོད་པ་ལ་སློབ་པའི་སྐབས་སུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་བསོད་ནམས་ཀྱི་ཚོགས་རྐྱང་པས་མི་འགྲིགས་ཤིང་། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་དུ་འབྲེལ་ནས་གསོག་དགོས། སངས་རྒྱས་ཀྱི་སྐུ་ནི་ཆོས་སྐུ་དང་གཟུགས་སྐུ་བཅས་སྐུ་གཉིས་ཀྱི་ངོ་བོ་ལ་བཞུགས་ཤིང་། དེ་གཉིས་འགྲུབ་བྱེད་ཀྱིི་རྒྱུ་ལ་ཚོགས་གཉིས་གསོག་དགོས། ལྷག་པར་དུ་ཡེ་ཤེས་ཀྱི་ཚོགས་གསོག་དགོས་པའི་རྒྱུ་མཚན་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་སྤང་དགོས། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་བ་ལ་དེའི་དངོས་གཉེན་སྟོང་ཉིད་རྟོགས་པའི་ཤེས་རབ་འབའ་ཞིག་ལས། སྦྱིན་སོགས་ཀྱི་སྤྱོད་པ་གཞན་དང་། བྱང་སེམས་དང་སྙིང་རྗེ་སོགས་སྒོམ་པ་དང་། བསོད་ནམས་ཀྱི་ཚོགས་བསགས་པས་སྤང་བྱའི་སྒྲིབ་པ་རྣམས་སྤང་མི་ཐུབ། ཚད་མ་རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར།། ཤིན་ཏུ་ཉེས་པ་ཚར་གཅོད་མིན།། ཞེས་གསུངས་པ་བཞིན་རེད། ཉོན་ཤེས་སྒྲིབ་པའི་རྩ་བ་དེ་འཇིག་ལྟའམ་མ་རིག་པ་ལ་ཐུག་ཅིང་། མ་རིག་པ་དེའི་དངོས་གཉེན་ནི་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་རེད། སྟོང་ཉིད་རྟོགས་པའི་ཤེས་རབ་རང་རྒྱུད་ལ་སྐྱེ་ན་དེའི་འགལ་ཟླར་གྱུར་པའི་མ་རིག་པའི་ཞེན་ཡུལ་སུན་ཕྱུང་བ་ཙམ་དུ་མ་ཟད། དེའི་སྒྲིབ་པའི་བག་ཆགས་དང་བཅས་པ་ཐམས་ཅད་རིམ་བཞིན་སྤོང་ཐུབ། དེར་བརྟེན་གནས་ལུགས་རྟོགས་པའི་ཤེས་རབ་མེད་ན་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་གཉིས་ལ་ཇི་ཙམ་གོམས་པ་བྱས་ཀྱང་སྲིད་པའི་རྩ་བ་གཅོད་པར་མི་ནུས་པར་བརྟེན། སྟོང་ཉིད་རྟོགས་པའི་ཤེས་རབ་དེ་གལ་ཆེ་བ་རེད། སྟོང་ཉིད་རྟོགས་པའི་ཤེས་རབ་སྐྱེ་བ་ལ་ངེས་འབྱུང་གི་བསམ་པ་སྔོན་དུ་འགྲོ་དགོས་པ་དང་། ངེས་འབྱུང་གི་བསམ་པ་སྐྱེ་བ་ལ་ཚེ་འདིའི་སྣང་ཤས་ལྡོག་པའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་སྔོན་དུ་སློབ་དགོས། དེ་འདྲའི་ལམ་མཐའ་དག་ལ་སློབ་པ་ལ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་མ་ནོར་བ་བྱེད་དགོས། དེ་ལྟ་བུའི་གདུལ་བྱ་དཀྲི་བའི་རིམ་པ་ནི་རྗེ་བདག་ཉིད་ཆེན་པོས་ཆོས་བྱང་ཆུབ་ལམ་གྱི་རིམ་པའི་ནང་གསུངས།

ད་རེས་འཆད་ཉན་ནི་རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཐོག་ནས་རེད། དེ་ནི་གསུང་རབ་མང་པོའི་སྙིང་པོ་བསྡུས་པ་ཞིག་རེད། ལམ་རིམ་བསྡུས་དོན་ལས། གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ།། ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང་།། ཞེས་གསུངས་པ་བཞིན་རེད། གོང་དུ་ཞུས་པ་ལྟར་ད་རེས་ལན་ཅིག་ཐོབ་པའི་དལ་བརྒྱད་འབྱོར་བཅུ་ཚང་བའི་རྡོ་རྗེའི་ལུས་རྟེན་འདིའི་ཐོག་ནས་སྙིང་པོ་རྣམ་པར་དག་པ་ཞིག་ངེས་པར་དུ་བླང་དགོས་འདུག སྙིང་པོ་བླང་རྒྱུ་དེའང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལས་ལྷག་པའི་སྙིང་པོ་ལེན་རྒྱུ་གཞན་མེད་པར་བརྟེན། གཞན་དོན་དོན་གཉེར་གྱི་བློ་བཅོས་མ་མིན་པ་ཞིག་སྐྱེ་དགོས། དེ་ལྟ་བུ་ཡོང་བ་ལ་རང་ཉིད་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་ངེས་འབྱུང་གི་བསམ་པ་ཚད་ལྡན་ཞིག་ཡོང་དགོས། ངེས་འབྱུང་གི་བསམ་པ་ཚད་ལྡན་ཞིག་ཡོང་བ་ལ་ཚེ་འདིའི་སྣང་ཤས་ལྡོག་པའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་དགོས། དེར་བརྟེན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མན་ངག་རྗེ་བདག་ཉིད་ཆེན་པོ་ལ་བྱིན་རླབས་ཉེ་བརྒྱུད་ཀྱི་ཚུལ་དུ་བྱུང་བ་དེ་རྗེ་རིན་པོ་ཆེས་རང་གི་སློབ་མའི་མཆོག་ཏུ་གྱུར་པ་ཤར་ཕྱོགས་རྒྱལ་མོ་རོང་ནས་ཕེབས་པའི་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གནང་བའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་གཞུང་དེ་ལ་སློབ་གཉེར་བྱེད་རྒྱུ་ཡིན་སྙམ་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར་བྱས་ཏེ་གསན་དགོས་པ་ཡིན། གང་ལྟར་ཀུན་སློང་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ་མ་བྱུང་ན། བཀའ་གདམས་པ་གོང་མ་ཚོས། ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག  གང་ཟག་ཐེག་པ་ཆེན་པོའི་གྲལ་དུ་ཚུད་པ་དགོས་ཞེས་གསུངས་པ་བཞིན་བཤད་རྒྱུ་ཐེག་པ་ཆེན་པོའི་ཆོས་ཡིན་རུང་། ཉན་མཁན་ཐེག་པ་ཆེན་པོའི་གྲལ་དུ་མ་ཚུད་ན་ཡོང་རྒྱུ་གང་ཡང་མེད། དེས་ན་ཆོས་ཀྱི་ངོ་བོའི་ཆ་ནས་ཐེག་པ་ཆེན་པའི་ཆོས་ཡིན་པ་ཙམ་གྱིས་ཉན་མཁན་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་ངོ་བོར་འགྲོ་བའི་ངེས་པ་མེད། ཚེ་འདིའི་བདེ་ཐབས་ཙམ་དོན་དུ་གཉེར་ནས་ཆོས་ཉན་ན་གོ་ལོག་རེད། བཤེས་སྤྲིངས་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས།། ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ཀྱང་།། གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས།། བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས།། ཞེས་གསུངས་པ་བཞིན་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་གསེར་གྱི་སྣོད་དེ་གད་སྙིགས་འདོར་བ་ལ་བེད་སྤྱོད་བྱེད་ན་དེ་ནི་བླུན་པ་ཡིན་པ་སྨོས་ཅི་དགོས། འོན་ཀྱང་མི་ལུས་ཐོབ་ནས་སྙིང་པོ་མ་ལེན་པར་སྡིག་ལས་བགྱིད་པ་དེ་ནི་དེ་བས་ཀྱང་བླུན་ཚབས་ཆེ་བ་རེད། དེ་བཞིན་ལམ་གྱི་གཅོ་བོ་རྣམ་གསུམ་ལྟ་བུའི་ཆོས་དེ་རང་གི་ཚེ་འདིའི་བདེ་ཐབས་དང་། ཡང་ན་རང་ཉིད་ཐར་པ་ཙམ་ཐོབ་པའི་དོན་དུ་ཉན་པའམ་བཤད་ན་དེ་ཡང་བླུན་པོ་རེད། ཚེ་འདིའི་བདེ་ཐབས་ཙམ་ལ་ཆོས་དགོས་པ་གང་ཡང་མེད་ལ། ཚེ་འདིའི་བདེ་ཐབས་ནི་ཆོས་ཀྱི་གྲངས་སུ་ཚུད་ཀྱིའང་མེད། དེས་ན་རླབས་ཆེན་གྱི་ཐེག་པ་ཆེན་པོའི་ཆོས་ཤིག་རང་གི་ཚེ་འདིའི་བདེ་ཐབས་ཙམ་དུ་བེད་སྤྱོད་གཏོང་བ་དང་། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ཙམ་དུ་ཕྱི་མ་ངན་སོང་དུ་མི་འགྲོ་བ་ཙམ་ལ་བེད་སྤྱོད་བྱེད་པ། སྐྱེས་བུ་འབྲིང་དང་ཐུན་མོང་བ་ཙམ་དུ་རང་ཉིད་གཅིག་པུ་ཐར་པའི་བདེ་བ་ཐོབ་པའི་ཆེད་དུ་་བེད་སྤྱོད་གཏོང་བ་ཡིན་ན་གསེར་སྣོད་ཀྱིས་ངན་སྐྱུགས་འཕྱག་པ་དང་གཅིག་པ་རེད།

ཆོས་འདི་ལྟ་བུ་གསན་པ་ལ་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ངེས་པར་དུ་གསལ་བཏབ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། སྒོམ་རྣམས་ཀུན་གྱི་དང་པོའི་མགོ། རྒྱ་གར་སྐད་མཚུངས་རང་རྒྱུད་ལ།། ལེགས་པར་བརྟག་པ་ཡིན་ནོ་ཞེས།། ཟླ་མེད་བླ་མ་མཆོག་དེ་བཞེད།། ཅེས་གསུངས་པ་བཞིན་ཆོས་ཉན་པ་ཐམས་ཅད་ཀྱི་དང་པོའི་མགོ་དེའང་རང་རྒྱུད་ཀྱི་ཀུན་སློང་ལ་ལེགས་པར་བརྟག་དགོས་པ་དེ་གལ་ཆེན་པོ་རེད། དེང་སང་ཆོས་ཉན་མཁན་མང་པོ་ཀུན་སློང་ལ་བརྟག་དཔྱད་མ་བྱས་པར་སྣང་མེད་དུ་ཡོང་བ་དེ་འདྲ་ཡོད་སྲིད། ཁ་ཤས་ནི་དུས་ཚོད་ཡོད་ཙང་འདིའང་ཐོབ་ན་སྐལ་བ་བཟང་སྙམ་པ་ཡོང་སྲིད། ཚོུད་མང་པོ་དུས་ཚོད་བཏང་ནས་དཀའ་ལས་བརྒྱབས་པ་དེས་ཆོས་སྒྲ་ཐོས་པའི་བག་ཆགས་བཟང་པོ་ཞིག་བཞག་གི་ཡོད་སྲིད།  མི་དགེ་སྡིག་པའི་ལས་མང་པོའི་ནང་ཚུད་པ་ལས་ཚོུད་ཁ་ཤས་ཆོས་ཉན་པ་དེས་ལུས་ངག་གི་ངན་སྤྱོད་ལྡོག་པ་ལ་ཕྲན་བུ་ཕན་ཐོགས་སྲིད། ཡིན་ནའང་ཀུན་སློང་ཡག་པོ་མེད་ན་དེ་ཚོའང་ཆོས་སུ་འགྲོ་བ་ཁག་པོ་རེད། དེས་ན་ཆོས་ཉན་པའི་སྔོན་དུ་ཀུན་སློང་ལ་བརྟག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། མི་ཚང་མ་ཆོས་ཉན་དུ་འགྲོ་ཙང་ཕྱིན་པ་ཡིན་བསམ་པ་དང་། སློབ་ཚན་ནང་དུ་ཡོད་པས་རྒྱུགས་སྤྲོད་གཏོང་དགོས་པར་བརྟེན་ཉན་དགོས་བསམ་པ། རྗེས་སུ་གཞན་ལ་བཤད་རྒྱུར་ཁྲིད་རྒྱུན་ལ་ཕན་ཐོགས་ན་བསམ་པ། མི་གཞན་ལ་བཤད་རྒྱུ་ཞེས་པའང་བསྟན་པ་རང་སེམས་ལ་བཞག་ནས་འགྲོ་བ་ལ་ཕན་པ་ཁོ་ནའི་ཆེད་དུ་འཆད་ན་ནི་ཧ་ཅང་ཡག་པོ་རེད། ལམ་རིམ་སྨོན་ལམ་ལས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོའི་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།།ཅེས་གསུངས་པ་བཞིན་ཡིན་ན་ཡག་པོ་རེད། དེ་མིན་དེང་སང་ཆོས་མ་རྩར་བཙུགས་ནས་ཨ་སྒོར་བླང་རྒྱུའི་ཐབས་ཤེས་བྱེད་མཁན་མང་པོ་རེད། དེ་ལྟ་བུ་དམིགས་ཡུལ་དུ་བཞག་ན་ཀུན་སློང་སྐྱོན་ཅན་དུ་སོང་བ་རེད། དེས་ན་རང་གི་ཀུན་སློང་ལ་བརྟགས་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ་འདུག་ན་དགའ་བ་བསྒོམ་རྒྱུ་དང་། དེ་སླར་ཡང་བརྟན་དུ་གཏོང་རྒྱུ། གལ་ཏེ་དེ་ལྟ་བུ་མེད་ན་ཆོས་གྲྭའི་ནང་སླེབས་ཟིན་ནའང་ཀུན་སློང་བཅོས་ཐབས་བྱེད་དགོས། དེ་ནི་རང་ལ་རང་དབང་ཡོད་པ་ཞིག་རེད།

དེང་སང་རང་དབང་ཞེས་པ་དེ་ཕྱི་ནས་བསམ་རྒྱུ་ཙམ་རེད། འོན་ཀྱང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ནང་ཤེས་ཡོན་གྱི་དམིགས་ཡུལ་ཁོངས་རང་དབང་ཡོད་པ་ཞིག་བཟོ་དགོས་པ་གསུངས་ཡོད། དེ་ནི་དགེ་རྒན་དང་། ཕ་མ། རྒྱལ་ཁབ་སོགས་ནས་རང་དབང་ཐོབ་དགོས་པ་བཤད་ཀྱི་མེད། དེ་ནི་རང་གི་རྣམ་རྟོག་ནས་རང་དབང་ཐོབ་དགོས། སོ་སོ་རྣམ་རྟོག་གི་འགྱུ་བས་གང་དུ་ཁྲིད་ཁྲིད་མིན་པར། རང་གི་བསམ་བློ་དེ་རང་གིས་དབང་བསྒྱུར་ནས་རྣམ་རྟོག་གི་འཆར་སྒོའི་ནང་བླང་བྱ་གང་ཡིན་དང་འདོར་བྱ་གང་ཡིན་ཤེས་ན་བླང་དོར་འབྱེད་པའི་ཤེས་རབ་དེ་རེད། བླང་དོར་འབྱེད་པའི་ཤེས་རབ་ཅེ་ན་བྱ་འོས་དང་བྱ་མི་འོས་པ། བྱ་དགོས་པ་དང་བྱ་མི་དགོས་པ་བཅས་ཀྱི་དབྱེ་བ་ཕྱེ་ཤེས་ནས། བྱ་འོས་པ་རྣམས་སྒྲུབ་པ་དང་། བྱ་མི་འོས་པ་རྣམས་སྤང་རྒྱུ་བཅས་བྱེད་ཐུབ་ན་གཞི་ནས་རང་དབང་ཡོད་པའི་གང་ཟག་ཅིག་ཏུ་གྱུར་པ་རེད། དེ་ལྟ་བུ་རང་དབང་དང་ལྡན་པའི་ཐོག་ནས་ཆོས་ཉན་པའི་ཀུན་སློང་ལེགས་པར་བཅོས་དགོས་པ་དང་། དེའི་བཅོས་སྟངས་ཀྱང་བྱང་ཆུབ་ཀྱི་སེམས་གཙོ་བོར་བཟུང་བའི་ཐོག་ནས་བཅོས་མ་ཚུན་ཆད་ཀྱི་རྩིས་ཟིན་ནས་གསན་དགོས།

གང་གསན་པར་བྱ་བའི་དམ་པའི་ཆོས་ནི་གོང་དུ་ཞུས་པ་བཞིན་དུས་གསུམ་རྒྱལ་བ་ཐམས་ཅད་གང་ནས་གཤེགས་པའི་ལམ་པོ་ཆེ། ས་གསུམ་གྱི་སྒྲོན་མེ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། དཔལ་མཉམ་མེད་ཇོ་བོ་ཆེན་པོའི་ཐུགས་ཀྱི་བཅུད་ཆུང་བ་ལྟ་བུའི་གདམས་པ་ཟབ་མོ། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པར་བྱེད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མ་ཚང་བ་མེད་པ་སྟོན་པའི་ཆོས་བྱང་ཆུབ་ལམ་གྱི་རིམ་པའི་གནད་ཐམས་ཅད་ཡོངས་སུ་བསྡུས་པའི་མན་ངག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྩ་ཚིག་གི་སྟེང་ནས་ཉམས་ཁྲིད་མདོར་བསྡུས་ཙམ་འབུལ་རྒྱུ་ཡིན། དེ་ཡང་ལམ་གྱི་གཙོ་བོ་རྣམ་གསུམ་ནང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མ་འདུས་པ་མེད། དེ་ཡང་ངེས་འབྱུང་ནང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་གཉིས་འདུས་ཤིང་། ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་དེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པའི་ཆ་ཤས་དང་། ཕྱི་མའི་སྣང་ཤས་ལྡོག་པའི་ངེས་འབྱུང་དེ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པའི་ཆ་ཤས་རེད། བྱང་ཆུབ་ཀྱི་སེམས་ནི་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་གཞུང་དང་། ཡང་དག་པའི་ལྟ་བ་ནི་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་དང་། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་གཉིས་ཀའི་ཐུན་མོང་དུ་གྱུར་པ་རེད། དེ་ལྟར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་ལམ་གྱི་གཙོ་བོ་རྣམ་གསུམ་ནང་འདུས་པ་རེད། འདི་ནི་བྱང་ཆུབ་ལམ་རིམ་གྱི་ཉམས་ལེན་གྱི་རིམ་པའི་སྟོན་ཚུལ་ཁྱད་པར་བ་ཞིག་རེད། གཞུང་འདི་འཆད་པའི་སྐབས་སུའང་བླ་མ་ཁ་ཤས་ཀྱི་ཕྱག་ལེན་ལ་ལམ་རིམ་བཤད་པ་བཞིན་དེའི་སྔོན་འགྲོར་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ། ཆེ་བ་གཉིས་ལྡན་གྱི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བའི་ཚུལ། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་རིམ་པ་བཅས་གསུངས་སྲོལ་ཡོད། ད་ལྟ་ང་ཚོར་དུས་ཚོད་མང་པོ་མེད་ཙང་ས་བཅད་མ་སྟོང་ཙམ་རྗེས་སུ་ཞུ་རྒྱུ་ཡིན། དེ་བཞིན་སྦྱོར་དངོས་རྗེས་གསུམ་ནས་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་སོགས་ཀྱང་སྔོན་དུ་གསུངས་པའི་སྲོལ་དང་། རྩ་ཚིག་དང་སྦྱར་ནས་སྡེབ་གཅིག་ཏུ་གསུངས་པའི་སྲོལ་གཉིས་ཀ་ཡོད་རུང་། འདིར་དུས་ཚོད་ལ་དཔགས་ཏེ་རྗེས་སུ་རྩ་ཚིག་དང་སྦྱར་ནས་སྡེབ་གཅིག་ཏུ་ཞུ་རྒྱུ་ཡིན།

དེས་ན་གོང་དུ་ཞུས་པ་བཞིན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེ་འཐོབ་པར་བྱ་བའི་ཕྱིར་དུ་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གདམས་ངག་ཅིག་ལ་ཉན་བསམ་བྱེད་ཀྱི་ཡིན། དེ་ལྟ་བུའི་གདམས་ངག་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་ལམ་གྱི་རིམ་པའི་གནད་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པའི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་གདམས་དྲོན་མོ་ལམ་གྱི་གཙོ་བོ་རྣམ་པ་གསུམ་རྗེ་བདག་ཉིད་ཆེན་པོས་ཚིག་ཉུང་ལ་དོན་རྒྱ་ཆེ་བར་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་རྩ་ཚིག་ཐོག་ནས་འཆད་ཉན་བྱེད་ཀྱི་ཡིན་སྙམ་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ལེགས་པར་གསལ་བཏབ་ནས་གསན་དགོས་པ་ཡིན། དངོས་གནས་བྱས་ན་ཆེ་བ་གཉིས་ལྡན་གྱི་ཆོས་ལ་ཉན་བཤད་བྱ་བའི་ཚུལ་ཞེས་པ་དེ་སྔོན་ལ་གསུངས་སྲོལ་ཡོད་ཀྱང་། རྩ་ཚིག་གི་སྐབས་སོ་སོར་སྦྱར་ཏེ་མཉམ་དུ་ཞུ་རྒྱུ་ཡིན།

དེ་ལྟར་རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་འདི་འཆད་པ་ལ་ས་བཅད་ཀྱི་དབང་དུ་བྱས་ན། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག  བསྟན་བཅོས་ལུས་དངོས། བཤད་པ་མཐར་ཕྱིན་པ་བཅས་ས་བཅད་གསུམ་དུ་དབྱེ་རྒྱུ་ཡིན། སྤྱིར་ས་བཅད་བཀྲམ་སྟངས་མི་འདྲ་བ་ཁ་ཤས་ཡོད་ཀྱང་འདི་རང་འདུ་ཆེ་བ་ཡིན། དང་པོ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ལ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ། སྣོད་ལྡན་ཉན་པར་སྐུལ་བ་བཅས་གསུམ་མོ།།

མཆོད་པར་བརྗོད་པ།

དང་པོ་མཆོད་པར་བརྗོད་པ་ནི་རྒྱ་གར་གྱི་གཞུང་བརྩམས་པའི་སྤྱི་སྲོལ་རེད། བསྟན་བཅོས་རྩོམ་པའི་མགོ་ལ་རང་གི་འདོད་པའི་ལྷ་ལ་ཕྱག་བྱ་བའམ་མཆོད་པར་བརྗོད་པ་ནི་ཕྱི་རོལ་པ་དང་ནང་པ་ཡོངས་རྫོགས་ལ་མེད་དུ་མི་རུང་བ་རེད། སྙན་ངག་མེ་ལོང་ནང་དུའང་། ཤིས་བརྗོད་ཕྱག་བྱ་དངོས་པ་ནི།། ངེས་པར་བསྟན་པའང་དེ་ཡི་སྒོ། ཞེས་བསྟན་བཅོས་ཇི་འདྲ་ཞིག་བརྩམས་ཀྱང་ཤིས་པ་བརྗོད་པ་དང་། ཕྱག་བྱ་བ། དངོས་པོ་ངེས་པར་བསྟན་པ་བཅས་གསུམ་ག་ཡོད་ནའང་འགྲིགས་ལ། གཅིག་ངེས་པར་དུ་ཡོད་དགོས་པ་ནི་སྒྲིག་ལམ་ལྟ་བུ་རེད། མཆོད་པར་བརྗོད་པ་མང་ཆེ་བ་ནི་ཕྱག་བྱ་བ་དང་གཅིག་པ་རེད། འདིར། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། ཞེས་པ་ནི་མཆོད་པར་བརྗོད་པ་དེ་རེད། གཞུང་ཆེན་མོ་རྣམས་བཤད་པའི་སྐབས་སུ་མཆོད་པར་བརྗོད་པའི་ཡུལ་དང་། མཆོད་པར་བརྗོད་པའི་དགོས་པ། མཆོད་པར་བརྗོད་པའི་དུས། མཆོད་པར་བརྗོད་པ་པོ་རྟེན་གྱི་གང་ཟག  མཆོད་པར་བརྗོད་པའི་ཚུལ་སོགས་ས་བཅད་མང་པོ་བཀྲམས་སྲོལ་ཡོད། འདིར་དེ་ལྟ་བུ་རྒྱས་པོ་མི་དགོས་པར། མཆོད་པར་བརྗོད་པའི་ཡུལ་ནི་དངོས་དང་བརྒྱུད་པའི་བླ་མ་རྣམས་རེད། འདིར་བླ་མ་རྣམས་ཞེས་པའི་མང་ཚིག་གིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གཙོས་པའི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་དང་། སྟོན་པ་ཤཱཀྱ་ཐུབ་པ་ནས་རང་གི་དྲིན་ཅན་རྩ་བའི་བླ་མའི་བར་གྱི་བརྒྱུད་པའི་བླ་མ་རྣམས་རེད། མཆོད་པར་བརྗོད་པའི་དགོས་པ་ལ་གནས་སྐབས་ཀྱི་དགོས་པ་དང་མཐར་ཐུག་གི་དགོས་པ་གཉིས་རེད། གནས་སྐབས་ཀྱི་དགོས་པ་ནི་རྩོམ་པའི་བར་ཆད་ཞི་བ་དང་། མཐར་ཐུག་གི་དགོས་པ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་རེད། མཆོད་པར་བརྗོད་པའི་ཚུལ་ནི་ཕྱག་འཚལ་བའི་སྒོ་ནས་མཆོད་པར་བརྗོད་པ་རེད། གསུང་བཤད་གནང་ཚུལ་ཁ་ཤས་ནང་རྗེ་བཙུན་བླ་མ་བཅས་ཚིག་གསུམ་ལས་རྗེ་ཞེས་པ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་བསྟན་པ་དང་། བཙུན་ཞེས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་བསྟན་པ། བླ་མ་ཞེས་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་བསྟན་པ་ལ་སྦྱར་བའི་ཚུལ་ཡོད། དེ་ཡང་རྗེ་ཞེས་པ་ནི། བླ་མ་མཆོད་པའི་ཆོ་ག་ལས། ཡོན་ཏན་འབྱུང་གནས་ཚུལ་ཁྲིམས་རྒྱ་མཚོ་ཆེ།། མང་ཐོས་ནོར་བུའི་ཚོགས་ཀྱིས་ཡོངས་སུ་གཏམས།། ངུར་སྨྲིག་འཛིན་པ་ཐུབ་དབང་གཉིས་པའི་རྗེ།། གནས་བརྟན་འདུལ་བ་འཛིན་ལ་གསོལ་བ་འདེབས།། ཞེས་འདུལ་བའི་བླ་མ་ལྟ་བུ་དང་། བཙུན་ཞེས་པ་ནི། བླ་མ་མཆོད་པའི་ཆོ་ག་ལས། གང་དང་ལྡན་ན་བདེ་བར་གཤེགས་པའི་ལམ།། སྟོན་པར་འོས་པའི་ཡོན་ཏན་བཅུ་ལྡན་པ།། མ་ལུས་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་རྗེ།། ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས།། ཞེས་བླ་མ་ཡོན་ཏན་བཅུ་དང་ལྡན་པའོ།། དེ་ཡང་བསླབ་པ་གསུམ་གྱིས་རྒྱུད་དུལ་དང་མ་དུལ་གྱི་ཐོག་ནས་བཤད། བླ་མ་ཞེས་པའི་ཚིག་ནི་སྔགས་དང་ཐེག་ཆེན་ནང་མང་བ་ཡོང་ཞིང་། ཐེག་པ་ཐུན་མོང་བའི་ནང་མཁན་པོ་དང་། སློབ་དཔོན། གནས་ཀྱི་བླ་མ་ཞེས་བརྗོད། ཕར་ཕྱིན་ཐེག་པའི་ནང་དགེ་བའི་བཤེས་གཉེན་དང་ཡོངས་འཛིན་ཞེས་ཀྱང་བྱུང་། བོད་དུ་བླ་མ་སྤྲུལ་སྐུའི་དགེ་རྒན་ལ་ཡོངས་འཛིན་ཞེས་པ་ལས། གྲྭ་རྐྱང་གི་དགེ་རྒན་ལ་ཡོངས་འཛིན་ཞེས་འབོད་སྲོལ་མེད། དངོས་གནས་བྱས་ན་གཉིས་ཀ་ལ་ཡོངས་སུ་འཛིན་པ་གཅིག་པ་རེད། སྔགས་ཀྱི་སྐབས་སུ་བླ་མ་རྡོ་རྗེ་འཛིན་པ་ཞེས་བརྗོད། དེ་ལྟར་རྗེ་བཙུན་བླ་མ་ཞེས་པའི་ཚིག་གསུམ་པོ་སྐྱེས་བུ་གསུམ་ལ་སྦྱར་བ་དང་། འདུལ་བ་མདོ་སྡེ་གསང་སྔགས་བཅས་ལ་སྦྱར་སྲོལ་ཡོད། ཕྱག་འཚལ་ཞེས་པ་སྤྱིར་གུས་པས་འདུད་པའི་དོན་རེད། དེ་ཡང་ལུས་ཀྱི་སྒོ་ནས་ཡན་ལག་ལྔའམ་ལུས་ཐམས་ཅད་ས་ལ་ཕཔ་པ་རེད། འདུལ་བའི་ནང་ཡན་ལག་ལྔ་ས་ལ་ཕབ་པའི་ཕྱག  ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག  རྐང་པ་ལ་གཏུག་པའི་ཕྱག་བཅས་གསུམ་བྱུང་། མདོ་སྡེ་དང་སྔགས་ཀྱི་ནང་ལུས་ཐམས་ཅད་ས་ལ་ཕབ་པ་ནས་ཐལ་མོ་སྦྱར་བ་ཚུན་ཆད་ཕྱག་གི་ནང་འགྲོ་བ་རེད། བོད་སྐད་དུ་ཕྱག་འཚལ་ལོ་ཞེས་པའི་ཚིག་དོན་བཤད་ན། འདིར་ཕྱག་ཞེས་པ་ནི་ཕྱག་འབུལ་སའི་བླ་མ་རྣམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ལ་གོ་དགོས། འཚལ་ལོ་ཞེས་པ་ནི་འདོད་པའི་དོན་རེད། སྔགས་ཀྱི་གསོལ་བ་འདེབས་པའི་སྐབས་སུ་མགོན་པོ་ཆེན་པོ་བདག་འཚལ་ལོ་ཞེས་པ་ནི་མགོན་པོ་ཆེན་པོ་བདག་འདོད་དོ་ཞེས་པའི་དོན་རེད། དེས་ན་པྱག་འཚལ་བའི་གོ་དོན་ངོ་མ་ནི་ཕྱག་ཡུལ་གྱི་ཐུགས་ལ་མངའ་བའི་ཡོན་ཏན་རྣམས་འཐོབ་པར་བྱ་རྒྱུ་ཡིན་སྙམ་པ་དེ་རེད། ཕྱོགས་གཞན་ནས་བཤད་ན། རྒྱུ་སྐྱབས་ལ་སྐྱབས་སུ་འགྲོ་བའི་བྱ་བ་ལས་འབྲས་སྐྱབས་ལ་སྐྱབས་སུ་འགྲོ་བའི་བྱ་བ་དེ་གལ་ཆེ་བ་ཡིན་པ་དེ་ཕྱག་འཚལ་བའི་ཚིག་དེས་བསྟན། རང་གི་མ་འོངས་པར་འཐོབ་བྱར་འགྱུར་བའི་སྐུ་གསུམ་དང་སྤངས་རྟོགས་དེ་དག་ལ་ཕྱག་ཇི་ལྟར་འཚལ་ཅེ་ན་དེ་དག་ངས་འཐོབ་པར་བྱེད་རྒྱུ་ཡིན་ཞེས་པའི་དོན་རེད།

མཆོད་བརྗོད་འདིའི་སྐབས་སུ་གང་བསྟན་གྱི་ཡོད་ཅེ་ན། རྗེ་བདག་ཉིེད་ཆེན་པོས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་ཁྲིད་པའི་སྔོན་དུ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ཞེས་ལམ་རིམ་ཆེ་ཆུང་གི་ས་བཅད་དེ་ལྟར་བཀྲམ་ཡོད། འདི་ནི་རྗེ་བདག་ཉིད་ཆེན་པོའི་ཐུན་མོང་མ་ཡིན་པའི་བཞེད་ཚུལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མན་ངག་ཅིག་རེད། རྗེ་རིན་པོ་ཆེའི་གོང་གི་བཀའ་གདམས་གོང་མ་ཚོའི་བསྟན་རིམ་དང་ལམ་རིམ་སོགས་སུ་བཤེས་གཉེན་བསྟེན་ཚུལ་མེད་པ་མིན་ཡང་། མང་ཆེ་བ་རིགས་དང་དལ་འབྱོར་དོན་ཆེན་རྙེད་དཀའ་ནས་མགོ་ཚུགས་པ་དང་། དེ་ནས་སྙིང་པོ་ལེན་པའི་སྐབས་སུ་བཤེས་གཉེན་བསྟེན་ཚུལ་དེ་ཡོང་བ་རེད། རྗེ་བདག་ཉིད་ཆེན་པོས་ས་བཅད་དེའི་གོ་རིམ་དཀྲུགས་ནས་བློ་སྦྱོང་བའི་རིམ་པའི་ཐོག་མར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་གསུངས་པའི་རྒྱུ་མཚན་ནི། གལ་ཏེ་བཤེས་གཉེན་བསྟེན་པ་ཚུལ་བཞིན་དུ་མ་བྱུང་ན་ལམ་ལ་བློ་སྦྱང་རྒྱུ་དང་བསླབ་རྒྱུའི་རེ་བ་མེད་ཅིང་། ཡོན་ཏན་དང་ལམ་གང་དུ་ཞུགས་ཀྱང་ཐོག་མར་བཤེས་གཉེན་བསྟེན་ཚུལ་ཚུལ་བཞིན་དུ་དགོས་པ་གསལ་བར་མཚོན་པའི་ཆེད་དུ་རེད། དེ་རྗེས་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་དེ་གཞི་ནས་ཡོང་བ་རེད།

སྤྱིར་གཞུང་གཞན་རྣམས་སུ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བ་སོགས་ཕྱག་འཚལ་ཡུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། འདིར་མཆོད་བརྗོད་དུ་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ་ཞེས་པས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ལྟ་བུར་བཤེས་གཉེན་བསྟེན་ཚུལ་གྱི་ས་བཅད་དེ་ཤུགས་ལ་བསྟན་པ་རེད། དེ་ལྟ་བུའི་བླ་མ་རྣམས་ཞེས་གསུངས་པའི་ནང་གསོལ་འདེབས་ལམ་མཆོག་སྒོ་འབྱེད་དུ་གསུངས་པ་ལྟར་བརྒྱུད་པའི་རིམ་པ་གཉིས་ཏེ། སྟོན་པ་ཐུབ་པའི་དབང་པོ་ནས་རྗེ་བཙུན་བྱམས་པ་དང་འཕགས་པ་ཐོགས་མེད་སོགས་ནས་རང་གི་རྩ་བའི་བླ་མའི་བར་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་དང་། སྟོན་པ་ཐུབ་པའི་དབང་པོ་ནས་རྗེ་བཙུན་འཇམ་དབྱངས་དང་འཕགས་པ་ཀླུ་སྒྲུབ་སོགས་ནས་རང་གི་རྩ་བའི་བླའི་བར་བརྒྱུད་པའི་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་རེད། ཟབ་མོ་ལྟ་བརྒྱུད་ཅེས་པ་ནི་ཡུམ་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་ཕྱེ་བའི་བརྒྱུད་པ་དང་། ཟབ་མོ་ལྟ་བའི་བརྒྱུད་དེ་ཐོག་མ་སངས་རྒྱས་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སྐུ་མདུན་ནས་གཞུང་འཛིན་མཁན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་རེད། རྗེ་བཙུན་འཇམ་དབྱངས་ནས་མིའི་འཇིག་རྟེན་དུ་ཐོག་མར་ཤིང་རྟའི་སྲོལ་འབྱེད་མཁན་མགོན་པོ་ཀླུ་སྒྲུབ་རེད། རྒྱ་ཆེན་སྤྱོད་བརྒྱུད་ཅེས་པ་ནི་ཡུམ་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་ཕྱེ་བའི་བརྒྱུད་པ་དང་། དེ་འཛིན་ཅིང་སྤེལ་བར་གནང་མཁན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་རེད། རྗེ་བཙུན་བྱམས་པ་མགོན་པོ་ནས་མིིའི་འཇིག་རྟེན་དུ་ཐོག་མར་ཤིང་རྟའི་སྲོལ་འབྱེད་མཁན་འཕགས་པ་ཐོགས་མེད་རེད། ལྟ་བའི་བརྒྱུད་ལ་ཟབ་མོ་དང་སྤྱོད་པའི་བརྒྱུད་ལ་རྒྱ་ཆེན་པོ་བརྗོད་དགོས་པ་ནི། ལྟ་བ་ནི་དོན་གཅིག་རང་རེད། དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་གི་ངོ་བོས་མ་གྲུབ་པ་དེ་རེད། དེ་རྟོགས་པར་དཀའ་བ་ཡིན་ཙང་ཟབ་པ་རེད། རྣམ་འདྲེན་བཞི་པ་སངས་རྒྱས་པའི་རྗེས་སུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། ཞེས་གསུངས་པའི་ཟབ་པ་ནི་བལྟས་པ་ཙམ་གྱིས་རྟོགས་མི་ནུས་པའམ་མཐོང་སྣང་དུ་གསལ་པོ་མེད་པ་དང་། རིགས་པས་བརྟག་དཔྱད་ཀྱིས་བཙལ་ནས་རྙེད་དགོས་པ་ཡིན། རྒྱ་ཆེ་བ་ནི་རྣམ་གྲངས་མང་བ་རེད། དེ་ལྟ་བུའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ལ་དངོས་པོ་བརྒྱད་དང་། དེ་མཚོན་བྱེད་དོན་བདུན་ཅུ། དེ་ལའང་ནང་གསེས་ཀྱི་དབྱེ་བ་ཧ་ཅང་མང་པོ་རེད། དེ་ནི་སྟོང་པ་ཉིད་ལྟ་བུ་རྟོགས་དཀའ་བའམ་རིགས་པས་བཙལ་དགོས་པའི་ཟབ་པ་མེད་ཀྱང་། རྣམ་གྲངས་ཧ་ཅང་མང་བས་རྒྱ་ཆེ་བ་རེད། གང་ལྟར་ཟབ་མོའི་ལམ་གྱི་རིམ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་གཉིས་མཉམ་དུ་མ་ཚོགས་ན་སངས་རྒྱས་ཀྱི་གོ་འཕང་འགྲུབ་མི་ཐུབ་ཅིང་། རིགས་པ་དྲུག་ཅུ་པ་ལས། བསོད་ནམས་ཡེ་ཤེས་ལས་བྱུང་བའི།། དམ་པ་སྐུ་གཉིས་ཐོབ་པར་ཤོག།།ཅེས་གསུངས་པ་བཞིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མཉམ་དུ་འགྲོ་དགོས། སངས་རྒྱས་ཀྱི་བསྟན་པ་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་ཡོང་བའི་སྐབས་སུ་ཡེ་ཤེས་ཀྱི་ཚོགས་རྐྱང་པས་སངས་རྒྱས་པ་ཡིན་ཞེས་པའི་གྲུབ་མཐའ་འཛིན་མཁན་རྒྱ་གར་གྱི་ཕྱི་ལ་མང་པོ་བྱུང་། དེས་ན་སྒོམ་རིམ་སོགས་སུ་ཚོགས་གཉིས་ཀ་གསོག་དགོས་པ་ལུང་དང་རིགས་པས་བསྒྲུབ་དགོས་པ་བྱུང་། དེར་བརྟེན་ཚོགས་གཉིས་ཐུན་མོང་དུ་འགྲོ་དགོས་པར་བརྟེན། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་བསྡུས་ནས་ཆ་ཚང་བ་ཆགས་པ་མ་གཏོགས། ཟབ་ལམ་རྐྱང་པའམ་རྒྱ་ཆེ་བ་རྐྱང་པས་ཚང་ལ་མ་ནོར་བའི་ལམ་གྱི་རིམ་པར་མི་འགྱུར།

ཇོ་བོ་རྗེའི་གསུང་ཚུལ་བཞིན་ཉམས་ལེན་བྱིན་རླབས་བརྒྱུད་ཅེས་གསུམ་པ་ཞིག་བརྩི་སྲོལ་ཡང་ཡོད། དེ་ནི་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ནང་མ་འདུས་པའི་བརྒྱུད་པ་གསུམ་པ་ཞིག་ཟུར་དུ་མེད་ཀྱང་། སྔགས་ཀྱི་ཡི་དམ་གྱི་ལྷ་ཁྱད་པར་བ་རྣམས་ཀྱི་བརྒྱུད་པའི་ནང་ཉམས་ལེན་བྱིན་རླབས་བརྒྱུད་བརྩི་བ་རེད། དེས་ན་ལམ་རིམ་སྦྱོར་ཆོས་ཁ་ཤས་ནང་ཚོགས་ཞིང་གསལ་བཏབ་པའི་སྐབས་སུ་ཟབ་མོ་ལྟ་བརྒྱུད་དང་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་མ་གཏོགས། ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མ་གསལ་མི་བཏབ་པ་ནི་ལམ་རིམ་ཆེན་མོ་དང་ལམ་རིམ་འབྲིང་པོའི་རྗེས་སུ་འབྲང་བ་རེད། རྗེ་བདག་ཉིད་ཆེན་པོས་མཁས་གྲུབ་རྗེ་ལ་ཆིག་བརྒྱུད་དུ་གནང་བའི་བླ་མའི་རྣལ་འབྱོར་དུ་བརྒྱུད་པ་གསུམ་གསུངས་ཡོད། དེས་ན་ང་ཚོས་ཚོགས་ཞིང་གསལ་བཏབ་པའི་སྐབས་སུ་བརྒྱུད་པ་གཉིས་ཀྱི་བླ་མ་གསལ་བཏབ་ནའང་མི་འགྲིགས་པ་མེད། དེ་བཞིན་རང་ཉིད་གང་ལ་མོས་པ་ཆེ་བའི་ཡི་དམ་གྱི་ལྷག་པའི་ལྷའམ་གཞུང་བྱེ་བྲག་པའི་བརྒྱུད་པའི་བླ་མའང་ཟུར་དུ་གསལ་བཏབ་ཀྱང་ཆོག དེས་ན་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ་ཞེས་པའི་ནང་གཙོ་ཆེ་བ་ནི་ཟབ་མོ་ལྟ་བརྒྱུད་དང་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་རེད། འདིའི་སྐབས་སུ་བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མའི་བརྒྱུད་པ་ཞིག་ཡོད། དེ་ནི་རི་བོ་དགེ་ལྡན་པ་ལ་གལ་ཆེན་པོ་ཞིག་རེད། དེ་ནི་རྗེ་བདག་ཉིད་ཆེན་པོའི་གསུང་ཐོར་བུའི་ནང་ཞིང་མཆོག་སྒོ་འབྱེད་ཀྱི་གསོལ་འདེབས་ཀྱི་མཇུག་ཏུ་བྱིན་རླབས་ཉེ་བརྒྱུད་ཀྱི་གསོལ་འདེབས་དངོས་གྲུབ་སྙེ་མ་དེ་ཡོད། དེ་ཡང་། མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང་།། ཐུགས་རྗེས་ཞི་ལ་དགའ་བ་རིང་དུ་དོར།། སྲིད་ཞིའི་མཐའ་ལ་མི་གནས་སྲིད་ཞིའི་མགོན།། རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས།། ཞེས་སོགས་གསུངས་པ་བཞིན་བྱིན་རླབས་ཉེ་བརྒྱུད་ནི་རྒྱལ་བ་རྡོ་རྗེ་འཆང་དང་། རྗེ་བཙུན་འཇམ་དཔལ་དབྱངས། བླ་མ་དབུ་མ་པ། རྗེ་བདག་ཉིད་ཆེན་པོ་བཅས་པ་ཞིག་དང། ཡང་རྒྱལ་བ་རྡོ་རྗེ་འཆང་དང་། རྗེ་བཙུན་འཇམ་དཔལ་དབྱངས། རྗེ་བདག་ཉིད་ཆེན་པོ་བཅས་མི་འདྲ་བ་གཉིས་རེད།

རྣམ་ཀུན་གསུང་རྒྱུན་ལྟར་ན་སྦྱོར་བའི་ཆོས་དྲུག་གི་རྣམ་གཞག་ཀྱང་མཆོད་བརྗོད་སྐབས་སུ་གསུངས་པ་རེད། གང་ལྟར་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ལ་བློ་སྦྱོང་བའམ་ཐོས་བསམ་སྒོམ་གསུམ་བྱེད་པའི་སྐབས་སུ་ལམ་གྱི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ཚང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གོང་དུ་ཞུས་པ་བཞིན་ང་ཚོའི་དགེ་བ་མང་པོ་སྦྱོར་དངོས་རྗེས་གསུམ་མ་ཚང་བས་སྟོབས་ཆུང་བར་བརྟེན། དེ་ལྡོག་པ་ལ་མ་འོངས་པར་ང་ཚོའི་མི་ཚེའི་ནང་ཉམས་ལེན་ཇི་འདྲ་ཞིག་བྱེད་ཀྱང་སྦྱོར་བའི་ཆོས་དྲུག་ཐམས་ཅད་སྔོན་དུ་འགྲོ་བ་བྱེད་དགོས། དཔེར་ན། ཕྱག་དཔེ་གཟིགས་པ་དང་། ཚོགས་ཆོས་རྭ་འགྲིམས་པ། ཕྱག་དཔེ་འཁྲིད་པ། རྩོད་པ་སོགས་ཉིན་ཞག་གཅིག་གི་བྱ་བ་རྣམས་ཆོས་རྣམ་པར་དག་པར་འགྲོ་བའི་ཆེད་དུ་སྔ་དྲོ་གཉིད་སད་འཕྲལ་སྦྱོར་ཆོས་ཀྱི་ཡན་ལག་ཐམས་ཅད་ཚང་བའི་སྔོན་འགྲོ་ཞིག་བྱུང་ན་ཡག་པོ་རེད། དེ་ཡང་སྔགས་ཀྱི་དབང་མ་ཐོབ་པ་ཚོས་སྦྱོར་བའི་ཆོས་དྲུག་གི་སྒོ་ནས་གནང་བ་དང་། རྒྱུད་སྡེ་གོང་མ་གཉིས་ཀྱི་དབང་ཐོབ་པ་ཚོས་བླ་མའི་རྣལ་འབྱོར་གྱི་བརྒྱུད་ནས་གནང་བ། སྔགས་ཀྱི་ཉམས་ལེན་གནང་མཁན་ཡིན་ན་བླ་མའི་རྣལ་འབྱོར་གྱི་ཁོག་ནས་གནང་ཐུབ་ན་དགེ་ལྡན་སྙན་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་གནང་སྟངས་ཡག་པོ་ཞིག་ཡོང་རྒྱུ་རེད། རྗེ་རིན་པོ་ཆེས་འཇམ་དབྱངས་ལ་དགེ་ལྡན་སྙན་བརྒྱུད་ཀྱི་ཉམས་ལེན་གནང་སྟངས་བཀའ་འདྲི་ཞུས་ནས་རྗེ་བཙུན་རེད་མདའ་བ་ལ་ཕུལ་བའི་ཕྱག་བྲིས་ནང་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ནས་དགེ་སྦྱོར་ཐམས་ཅད་བླ་མའི་རྣལ་འབྱོར་གྱི་ཁོག་ནས་བྱེད་དགོས་ཞེས་གསུངས་ཡོད། དེ་ནས་མཚན་མོ་གཟིམས་ཁར་ཚོགས་ཞིང་བསྡུས་ནས་སྨོན་ལམ་བཏབ་པ་དང་། དེ་ནས་གཉིད་ཀྱི་རྣལ་འབྱོར་དགེ་བའི་ངང་འགྲོ་རྒྱུ་བྱུང་ན་ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་ཞེས་པ་དེ་ཡོང་རྒྱུ་རེད། དེས་ན་ཉིན་གཅིག་གི་ནང་དགེ་བའི་རྩ་བ་གང་བྱས་པ་རྣམས་ཁ་ཐོར་དགུ་ཐོར་དུ་མ་སོང་བ་དང་སྦྱོར་དངོས་རྗེས་གསུམ་མ་ཚང་བ་མེད་པ་དགོས་ཤིང་། དེ་ཡང་སྔ་དྲོ་སྦྱོར་ཆོས་དྲུག་སྔོན་དུ་འགྲོ་བ་དང་། དེའི་ནང་ནས་ཡན་ལག་ངེས་པར་དུ་ཚང་དགོས་པ་ནི་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་དེ་རེད། དེའི་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དགོས་པ་ནི་བཤད་མ་དགོས། ཡན་ལག་བདུན་པ་ལས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། དགེ་བ་ལ་རྗེས་སུ་ཡི་རངས་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་བཅས་ནི་བསོད་ནམས་གསོག་པའི་ཡན་ལག་དང། སྡིག་པ་བཤགས་པ་ནི་བཤགས་པའི་ཡན་ལག  བསྔོ་བ་ནི་དགེ་བ་མི་ཉམས་པར་བྱེད་པའི་ཡན་ལག་རེད། དེ་ནས་གསལ་བཏབ་པའི་ཚོགས་ཞིང་ངམ་བླ་མའི་སྐུའི་མདུན་དུ་བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་ལ་བར་ཆད་མེད་པའམ། ཡང་ན་བཤེས་གཉེན་ལ་མ་གུས་པ་ནས་སྣང་མཆེད་ཐོབ་གསུམ་གྱི་གཉིས་སྣང་ཕྲ་མོའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པ་དང་། བཤེས་གཉེན་ལ་གུས་པ་ནས་མི་སློབ་པའི་ཟུང་འཇུག་གི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་བདེ་བླག་ཏུ་སྐྱེ་བ། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་གསོལ་བ་བཏབ་ནས་དགེ་བའི་བྱ་བ་ལ་འཇུག་ན་ཉིན་གཅིག་གི་དགེ་བའི་བྱ་བ་ཐམས་ཅད་བླ་མའི་རྣལ་འབྱོར་གྱི་ཁོག་ནས་འགྲོ་བ་དང་། ཉིན་མོར་ཡང་དགེ་བའི་བྱ་བ་རེ་བྱེད་པའི་སྐབས་སུ་ཚོགས་ཞིང་བསྐྱར་དུ་བློ་ལ་དྲན་ནས་སྒྲུབ་པའི་མཆོད་པའམ་བླ་མ་མཉེས་པའི་མཆོད་པ་ཡིན་བསམ་པ་དང་། མཚན་མོ་ཉལ་ཁར་ཚོགས་ཞིང་བསྡུས་ནས་བླ་མ་སྙིང་བཞུགས་དང་། དེ་ནས་བླ་མའི་མཚན་སྔགས་འདོན་བཞིན་དུ་གཉིད་དུ་སོང་ན་འབྱུང་འགྱུར་སྔགས་ཀྱི་ཉམས་ལེན་པ་ཡིན་ན་རྫོགས་རིམ་གྱི་རྟོགས་པ་མཐོ་པོ་སྐྱེ་བ་དང་། དེ་མ་བྱུང་ནའང་ཟབ་ལམ་འཕོ་བའི་གདམས་ངག་སོགས་འབྱོང་རྒྱུར་ཁྱད་ཆེ།

རྗེ་བཙུན་བླ་མ་རྣམས་ལ་པྱག་འཚལ་ལོ་ཞེས་པའི་སྐབས་སུ་སྦྱོར་ཆོས་བསྟན་པ་དེ་མཁྱེན་དགོས། དེ་ཡང་སྦྱོར་ཆོས་དྲུག་ནི་གནས་ཁང་བྱི་དོར་བྱས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ་དང་། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམ་པ། སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད་དེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་སོགས་བྱ་བ། ཚོགས་ཞིང་གསལ་བཏབ་པ། བསག་སྦྱང་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ། གསོལ་བ་བཏབ་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་སུ་བྱ་བ་བཅས་རེད། སྔ་དྲོ་བཞེངས་འཕྲལ་རང་ཉིད་ཀྱི་གནས་ཁང་བྱི་དོར་བྱེད་དགོས་པ་དང་། དེ་ནས་སྐུ་གསུང་ཐུགས་ཀྱི་རྟེན་ལ་རང་གི་སྔས་མགོར་བླ་མའི་སྐུ་པར་ཞིག་མ་གཏོགས་མེད་ནའང་དེ་ལ་མཇལ་དགོས། དེའི་མདུན་དུ་དངོས་སུ་བཤམ་པའི་མཆོད་པ་ཡོད་ན་དེ་འབུལ་བ་དང་། མེད་ན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཤམ་དགོས། དེ་རྗེས་ལུས་ཀྱི་སྡོད་ལུགས་བཅོས་ནས་སྟན་བདེ་བ་ལ་འཁོད་དེ་སྐྱབས་ཡུལ་གསལ་བཏབ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་བྱེད་དགོས། དེ་ནས་དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་སྲད་བརྒྱུད་ལུགས་ཀྱི་ཚོགས་ཞིང་བསྡུས་པ་དེའམ། ཡང་ན་བླ་མ་མཆོད་པའི་སྒོ་ནས་དབེན་སའི་ལུགས་ཀྱི་ཚོགས་ཞིང་རྒྱས་པ་ཞིག་གསལ་བཏབ་ནས་དེའི་མདུན་དུ་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་དང་། མཎྜལ། གསོལ་འདེབས་བཅས་བྱ་དགོས། དེ་རྗེས་བྱུང་ན་ཡོན་ཏན་གཞིར་གྱུར་མ་ལྟ་བུའི་སྒོ་ནས་ལམ་ཡོངས་རྫོགས་ལ་ཤར་སྒོམ་དང་། ལམ་ཡོངས་རྫོགས་ཀྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བའི་ཆེད་བླ་མ་ལ་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་བཏབ་པ། དེ་ནས་ལམ་གཙོ་སྒོམ་མཁན་ཡིན་ན་ལམ་གཙོ་ལ་འཇུག་པ་བཅས་གནང་ན་སྦྱོར་དངོས་རྗེས་གསུམ་ཚང་རྒྱུ་རེད། དེ་རིང་འདིར་མཚམས་འཇོག་བྱ་རྒྱུ་ཡིན།

སྤྱིར་ཁྲིད་ལ་བཤད་ཁྲིད་དང་། ཉམས་ཁྲིད། མྱོང་ཁྲིད། དམར་ཁྲིད་བཅས་བཞི་རེད། བཤད་ཁྲིད་ནི་བཤད་པ་ཙམ་རེད། གལ་ཏེ་ལམ་གཙོ་ལ་ཉམས་ཁྲིད་སྐྱོང་མཁན་ཡོད་ན་སང་ཉིན་ནས་དངོས་གཞི་ལ་འབྱོར་སྐབས་དམིགས་རྣམ་དགོང་དྲོ་དང་སྔ་དྲོ་བཅས་ཐུན་གཉིས་རེ་བསྐྱང་ན་ཉམས་ཁྲིད་ཀྱིས་གོ་ཆོད་པ་རེད། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

 

ཉིན་གཉིས་པ།

༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༣

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་རྒྱས་སྲས་ཆེན་པོ་ཞི་བ་ལྷའི་གསུང་ལས། མི་ཡི་གྲུ་ལ་བརྟེན་ནས་སུ།། སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ།། གྲུ་འདི་ཕྱི་ནས་རྙེད་དཀའ་བས།། རྨོངས་པ་དུས་སུ་གཉིད་མ་ལོག།།ཅེས་གསུངས་པ་བཞིན་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་རྡོ་རྗེའི་ལུས་རྟེན་འདི་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཕ་རོལ་ཏུ་སྒྲོལ་བར་བྱེད་པའི་གྲུ་གཟིངས་དང་མཚུངས་ཤིང་། དེ་ཡང་ལམ་རྣམ་པར་དག་པ་ཞིག་ཉམས་སུ་ལེན་དགོས། བསླབ་པ་གསུམ་གྱི་ཉམས་ལེན་ཡང་དག་པར་བྱེད་པ་ལ་ལུས་རྟེན་ཁྱད་པར་ཅན་ཞིག་དགོས། དེས་ན་ད་རེས་ལན་གཅིག་ཐོབ་པའི་མིའི་ལུས་རྟེན་འདིའི་ཐོག་ནས་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བའི་འབད་རྩོལ་བྱེད་དགོས། ད་ལན་སྙིང་པོ་བླང་མ་ཐུབ་ན་རྗེས་སུ་འདི་ལྟ་བུའི་ལུས་རྟེན་ཡང་ནས་ཡང་དུ་ཐོབ་པའི་རེ་བ་མེད། ཁ་སང་ཞུས་པ་བཞིན་རང་གིས་རང་ལ་ཞུ་དག་ཅིག་བཏང་ན་ཇི་ཙམ་རེ་བ་ཡོད་མིན་གསལ་པོ་ཤེས་ཐུབ། དེར་བརྟེན་མྱུར་བ་ཉིད་དུ་སྙིང་པོ་ལེན་དགོས་མ་གཏོགས། ད་ལྟ་དུས་ཚོད་ཡོད་པའི་སྐབས་སུ་རྣམ་གཡེང་གི་དབང་དུ་སོང་ནས་གཉིད་ལོག་བསྡད་ན་མ་འོངས་པར་འགྱོད་པ་སྐྱེ་རྒྱུ་རེད་ཅེས་གསུངས།

དེ་ལྟ་བུའི་ལུས་རྟེན་ལ་སྙིང་པོ་ཇི་ལྟར་ལེན་དགོས་ཤེ་ན། སྙིང་པོ་ཆེ་ཤོས་ནི་སངས་རྒྱས་ཀྱི་གོ་འཕང་རེད། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་ཐོག་མར་ཐེག་པ་ཆེན་པོའི་ལམ་གྱི་འཇུག་སྒོ་སྙིང་རྗེ་རྩ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་དང་། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེའང་མར་ཤེས་དྲིན་དྲན་སོགས་མན་ངག་རྒྱུ་འབྲས་བདུན་ལ་རིམ་གྱིས་བསླབས་ནས་བསྐྱེད་དགོས་པ་དང་། དེ་ཡང་ཐོག་མར་རང་ཉིད་འཁོར་བའི་ནང་སྡུག་བསྔལ་མྱོང་བའི་ཚུལ་རྣམས་བསམས་ནས་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་ཞིག་རྒྱུད་ལ་བསྐྱེད་དགོས། ངེས་འབྱུང་གི་བསམ་པ་བྱུང་བ་ལའང་ཚེ་འདིའི་སྣང་ཤས་ལྡོག་པའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་སོགས་རིམ་གྱིས་འགྲོ་དགོས། དེས་ན་ཆོས་རྣམ་པར་དག་པ་བྱང་ཆུབ་ལམ་གྱི་རིམ་པའམ་ལམ་གྱི་གཙོ་བོ་རྣམ་གསུམ་སོགས་ལམ་གྱི་ངོ་བོ་དང་གོ་རིམ་རྐང་གྲངས་ཚང་བའི་གཞུང་ཞིག་ལ་སློབ་གཉེར་གནང་ནས་བློ་སྦྱང་དགོས། དེར་བརྟེན་དལ་བའི་རྟེན་བཟང་ལན་གཅིག་རྙེད་པའི་སྐབས་འདིར་ངེས་པར་དུ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་འཐོབ་པར་བྱ། དེའི་འཐོབ་པར་བྱ་བའི་ཕྱིར་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར་གསལ་བཏབ་ནས་གསན་དགོས་པ་ཡིན།

གང་གསན་པར་བྱ་བའི་དམ་པའི་ཆོས་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། དཔལ་མཉམ་མེད་ཇོ་བོ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ་ལྟ་བུའི་གདམས་པ་ཟབ་མོ། སྐལ་བ་དང་ལྡན་པའི་སྐྱེ་བོ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། ཆེ་བ་བཞི་དང་ཁྱད་ཆོས་གསུམ་གྱིས་བརྒྱན་པའི་ཆོས་བྱང་ཆུབ་ལམ་གྱི་རིམ་པའི་གནད་ཐམས་ཅད་གཅིག་ཏུ་བསྡུས་པའི་ལམ་གྱི་གཙོ་བོ་རྣམ་གསུམ་ཞེས་རྗེ་ཙོང་ཁ་པ་ཆེན་པོས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པ་དེའི་རྩ་ཚིག་གི་ཐོག་ནས་བཤད་ཁྲིད་མདོར་བསྡུས་ཤིག་འབུལ་བའི་སྐབས་སུ་བབས་པ་ཡིན།

དེ་ལ་ས་བཅད་ཀྱི་དབང་དུ་བྱས་ན། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བསྟན་བཅོས་ལུས་དངོས། བཤད་པ་མཐར་ཕྱིན་པར་བྱ་བ་བཅས་གསུམ་ལས། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ལ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ། སྣོད་ལྡན་ཉན་པར་སྐུལ་བ་བཅས་གསུམ་ལས། དང་པོ་མཆོད་པར་བརྗོད་པ་ནི་ཁ་སང་མདོར་བསྡུས་སུ་སོང་ཟིན་རུང་། གཞུང་གི་ཚིག་ནི། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། ཞེས་པ་དེ་རེད། མཆོད་བརྗོད་ཀྱི་ཡུལ་ནི་ཟབ་མོ་ལྟ་བརྒྱུད་དང་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་མཚོན་པའི་བླ་མ་ཡོངས་སུ་རྫོགས་པ་ལ་ཕྱག་འཚལ་བ་རེད། མཆོད་བརྗོད་དེས་དངོས་བསྟན་གྱི་རིམ་པ་ལ་བླ་མ་རྣམས་ལ་ཕྱག་འཚལ་བ་དང་། སྦས་དོན་གྱི་རིམ་པ་ལ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་གསུངས་པ་རེད། རྗེ་བདག་ཉིད་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་ས་བཅད་ཟུར་དུ་ཕྱེ་བ་བཞིན་སྐབས་འདིར་ཡང་དེ་བཞིན་བསྟན། བླ་མ་གོང་མ་ཚོས་འདིར་བཤེས་གཉེན་བསྟེན་ཚུལ་གྱི་ས་བཅད་རྒྱས་པ་ཞིག་གསུང་རྒྱུའི་ཕྱག་སྲོལ་ཡོད་རུང་། ད་རེས་དུས་ཚོད་མང་པོ་མེད་ཙང་ས་བཅད་མ་སྟོང་ཙམ་ཞུ་རྒྱུ་ཡིན།

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ།

ཁ་སང་ཞུས་པ་བཞིན་ལམ་རིམ་ཇི་འདྲ་ཞིག་ལ་ཉམས་ལེན་བྱེད་ནའང་དེའི་སྔོན་འགྲོར་བསག་སྦྱང་འགྲོ་དགོས་པ་གལ་ཆེན་པོ་རེད། བསག་སྦྱང་གི་གནད་བསྡུས་པ་སྦྱོར་བའི་ཆོས་དྲུག་ཅེས་པ་དེ་བླ་མ་གསེར་གླིང་པའི་མན་ངག་དཔལ་མཉམ་མེད་ཇོ་བོ་ཆེན་པོས་བོད་དུ་སྲོལ་གཏོད་དེ་རྒྱུན་ལྡན་གྱི་ཉམས་ལེན་གནང་རྒྱུ་དེ་རེད། སྦྱོར་བའི་ཆོས་དྲུག་རོབ་ཙམ་ཁ་སང་ཞུས་ཟིན་པ་རེད། དེའི་ནང་ནས་དམིགས་ཀྱིས་བཀར་ནས་ཚོགས་ཞིང་གི་མདུན་དུ་བསག་སྦྱང་གི་གནད་བསྡུས་པ་ཡན་ལན་བདུན་པ་མཎྜལ་དང་བཅས་པ་འབུལ་བའི་རྗེས་སུ་དོན་ཆེན་པོ་གསུམ་གྱིས་གསོལ་བ་བཏབ་ནས་བདུད་རྩི་འབེབས་སྦྱང་སོགས་བྱས་ཏེ་ལམ་གྱི་རིམ་པ་སྒོམ་པ་ལ་འཇུག་པ་རེད།

བཤེས་གཉེན་བསྟེན་ཚུལ་གྱི་དམིགས་རྣམ་སྐྱོང་བའི་སྐབས་སུ་རྗེ་རིན་པོ་ཆེས་ལམ་རིམ་ཆེ་ཆུང་ནང་ས་བཅད་བཀྲམས་པ་ལྟར་ན་བསྟེན་བྱ་བཤེས་གཉེན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ་གསུམ་མོ།། བསྟེན་བྱའི་བཤེས་གཉེན་གྱི་མཚན་ཉིད་ཅེས་པ་ནི་བླ་མ་མ་བསྟེན་གོང་དུ་རང་གིས་བསྟེན་པར་འདོད་པའི་བླ་མ་དེ་ལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཚང་མིན་ཞིབ་འཇུག་བྱེད་དགོས་པ་ནི་སློབ་མའི་སྐབས་བབ་ཀྱི་ལས་འགན་ལྟ་བུ་རེད། ཐེངས་གཅིག་བླ་མར་བསྟེན་ཟིན་པའི་རྗེས་སུ་བརྟག་དཔྱད་བྱ་རྒྱུ་གང་ཡང་བསྡད་མེད། དེ་ནས་དད་པ་མ་ལོག་པར་གནས་ཚུལ་གང་བྱུང་ནའང་བླ་མ་སྐྱོན་འདོགས་ཀྱི་བློ་མ་ཤོར་བ་བྱེད་དགོས་པ་གལ་ཆེན་པོ་རེད། འོན་ཀྱང་ཆོས་མ་ཡིན་པ་སྨྲ་ན་ལྡོག་པར་བྱའོ་ཞེས་གསུངས་པ་བཞིན་བླ་མས་གང་གསུངས་པ་ལ་ཆ་འཇོག་བྱེད་འོས་དང་མི་འོས་ཀྱི་བརྟག་དཔྱད་བྱེད་པའི་ནུས་པ་དེའང་རང་ལ་ཡོད་དགོས། ལམ་རིམ་ཆེན་མོའི་ནང་ཆོས་མ་ཡིན་པ་སྨྲ་ན་ལྡོག་པར་བྱའོ་ཞེས་པའི་སྐབས་སུ་ཆོས་མ་ཡིན་པ་རྣམས་གསལ་པོ་གསུངས་ཡོད། སྔགས་གཞུང་བླ་མ་ལྔ་བཅུ་པ་ལས། རིགས་པ་ཡིས་ནི་མི་ནུས་ན།། མི་ནུས་དེ་ལ་ཚིག་གིས་སྦྱང་།། ཞེས་གསུངས་པ་བཞིན་ཚིག་གིས་སྦྱང་དགོས་པ་གསུངས་ཡོད།

དེ་བཞིན་སྟེན་བྱེད་སློབ་མའི་མཚན་ཉིད་ཀྱང་ཚང་བ་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ལྟ་བུ་བསྟེན་བྱ་བླ་མ་དང་སྟེན་བྱེད་སློབ་མའི་མཚན་ཉིད་ཚང་བ་ཞིག་གིས་བཤེས་གཉེན་བསྟེན་ཚུལ་ལ་བློ་སྦྱོང་བའི་སྐབས་སུ་བཤེས་གཉེན་བསྟེན་པའི་ཕན་ཡོན་དང་། མ་བསྟེན་པ་དང་བསྟེན་ཚུལ་ལོག་པའི་ཉེས་དམིགས། ཇི་ལྟར་བསྟེན་པའི་ཚུལ་བཅས་བསམ་དགོས། དེ་ལ་བཤེས་གཉེན་བསྟེན་པའི་ཕན་ཡོན་ལ་ལམ་རིམ་ཆེན་མོའི་ཚིག་ཟིན་ལྟར་ན་ཕན་ཡོན་བརྒྱད་གསུངས། དེ་ནི་ལམ་རིམ་ཕལ་ཆེ་བའི་ནང་གཅིག་གྱུར་ལྟ་བུ་རེད། བརྒྱད་པོ་དེ་ནི་གང་ཞེ་ན། སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ། རྒྱལ་བ་རྣམས་དགྱེས་པར་འགྱུར་བ། བདུད་དང་སྡིག་གྲོགས་ཀྱིས་མི་ཚུགས་པ། ཉོན་མོངས་དང་ཉེས་སྤྱོད་ཐམས་ཅད་རང་ཤུགས་ཀྱིས་འགག་པ། ས་ལམ་གྱི་ཉམས་རྟོགས་ཐམས་ཅད་གོང་འཕེལ་དུ་འགྱུར་བ། ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེེས་གཉེན་གྱིས་མི་ཕོངས་པ། ངན་སོང་དུ་མི་ལྟུང་བ། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པ་བཅས་རེད། མ་བསྟེན་པའི་ཉེས་དམིགས་བརྒྱད་པོ་ནི་ཕན་ཡོན་བརྒྱད་པོ་གོ་ལྡོག་ནའང་འགྲིགས། འོན་ཀྱང་ལམ་རིམ་ཆེན་མོའི་ནང་མ་བསྟེན་པའམ་བསྟེན་ཚུལ་ལོག་པའི་ཉེས་དམིགས་གསུམ་མ་གཏོགས་གསུངས་མེད། དེ་ཡང་ཚེ་འདིར་ནད་གདོན་དུ་མས་གཙེས་པ། ཚེ་ཕྱི་མ་ངན་འགྲོ་མུ་མཐའ་མེད་པར་ལྷུང་བ། ཡོན་ཏན་སྔར་མ་སྐྱེས་པ་མི་སྐྱེ་ཞིང་། སྐྱེས་ཟིན་ཉམས་པར་འགྱུར་བ་བཅས་རེད། དེའི་སྐོར་ལམ་རིམ་ཆེན་མོའི་ནང་བསྡོམས་བརྒྱབས་པ་དེ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་བས་དེའི་སྐོར་དྲི་བ་མང་པོ་མ་ཞུས་ཞེས་གསུངས། དེ་ལྟར་བསྟེན་པའི་ཕན་ཡོན་དང་མ་བསྟེན་པ་དང་བསྟེན་ཚུལ་ལོག་པའི་ཉེས་དམིགས་བཅས་བསམ་པའི་ཐོག་ནས་དགེ་བའི་བཤེེས་གཉེན་བསྟེན་དགོས་པ་དང་། ཚུལ་བཞིན་དུ་བསྟེན་དགོས་པ། བསྟེན་ཚུལ་ནམ་ཡང་མ་ལོག་པ་བྱེད་དགོས་པའི་བློ་ཐག་ཆོད་པོ་དང་མྱོང་བ་ཐོན་ངེས་ཤེས་པ་ཞིག་གནང་དགོས།

དེ་ནས་བསྟེན་པའི་ཚུལ་ལ་བསམ་པའི་བསྟེན་ཚུལ་དང་། སྦྱོར་བའི་བསྟེན་ཚུལ་ལོ།། བསམ་པའི་བསྟེན་ཚུལ་ནི་བླ་མའི་ཕྱོགས་ལ་བསམ་བློ་ཇི་ལྟར་འཁྱེར་དགོས་པ་དང་། སྦྱོར་བའི་བསྟེན་ཚུལ་ནི་ལུས་ངག་གི་སྤྱོད་པ་ཇི་ལྟ་བུས་བླ་མ་བསྟེན་པ་དེ་རེད། དེ་ལ་བསམ་པའི་བསྟེན་ཚུལ་ལ་རྩ་བ་དད་པ་སྦྱང་བ་དང་། བཀའ་དྲིན་རྗེས་སུ་དྲན་པས་གུས་པ་བསྐྱེད་པ་གཉིས་རེད། དེ་ཡང་ཐོག་མ་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བའི་མི་ལྡོག་པའི་དད་པ་བརྟན་པོ་ཡོད་དགོས་པ་དང་། དད་པ་དེས་དྲངས་པའི་བླ་མས་རང་ལ་ཇི་ལྟར་བཀའ་དྲིན་ཆེ་བའི་ཚུལ་རྣམས་དྲན་ནས་བཀའ་དྲིན་རྗེས་སུ་དྲན་པས་གུས་པ་བསྐྱེད་དགོས།

རྩ་བ་དད་པ་སྦྱང་བ་དེ་བློ་སྦྱོང་བའི་སྐབས་སུ་སྐྱེ་ཁག་ཤོས་དང་རྒྱུན་རིང་ཤོས་འགོར་ཞིང། གང་ལགས་ཤེ་ན། ཐ་མལ་པར་སྣང་བའི་བླ་མ་ལ་སྐྱོན་འདོགས་ཀྱི་བློ་རྣམས་བསལ་ནས་རང་དང་ཁ་མཉམ་ལག་མཉམ་དུ་མཉམ་སྤྱོད་ཡོད་པའི་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བའི་དད་པ་སྐྱེ་རྒྱུ་ནི་ཧ་ཅང་ཁག་པོ་རེད། དེར་བརྟེན་དེ་ལ་འབད་པ་དུ་མའི་སྒོ་ནས་དཔྱད་སྒོམ་གྱིས་བློ་སྦྱང་དགོས་པ་ཡིན། དེ་ལ་དཔྱད་སྒོམ་བྱེད་པའི་སྐབས་སུ་བླ་མ་སངས་རྒྱས་སུ་བལྟ་དགོས་པའི་རྒྱུ་མཚན་དང་། བལྟ་ནུས་པའི་རྒྱུ་མཚན། ཚུལ་ཇི་ལྟར་བལྟ་བ་བཅས་ས་བཅད་གསུམ་དུ་ཕྱེ། བླ་མ་སངས་རྒྱས་སུ་བལྟ་དགོས་པའི་རྒྱུ་མཚན་ནི་ཁེ་འདོད་ལ་གྱོང་མི་འདོད་ཅིང་། རང་ལ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་འདུན་པ་ཡོད་ན་དེའི་ཐབས་སྟོན་མཁན་ནི་བླ་མ་ལས་གཞན་དུ་མེད། དེར་བརྟེན་བླ་མ་དེ་སངས་རྒྱས་ཡིན་པ་མ་ཤེས་ན་སངས་རྒྱས་མ་ཡིན་པ་ཞིག་གིས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་ཡོངས་སུ་རྫོགས་པ་བསྟན་མི་ནུས་པ་དངོས་ཡོད་ཀྱི་གནས་སྟངས་རེད། ཚད་མ་རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ།། དེ་འཆད་པ་ནི་དཀའ་བ་ཡིན།། ཞེས་གསུངས་པ་བཞིན་རང་ལ་ལྐོག་ཏུ་གྱུར་པའི་ལམ་གྱི་གནད་ཅིག་གཞན་ལ་བསྟན་མི་ནུས། གང་ལྟར་རང་ཉིད་སོ་སོ་སྐྱེ་བོའི་ས་ནས་སངས་རྒྱས་ཀྱི་སའི་བར་བགྲོད་པའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དེ་རང་གིས་ད་ལྟ་དངོས་སུ་མཇལ་ཐུབ་པའི་བླ་མ་དེ་རང་རེད། དེར་བརྟེན་དེ་ལ་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་འདུ་ཤེས་ཤིག་མ་སྐྱེ་བར་དུ་ཁོང་གིས་བསྟན་པའི་ལམ་རྣམས་ལམ་ཡང་དག་པ་ཡིན་པ་དང་། དེ་ཉམས་སུ་བླངས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པའི་གནས་སྟངས་མེད་པར་བརྟེན། བླ་མ་ལ་སངས་རྒྱས་སུ་བལྟ་དགོས་པ་དེ་མེད་དུ་མི་རུང་བ་རེད། གལ་ཏེ་བལྟ་དགོས་ནའང་བལྟ་ནུས་སམ་ཞེ་ན། གལ་ཏེ་བསམ་བློ་བཏང་ནས་དཔྱད་པ་བྱེད་ན་བལྟ་ནུས་པ་དེ་ཤེས་ཐུབ། རང་གི་བློའི་ལྟ་ཚུལ་རྣམས་གོམས་པ་དང་དཔྱད་པའི་དབང་གིས་འགྲོ་བ་མ་གཏོགས། ཐོག་མའི་བློའི་ལྟ་ཚུལ་དེ་ལ་འགྱུར་བ་གཏོང་རྒྱུ་མེད་པ་མིན་པ་ནི་ང་ཚོའི་བསམ་བློའི་ལྟ་ཚུལ་རྣམས་ལ་བལྟས་ན་དངོས་དོན་ཉམས་མྱོང་གི་ཐོག་ནས་བསྒྲུབ་ཐུབ། དེས་ན་བླ་མ་སངས་རྒྱས་ཡིན་པ་ལུང་གིས་ཇི་ལྟར་བསྒྲུབ་དགོས་ཤེ་ན། རྒྱལ་བ་རྡོ་རྗེ་འཆང་གིས་བླ་མ་སངས་རྒྱས་ཡིན་པ་ལུང་ནས་ལན་མང་གསུངས་པ་དང་། དེ་བཞིན་རིགས་པའི་ཐོག་ནས་བལྟས་ནའང་བླ་མ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པ་པོ་ཡིན་པ་རེད། གལ་ཏེ་རང་ལ་སངས་རྒྱས་ཀྱི་འཕྲིན་ལས་མི་འཇུག་ན་རང་ཉིད་ཧ་ཅང་སྐལ་ཆད་རེད། རང་གི་རྒྱུད་ལ་རྣམ་དཀར་གྱི་ཡོན་ཏན་གང་ཡང་མེད་ན་སངས་རྒྱས་ཀྱི་འཕྲིན་ལས་མི་འཇུག་པ་རེད། གལ་ཏེ་རང་རྒྱུད་ལ་རྣམ་དཀར་གྱི་ཡོན་ཏན་ཕྲན་བུ་ཡོད་ན་དེ་ནི་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་ངོ་བོ་རེད་མ་གཏོགས། སངས་རྒྱས་ཀྱི་འཕྲིན་ལས་ལས་གཞན་པའི་རྣམ་དཀར་གྱི་ཡོན་ཏན་ཡོང་ས་མེད། དེ་ལྟ་བུའི་སངས་རྒྱས་ཀྱི་འཕྲིན་ལས་རང་ལ་འཇུག་པའི་སྒོ་དེ་རང་ལ་དངོས་སུ་ཆོས་གསུང་མཁན་གྱི་བླ་མ་ལས་གཞན་པ་ཞིག་མེད། དེ་བཞིན་དེང་སང་གི་དུས་སུའང་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་འགྲོ་བའི་དོན་མཛད་པའི་བརྒྱུད་ལམ་དེ་བླ་མ་ལས་གཞན་མེད། བླ་མ་སངས་རྒྱས་སུ་བལྟ་མི་ནུས་པའི་འགག་རྩ་ཐུག་ས་ནི་སོ་སོའི་བསམ་བློའི་ནང་བླ་མ་ལ་སྐྱོན་མང་པོ་མཐོང་ཞིང་། དཔེར་ན་ངའི་བླ་མ་ཁོང་ཁྲོ་ཆེན་པོ་ཡོད་པས་སངས་རྒྱས་ལ་ཁོང་ཁྲོ་ཡོང་ཐབས་མེད་པ་སོགས་སྐྱོན་འདོགས་ཀྱི་བློ་མང་པོ་ཡོད་པ་དེའི་དབང་གིས་བླ་མ་སངས་རྒྱས་སུ་མཐོང་བ་ལ་གེགས་བྱེད་ཀྱི་ཡོད། དེའི་གཉེན་པོ་ལ་རང་གི་སྣང་བ་ལ་ངེས་པ་མེད་པ་ཞེས་པ་དེ་གསུངས་ཤིང། སོ་སོའི་སྣང་བ་ལ་གང་སྣང་བ་དེ་གང་ཟག་ཕ་རོལ་པོའི་ཐོག་ཏུ་ཡོད་པའི་ངེས་པ་རྩ་བ་ནས་མེད། སྤྱིར་འཇིག་རྟེན་ཕལ་པའི་དབང་དུ་བཤད་ནའང་མི་གཞན་ལ་སྐྱོན་མཐོང་བ་ཕལ་ཆེ་བ་སོ་སོའི་བློ་དྲང་པོ་མེད་པའི་དབང་གིས་རེད་མ་གཏོགས། སྐྱོན་དེ་དག་གཞན་ལ་ཡོད་པའི་ངེས་པ་མེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་ཨ་རིའི་སེམས་ཁམས་རིག་པའི་མཁས་པ་བགྲེས་སོང་ཞིག་གིས་གནས་ཚུལ་ཞུས་པ་དེ་གསུང་ཆོས་སུ་ཡང་ཡང་གསུངས་པ་དེ་ཁྱེད་ཚོས་གསན་ཡོད་ཀྱི་རེད། དེ་ནི་ཆོས་ཀྱི་སྐད་ཆ་མིན་པར་འཇིག་རྟེན་ཕལ་པའི་སེམས་ཁམས་རིག་པའི་ཐོག་ནས་ལྟ་དུས་མི་གཞན་གྱི་སྐྱོན་མཐོང་བ་རྣམས་ཡོད་པའི་ངེས་པ་མེད་པ་དེ་ངོ་འཕྲོད་ཀྱི་ཡོད་ཅིང་། རང་གི་མི་དགའ་ས་ཞིག་ལ་ཁྲོ་བ་སྐྱེ་ན་ཁྲོ་ཡུལ་གྱི་གང་ཟག་ལ་མཐོང་བའི་སྐྱོན་གྱི་བརྒྱ་ཆ་བརྒྱད་ཅུ་ཐམ་པ་དེ་ལ་མེད་པར་ཁྲོ་མཁན་གང་ཟག་གིས་རྣམ་རྟོག་གིས་སྒྲོ་བཏགས་པ་ཞིག་རེད་ཅེས་བཤད་ཀྱི་ཡོད། དེ་ནི་དད་པ་དང་ཆོས་ཀྱི་སྐད་ཆ་མིན་པར་འཇིག་རྟེན་རང་དགའ་བའི་ཚན་རིག་གི་ཐོག་ནས་བསམ་བློའི་འགྲོ་ཕྱོགས་བརྟག་པའི་སྐབས་སུ་མཐོང་བ་རེད། དེས་ན་དགེ་བའི་བཤེས་གཉེན་ལ་སྐྱོན་མཐོང་བ་རྣམས་ཀྱང་སོ་སོའི་སྣང་བ་ལ་ངེས་པ་མེད་པའི་དབང་གིས་མཐོང་བ་ཞིག་རེད། མདོར་ན་སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས། རང་རེའི་ལས་ངན་སྒྲིབ་པའི་ཆེ་ཚོད་ལ།། བླ་མ་མི་རུ་མཐོང་བ་དགའ་ཚད་ཡིན།། ཁྱི་དང་བོང་བུར་མ་མཐོང་བསོད་ནམས་ཆེ།། མོས་གུས་སྙིང་ནས་བསྐྱེད་ཅིག་ཤཱཀྱའི་སྲས།། ཞེས་གསུངས་པ་ནི་དངོས་ཡོད་ཀྱི་གནས་སྟངས་རེད། ཐོག་མར་མི་ལས་མར་པ་ཞིང་རྨོད་མཁན་ཁྱིམ་པ་ཕལ་པ་ཞིག་གི་ངོ་བོར་མཇལ་བ་དང་། ན་རོ་པཱས་ཏི་ལོ་པ་ཉ་གསོད་མཁན་གྱི་ཉ་པ་ཞིག་གི་ངོ་བོར་མཇལ་བ་མ་གཏོགས་རྡོ་རྗེ་འཆང་གི་ངོ་བོར་མཇལ་མེད། དེར་བརྟེན་རང་གི་སྣང་བ་ལ་ངེས་པ་མེད་པ་དེ་ངེས་པར་དུ་བསྒྲུབ་དགོས། དེ་འགྲུབ་ན་རང་གིས་མཐོང་བའི་སྐྱོན་རྣམས་དངོས་སུ་བླ་མ་ལ་མེད་པ་དེ་གསལ་པོ་མཐོང་ཐུབ། དེ་ལྟར་བློ་རིམ་པར་སྦྱངས་ནས་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་བློ་སྐྱེ་ན་གཞི་ནས་ལམ་གྱི་སྣེ་ཟིན་པ་རེད། དེ་ནས་དལ་འབྱོར་རྙེད་དཀའ་ནས་མི་སློབ་པའི་ཟུང་འཇུག་གི་བར་གྱི་ལམ་རྣམས་ཤར་བསྐྱོད་བྱེད་ཐུབ་པ་མ་ཟད། ཉམས་ལེན་གནད་དུ་སྨིན་པ་ཡོང་བའི་རེ་བ་ཡོད། དེས་ན་ཐོག་མར་རྩ་བ་དད་པ་སྦྱང་བ་ལ་བློ་གང་ཐུབ་ཀྱིས་འབད་རྩོད་བྱེད་དགོས། དེ་ལ་ཡང་ནས་ཡང་དུ་བློ་སྦྱང་དགོས་པ་དང་། གལ་ཏེ་བླ་མ་དང་མཉམ་འགྲོགས་ཡོད་ན་སྐྱོན་འདོགས་ཀྱི་བློ་ནམ་བྱུང་ལ་རང་གི་སྣང་བ་ལ་ངེས་པ་མེད་པའི་ཚུལ་རྣམས་ཡང་ཡང་བསམ་ན་རིམ་པས་སྐྱོན་རྣམས་ཡོན་ཏན་དུ་མཐོང་བའི་གྲོགས་སུ་འགྱུར་བའི་སྐབས་ཤིག་སླེབས་རྒྱུ་ཡོད། སངས་རྒྱས་བཅོམ་ལྡན་འདས་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་འཇིག་རྟེན་དུ་བྱོན་པ་ལའང་སྐྱོན་འདོགས་ཀྱི་བློ་ཡོད་པ་ཚོས་སྐྱོན་ཤ་སྟག་མཐོང་བ་མ་གཏོགས། ཡོན་ཏན་གཅིག་ཀྱང་མཐོང་གི་མེད། དཔེར་ན་ལྷས་སྦྱིན་ལྟ་བུ་སངས་རྒྱས་ཀྱི་སྐུ་ཉེ་དང་དགེ་སློང་གི་དགེ་འདུན་གྱི་གྲས་སུ་གཏོགས་པ་དེས་ཀྱང་སངས་རྒྱས་ལ་སྐྱོན་ཤ་སྟག་མ་གཏོགས། ཡོན་ཏན་གཅིག་ཀྱང་མཐོང་མེད།

བཀའ་དྲིན་རྗེས་སུ་དྲན་པས་གུས་པ་བསྐྱེད་པ་ལ། བླ་མ་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་དང་། ཆོས་གསུངས་པའི་བཀའ་དྲིན། ཤེས་རྒྱུད་བྱིན་གྱིས་བརླབས་པའི་བཀའ་དྲིན། ཟང་ཟང་གིས་འཁོར་དུ་བསྡུས་པའི་བཀའ་དྲིན་བཅས་བཞི་རེད། བླ་མ་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་ལ། སྤྱིར་སངས་རྒྱས་ཐམས་ཅད་ལས་ལྷག་པའི་བཀའ་དྲིན། སྒོས་ཤཱཀྱ་ཐུབ་པ་ལས་ལྷག་པའི་བཀའ་དྲིན་བཅས་གཉིས་རེད། བླ་མ་མཆོད་པའི་ཆོ་ག་ལས། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི།། མ་རུངས་འདུལ་དཀའི་སྙིགས་དུས་འགྲོ་བ་ལ།། བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་པ་ཡི།། སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།། ཞེས་གསུངས་པ་བཞིན་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་གྲངས་མེད་བྱོན་ཟིན་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་གྲངས་མེད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད་ཟིན་རུང་། ང་ཚོ་སངས་རྒྱས་དེ་ཚོའི་གདུལ་ཞིང་དུ་སླེབས་མེད། དེ་ལྟ་བུའི་འདུལ་དཀའ་བའི་གདུལ་བྱ་ལ་ད་ལྟ་དོན་མཛད་མཁན་ནི་རང་གི་བླ་མ་དེ་རང་ཡིན་ཙང་། སངས་རྒྱས་ཐམས་ཅད་ལས་ལྷག་པའི་བཀའ་དྲིན་ཅན་རེད། སྒོས་ཤཱཀྱ་ཐུབ་པ་ལས་ལྷག་པའི་བཀའ་དྲིན་ནི། བླ་མ་མཆོད་པའི་ཆོ་ག་ལས། ཐུབ་པའི་ཉི་མ་དུས་ཀྱིས་ནུབ་གྱུར་ཏེ།། མགོན་སྐྱབས་མེད་པའི་འགྲོ་བ་མང་པོ་ལ།། རྒྱལ་བའི་མཛད་པ་ཉེ་བར་སྒྲུབ་མཛད་པའི།། སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།། ཞེས་གསུངས་པ་བཞིན་ད་ལྟ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་གནས་བཞིན་པའི་སྐབས་ཡིན་རུང་། སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་སྐབས་སུ་ང་ཚོས་རྗེས་ཟིན་མེད། སྟོན་པའི་གཏད་རབས་བདུན་ལ་སོོགས་པ་དང་། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱི་ཞབས་རྗེས་ཀྱང་ཟིན་མེད། ད་ལྟ་ལྔ་བརྒྱ་མཐའ་མའི་དུས་ལ་བསྟན་པ་ཉམས་པར་ཉེ་བའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་སྟོན་མཁན་ནི་རང་གི་བླ་མ་ཡིན་ཙང་། སྒོས་ཤཱཀྱ་ཐུབ་པ་ལས་ལྷག་པའི་བཀའ་དྲིན་ཅན་རེད། ཆོས་གསུངས་པའི་བཀའ་དྲིན་ནི་བཀའ་དྲིན་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རེད། མདོ་སྡེའི་ནང་ཆོས་གསུངས་པའི་བཀའ་དྲིན་ནི་ཧ་ཅང་གསབ་དཀའ་བ། དཔེར་ན་སྟོང་གསུམ་གྱི་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་བསྐལ་པའི་བར་དུ་ཕུལ་ནའང་བཀའ་དྲིན་གཞལ་དཀའ་བ་གསུངས། ཤེས་རྒྱུད་བྱིན་གྱིས་བརླབས་པའི་བཀའ་དྲིན་ནི་རང་གི་ཤེས་རྒྱུད་ལ་རྣམ་དཀར་གྱི་ཡོན་ཏན་ཕྲན་བུ་སྐྱེས་པའང་བླ་མའི་བྱིན་བརླབས་ལ་བརྟེན་ནས་ཡོང་བ་དང་། ཉམས་རྟོགས་སྐྱེ་ཁག་པོ་ཡོང་བའི་སྐབས་སུ་བསག་སྦྱང་བྱས་ཏེ་ཡན་ལག་བདུན་པའི་སྒོ་ནས་གསོལ་བ་བཏབ་ན་བླ་མའི་བྱིན་རླབས་ལ་བརྟེན་ནས་སྐྱེ་བ་རེད། ཟང་ཟིང་གིས་འཁོར་དུ་བསྡུས་པའི་བཀའ་དྲིན་ནི། དཔེར་ན་གདན་ས་ཁག་དང་རྒྱུད་གྲྭ་སོགས་སུ་རང་གི་ཤག་གི་དགེ་རྒན་དེ་ཚོས་རང་གི་སློབ་མ་ཆོས་ཕྱོགས་ནས་བསྐྱངས་པ་ཙམ་དུ་མ་ཟད། ཟས་གོས་གནས་མལ་སོགས་ཟང་ཟིང་གི་སྒོ་ནས་ཀྱང་བསྐྱངས་པ་རེད། དེ་བཞིན་བོད་མི་རིགས་ལྟ་བུ་ལ་མཚོན་ན། སྐྱབས་བཅོལ་བོད་མི་ཡོངས་སུ་རྫོགས་པའི་མི་ཚེའི་འདུན་ལམ་གྱིི་འཚོ་གོས་གནས་མལ་སོགས་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་རེད། དེ་ལྟ་བུའི་བཀའ་དྲིན་རྣམས་དྲན་པའི་སྒོ་ནས་ཕྱོགས་གཅིག་ནས་སངས་རྒྱས་དངོས་ཡིན་པའི་འདུ་ཤེས་བརྟན་པོ་དགོས་པ་དང་། ཕྱོགས་གཞན་ནས་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་དེ་དག་གསབ་པའི་ཆེད་དུ་ཅི་གསུང་བཀའ་སྒྲུབ་དགོས་པ་དེ་རེད།

སྦྱོར་བའི་བསྟེན་ཚུལ་ལ་མང་པོ་ཡོད་ཀྱང་། བསྡོམས་ནས་ཞུ་ན། བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོས་པ་ཅི་ཞིག་དགོས།། བླ་མ་དགྱེས་བྱེད་གང་ཡིན་བྱ།། མི་མཉེས་བྱེད་ཀུན་སྤང་བ་ནི།། དེ་དང་དེ་ལ་འབད་དེ་བརྟག།།ཅེས་གསུངས་པ་བཞིན་བླ་མས་བྱོས་གསུངས་པ་དེ་བྱེད་རྒྱུ་དང་། མ་བྱེད་གསུངས་པ་རྣམས་བྱ་རྒྱུ་མེད། སྐྱེས་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི།། བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན།། ཞེས་གསུངས་པ་བཞིན་ཅི་གསུང་བཀའ་སྒྲུབ་བྱ་རྒྱུ་དེ་གལ་ཆེ་ཤོས་རེད། བསམ་པའི་བསྟེན་ཚུལ་དང་སྦྱོར་བའི་བསྟེན་ཚུལ་གཉིས་པོ་བསྡོམས་ནས་སྡོང་པོ་བཀོད་པའི་མདོ་ལམ་རིམ་ཆེན་མོར་དྲངས་པའི་ནང་སེམས་དགུའི་སྒོ་ནས་བསྟེན་ཚུལ་གསུངས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་ལམ་རིམ་ཆེན་མོའི་ནང་བསྟེན་པའི་བསམ་པ་སྤྱིར་བསྟན་པ་ཞེས་ས་བཅད་ཟུར་དུ་མཛད་ཡོད། དེ་ནི་བཤེས་གཉེན་བསྟེན་ཚུལ་གྱི་བསམ་པའི་ཁྱེར་སོ་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་རེད། ང་ཆུང་ཆུང་སྐབས་རྒན་ཡོངས་འཛིན་རིན་པོ་ཆེ་དམ་པ་དེས་སེམས་དགུའི་བསྟེན་ཚུལ་ཤོག་བུ་ཆུང་ངུ་ཞིག་ཐོག་ཚིགས་བཅད་དུ་བྲིས་པ་ཞལ་འདོན་ཕྱག་དཔེའི་གསེང་ལ་ཡོད་པ་དེ་མཇལ་མྱོང་ཡོད། དེས་མི་ཚེ་ཧྲིལ་པོའི་རིང་བཤེས་གཉེན་བསྟེན་ཚུལ་ལ་བློ་སྦྱང་བ་ལ་ཧ་ཅང་ཕན་ཐོགས་བྱུང་། དེ་ལྟ་བུའི་སེམས་དགུ་ནི། བུ་མཛངས་རྡོ་རྗེ་ས་རི་བྲན་ཕྱག་བདར།། ཐེག་པ་ཁྱི་གྲུ་ལྟ་བུས་སེམས་དགུས་བསྟེན།། ཞེས་གསུངས་པ་བཞིན་བུ་མཛངས་པ་དང་། རྡོ་རྗེ། ས། རི། བྲན། ཕྱག་བདར་བ། ཐེག་པ། ཁྱི། གྲུ་བཅས་རེད། དེ་ཡང་བླ་མའི་བྱ་བ་གང་བསྒྲུབ་ཀྱང་བླ་མའི་ཐུགས་དང་བསྟུན་པ་མ་གཏོགས། རང་འདོད་ཀྱིས་མི་བྱེད་པ་བུ་མཛངས་པ་ལྟ་བུའི་སེམས། བདུད་དང་སྡིག་གྲོགས་སོགས་ཀྱིས་མི་ཕྱེད་པའི་རྡོ་རྗེ་ལྟ་བུའི་སེམས། བླ་མའི་བྱ་བ་ཆེ་ཆུང་གང་བསྒྲུབ་དགོས་བྱུང་ཡང་དད་དམ་ལ་འགྱུར་བ་མེད་པ་ས་ལྟ་བུའི་སེམས། གཞན་གྱིས་བླ་མ་ལ་སྐྱོན་བརྗོད་པ་དང་ཕྲ་མ་བཅུག་མཁན་བྱུང་ན་དེ་ཚོའི་དབང་དུ་མི་འགྲོ་བ་ཁོར་ཡུག་གི་རི་བོ་ལྟ་བུའི་སེམས། བླ་མའི་སྐུ་མདུན་ལ་དམན་ས་བཟུང་བ་བྲན་ལྟ་བུ་དང་། ཕྱག་བདར་བ་སྟེ་གད་པ་ལྟ་བུའི་སེམས། བླ་མའི་བྱ་བ་ཤིན་ཏུ་བྱ་དཀའ་བའི་ཁུར་ལྕི་བ་རྣམས་ཀྱང་སྤྲོ་བཞིན་དུ་འཛིན་པ་ཐེག་པ་ལྟ་བུའི་སེམས། བླ་མས་བརྙས་པའམ་བཀའ་བཀྱོན་ནའང་སླར་མི་ཁྲོ་བ་ཁྱི་ལྟ་བུའི་སེམས། བླ་མའི་བྱ་བའི་དོན་དུ་ཇི་ཙམ་འགྲོ་དགོས་ཀྱང་ངལ་བ་མེད་པ་གྲུ་ལྟ་བུའི་སེམས་བཅས་སེམས་དགུ་རེད། དེ་དག་ནི་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ་ཞེས་པའི་མཆོད་བརྗོད་ཀྱིས་སྦས་པའི་ཚུལ་དུ་བསྟན་པའི་བཤེས་གཉེན་བསྟེན་ཚུལ་གྱི་རིམ་པ་རྣམས་རེད།

གལ་ཏེ་ལམ་གཙོ་རྣམ་གསུམ་གྱི་རྩ་ཚིག་ཐོག་ནས་ཤར་སྒོམ་བྱེད་མཁན་ཡིན་ན་སྦྱོར་བའི་ཆོས་དྲུག་སྔོན་དུ་སོང་ནས་གསོལ་བ་འདེབས་པ་རྒྱུད་འདྲེས་ངེས་བྱས་པའི་རྗེས་སུ་ཐོག་མར་བསྟེན་པའི་ཕན་ཡོན་དང་། མ་བསྟེན་པའི་ཉེས་དམིགས། སེམས་དགུའི་བསྟེན་ཚུལ། བསམ་པའི་བསྟེན་ཚུལ། སྦྱོར་བའི་བསྟེན་ཚུལ་བཅས་ཟིན་ན། ངེས་འབྱུང་གི་བསམ་པའི་ཐོག་སྤོ་བདེ་པོ་ཡོད། དེ་མིན་མགོ་མེད་པ་ལྟ་བུ་རེད།

རྩོམ་པར་དམ་བཅའ་བ།

གཉིས་པ་རྩོམ་པར་དམ་བཅའ་བ་ནི། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།། ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།། ཞེས་པ་སྟེ། འདིར་རྩོམ་པར་དམ་བཅའ་བ་དང་ལུས་རྣམ་གཞག་གཉིས་མཉམ་དུ་བསྟན། ཐོག་མར་བསྟན་བཅོས་ཇི་འདྲ་ཞིག་བརྩམས་ཀྱང་རྩོམ་པར་དམ་བཅའ་བ་རེ་ཡོད་དགོས་པ་ནི་བསྟན་བཅོས་ཀྱི་སྒྲོམ་གཞི་ལྟ་བུ་རེད། རྩོམ་པར་དམ་བཅའ་བ་ནི་རྩོམ་པ་མཐར་ཕྱིན་པའི་ཆེད་དུ་རེད། གལ་ཏེ་རྩོམ་པར་དམ་བཅའ་བ་དང་ལྷན་དུ་དེའི་ནང་བརྗོད་བྱ་མདོར་བསྟན་བྱུང་ན་ལུས་རྣམ་གཞག་ཀྱང་ཡིན་ཞིང་། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།། ཞེས་པས་ངེས་འབྱུང་གི་བསམ་པའི་སྐོར་དང་། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།། ཞེས་པས་བྱང་སེམས་ཀྱི་སྐོར། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།། ཞེས་པས་ཡང་དག་པའི་ལྟ་བ་བཅས་ལུས་རྣམ་གཞག་དང་། ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།། ཞེས་པས་དངོས་སུ་རྩོམ་པར་དམ་བཅའ་བ་དེ་བསྟན། རྒྱལ་བའི་གསུང་རབ་ནི་སངས་རྒྱས་ཀྱི་བཀའ་རེད། སྤྱིར་རྒྱལ་བ་ཞེས་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཡིན་ཞིང་། ཉོན་མོངས་པ་དང་ཤེས་བྱའི་དགྲ་ལས་རྒྱལ་བས་ན་རྒྱལ་བའོ།། སངས་རྒྱས་དང་རྒྱལ་བ་གཉིས་ཚིག་གི་གོ་དོན་གཅིག་པ་རེད། གསུང་རབ་ཀྱི་གསུང་ནི་སངས་རྒྱས་ཀྱི་བརྗོད་པ་ལྕེ་རྐན་ལས་བྱུང་བའི་སྒྲ་དེ་རེད། དེ་ལ་རབ་ཅེས་སྦྱར་དགོས་པ་ནི་ཚད་མར་གྱུར་པའི་གསུང་གི་དོན་རེད། སངས་རྒྱས་ཀྱི་གསུང་ནི་དཔྱད་པ་གསུམ་གྱིས་དག་པ་རེད། སངས་རྒྱས་ཀྱིས་དོན་བཞིན་གཟིགས་ནས་གསུངས་པ་ལས། ཚོད་དཔག་གནང་ནས་གསུངས་པ་ཞིག་མེད། ཐམས་ཅད་མངོན་སུམ་དུ་གཟིགས་པ་ཡིན་ཙང་དོན་དེ་ལ་མི་བསླུ་བ་རེད། གསུང་རབ་ཅེས་པ་ལ་བཤད་ཚུལ་གཞན་ཞིག་བྱས་ན། གདུལ་བྱའི་དོན་དུ་འགྱུར་ཚུལ་གྱི་ཆ་ནས་མི་བསླུ་བ་རེད། སངས་རྒྱས་ཀྱིས་གསུངས་པ་རྣམས་གདུལ་བྱ་སོ་སོའི་བློ་དང་བསམ་པ་དང་བག་ལ་ཉལ་ཆ་ཚང་མཁྱེན་ནས་དེ་དང་འཚམས་པར་གསུངས་པར་བརྟེན། གདུལ་བྱའི་དོན་དུ་མི་འགྱུར་བ་གཅིག་ཀྱང་མེད། ཆོས་ཀྱིི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངམ་སྡེ་སྣོད་གསུམ་ལ་གཟིགས་ན་སྒྲས་ཟིན་ལ་འགལ་བ་མང་དུ་སྣང་ཞིང་། སྐབས་རེ་བདག་ཡོད་པ་དང་། སྐབས་རེ་བདག་མེད་པ། སྐབས་རེ་རང་བཞིན་གྱིས་གྲུབ་པ་ཡོད་པ། སྐབས་རེ་རང་བཞིན་གྱིས་གྲུབ་པ་མེད་པ་སོགས་གསུངས་པ་རྣམས་གདུལ་བྱ་སོ་སོའི་ཁམས་མོས་བསམ་པ་བག་ལ་ཉལ་ལ་བསྟུན་པ་མ་གཏོགས། གདུལ་བྱའི་བློ་དང་མ་བསྟུན་པར་སངས་རྒྱས་རང་ལ་གསུང་རྒྱུ་ཡོད་པ་མཐའ་དག་གསུངས་པ་ཞིག་མིན། མདོ་སྡེ་རྒྱན་ལས། ཕལ་ཆེར་དོན་མེད་དོན་ཡོད་དང་།། རྣམ་ཀུན་དོན་ཡོད་ཤེས་པར་བྱ།། ཞེས་གསུངས་པ་བཞིན་སོ་སོ་སྐྱེ་བོས་ཆོས་བཤད་པ་རྣམས་ཕལ་ཆེ་བ་དོན་མེད་དུ་འགྲོ་ཞིང་། དེས་ཉན་པ་པོའི་རྒྱུད་ཚོད་མི་ཤེས་པས་སོ།། བྱང་སེམས་འཕགས་པས་ཆོས་བསྟན་པ་རྣམས་ཕལ་ཆེ་བ་དོན་ལྡན་དུ་འགྱུར་རུང་། དོན་དང་མི་ལྡན་པའི་སྐབས་ཀྱང་ཡོད་ཅིང་། དེས་གདུལ་བྱའི་རྒྱུད་ཚོད་ཇི་ལྟ་བ་བཞིན་མི་མཁྱེན་པས་སོ།། སངས་རྒྱས་ཀྱིས་ཆོས་བསྟན་པ་རྣམས་རྣམ་པ་ཀུན་ཏུ་དོན་དང་ལྡན་པ་རེད། དེས་ན་གསུང་རབ་ཅེས་པའི་རབ་ཀྱིས་གདུལ་བྱའི་དོན་དུ་མི་འགྱུར་བ་མེད་པའི་ཆ་ནས་བརྗོད། དེ་ནས་སྤོབས་པ་བཞི་དང་ལྡན་པ་སོགས་གསུང་ཚུལ་མང་། རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པར་མཚོན་ན། གསུང་ཡོངས་རྫོགས་བསྡུས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། དེ་ཡང་བསྡུས་ན་གསུང་རབ་ཡན་ལག་བཅུ་གཉིས། དེ་ཡང་བསྡུས་ན་སྡེ་སྣོད་གསུམ་རེད། འཇིག་རྟེན་འདིའི་ནང་གི་ཆོས་ལུགས་སོ་སོའི་སྟོན་པའི་གསུང་གི་རྣམ་གྲངས་བསྡུས་ན། སངས་རྒྱས་ཀྱི་གསུང་རབ་བཞིན་རྒྱ་ཆེ་བ་གང་ལའང་མེད། སངས་རྒྱས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མངོན་པར་རྫོགས་པར་སངས་རྒྱས་པའི་ཆེད་དུ་བྱ་བའི་དགོས་པ་དེ་གང་རེད་ཅེ་ན། འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བ་དང་ཞི་བ་མྱང་འདས་ལ་འགོད་པའི་དོན་དུ་རེད། དེས་ན་སངས་རྒྱས་ཀྱི་གསུང་ཚིག་གཅིག་ཡན་ཆད་ཐར་པའི་གོ་འཕང་ལ་འགོད་པའི་ཆེད་དུ་འབབ་པ་དང་གཞོལ་བ་ཤ་སྟག་ཡིན་ཞེས་མདོའི་ནང་བྱུང་། སངས་རྒྱས་ཀྱི་གསུང་ཁ་ཤས་ཧོབ་སྟེ་བལྟས་ན་ཚེ་འདིའི་བར་ཆད་བསལ་རྒྱུ་སོགས་དོན་ཆུང་ལྟ་བུར་མངོན་ཞིང་། དཔེར་ན་སངས་རྒྱས་ཀྱིས་ལྷའི་གནས་སུམ་ཅུ་རྩ་གསུམ་ན་གསུངས་པའི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་ཚིག་ཟིན་ལ་བལྟས་ན་འཇིག་རྟེན་གྱི་བྱ་བ་ཕལ་པ་དམག་རྒྱལ་བ་ཙམ་གྱི་ཆེད་དུ་གསུངས་པ་ལྟ་བུ་ཡིན་རུང་། བརྒྱུད་ནས་དེས་ཉན་པ་པོ་རྣམས་ཀྱི་རྒྱུད་སྨིན་པར་བྱས་ནས་འཁོར་བ་ལ་ཞེན་ལོག་གིས་ཐར་པའི་གོ་འཕང་ལ་འགོད་ཐབས་རེད། རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ།། རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག།།དེ་ཡང་མྱ་ངན་འདའ་ཕྱིར་ཏེ།། ཞི་གྱུར་མིན་མཛད་ཁྱོད་ལ་མེད།། ཅེས་གསུངས་པ་བཞིན་སངས་རྒྱས་ཀྱིས་གང་གསུངས་པ་རྣམས་གདུལ་བྱ་མྱ་ངན་ལས་འདས་པ་ལ་འགོད་པ་ཁོ་ན་ལས་གཞན་མེད། མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པའི་ཐོག་མའི་འཇུག་སྒོ་ནི་ངེས་པར་འབྱུང་བའི་སེམས་དེ་རེད། དེར་བརྟེན་ངེས་འབྱུང་གི་བློ་དེ་སངས་རྒྱས་ཀྱི་གསུང་ཐམས་ཅད་ཀྱི་སྙིང་པོ་དོན་རེད། དེ་ཡང་སངས་རྒྱས་ཀྱི་ཐུགས་ཀྱི་བཞེད་པ་གཙོ་བོ་ནི་གདུལ་བྱ་རྣམས་ཐར་པའི་གོ་འཕང་ལ་འགོད་རྒྱུ་དེ་རེད། དེ་ལྟ་བུ་གདུལ་བྱ་རྣམས་ཐར་པ་ལ་འགོད་པའི་ཐབས་ལམ་ནི་ངེས་འབྱུང་གི་བསམ་པ་རྒྱུད་ལ་བསྐྱེད་རྒྱུ་དེ་རེད།

རྒྱལ་བའི་སྲས་དམ་པ་ཚོས་བསྔགས་པའི་ལམ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རེད། རྒྱལ་བའི་སྲས་ནི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ལྡན་པའི་གང་ཟག་རྣམས་རེད། དེ་དག་གིས་རྒྱུན་དུ་བསྔགས་པའི་ལམ་ནི་བྱང་ཆུབ་ཀྱི་སེམས་རེད། སྤྱོད་འཇུག་ལས། དེང་དུས་བདག་ཚེ་འབྲས་བུ་ཡོད།། མི་ཡི་སྲིད་པ་ལེགས་པར་ཐོབ།། དེ་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་ད་གྱུར་ཏོ།། ཞེས་གསུངས་པ་བཞིན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ན་རྒྱལ་བའི་སྲས་སུ་གྱུར་ཏེ་དོན་ལྡན་དུ་གྱུར། སྤྱོད་འཇུག་ལས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།། སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།། ཞེས་གསུངས་པ་བཞིན་བྱང་ཆུབ་སེམས་དཔས་རྒྱུན་དུ་བསྔགས་པའི་ལམ་ནི་བྱང་ཆུབ་ཀྱི་སེམས་ཉིད་རེད། དེ་ཡང་གང་ལ་སེམས་ཀྱི་དམ་པ་རིན་ཆེན་སྐྱེས་པ་དེ་ཅིའི་ཕྱིར་ཕྱག་འཚལ་བའི་ཡུལ་ཡིན་ཞེ་ན། ཕར་གནོད་པ་བྱས་ཀྱང་ཚུར་བདེ་བ་སྒྲུབ་པ་དང་འབྲེལ་བ་ཡིན་པས་སོ།།

སྐལ་ལྡན་ཐར་པ་འདོད་པ་རྣམས་ཀྱི་འཇུག་ངོགས་ནི་ཡང་དག་པའི་ལྟ་བ་རེད། སྐལ་ལྡན་ཞེས་པ་ནི་སྐལ་བ་བཟང་པོ་རེད། དེ་ནི་ཐར་པ་ཐོབ་པའི་ནུས་པ་ཡོད་པ་ལ་ཟེར། འཇུག་ངོགས་ཞེས་པ་ནི་འགྲོ་ལམ་ལྟ་བུ་ལ་ཟེར། རྒྱ་གར་སྐད་དུ་འཇུག་ངོགས་ནི་ཆུ་བོ་ཆེན་པོ་གང་ས་ནས་བརྒལ་བདེ་མེད་པས་བརྒལ་ས་དམའ་ས་ཟུར་དུ་བཟོས་པ་དེ་ལ་བརྗོད། དེས་ན་ཐར་འདོད་རྣམས་ཀྱི་འཇུག་ངོགས་ནི་ཡང་དག་པའི་ལྟ་བ་དེ་རེད།

དེ་ལྟ་བུའི་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་བཅས་གསུམ་པོ་ངས་གང་ཐུབ་ཀྱིས་བཤད་རྒྱུ་ཡིན་ཞེས་རྩོམ་པར་དམ་བཅས་པ་རེད། ཇི་ལྟར་ནུས་བཞིན་ཞེས་པ་ནི་ཕྱོགས་གཅིག་ནས་ཁེངས་སྐྱུང་བའི་ཚིག་རེད། དེ་ཡང་ཁེངས་པ་བསྐྱུངས་ནས་བདག་གིས་རྒྱ་ཆེན་པོ་མང་པོ་བཤད་མི་ཐུབ་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་བཤད་ཀྱི་ཡིན་ཞེས་གསུངས། བསྟན་བཅོས་མང་ཆེ་བའི་དབུར་ཁེངས་སྐྱུང་བའི་ཚིག་ཡོང་གི་ཡོད། ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།། ཞེས་པ་དེ་སྤྱིར་ཁེངས་སྐྱུང་བའི་ཚིག་ཡིན་རུང་། དེ་ལ་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་ལམ་གཙོ་རྣམ་གསུམ་ལ་ཤློཀ་བཅུ་བཞི་ལས་མེད་ཅིང། དེ་ལྟ་བུའི་ཚིག་ཉུང་ངུའི་ནང་གང་ཐུབ་ཀྱིས་བསྡུས་ཏེ་བཤད་ཀྱི་ཡིན་ཞེས་པའི་གོ་སྟངས་ཀྱང་ཡོད་ཅེས་གསུངས། སྤྱིར་རྩོམ་པར་དམ་བཅའི་ཚིགས་རྐང་དང་པོ་གསུམ་གྱིས་ལམ་གྱི་གཙོ་བོ་རྣམ་པ་གསུམ་པོ་རེ་རེ་ལ་ཐ་དད་དུ་སྦྱར་རུང་། རེ་རེ་ལ་གསུམ་གའང་སྦྱར་ཆོག  ཤློཀ་འདི་ལ་རྒྱས་པར་འཆད་ན། ཆེ་བ་བཞི་དང་ཁྱད་ཆོས་གསུམ་སོགས་གསུང་སྲོལ་ཡོད་ཀྱང་། ད་རེས་དུས་ཚོད་ཐུང་ངུ་ལས་མེད་ཙང་མི་དགོས་པ་བྱ་རྒྱུ་ཡིན།

གསུམ་པ་སྣོད་ལྡན་ཉན་པར་སྐུལ་བ་ནི། གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།། དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།། རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།། སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན།། ཞེས་གསུངས་པ་བཞིན་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་གཙོ་བོར་གྱུར་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ཡིད་དྭང་བ་འདྲེན་པོའི་ཐོག་ནས་ཉན་དགོས་ཞེས་གསུངས། དེ་ཡང་། གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།། ཞེས་པས་ངེས་འབྱུང་བསྟན། དེ་ཡང་སྲིད་པའི་བདེ་བ་ལ་མ་ཆགས་པ་ནི་སྲིད་པ་ལས་ངེས་པར་འབྱུང་བའི་བསམ་པའོ།། དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།། ཞེས་པས་བྱང་ཆུབ་ཀྱི་སེམས་བསྟན། དེ་ཡང་དལ་འབྱོར་དོན་ཡོད་པ་བྱ་བའི་ཕྱིར་དུ་བྱ་བ་ཆེ་ཤོས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལས་ལྷག་པ་མེད། རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།། ཞེས་པས་ཡང་དག་པའི་ལྟ་བ་བསྟན། དེ་ནི་རྒྱལ་བ་དགྱེས་པའི་ལམ་ཡིན་ཞིང་། ལྟ་བ་རྣམ་པར་དག་པ་རྒྱུད་ལ་སྐྱེས་ན་རྒྱལ་བའི་ཐུགས་ཀྱི་བཞེད་དགོངས་འཁོར་བ་ལས་སྒྲོལ་བའི་ལམ་དེ་འགྲུབ་པས་སོ།། འདིར་རྟོན་ཞེས་པ་ནི་བརྟེན་པའམ་ལྟོས་པ། ཡང་ན་ཡིད་ཆེས་པའི་དོན་རེད། གང་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་སྟོན་པའི་གཞུང་འདིའི་ཆེད་དུ་བྱ་བའི་གདུལ་བྱ་སྣོད་དུ་རུང་བ་ནི་སྲིད་པའི་བདེ་བ་ལ་མ་ཆགས་པར་ངེས་འབྱུང་གི་བསམ་པ་སྐྱེ་འདོད་ཡོད་པ་དང་། དལ་འབྱོར་དོན་ཡོད་བྱ་བའི་ཕྱིར་དུ་བྱང་ཆུབཀྱི་སེམས་སྦྱོང་འདོད་ཡོད་པ། རྒྱལ་བ་དགྱེས་པའི་ལམ་ཡང་དག་པའི་མཐའ་རྟོགས་འདོད་ཡོད་པ་ཞིག་དགོས། དེ་ལྟ་བུ་ལ་ཡིད་རྟོན་པའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་དྭང་བའི་ཡིད་ཀྱིས་ཉོན་དགོས་ཞེས་སྐུལ། འདིར་དྭང་བ་ནི་དད་པ་གསུམ་གྱི་ནང་ནས་དྭང་བའི་དད་པ་དང་།  དེ་བཞིན་སེམས་རྙོག་པ་མེད་པ་ལའང་སྦྱར་ཆོག  དྭང་བའི་ཡིད་ཀྱིས་ཉོན་ཞེས་པས་ཤུགས་ལ་འགལ་རྐྱེན་སྣོད་ཀྱི་སྐྱོན་གསུམ་སྤང་བ་དང་མཐུན་རྐྱེན་འདུ་ཤེས་དྲུག་བསྟན་ཞིང་། དེ་ཡང་ཆོས་ཉན་པའི་མཐུན་རྐྱེན་འདུ་ཤེས་དྲུག་གི་ནང་ནས་རང་ལ་ནད་པ་ལྟ་བུའི་འདུ་ཤེས་དང་། ཆོས་ལ་སྨན་ལྟ་བུའི་འདུ་ཤེས་གཉིས་གལ་ཆེ་ཤོས་བརྩི་བ་རེད། ཆོས་འདི་ཉན་པ་ལ་བརྟེན་ནས་རང་གི་སེམས་རྒྱུད་བཟང་དུ་འགྲོ་བ་དང་། རང་གི་རྒྱུད་ཀྱི་ཉོན་མོངས་མངོན་གྱུར་པ་ཆུང་དུ་འགྲོ་བའི་འདུན་པ་མེད་ན་ཆོས་ཉན་པའི་འོས་ཆོས་མི་ཚང་བ་རེད། བླ་མ་གོང་མ་ཚོའི་ཕྱག་བཞེས་ལྟར་ན། འདིའི་སྐབས་སུ་ཆེ་བ་གཉིས་ལྡན་གྱི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བའི་ཚུལ་རྣམས་གསུངས་སྲོལ་ཡོད།

གཉིས་པ་བསྟན་བཅོས་ལུས་དངོས་ལ། ངེས་འབྱུང་བཤད་པ། བྱང་ཆུབ་ཀྱི་སེམས་བཤད་པ། ཡང་དག་པའི་ལྟ་བ་བཤད་པ། སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་གདམས་པ་བཅས་བཞིའོ།། དང་པོ་ངེས་འབྱུང་བཤད་པ་ལ། ངེས་འབྱུང་བསྐྱེད་དགོས་པའི་རྒྱུ་མཚན། ངེས་འབྱུང་བསྐྱེད་པའི་ཚུལ། ངེས་འབྱུང་བསྐྱེད་པའི་ཚད་བཅས་གསུམ་མོ།།

ངེས་འབྱུང་བཤད་པ།

དང་པོ་ངེས་འབྱུང་བསྐྱེད་དགོས་པའི་རྒྱུ་མཚན་ནི། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།། བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།། ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།། ཅེས་གསུངས་པ་བཞིན་ངེས་འབྱུང་ལ་རྣམ་པར་དག་པ་དང་རྣམ་པར་མ་དག་པ་གཉིས་ཡོད། འདིར་ངེས་འབྱུང་ལ་རྣམ་པར་དག་པའི་ཁྱད་ཆོས་སྦྱར་བ་ནི་ངེས་པར་འབྱུང་བའི་གཞི་སྡུག་ཀུན་གཉིས་ཀའི་གནས་སྟངས་ཤེས་པའི་ཐོག་ནས་ངེས་པར་འབྱུང་བ་དགོས་པ་ལས། སྡུག་བསྔལ་གྱི་སྡུག་བསྔལ་ཙམ་ལ་ཡིད་བསུན་ནས་དེ་ལས་ཐར་འདོད་སྐྱེས་པ་ཙམ་ལ་ངེས་འབྱུང་གི་མཚན་ཉིད་མི་ཚང་ཞིང་། སྡུག་བསྔལ་གྱི་སྡུག་བསྔལ་ལས་ཐར་འདོད་དུད་འགྲོ་ཡན་ལའང་ཡོད། དེས་སྡུག་བསྔལ་གྱི་སྡུག་བསྔལ་གྱི་ངོ་གདོང་དེ་ལས་དེའི་ཀུན་འབྱུང་གི་རིམ་པ་རྣམས་མི་ཤེས་པས་ཐར་པ་དོན་གཉེར་ཚད་ལྡན་མི་ཡོང། ངེས་འབྱུང་སྤུ་སུད་ནི་ངེས་འབྱུང་གཏིང་ཟབ་མེད་པར་སྐབས་རེ་གྲ་མ་འགྲིག་དང་རྐྱེན་ཆག་སྒོ་སོགས་བྱུང་བ་ན་སྡུག་བསྔལ་གྱི་སྡུག་བསྔལ་ལ་ཡིད་བསུན་ནས་སྲིད་པའི་ཕུན་ཚོགས་ལ་སྙིང་པོ་གང་ཡང་མེད་པར་ཚང་མ་བློས་བཏང་གིས་ཆོས་ཤིག་བྱ་སྙམ་པའི་བསམ་པ་གློ་བུར་བ་བྱུང་བ་དེ་རེད། ཡང་འཁོར་བའི་ཕུན་ཚོགས་གཞན་ཞིག་མཐོང་བ་ན་སྔར་གྱི་བསམ་བློ་དེ་འགྱུར་རྒྱུ་རེད།

ཟག་བཅས་ཀྱི་ཚོར་བ་རགས་པའམ་ཟག་བཅས་ཀྱི་བདེ་བ་མངོན་འགྱུར་བ་ཙམ་ལ་ཡིད་འབྱུང་བ་དེ་ཕྱི་རོལ་པ་བསམ་གཏན་གྱི་དངོས་གཞི་གྲུབ་པ་ལའང་ཡོད། ཚོར་བ་བཏང་སྙོམས་ལའང་ཡིད་འབྱུང་ནས་གཟུགས་མེད་ཀྱི་དངོས་གཞི་གྲུབ་པ་ཚོས་སོ་སོའི་སྐབས་བབ་ཀྱིས་ས་འོག་མ་ལ་རགས་པར་བལྟས་ནས་དེ་འདོར་འདོད་ཀྱི་བློ་དང་དེ་ལས་གྲོལ་བའི་ཐར་པ་ཐོབ་འདོད་ཀྱི་བློ་ཡོད་པ་ཚོ་ལ་ངེས་འབྱུང་ཞེས་མི་བརྗོད། གང་ལགས་ཤེ་ན། དེ་ནི་སྲིད་པའི་མཚོ་འདིའི་ནང་འཁོར་བ་མ་གཏོགས། འཁོར་བའི་རྩ་བ་མ་རིག་པ་དང་། དེས་གསོག་པའི་འདུ་བྱེད་ཀྱི་ལས་མེད་པ་བཟོས་ནས་འཁོར་བ་ལ་སླར་མི་སྐྱེ་བའི་ཆོས་ཅན་དུ་འགྲོ་བའི་བསམ་ཚུལ་མེད། དེས་ན་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོའི་ནང་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ཞེས་ས་བཅད་གཉིས་འཇོག་པ་དེ་ནི་སྡུག་བདེན་འཁོར་བའི་ཉེས་དམིགས་མ་བསམ་ན་འཁོར་བ་ལས་ཡིད་སྐྱོ་བའི་ངེས་འབྱུང་མི་ཡོང་ཞིང་། སྡུག་བདེན་འཁོར་བའི་ཉེས་དམིགས་བསམས་ནས་འཁོར་བ་ལས་ཡིད་སྐྱོ་བའི་བསམ་པ་སྐྱེ་ན་འཁོར་བ་ལས་ཐར་འདོད་བྱུང་། དེ་ལྟ་བུའི་འཁོར་བ་ལས་ཐར་འདོད་ཚད་ལྡན་ཇི་ལྟར་སྐྱེ་ཐུབ་ཅེ་ན། ཀུན་འབྱུང་འཁོར་བའི་འཇུག་རིམ་ཤེས་དགོས་ཤིང་། དེ་ཡང་འཁོར་བའི་རྩ་བ་གང་ཡིན་པ་དང་། དེའི་དབང་གིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་ཇི་ལྟར་བྱུང་བ། གལ་ཏེ་དེ་ལས་ཐར་དགོས་ན་འཁོར་བའི་རྩ་བ་མ་རིག་པ་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་ཡོད་མིན། མ་རིག་པ་དེ་བློ་དོན་མཐུན་ཡིན་མིན། དེས་ཡུལ་ཇི་འདྲ་ཞིག་ལ་ཞེན་པའམ་འཛིན་པ། དེའི་ཞེན་ཡུལ་སུན་ཕྱུང་ནས་བརྩད་ནས་དབྱུང་ཐུབ་མིན། གལ་ཏེ་བརྩད་ནས་དབྱུང་ཐུབ་ན་དེའི་ཐབས་ལམ་ཇི་ལྟར་ཡིན་པ་སོགས་ཤེས་པ་ན་འཁོར་བ་ལས་ངེས་པར་དུ་ཕྱི་རོལ་ཏུ་འབྱུང་བའི་ཐབས་དེ་མཐོང་ནས་དེའི་ཐོག་བསྐྱོད་པ་ལ་གཞི་ནས་ངེས་འབྱུང་གི་ཐ་སྙད་སྦྱར་བ་རེད། དེ་མིན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཙམ་མཐོང་ནས་དེ་ལས་གྲོལ་འདོད་ཀྱི་བློ་སྐྱེས་ནའང་གྲོལ་བའི་རིམ་པ་དང་ལམ་མ་ཤེས་ན་ངེས་འབྱུང་བཅོས་མ་མིན་པ་ཡོང་མི་ཐུབ།

བདེ་འབྲས་ཞེས་པ་ནི་བདེ་བ་དང་བདེ་བའི་འབྲས་བུ་རེད། དེ་རགས་པ་ཙམ་བཤད་ན། ཟག་བཅས་ཀྱི་ཚོར་བ་བདེ་བ་དང་། དེའི་འབྲས་བུ་ཡིད་བདེ་བའམ་ཡིད་དགའ་བ། ལུས་ཚོར་བདེ་བ་ལ་བརྟེན་ནས་སེམས་ཚོར་ཡིད་དུ་འོང་བ་སྐྱེ་བ་ལྟ་བུ་ལ་བདེ་འབྲས་ཞེས་ཟེར། དེ་ལྟ་བུའི་བདེ་འབྲས་ནི་ང་ཚོས་དོན་དུ་གཉེར་བྱ་གཙོ་བོ་དེ་རེད། དཔེར་ན་ལུས་ཤེས་འཁོར་གྱི་ཚོར་བ་བདེ་བ་རྐྱང་པ་ཙམ་ལ་དེ་ཙམ་གྱི་སྲེེད་པ་ཡོང་ཉུང་བ་རེད། ལུས་ཤེས་འཁོར་གྱི་ཚོར་བ་བདེ་བས་དྲངས་པའི་ཡིད་བློའི་ཁོངས་སུ་གཏོགས་པའི་སེམས་ཚོར་བདེ་བ་དེ་ནི་ཡིད་འཕྲོག་པར་བྱེད་པའམ་ཡིད་ཚིམས་པར་བྱེད་པ་དེ་རེད། དེ་ལ་དོན་གཉེར་ནི་རྟག་ཏུ་ངམ་ངམ་ཤུགས་ཀྱིས་ཡོང་བ་རེད། དེ་ལྟ་བུའི་དོན་གཉེར་དེ་ཞི་བའི་ཐབས་ཇི་ལྟར་བྱེད་ཐུབ་ཅེ་ན། སྡུག་བདེན་འཁོར་བའི་ཉེས་དམིགས་དང་ཀུན་འབྱུང་འཁོར་བའི་འཇུག་རིམ་ཤེས་པའི་ཐོག་ནས་རྣམ་པར་དག་པའི་ངེས་འབྱུང་སྐྱེ་དགོས། གལ་ཏེ་བདེ་འབྲས་དོན་གཉེར་ཞི་བའི་ཐབས་མ་བྱེད་ན་སྲིད་པ་ལ་བརྐམ་པའམ་སྲེད་ཞེན་གྱི་བློ་དེས་སེམས་ཅན་རྣམས་རྣམ་པ་ཀུན་ཏུ་འཆིང་བ་རེད། འཁོར་བ་འགྲུབ་བྱེད་ཀྱི་ལས་དེས་དངོས་སུ་སྐྱེ་བ་དང་རྒ་ཤི་སོགས་རྟེན་འབྲེལ་ལྷག་མ་རྣམས་ལ་ཉིང་མཚམས་སྦྱར་འཇུག་མཁན་དེ་སྲེད་པ་དང་ལེན་པ་རེད། དེས་ན་ལས་སྟོབས་ཆེན་པོ་ཡོད་ཀྱང་གསོས་འདེབས་བྱེད་ཀྱི་ཉོན་མོངས་མེད་ན་འཁོར་བར་འཆིང་མི་ཐུབ། སྤྱིར་འཁོར་བར་འཆིང་བའི་རྒྱུའི་གཙོ་བོ་ལས་ཉོན་གཉིས་ཡིན་རུང་། དེ་གཉིས་ཀྱི་ནང་ནས་གཙོ་ཆེ་བ་ཉོན་མོངས་པ་དེ་རེད། ལས་གསོག་འཇུག་མཁན་ཉོན་མོངས་པ་རེད་ལ། བསགས་པའི་ལས་དེ་དངོས་སུ་ཉིང་མཚམས་སྦྱར་ནས་འབྲས་བུ་འབྱིན་འཇུག་མཁན་ཡང་ཉོན་མོངས་པ་དེ་རེད། དེར་བརྟེན་སྲིད་ལ་བརྐམ་པའི་ཡིད་འདོད་སྲེད་དེ་ལུས་ཅན་རྣམས་འཆིང་བར་བྱེད་པའི་རྒྱུ་རུ་འགྱུར། སྲིད་ལ་བརྐམ་པའི་ཡིད་དེའི་ཁ་གཏད་དམ་ལྡོག་ཕྱོགས་ནི་ངེས་འབྱུང་གི་བསམ་པ་ཡིན་པས་ལམ་གཙོ་རྣམ་གསུམ་ལས་ཐོག་མར་ངེས་འབྱུང་བཙལ་དགོས་པར་གསུངས།

སྤྱིར་བློ་སྐྱེ་བའི་རིམ་པའི་དབང་དུ་བྱས་ན། དབང་པོ་རྣོན་པོ་མང་པོས་ལྟ་བ་སྔོན་དུ་རྟོགས་ནས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རྗེས་སུ་བསྐྱེད་པ་ཡོད་ཅིང་། འོན་ཀྱང་ལམ་སྒོམ་པའི་རིམ་པའི་དབང་དུ་བྱས་ན་ཐོག་མར་ངེས་འབྱུང་གི་བསམ་པ་ནས་མགོ་འཛུགས་ན་སྟབས་བདེ་བ་དང་ནུས་པ་ཆེ་བ་རེད། གང་ལགས་ཤེ་ན། ངེས་འབྱུང་གིས་སྙིང་རྗེ་ཆེན་པོ་བསྐྱེད་པ་ལ་གྲོགས་བྱེད་པར་བརྟེན། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་གྲོགས་བྱེད། དེའི་དབང་གིས་ལྟ་བ་རྟོགས་ནའང་དེ་ཞི་བ་མྱང་འདས་ཀྱི་ལམ་ལས་མི་འགོལ་བ་རེད། གཞན་ལྟ་བ་རྟོགས་ནས་ཉོན་མོངས་སྤོང་བའི་ནུས་པ་ཐོན་པ་ན་བྱང་ཆུབ་སེམས་རྣམ་པར་དག་པ་མེད་ན་སྒྲིབ་པ་གཉིས་ཀའི་གཉེན་པོར་འགྲོ་བའི་ནུས་པ་བཏོན་པའི་འདུན་པ་མེད་པར་འགྱུར་སྲིད་པར་བརྟེན། ཐོག་མར་ངེས་འབྱུང་དང་བྱང་སེམས་ལ་བློ་སྦྱང་དགོས་པ་དེ་གལ་ཆེན་པོ་རེད།

འདིར་བརྐམ་པ་ཞེས་པའི་དོན་ནི་དཔེར་ན་སྦྱར་རྩི་ཤིང་གི་ཐོག་བྱུགས་པ་དེ་བརྐམ་ན་བཀོག་ཁག་པོ་ཡོད་པ་ལྟ་བུ་རེད། གང་ལྟར་སྲིད་པའི་ཟག་བཅས་ཀྱི་བདེ་བ་ལ་ཧ་ཅང་བརྐམ་པའམ་སྲེད་པ་རེད། དེང་སང་གནས་བརྟན་སྡེ་པས་འཁོར་བའི་རྩ་བ་སྲེད་པ་ལ་འདོད་པ་རེད། ཐེག་པ་ཐུན་མོང་བའི་མདོའི་ནང་སྡུག་བསྔལ་ཐམས་ཅད་སྲེད་པ་ལས་བྱུང་བ་གསུངས་པའང་ཡོད་འདུག

གཉིས་པ་ངེས་འབྱུང་བསྐྱེད་པའི་ཚུལ་ལ། ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་བསྐྱེད་ཚུལ་དང་། ཕྱི་མའི་སྣང་ཤས་ལྡོག་པའི་ངེས་འབྱུང་བསྐྱེད་ཚུལ་གཉིས་ལས། དང་པོ་ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་བསྐྱེད་ཚུལ་ནི། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།། ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོགཅེས་པའི་བཤད་པ་བྱེད་པའི་སྐབས་སུ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པའི་བློ་སྦྱོང་ཚུལ་བཤད་དགོས་ཀྱང་། དུས་ཚོད་མེད་པས་འཇོག་རྒྱུ་ཡིན། དལ་འབྱོར་རྙེད་དཀའ་ཞེས་པའི་ནང་དལ་འབྱོར་དོན་ཆེ་བ་བསམ་པ་དང་། དལ་འབྱོར་རྙེད་དཀའ་བ་བསམ་པ་སོགས་དལ་འབྱོར་སྐོར་ཡོངས་སུ་རྫོགས་པ་འགྲོ་དགོས། ཚེ་ལ་ལོངས་མེད་པ་ཞེས་པའི་ནང་ངེས་པར་འཆི་བ་དང་། ནམ་འཆི་ངེས་མེད། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་མི་ཐོགས་སོགས་འཆི་བ་མི་རྟག་པའི་སྐོར་ཆ་ཚང་འགྲོ་དགོས། དེ་ཚོ་དཔྱད་སྒོམ་བྱས་ནས་ཡིད་ལ་གོམས་ན་ཚེ་འདིའི་སྣང་ཤས་ལྡོག་ཐུབ་པར་གསུངས། འདིར་སྣང་ཤས་ཞེས་པ་ནི་སྲེེད་པ་རེད། དེ་ནི་ཚེ་འདི་ལ་བརྐམ་པའི་དོན་རེད།

ཚེ་འདི་སྣང་གི་བརྐམ་ཆགས་ལྡོག་པའི་དོན་དུ་བློ་སྦྱོང་བའི་རིམ་པ་གང་ཡོད་ཅེ་ན། ཐོག་མར་དལ་འབྱོར་དོན་ཆེ་རྙེད་དཀའ་བསམ་དགོས་པ་དང་། དེ་ནས་འཆི་བ་མི་རྟག་པ་བསམ་དགོས་པ་ཡིན། དེ་དག་བློ་ལ་ལེགས་པར་གོམས་ན་དེའི་དབང་གིས་ཚེ་འདིའི་སྣང་ཤས་ལྡོག་ནས་ཕྱི་མ་མངོན་མཐོ་དོན་གཉེར་གྱི་འདུན་པ་སྐྱེ་བ་རེད། ཕྱི་མ་མངོན་མཐོ་དོན་གཉེར་གྱི་འདུན་པ་དེ་ངེས་འབྱུང་གི་ཆ་ཤས་སུ་མི་གཏོགས་ཀྱང་། ངེས་འབྱུང་སྐྱེ་བའི་རྐྱེན་གྱི་རིམ་པའི་ནང་ངེས་པར་དུ་ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་དེ་དགོས།

གཉིས་པ་ཕྱི་མའི་སྣང་ཤས་ལྡོག་པའི་ངེས་འབྱུང་བསྐྱེད་ཚུལ་ནི། ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས།། ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོགཅེས་གསུངས་པ་བཞིན་ལས་འབྲས་མི་བསླུ་ཞེས་པ་དེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་གཉིས་ཀ་དང་། འཁོར་བའི་སྡུག་བསྔལ་ཞེས་པ་དེ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་བསྟན་པ་རེད།

དེ་ཡང་ལས་འབྲས་ཀྱི་རྣམ་གཞག་ཚུལ་བཞིན་དུ་བསམ་པ་ལ་བརྟེན་ནས་ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བའི་རིམ་པ་དེ་ཤེས་དགོས། འཁོར་བའི་སྡུག་བསྔལ་ཇི་བཞིན་རྭ་འཕྲོད་པ་ལ་ལས་འབྲས་མི་བསླུ་བའི་རྣམ་གཞག་ཤེས་དགོས་པ་གལ་ཆེན་པོ་རེད། དེ་བཞིན་ལས་དཀར་ནག་གི་འབྲས་བུར་བདེ་འགྲོ་དང་ངན་འགྲོར་སྐྱེ་བ་ལེན་ཚུལ་གྱི་ཤིན་ཏུ་ལྐོག་གྱུར་རྣམས་ཀྱང་ཤེས་དགོས། འཁོར་བའི་སྡུག་བསྔལ་ཞེས་པའི་ནང་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང་། འཁོར་བ་བྱེ་བྲག་གི་སྡུག་བསྔལ་བསམ་པ་གཉིས་རེད། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་ལ། སྡུག་བསྔལ་བརྒྱད་བསམ་པ། སྡུག་བསྔལ་དྲུག་བསམ་པ། སྡུག་བསྔལ་གསུམ་བསམ་པ་སོགས་བསམ་ན་ཕྱི་མ་མངོན་མཐོའི་གོ་འཕང་ཙམ་ལ་ཆགས་པའི་སྲེད་པ་དེ་ལྡོག་ཐུབ་པར་གསུངས། ཚིགས་བཅད་འདིའི་ནང་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པའི་བློ་སྦྱོང་རྣམས་འདུ་དགོས།

དེ་ནས་དམིགས་རྣམ་སྐྱོང་མཁན་ཡིན་ན། མཆོད་བརྗོད་ཀྱི་སྐབས་སུ་བཤེས་གཉེན་བསྟེན་ཚུལ་གྱི་དམིགས་རྣམ་དང་། ངེས་འབྱུང་བསྐྱེད་པའི་ཚུལ་གྱི་སྐབས་སུ་དལ་འབྱོར་དོན་ཆེན་རྙེད་དཀའ་དང་། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་རྣམས་ལ་དམིགས་རྣམ་སྐྱོང་དགོས།

མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

 

ཉིན་གསུམ་པ།

༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༤

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ། སློབ་དཔོན་ཆེན་པོ་འཕགས་པ་ལྷའི་གསུང་ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ།། རྣམ་པ་ཀུན་ཏུ་ཡོད་མིན་ན།། བྱིས་ཁྱོད་འདིར་ནི་བྱིང་བ་ལ།། འཇིགས་པ་ཅིས་ན་སྐྱེ་མི་འགྱུར།། ཞེས་གསུངས་པ་བཞིན་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སོགས་སྡུག་བསྔལ་རྣམ་པ་སྣ་ཚོགས་པས་རྦ་ཀློང་དྲག་པོ་འཁྲུགས་པའི་འཁོར་བའི་རྒྱ་མཚོ་འདི་ལ་མཐའ་རྣམ་པ་ཀུན་ཏུ་ཡོད་པ་མིན། དེ་ལྟ་བུའི་མཐའ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིའི་ནང་བྱིས་པ་སོ་སོ་སྐྱེ་བོ་རྣམས་བྱིང་བ་ལ་ཅིའི་ཕྱིར་འཇིགས་པའམ་ཡིད་འབྱུང་མི་སྐྱེ་ཞེས་ཡ་མཚན་པའི་ངང་ནས་གསུངས་པ་ལྟ་བུ་རེད། སྤྱིར་འཁོར་བ་ལ་ཐོག་མའི་མཐའ་མེད་རུང་། མཐའ་མའི་མཐའ་ཡོད་པ་ཡོངས་གྲགས་སུ་འདོད་པ་རེད། འོན་ཀྱང་གང་ཟག་སོ་སོའི་འཁོར་བ་ལ་མཐའ་ཡོད་མེད་གང་ཟག་སོ་སོའི་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་ལ་མཐའ་གཅིག་ཏུ་རག་ལས་པ་ཡིན་ཙང་། འཁོར་བ་ལ་ངེས་པར་འབྱུང་ནས་ཐར་པ་དོན་གཉེར་གྱི་བློས་ཀུན་ནས་བསླངས་ཏེ་ཐར་པ་སྒྲུབ་བྱེད་ཀྱི་ལམ་བསླབ་པ་གསུམ་ལ་བསླབ་ན་འཁོར་བ་མཐའ་ཅན་དུ་ངེས་པར་དུ་བྱེད་ཐུབ། གལ་ཏེ་ལམ་ལ་མ་བསླབ་ན་འཁོར་བ་རང་བཞིན་གྱིས་མཐའ་ཅན་དུ་མི་འགྱུར་བ་དེ་མངོན་སུམ་ཚད་གྲུབ་རེད། ང་ཚོས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བ་འཁོར་ཚུལ་ལ་བསམ་ན་ཉིན་རེ་བཞིན་ཚེ་འདིའི་འབྲས་དུས་ཀྱི་རྟེན་འབྲེལ་ཚར་གཅིག་གི་ནང་རྒྱུ་དུས་ཀྱི་རྟེན་འབྲེལ་མ་རིག་པས་ཀུན་ནས་བསླངས་ཏེ་འདུ་བྱེད་ཀྱི་ལས་ཤུགས་ཆེན་པོས་ཇི་ཙམ་བསགས་པའི་གྲངས་ཙམ་ལ་བལྟས་ནའང་འཁོར་བ་མཐའ་མེད་པ་དེ་རང་བཞིན་གྱིས་མཐོང་ཐུབ། དེ་ལྟ་བུའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བ་འཁོར་ཚུལ་ལ་བསམས་ནས་ངེས་འབྱུང་ཤུགས་དྲག་སྐྱེ་བའི་རྒྱུ་རྐྱེན་གཙོ་བོ་ནི་འབྲས་དུས་ཀྱི་རྟེན་འབྲེལ་གྱི་ཁུག་པ་རེ་རེའི་ནང་རྒྱུ་དུས་ཀྱི་རྟེན་འབྲེལ་སྟོང་ཕྲག་མང་པོ་བསགས་དང་གསོག་བཞིན་པ་དེ་ལ་གཉེན་པོས་བཅོམ་པའི་གོ་སྐབས་མ་མཐོང་བ་ན་རང་བཞིན་གྱིས་འཁོར་བ་དེའང་མཐའ་མེད་པར་གྱུར། དེ་ལྟ་བུ་རྣམ་པ་ཀུན་ཏུ་མཐའ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིའི་ནང་བྱིས་པ་ཁྱོད་བྱིང་བ་ལ་མཐའ་མེད་པ་དང་སྡུག་བསྔལ་གསུམ་གྱིས་མནར་བའི་གནས་ཚུལ་རྣམས་མཐོང་ན་ངེས་པར་དུ་འཇིགས་པ་སྐྱེ་རྒྱུ་རེད། གལ་ཏེ་མ་མཐོང་ན་སྡུག་བསྔལ་ལ་བདེ་བར་ཞེན་ནས་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ལ་མངོན་དུ་རྒྱུག་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པ་བཞིན་རེད།

དེས་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བ་ན་བདེན་པ་བཞི་ལ་དམིགས་བསལ་གྱི་ཁྱད་ཆོས་རེ་སྦྱར་ནས་གསུངས་ཡོད། དེ་ཡང་སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་དགོས་པ་ནི་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པ་དེ་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་ལྟ་བུ་རེད། སྤྱིར་སྡུག་བསྔལ་མི་འདོད་པ་དེ་སེམས་ཅན་ཞིག་ཡིན་ཕྱིན་རང་གཤིས་རེད། སེམས་ཅན་སོ་སོའི་རང་གཤིས་ཀྱི་ཐོག་ནས་སྡུག་བསྔལ་འདོད་པ་དང་བདེ་བ་མི་འདོད་པ་སུའང་མེད། དེ་ནི་ཆོས་ཉིད་ཀྱི་རིགས་པས་འགྲུབ་ཐུབ། ཡིན་ནའང་སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ལ་མངོན་པར་རྒྱུག་པ་དང་། བདེ་བ་འདོད་ཀྱང་བདེ་བའི་རྒྱུ་མི་སྒྲུབ་པ་ནི་སྡུག་བསྔལ་ཡོངས་སུ་རྫོགས་པ་སྡུག་བསྔལ་གྱི་ངོ་བོ་ལ་མ་མཐོང་བ་དེའི་དབང་གིས་རེད། སྡུག་བསྔལ་གྱི་སྡུག་བསྔལ་ཙམ་ལས། འགྱུར་བའི་སྡུག་བསྔལ་ལ་བདེ་བའི་ངོ་བོར་སྲོག་ཆགས་ཕལ་མོ་ཆེས་ཞེན་པ་རེད། གྲུབ་མཐའ་ལ་བློ་ཁ་ཕྲན་བུ་ཕྱོགས་པ་རྣམས་མ་གཏོགས། སྐྱེ་བོ་ཕལ་པ་མཁས་བླུན་ཐམས་ཅད་ཀྱིས་འགྱུར་བའི་སྡུག་བསྔལ་ལམ་ཟག་བཅས་ཀྱི་བདེ་བ་ཡོངས་རྫོགས་བདེ་བའི་ངོ་བོར་མཐོང་བ་རེད། འགྱུར་བའི་སྡུག་བསྔལ་དེ་སྡུག་བསྔལ་གྱི་ངོ་བོར་མ་མཐོང་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་དེ་བས་ཀྱང་མཐོང་དུ་མེད། ཇི་སྐད་དུ། བྱིས་པ་ལག་མཐིལ་འདྲ་བ་ཡིས།། འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས།། ཞེས་གསུངས་པ་བཞིན་བྱིས་པ་སོ་སོ་སྐྱེ་བོའི་བློའི་ནུས་པ་ཧ་ཅང་དམན་པ་ལག་མཐིལ་ལྟ་བུ་ཚོར་བ་ཆུང་བ་ཡིན་པའི་དབང་གིས་འདུ་བྱེད་ཀྱི་སྡུག་བསྔལ་མཐོང་མི་ཐུབ། སྡུག་བསྔལ་གྱི་སྡུག་བསྔལ་བྲལ་འདོད་ཙམ་ནི་དུད་འགྲོ་ལའང་ཡོད་ཀྱང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་རྒྱུའམ་གང་གི་སྟེང་དུ་མྱོང་བའི་གཞི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་སྡུག་བསྔལ་གྱི་རང་བཞིན་དུ་མ་མཐོང་ན་སྡུག་བསྔལ་གཅིག་བཞག་ནས་སྡུག་བསྔལ་གཞན་ཞིག་ལེན་པ་ལྟ་བུ་རེད། གང་ལྟར་སྡུག་བསྔལ་གཅིག་གི་ཚབ་ཏུ་སྡུག་བསྔལ་གཞན་ཞིག་སྤོས་པ་ལྟ་བུ་མ་གཏོགས། སྡུག་བསྔལ་ལས་ཐར་བའི་ཐར་པའི་གོ་འཕང་ཐོབ་པའི་འདུན་པ་དང་རྣམ་འབྱེད་ཀྱི་ཤེས་རབ་གཉིས་མེད། དེར་བརྟེན་སྡུག་བསྔལ་གྱི་རྒྱ་མཚོ་མཐའ་མེད་པ་འདི་ཤེས་པར་བྱས་ནས་དེ་ལྟ་བུའི་ནང་བྱིང་བ་ལ་འཇིགས་པ་ངེས་པར་དུ་སྐྱེ་དགོས། དེ་ལ་འཇིགས་པ་མི་སྐྱེ་བ་ནི་ང་ཚོས་སྡུག་བསྔལ་གྱི་རང་བཞིན་མ་བསམ་པ་དང་། དེ་ལ་བློ་ཁ་མ་ཕྱོགས་པའི་དབང་གིས་མ་གཏོགས། རང་བཞིན་སེམས་ཀྱི་གཏིང་ནས་སྡུག་བསྔལ་འདོད་པ་སུའང་མེད། དེས་ན་སྡུག་བསྔལ་ལ་སྡུག་བསྔལ་དུ་ངོ་ཤེས་དགོས་པ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀའི་ལམ་གྱི་ཐོག་མ་ལྟ་བུ་རེད། ངེས་འབྱུང་གི་བསམ་པ་སྐྱེ་བའི་རྒྱུ་བླ་ན་མེད་པ་དེ་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པ་ཤེས་པ་དེ་རེད། དེས་ན་དེ་ལྟ་བུའི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་གྱི་རྒྱ་མཚོ་ཆེན་པོ་མཐའ་མེད་པ་འདི་ལས་ཐར་བའི་བློ་ཡོད་ན་དེ་ལས་ཐར་བའི་ཐབས་བཙལ་དགོས། དེ་ལྟ་བུའི་ཐབས་ཀྱང་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ལྟ་བུ་ལམ་གྱི་ངོ་བོ་དང་གོ་རིམ་རྐང་གྲངས་ཚང་ལ་མ་ནོར་བ་ཞིག་མ་བྱུང་བར་ཕྱོགས་རེ་བས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཏུ་མེད། དེ་ཡང་མངོན་མཐོ་ལྷ་མིའི་རྟེན་ཞིག་ཐོབ་པ་ལའང་རྟེན་དེ་སྒྲུབ་པའི་ཐབས་ཀྱི་ངོ་བོ་དང་གོ་རིམ་རྐང་གྲངས་མ་ནོར་བར་ཉམས་སུ་མ་ལེན་ན་འགྲུབ་མི་ཐུབ་པར་བརྟེན། ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཐོས་བསམ་གནང་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་ལྟ་བུའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཐོས་བསམ་གནང་བའི་གཞི་ནི་བོད་གངས་ཅན་གྱི་ལྗོངས་སུ་གདུལ་བྱ་བློ་གྲོས་དམན་པའི་ཆེད་དུ་དཔལ་མཉམ་མེད་ཇོ་བོ་ཆེན་པོས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བསྡུས་པ་དེ་རྗེ་ཙོང་ཁ་པ་ཡབ་སྲས་རྣམས་ཀྱིས་རྒྱས་པར་བཀྲལ་བའི་ནང་གི་དོན་སྙིང་པོ་བསྡུས་པ་ནི་ལམ་གྱི་གཙོ་བོ་རྣམ་པ་གསུམ་རེད། ལམ་གྱི་གཙོ་བོ་རྣམ་པ་གསུམ་དུ་བསྡུས་ཚུལ་ནི་ལམ་རིམ་ནས་གསུངས་པའི་ལམ་གྱི་ཡན་ལག་ཁ་ཤས་མི་དགོས་པ་བྱས་ནས་བསྡུས་སུ་བཏང་བ་མིན། ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་གསུངས་པའི་མགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་སངས་རྒྱས་ཀྱི་གོ་འཕང་བར་གྱི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་དེ་ལམ་གྱི་གཙོ་བོ་རྣམ་གསུམ་དུ་འདུས་པ་ཁ་སང་ཞུས་ཟིན་པ་བཞིན་རེད།

དེ་ལྟ་བུའི་གཞུང་ལ་ཐོས་བསམ་བྱེད་པ་ལ་ཐོག་མར་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཐོབ་བྱ་བླ་ན་མ་མཆིས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེ་འཐོབ་པར་བྱ་བའི་ཕྱིར་དུ་དམ་པའིི་ཆོས་ཟབ་མོ་གསན་སྙམ་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར་ལེགས་པར་གསལ་བཏབ་ནས་གསན་དགོས།

དེ་ལ་ངེས་འབྱུང་བཤད་པ་ལ། ངེས་འབྱུང་བསྐྱེད་དགོས་པའི་རྒྱུ་མཚན། ངེས་འབྱུང་བསྐྱེད་པའི་ཚུལ། ངེས་འབྱུང་སྐྱེ་བའི་ཚད་བཅས་གསུམ་ལས། གཉིས་པ་ངེས་འབྱུང་བསྐྱེད་པའི་ཚུལ་གྱི་ཐོག་འགྲོ་བཞིན་པ་རེད།

དལ་འབྱོར་རྙེད་དཀའ་ཞེས་པའི་ནང་དལ་འབྱོར་ངོས་བཟུང་བ་དང་། དལ་འབྱོར་དོན་ཆེ་བ། དལ་འབྱོར་རྙེད་དཀའ་བ་རྣམས་བསྟན་ཞིང་། དེ་ཡང་ད་ལྟ་ང་ཚོ་ལ་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བ་དེ་མི་སྲིད་པ་སྲིད་པར་གྱུར་པ་ལྟ་བུ་ཡིན་པར་བརྟེན། དེ་ལ་དཀོན་པའི་འདུ་ཤེས་བསྐྱེད་དགོས་པ་གལ་ཆེན་པོ་རེད། ལུས་རྟེན་འདི་ནི་ཕལ་པ་མིན་པར་ཧ་ཅང་དོན་ཆེན་པོ་ཡིན། དལ་འབྱོར་གྱི་ལུས་རྟེན་འདི་དངོས་གནས་ཆོས་བྱེད་མཁན་ཡིན་ན་ཡིད་བཞིན་གྱི་ནོར་ལས་ལྷག་པ་རེད། བདེ་བ་ཅན་དང་མངོན་དགའ་སོགས་དག་པའི་ཞིང་དུ་འཁྲུངས་པའི་བྱང་ཆུབ་སེམས་དཔའ་ཚོས་ཀྱང་མྱུར་ལམ་རྡོ་རྗེ་ཐེག་པ་ཉམས་སུ་བླང་དགོས་ན་མངལ་སྐྱེས་ཁམས་དྲུག་ལྡན་གྱི་མིའི་ལུས་རྟེན་ཞིག་མ་ལེན་ཐབས་མེད་རེད། ལྷའི་ལུས་རྟེན་སོགས་ཀྱིས་གསང་སྔགས་ཀྱི་ཉམས་ལེན་ཆ་ཚང་བ་བྱེད་མི་ཐུབ་པར་བརྟེན། འཛམ་བུ་གླིང་པའི་མི་ལ་སྐྱེ་བའི་སྨོན་ལམ་འདེབས་ཀྱི་ཡོད། ཆོས་སྒྲུབ་པའི་གོ་སྐབས་ཕལ་པ་ཙམ་མིན་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལྟ་བུ་ཡིན་ནའང་མིའི་རྟེན་ལ་སེམས་ཀྱི་སྟོབས་ཇི་ཙམ་སྐྱེ་ཐུབ་པ་བཞིན་འགྲོ་བ་གཞན་གྱི་ལུས་རྟེན་ལ་མི་ཡོང་བ་རེད། སློབ་སྤྲིངས་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང།། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ།། ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན།། ཞེས་གསུངས་པ་བཞིན་རེད། གསང་སྔགས་རྡོ་རྗེ་ཐེག་པའི་དབང་དུ་བྱས་ན། རྡོ་རྗེ་ཐེག་པའི་ལམ་རིམ་པ་གཉིས་ཀྱི་ཉམས་ལེན་ལ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་གཞི་རྡོ་རྗེའི་ལུས་ཤིག་དགོས་པར་བརྟེན། ལྷའི་རྟེན་སོགས་ཀྱིས་ཕན་མི་ཐོགས་པ་རེད། དེར་བརྟེན་དལ་འབྱོར་གྱི་མིིའི་ལུས་རྟེན་འདི་དོན་ཆེ་བ་རེད། དལ་འབྱོར་ཚང་བའི་ལུས་རྟེན་ལ་ཡོན་ཏན་མང་པོ་ཡོད་རུང་ཡང་ཡང་རྙེད་དཀའ་བ་རེད། རྙེད་དཀའ་བའི་ཚུལ་ཡང་ངོ་བོ་འཛོམས་དཀའ་བ་དང་། རྒྱུ་བསྒྲུབ་དཀའ་བ། དཔེ་སྲིད་དཀའ་བ་བཅས་ཀྱི་སྒོ་ནས་རྙེད་དཀའ་བ་རེད། དེ་ཡང་ངོ་བོ་འཛོམས་དཀའ་བ་ནི་དལ་བ་བརྒྱད་དང་འབྱོར་པ་བཅུ་ཡོངས་རྫོགས་ཚང་བ་དཀོན་པས་སོ།། དེ་བཞིན་རྒྱུ་སྒྲུབ་པའི་སྐབས་སུའང་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར། སྦྱིན་སོགས་ཕར་ཕྱིན་གྱིས་གྲོགས་བྱས་པ་ཞིག་དགོས། ད་ལྟ་ང་ཚོས་རྒྱུན་དུ་བསགས་དང་གསོག་བཞིན་པའི་མངོན་མཐོ་སྒྲུབ་པའི་ལས་ཀྱི་ནང་དེ་ལྟ་བུ་ཕུན་སུམ་ཚོགས་པ་ཞིག་འདུག་གམ་མི་འདུག་བལྟས་ན། ང་དང་ང་འདྲ་བའི་གང་ཟག་ཚོའི་རྒྱུད་ལ་རྙེད་ཁག་པོ་རེད། དགེ་བའི་བྱ་བ་ཇི་འདྲ་ཞིག་ཡིན་ནའང་སྦྱོར་དངོས་རྗེས་གསུམ་མ་ཚང་བས་ཁོང་ཁྲོས་འཇོམས་ངེས་པ་ཤ་སྟག་རེད། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཆ་ཚང་བ་ཞིག་ང་ཚོས་ཉིན་གཅིག་ལ་སྲུང་ཐུབ་མིན་བལྟས་ན་ཧ་ཅང་དཀོན་པོ་རེད། དེས་ན་རྒྱུའི་སྒོ་ནས་རྙེད་དཀའ་བ་རེད།

དེ་ལྟ་བུའི་དལ་འབྱོར་དོན་ཆེ་བ་དང་རྙེད་དཀའ་བ་དེ་ཡུན་རིང་པོ་དང་དུས་ཚོད་ངེས་ཅན་བར་གནས་ན་བང་དང་འཆར་གཞི་བསྒྲིག་ཆོག་ཀྱང་། ཚེ་ལ་ལོངས་མེད། དེས་མི་རྟག་པའི་སྐོར་བསྟན་པ་རེད། བཀའ་གདམས་གོང་མ་ཚོས་ལམ་རིམ་དང་བསྟན་རིམ་སོགས་སུ་མ་གསལ་བའི་འཆི་བ་དགུ་ཕྲུགས་སུ་བསམ་པ་ཞེས་པ་དེ་རྗེ་རིན་པོ་ཆེའི་དམིགས་བསལ་གྱི་གདམས་ངག་ཁྱད་དུ་འཕགས་པ་དང་བློ་ཁུལ་བ་ལ་ཧ་ཅང་ནུས་པ་ཡོད་པ་ཞིག་རེད། དེ་ཡང་ངེས་པར་འཆི་བ་དང་། ནམ་འཆི་ལ་ངེས་པ་མེད་པ། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པ་སྒོམ་པའི་ཚུལ་རྣམས་རྒྱུད་འདུལ་བའི་རིམ་པ་གཙོ་བོར་བྱས་ནས་གསུངས། དེས་ན་ངེས་པར་འཆི་བ་ཞེས་པ་ནི་ཚང་མས་ཤེས་གསལ་རེད། སུ་ཡིན་ནའང་ང་ནམ་ཡང་མི་ཤི་སྙམ་པའི་རྟག་འཛིན་གྱི་བློ་དེ་མེད། འོན་ཀྱང་རྟག་འཛིན་གྱིས་བསླུ་སྟངས་ནི་ད་ལྟ་མི་ཤི་སྙམ་པའི་བློའི་གནས་སྟངས་དེ་རེད། ལམ་རིམ་ཆེན་མོའི་ནང་ད་ལྟ་མི་འཆི་སྙམ་པ་ཞིག་ནད་པ་འཆི་ཁ་མ་ཚུན་ཆད་ཀྱི་རྒྱུད་ལའང་ཡོད་ཅེས་གསུངས། ནད་པ་ད་ལྟ་འཆི་མཁན་ཞིག་ལའང་སང་གནངས་མ་གཏོགས་ད་ལྟ་མི་འཆི་སྙམ་པའི་ཕྱིར་འགྱངས་ཀྱི་བསམ་པའི་རྟག་འཛིན་གྱི་བློ་ཞིག་འོང་། དེས་ང་ཚོ་ཚང་མ་བསླུ་བ་རེད། དེས་ན་ངེས་པར་འཆི་བ་རྐྱང་པས་ཕན་མི་ཐོགས་པར་ནམ་འཆི་ངེས་མེད་ཀྱང་བསམ་དགོས། ངེས་པར་འཆི་བ་སྒོམ་པའི་སྐབས་སུ་ཚེ་ལ་སྣོན་པ་མེད་ཅིང་འབྲི་བྱེད་བར་མ་ཆད་དུ་ཡོད་པ། འཆི་བདག་ངེས་པར་འོང་ཞིང་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ། གསོན་པའི་ཚེ་ཡང་ཆོས་བྱ་ལོངས་མེད་པ་བཅས་ས་བཅད་གསུམ་གྱི་ཐོག་ནས་དཔྱད་སྒོམ་བྱེད་ཚུལ་གསུངས། སྐྱེ་འགྲོ་རྣམས་ཐོག་མར་ལས་ཉོན་དབང་གིས་སྐྱེ་བ་ལེན་པའི་སྐབས་སུ་ཚེའི་འཕེན་པས་ལོ་ཇི་ཙམ་འཕེན་པ་དེ་ཙམ་མ་གཏོགས་དེ་ལས་རིང་བ་བསྡད་རྒྱུ་མེད། འཕེན་པའི་ཚེ་དེ་མ་རྫོགས་པའི་གོང་དུ་འཆི་བའང་ཡོད། དེ་ལ་དུས་མ་ཡིན་པའི་འཆི་བ་ཟེར། དེ་ལས་ཟློག་པའི་ཐབས་ཀྱང་ཡོད། འོན་ཀྱང་ཚེའི་འཕེན་པ་རྫོགས་པ་ན་བྱེད་ཐབས་གང་ཡང་མེད། ཚེ་དང་བསོད་ནམས་ལས་གསུམ་ཟད་མི་ཟད་སྔ་རྟིང་འགྲོ་རྒྱུ་ཞིག་ལམ་རིམ་ནང་གསུངས། དེ་ཡང་སྐྱེས་པ་ནས་མ་འཆི་བར་དུ་སྐད་ཅིག་རེ་བཞིན་ཚེའི་འཕེན་པ་རྫོགས་པ་ལས། སྣོན་མ་བཏབ་རྒྱུ་གང་ཡང་མེད། ཆོས་ཐུན་འདི་ཚོགས་ནས་ད་ལྟ་ཚོུད་ཕྱེད་ཀ་སོང་བ་རེད། ང་ཚོ་ཚང་མའི་ཚེའི་ནང་ནས་ཚོུད་ཕྱེད་ཀ་རྫོགས་ཟིན་པ་རེད། རྫོགས་པ་དེ་ལ་གསབ་ཐབས་མེད། རྒྱལ་དབང་སྐལ་བཟང་རྒྱ་མཚོས། སྐྱེས་ནས་སྐད་ཅིག་ཙམ་ཞིག་སྡོད་དབང་ཡང་མེད་པར།། འཆི་བདག་གཤིན་རྗེའི་དྲུང་དུ་བང་རྩལ་གྱིས་བརྒྱུག་པས།། གསོན་པོ་ཟེར་ཡང་འཆི་བའི་ལམ་ཆེན་ལ་ཆས་འདུག །ཉེས་ཅན་གསོད་སར་ཁྲིད་པའི་སྣང་ཚུལ་འདི་སྐྱོ་བ།། ཞེས་གསུངས་པ་བཞིན་རེད།

གསོན་པའི་ཚེ་ཡང་ཆོས་བྱ་ལོངས་མེད་པ་ཞེས་པ་དེ་ལ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས། དེ་ནི་མི་རྟག་པ་སྒོམ་པའི་སྐབས་སུ་མི་རྟག་པའི་འདུ་ཤེས་བསྐྱེད་པ་ལ་ངེས་པར་དུ་དགོས་པ་མིན་ཡང་། ལམ་རིམ་ཆེན་མོའི་ནང་གསོན་པའི་ཚེ་ཡང་ཆོས་བྱ་ལོངས་མེད་པར་འཆི་བ་ཞེས་པའི་ས་བཅད་འདི་དང་། ལམ་གཙོ་རྣམ་གསུམ་ནང་ཚེ་ལ་ལོངས་མེད་པ་ཞེས་པ་དེ་ཚེ་རིང་ཐུང་གི་སྐད་ཆ་མ་རེད། ཚེའི་ནང་ཆོས་བྱེད་ལོངས་ཇི་ཙམ་ཡོད་མིན་དེ་གལ་ཆེ་ཤོས་རེད། དལ་འབྱོར་རྙེད་པ་དེ་ལ་ལོངས་ཡོད་པའམ་བྱ་ལོངས་བྱེད་ལོངས་ཡོད་པའི་དུས་ཚོད་འབེལ་ལྷུག་ཅིག་ཡོད་ན་འགྲིགས་ཀྱང་དེ་ནི་མེད། མི་ཚེ་གཅིག་ལ་ཆ་ཤས་བསལ་ནས་བརྟག་ན། གུང་ཐང་བསྟན་པའི་སྒྲོན་མེས། དམ་ཆོས་བྱེད་རྒྱུ་མ་དྲན་ཉི་ཤུ་ཐལ།། བྱེད་དོ་བྱེད་དོ་ཟེར་ཞིང་ཉི་ཤུ་ཐལ།། མ་བྱུང་མ་བྱུང་ཟེར་ཞིང་བཅུ་ལྷག་ཐལ།། མི་ཚེ་སྟོང་པར་ཟད་པའི་རྣམ་ཐར་ཡིན།། ཞེས་བསྡོམས་གནང་བ་ལྟ་བུ་རེད། སྐྱེས་ནས་ལོ་བཅོ་ལྔ་ཉི་ཤུའི་བར་དུ་ཆོས་བྱེད་རྒྱུའི་བསམ་ཚུལ་གང་ཡང་མེད་པ་དང་། ཆུང་ངུ་ནས་བླ་མ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་ནས་ཆོས་སྒོར་ཞུགས་ཏེ་ཆོས་ཀྱི་བསམ་པ་ཞིག་བྱུང་ཡང་ངེས་འབྱུང་སྤུ་སུད་ལྟ་བུ་མ་གཏོགས། གཏིང་ཟབ་ཡོང་ཁག་པོ་རེད། ན་ཚོད་ལོངས་ནས་ཆོས་བྱེད་རྒྱུའི་བསམ་བློ་འཁོར་ཏེ་ད་བར་གྱི་ཉིན་གཅིག་ལ་ཞུ་དག་གཏོང་ན། ཚོུད་ཉེར་བཞིའི་རིང་ཉུང་མཐར་ཚོུད་བདུན་བརྒྱད་ཙམ་གཉིད་དུ་སོང་བ་དང་། བཟའ་བཏུང་དང་ཁྲུས་སོགས་ཙག་ཙིག་ལ་ཚོུད་འགའ་ཤས། འཇིག་རྟེན་མཐུན་འཇུག་གི་བྱ་བ་ལ་གཡེང་བ་སོགས་ཕུད་ན་ཆོས་གཤའ་མ་བྱེད་པའི་དུས་ཚོད་ཧ་ཅང་ཉུང་ངུ་ལས་འཐོན་མི་ཐུབ། གལ་ཏེ་ཉིན་གཅིག་ནང་ཆོས་ཚད་ལྡན་བྱེད་པའི་དུས་ཚོད་ཚོུད་ལྔ་ཙམ་ཐོན་ཐུབ་ན་ཆོས་པ་དྲག་གྲས་ཤིག་ཏུ་བརྩི་ཆོག

ནམ་འཆི་ངེས་མེད་ལ། སྤྱིར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་དང་སྒོས་སྙིགས་དུས་ཀྱི་ཚེ་ལ་ངེས་པ་མེད་པ། འཆི་བའི་རྐྱེན་མང་ལ་གསོན་པའི་རྐྱེན་ཉུང་བ། ལུས་ཤིན་ཏུ་ཉམ་ཆུང་བ་བཅས་གསུམ་རེད། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པ་ལ། ལུས་ཀྱིས་མི་ཕན་པ། ལོངས་སྤྱོད་ཀྱིས་མི་ཕན་པ། གཉེན་བཤེས་ཀྱིས་མི་ཕན་པ་བཅས་གསུམ་རེད། དེ་ལྟར་རྩ་བ་གསུམ་རྒྱུ་མཚན་དགུའི་ཐོག་ནས་འཆི་བ་མི་རྟག་པ་དགུ་ཕྲུགས་བསམ་པ་རེད། དེ་དག་དགོངས་པ་བཞེས་ན་ཚེ་འདིའི་བདེ་བ་ལ་ཆགས་ནས་དོན་མེད་ཀྱི་བྱ་བའི་ཐོག་དུས་ཚོད་གཏོང་བ་དེ་བྱབ་མི་འདུག་སྙམ་ནས་ཚེ་བློས་གཏོང་གི་བསམ་པ་དེ་སླེབས་ཐུབ། ཚེ་བློས་གཏོང་གི་བསམ་པ་བྱུང་བའི་རྟགས་མཚན་ནམ་ཚད་དེ་གང་རེད་ཅེ་ན། འཇིག་རྟེན་ཆོས་བརྒྱད་ཆ་སྙོམས་པ་བྱུང་བ་དེ་རེད། ལར་ནས་འཇིག་རྟེན་ཆོས་བརྒྱད་ཆ་སྙོམས་པ་ཞེས་པ་དེ་ཧ་ཅང་ཁག་པོ་རེད། བཤེས་སྤྲིངས་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་།། བདེ་དང་མི་བདེ་སྙན་དང་མི་སྙན་དང་།། བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ།། བདག་གི་ཡིད་ཡུལ་མིན་པས་མགོ་སྙོམས་མཛོད།། ཅེས་གསུངས་པ་བཞིན་ཐོབ་པ་དང་མ་ཐོབ་པ། བདེ་བ་དང་མི་བདེ་བ། སྙན་པ་དང་མི་སྙན་པ། བསྟོད་པ་དང་སྨད་པ་བཅས་བརྒྱད་རེད། དེ་ཡང་དངོས་པོ་སོགས་རྙེད་པ་བྱུང་ན་དགའ་བ་མེད་པ་དང་། རྙེད་པ་མ་བྱུང་ན་མི་དགའ་བ་མེད་པ། བདེ་བ་བྱུང་ན་དེ་ལ་ཁེངས་པ་སྐྱེས་ནས་བདེ་བ་དེ་དང་མི་འབྲལ་བའི་འདུན་པ་མེད་པ། མི་བདེ་བ་བྱུང་ན་བསུན་པ་སྐྱེས་ནས་དེ་དང་འབྲལ་བའི་ཐབས་ཤེས་མི་བྱེད་པ། བསྟོད་ན་དགའ་བ་མེད་པ་དང་། སྨད་ན་མི་དགའ་བ་མེད་པ། རང་ལ་སྙན་པ་བྱུང་ན་དགའ་བ་མེད་པ་དང་། མི་སྙན་པ་བྱུང་ན་མི་དགའ་བ་མེད་པ་བཅས་ཁྱད་པར་མེད་པ་བྱུང་ན་ཚེ་འདི་བློས་ཐོངས་པའི་རྟགས་རེད།

ད་དུང་ལོངས་ཡོད་ན་ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་བསྐྱེད་ཚུལ་གྱི་སྐབས་སུ་བཀའ་གདམས་པའི་ཐུན་མོང་མ་ཡིན་པའི་གདམས་ངག་ཕུགས་ནོར་བཅུ་ཉམས་སུ་ལེན་ཚུལ་ངོ་སྤྲོད་གནང་བའི་ཕྱག་སྲོལ་ཡོད། དེ་ཚོ་ཡོད་ཅེས་བྱ་གཏོང་སྙན་སྒྲོན་ཙམ་ལས་རེ་རེ་བཞིན་ཞུ་སྐབས་མི་འདུག་པས་ཕུགས་ནོར་བཅུའི་གྲངས་འདྲེན་མདོར་བསྡུས་ཤིག་ཞུ་ན། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་སྐམ་ལ་གཏད་པ་བཅས་གཏད་པ་བཞི་དང་། ཐེབས་མེད་རྡོ་རྗེ། ཁྲེལ་མེད་རྡོ་རྗེ། ཡེ་ཤེས་རྡོ་རྗེ་བཅས་རྡོ་རྗེ་གསུམ། མི་གྲལ་ནས་བུད། ཁྱི་གྲལ་སྙེགས། ལྷ་གྲལ་ཐོབ་པ་བཅས་བུད་སྙེགས་ཐོབ་གསུམ་ཡིན།

དང་པོ་གཏད་པ་ཞེ་ན་ཆ་བཞག་པའམ་རྟོན་པའི་དོན་རེད། བློ་ཕུགས་ཆོས་ལ་གཏད་ཅེ་ན། སྒོ་གསུམ་གྱི་བྱ་བ་ཐམས་ཅད་ཆོས་དང་མཐུན་པ་མ་གཏོགས། ཆོས་དང་མི་མཐུན་པའི་བྱ་བ་གཏན་ནས་མི་བྱེད་པའི་བློ་ཕུགས་དེ་ཆོས་ལ་གཏད་པ་རེད། ཆོས་ཕུགས་སྤྲང་ལ་གཏད་ཅེ་ན། གུང་ཐང་བསྟན་པའི་སྒྲོན་མེས། མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས།། ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་སྟེ།། ཞེས་གསུངས་པ་བཞིན་མཐུན་རྐྱེན་ལ་བསྙད་པའི་འདོད་ཡོན་ལོངས་སྤྱོད་དེ་ཆོས་སྒྲུབ་པ་ལ་འགལ་རྐྱེན་ཆེ་ཤོས་སུ་གྱུར། དེར་བརྟེན་ཆོས་བྱེད་པ་ན་བཟའ་བཏུང་མེད་པར་ལྟོ་སློང་བའི་སྤྲང་པོ་བྱེད་དགོས་ནའང་རུང་སྙམ་པའི་བློ་བྱུང་ན་ཆོས་ཕུགས་སྤྲང་ལ་གཏད་པ་རེད། སྤྲང་ཕུགས་ཤི་ལ་གཏད་ཅེ་ན། སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟ་ཕན་ལ་ཤི་བ་གྲངས་མེད་ཀྱང། ཆོས་སྒྲུབ་པའི་ཆེད་དུ་འཆི་བ་གཅིག་ཀྱང་བྱུང་མེད། ད་རེས་ཆོས་ཀྱི་ཆེད་དུ་འཇིག་རྟེན་གྱི་བྱ་བ་བློས་བཏང་བའི་དབང་གིས་ལྟོགས་ཤི་ཐེབས་ནའང་འགྲིགས་སྙམ་པའི་བསམ་པ་བྱུང་ན་སྤྲང་ཕུགས་ཤི་ལ་གཏད་པ་རེད། ཤི་ཕུགས་གྲོག་སྐམ་ལ་གཏད་ཅེ་ན། གང་དུ་འཆི་ནའང་འགྲིགས་པ་དང་། གྲོག་ཕུག་སྐམ་པོ་ཞིག་ཏུ་ཤི་ནའང་འགྲིགས་སྙམ་པའི་བློ་དེ་རེད། རྗེ་བཙུན་མི་ལས། རོ་ལ་འཁོར་མི་མེད་པ་དང་།། ཤི་ན་ངུ་མི་མེད་པ་རུ།། རི་ཁྲོད་འདི་རུ་འཆི་ནུས་ན།། རྣལ་འབྱོར་བསམ་པ་རྫོགས་པ་ཡིན།། གར་སོང་འདྲི་མི་མེད་པ་དང་།། འདིར་སོང་གཏད་སོ་མེད་པ་རུ། རི་ཁྲོད་འདི་རུ་འཆི་ནུས་ན།། རྣལ་འབྱོར་བསམ་པ་རྫོགས་པ་ཡིན།། ཞེས་གསུངས་པ་བཞིན་བློ་ཐག་ཆོད་པོ་བྱུང་ན་ཚེ་འདིའི་སྣང་ཤས་ལྡོག་པ་རེད།

རྡོ་རྗེ་གསུམ་ལས་ཐེབས་མེད་རྡོ་རྗེ་སྔོན་དུ་གཏོང་། ཁྲེལ་མེད་རྡོ་རྗེ་ས་ལ་བཞག  ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་ཞེས་པ་ནི། དང་པོ་ཐེབས་མེད་ཅེས་པ་ནི་འགུལ་མི་ཐུབ་པའི་དོན་རེད། བྱ་བྲལ་དུ་སྒྲུབ་པ་སྙིང་པོར་ཞུགས་པ་ལ་གཉེན་བཤེས་སོགས་ཀྱིས་བཤོལ་བཏབ་པ་སོགས་ཅི་བྱས་ལ་འགྱུར་བ་མེད་པར་བརྟན་པོ་གནས་པ་ལ་ཐེབས་མེད་རྡོ་རྗེ་སྔོན་དུ་བཏང་བ་ཞེས་ཟེར། ཁྲེལ་མེད་རྡོ་རྗེ་ས་ལ་བཞག་པ་ནི་བྱ་བྲལ་དུ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་བ་ན་ཁོ་སྤྲང་པོ་རེད། སེམས་བདེ་པོ་མེད་པ་འདྲ། རང་མགོ་མ་ཐོན་པ་རེད་སོགས་ཅི་བཤད་ཀྱང་ངོ་ཚ་ཁྲེལ་མེད་ལྟ་བུ་དོ་སྣང་མེད་པར་གནས་པ་ལ་ཟེར། དཔེར་ན་རྗེ་བཙུན་མི་ལ་ལྟ་བུ་ན་བཟའ་མེད་པར་སྐུ་སྒྲེན་མོར་བཞུགས་ནའང་བློ་ནི་འགྱུར་བ་མེད་པའི་རྡོ་རྗེ་ལྟ་བུ་རེད། དེ་ལྟ་བུའི་ཁྲེལ་མེད་རྡོ་རྗེ་ས་ལ་འཇོག་ཐུབ་ན་ཡེ་ཤེས་རྡོ་རྗེ་རང་འགྲོགས་སུ་གྱུར། དེ་ཡང་ལམ་གྱི་ཉམས་རྟོག་གི་ཡོན་ཏན་རང་ཆས་སུ་འགྲོགས་པ་ཡོང་རྒྱུ་རེད།

བུད་སྙེགས་ཐོབ་གསུམ་ལས། མི་གྲལ་བུད་ཅེ་ན། མིའི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་འགྲོ་སྟངས་དང་མཐུན་པར་མི་གྲལ་དུ་བསྡད་ན་འཇིག་རྟེན་གྱི་བྱ་བ་རྣམས་ལ་མགོ་བོ་མ་འཁོར་ཐབས་མེད་ཀྱི་ཉེན་ཁ་ཡོད་པར་བརྟེན། འཇིག་རྟེན་པའི་ཀུན་སྤྱོད་དང་རྩ་བ་ནས་མ་མཐུན་པ་མ་ཟད། འཇིག་རྟེན་མཐུན་འཇུག་གི་བྱ་བ་བློས་བཏང་གིས་གཞན་གྱིས་གང་བཤད་ཀྱང་སྤྱི་ཚོགས་ཀྱི་ལས་འགན་སོགས་ལ་དོ་སྣང་མེད་པར་ཆོས་ལ་སྒྲུབ་པ་གཙོ་བོ་བྱས་པ་དེ་རེད། ཁྱི་གྲལ་སྙེགས་ཤེ་ན། དེ་ལྟ་བུའི་མི་གྲལ་ནས་བུད་དེ་ཁྱི་གྲལ་དུ་སྙེགས་པ་རེད། དཔེར་ན་ཁྱི་ལྟ་བུ་ཡིན་ན་ཟས་སྦྱིན་ན་བཟས་པ་དང་། ཟས་སྦྱིན་མཁན་མེད་ན་ལྟོགས་པར་བསྡད་པ་སོགས་དགྲ་འདུལ་གཉེན་སྐྱོང་གི་སོ་ཚིས་མང་པོ་བྱས་མི་ཤེས་པ་རེད། ལྷ་གྲལ་ཐོབ་ཅེ་ན། དེ་ལྟ་བུ་ཁྱི་གྲལ་སྙེགས་ན་ལྷ་གྲལ་ཐོབ་ཅིང་། སྐྱེ་བ་ཕྱི་མ་ལ་ལྷ་ལྟ་བུ་གྲལ་གོང་མ་ངེས་པར་དུ་ཐོབ་པའི་དོན་རེད། དེ་ལྟ་བུའི་བཀའ་གདམས་ཕུགས་ནོར་བཅུ་ཞེས་པ་དེ་བསླབ་བྱ་གལ་ཆེན་པོ་ཞིག་རེད། དེང་སང་ཕྱི་ལོ་བརྒྱ་ཕྲག་ཉེར་གཅིག་པའི་ནང་མི་ཚོའི་བསམ་བློ་གཏོང་སྟངས་མི་འདྲ་བ་རེད། དེའི་ཤུགས་རྐྱེན་གྱིས་རབ་ཏུ་བྱུང་བ་དང་ཆོས་པ་ཚོའང་ཕྲན་བུ་མི་འདྲ་བ་ཆགས་ཡོད། དེ་ལྟ་བུའི་གནས་སྐབས་སུ་བཀའ་གདམས་ཕུགས་ནོར་བཅུའི་བསླབ་བྱ་དེ་ཉམས་སུ་བླང་ཐུབ་ན་ཏན་ཏན་ཐུགས་ཕན་གསོས་པ་དང། ལྷག་པར་དུ་ཁ་ཤས་ཆོས་བྱེད་འདོད་ཡོད་པ་ལ་བྱེད་སྟངས་མ་ཤེས་པ་ཚོའི་སེམས་ཐག་ཆོད་པ་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། སྤྱིར་བཀའ་གདམས་པ་གོང་མ་ཚོས་ཚེ་བློས་གཏོང་གི་ཐོག་ནས་སྒྲུབ་པ་ཉམས་ལེན་གནང་སྟངས་ཐོག་དམིགས་ཀྱིས་བཀར་བའི་མན་ངག་མང་པོ་གསུངས་ཡོད། དེ་དག་ང་ཚོས་ལག་ཏུ་བླང་མི་ཐུབ་པ་མེད། གལ་ཏེ་ལག་ཏུ་བླང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། དེ་ལྟར་དལ་འབྱོར་དོན་ཆེན་རྙེད་དཀའ་དང་། འཆི་བ་མི་རྟག་པ་སོགས་བསམ་པའི་ཐོག་ནས་ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་བསྐྱེད་དགོས། དེ་ཡང་ཚེ་འདིའི་སྣང་ཤས་ལྡོག་པ་དེ་ཕྱི་མའི་སྣང་ཤས་ལྡོག་པའི་མཐུན་རྐྱེན་དུ་འགྲོ་བ་དང་། གང་ལྟར་ཐར་པ་དོན་གཉེར་གྱི་བློ་བསྐྱེད་པའི་མཐུན་རྐྱེན་དུ་འགྲོ་དགོས།

དེ་ནས་ཕྱི་མའི་སྣང་ཤས་ལྡོག་ཚུལ་ནི། ངེས་འབྱུང་བསྐྱེད་པའི་ལམ་གྱི་རིམ་པའི་ནང་མངོན་མཐོ་དོན་གཉེར་གྱི་བློས་ཕན་ཐོགས་ཆེན་པོ་མེད། ངེས་པར་དུ་ཐར་པ་དོན་གཉེར་གྱི་བློའི་ཕྱོགས་སུ་འགྲོ་དགོས། ཕྱི་མའི་སྣང་ཤས་ལྡོག་པའི་ཆེད་དུ་ལས་འབྲས་སྐོར་ལ་བསམ་དགོས་པ་དང་། སྤྱིར་འཁོར་བ་སྤྱི་དང་བྲེ་བྲག་གི་སྡུག་བསྔལ་བསམ་པ་དེ་འཁོར་བ་ལ་ངེས་འབྱུང་བསྐྱེད་པའི་རྒྱུ་རྐྱེན་ལ་འགྲོ་བ་བཤད་མི་དགོས། ལས་འབྲས་མི་བསླུ་བའི་རྣམ་གཞག་བསམ་པ་དེ་འཁོར་བ་ལ་ངེས་འབྱུང་བསྐྱེད་པའི་རྒྱུར་ཇི་ལྟར་འགྲོ་ཞེ་ན། ལས་འབྲས་མི་བསླུ་བ་ལ་ངེས་པ་རྙེད་པ་དང་། ལྷག་པར་དུ་ལས་ངེས་པ་ལ་ངེས་པ་རྙེད་ན། འཁོར་བ་འཕེན་བྱེད་ཀྱི་ལས་སྟོབས་ལྡན་ཞིག་བསགས་ཕྱིན་ཆད་ལ་དེའི་རྣམ་སྨིན་གྱི་འབྲས་བུར་འཁོར་བ་ལ་མ་སྐྱེ་བར་ལྷག་རྒྱུ་མེད། དེར་བརྟེན་དེ་རིང་སྔ་དྲོ་ཞུས་པ་བཞིན་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལ་མཐའ་མེད་ཅིང་། ཀུན་འབྱུང་གི་རིམ་པ་ལ་སྐོར་བ་མང་པོ་ཐེབས་པའི་སྐབས་སུ་ལས་འབྲས་མི་བསླུ་བའི་ཚུལ་གྱིས་ཀུན་འབྱུང་གི་འཁོར་ལོ་ལ་ངེས་པ་རྙེད་པ་དང་། དེ་ལ་བརྟེན་ནས་འཁོར་བ་མཐའ་མེད་དུ་མཐོང་ན་དེ་ནི་འཁོར་བ་ལ་ཞེན་པ་ལོག་པའམ་ཐང་ཆད་པའི་རྒྱུ་གཙོ་བོ་ཞིག་ལ་འགྲོ་བ་རེད། ༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་གྲོགས་མེད་པའི་ཉེས་པ་དང་། མཐའ་མེད་པའི་ཉེས་པ་དེ་ངེས་འབྱུང་བསྐྱེད་པ་ལ་ནུས་པ་ཆེ་ཤོས་ཡོད་ཅེས་གསུངས་ཀྱི་ཡོད། སྐབས་འདིར་ལས་འབྲས་བསམ་ཚུལ་སྐྱེས་བུ་ཆུང་ངུ་ནས་བཤད་པ་བཞིན་ཆ་ཚང་བ་ཞིག་དགོངས་པ་བཞེས་ཐུབ་ན་ཡག་པོ་ཡོད།

ལམ་རིམ་ནང་ལས་འབྲས་བཤད་པ་ན། ལས་ངེས་པའི་ཚུལ། ལས་འཕེལ་ཆེ་བའི་ཚུལ། ལས་མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་ཟ་བ་བཅས་ས་བཅད་བཞི་རེད། ལས་ངེས་པ་ནི། དགེ་བ་ལས་བདེ་བ་དང་བདེ་འགྲོ  མི་དགེ་བ་ལས་མི་བདེ་བ་དང་ངན་འགྲོ་འབྱུང་བའི་ངེས་ཚུལ་གཅིག་རེད། ལས་དགེ་བའམ་རྣམ་དཀར་གྱི་ལས་ཤིག་ཡིན་ཕྱིན་དེའི་འབྲས་བུ་ངེས་པར་དུ་བདེ་བ་ཡིན་དགོས་པ་དང་། དེ་མཚུངས་མི་དགེ་བའི་རྩ་བ་ལས་བྱུང་བའི་ལས་ནག་པོ་ཡིན་ན་དེའི་འབྲས་བུ་སྡུག་བསྔལ་ཡིན་པ་ངེས་པ་དང་། ལས་དགེ་སྡིག་འདྲེས་མ་ཡིན་ན་འབྲས་བུའང་བདེ་སྡུག་འདྲེས་མ་ཞིག་ཡོང་རྒྱུ་རེད། སྤྱིར་ལས་ངེས་པའི་ཚུལ་མང་ཆེ་བ་ཤིན་ཏུ་ལྐོག་གྱུར་ཡིན་པར་བརྟེན། དངོས་སྟོབས་རིགས་པའི་ཐོག་ནས་བསྒྲུབ་རྒྱུ་ཉུང་ཉུང་རེད། མཁས་པ་ཁ་ཤས་ཀྱིས་སྦྱིན་པ་ལས་ལོངས་སྤྱོད་བྱུང་བ་དང་། ཚུལ་ཁྲིམས་ལས་བདེ་འགྲོ་སྐྱེ་བ་ཙམ་ཤིན་ཏུ་ལྐོག་གྱུར་མིན། སྐྱེ་བ་སྔ་ཕྱི་དངོས་སྟོབས་རིགས་པས་སྒྲུབ་ཐུབ་པ་བཞིན་ལས་བཟང་པོ་ལས་འབྲས་བུ་བདེ་བ་དང་། ལས་ངན་པ་ལས་འབྲས་བུ་མི་བདེ་བ་ཡོང་བ་ཕྱོགས་ཙམ་དངོས་སྟོབས་རིགས་པས་སྒྲུབ་ཐུབ། སྦྱིན་པའི་རྣམ་གྲངས་ཇི་ལྟ་བུས་ལོངས་སྤྱོད་ཀྱི་རྣམ་གྲངས་ཇི་ལྟ་བུ་ཡོང་བ་དང་། ལྷག་པར་དུ་གང་ཟག་བྱེ་བྲག་པ་ལ་སྦྱར་བའི་སྐབས་སུ་སྐྱེས་བུ་ཆོས་སྦྱིན་ལྟ་བུས་སྦྱིན་པ་གང་ཞིག་བཏང་བ་ལ་བརྟེན་ནས་ལོངས་སྤྱོད་གང་ཐོབ་མིན་དེ་ཤིན་ཏུ་ལྐོག་གྱུར་རེད་ཅེས་གསུངས། གང་ལྟར་ལས་དང་ལས་ཀྱི་འབྲས་བུ་དེ་ཡོངས་གྲགས་སུ་ཤིན་ལྐོག་རེད། དེར་བརྟེན་མདོ་སྡེ་མཛངས་བླུན་དང་། མདོ་སྡེ་ལས་བརྒྱ་པ། སངས་རྒྱས་ཀྱི་སྐྱེས་རབས། རྟོགས་བརྗོད་སོགས་སུ་གཟིགས་ན་སྟོན་པས་ལས་ཀྱི་རྒྱུ་བ་མང་པོ་ལུང་བསྟན་པའི་ནང་ལས་ངེས་པའི་རྣམ་གཞག་སྐོར་མང་པོ་རེད། ལས་འཕེལ་ཆེ་བ་ནི། ལས་ཀྱིི་རྒྱུའམ་ས་བོན་ཆུང་ངུ་ཡིན་ནའང་འབྲས་བུ་ཧ་ཅང་ཆེན་པོ་སྨིན་པ་རེད། དཔེར་ན། གཞན་ལ་ཁོང་ཁྲོ་དྲག་པོས་ཚིག་ངན་ཙམ་སྨྲས་པ་ལ་སྐྱེ་བ་ལྔ་བརྒྱར་དུད་འགྲོར་སྐྱེ་བ་སོགས་རེད། ཕྱིའི་རྒྱུ་འབྲས་ལ་འཕེལ་སྟོབས་ཆེ་ཆུང་དཔེ་ལ་བཞག་ནས་ནང་གི་རྒྱུ་འབྲས་ཀྱི་འཕེལ་ཚད་ཆེ་ཆུང་བསྟན་པ་རེད། དཔེར་ན། ཤིང་ནིགྲོདྷ་ས་བོན་ཡུངས་འབྲུ་ལྟ་བུ་ལས་མེད་རུང་། ལྗོན་ཤིང་དེ་ཧ་ཅང་ཆེ་བ་ལྟ་བུ་རེད། ལས་མ་བྱས་པ་དང་མི་འཕྲད་པ་ནི། གལ་ཏེ་ལས་དེ་བྱས་མེད་ན་གནས་སྐབས་གང་དུའང་དེའི་འབྲས་བུ་མྱོང་རྒྱུ་མེད། དཔེར་ན། འདུལ་བའི་ནང་བཙུན་མོ་སྔོ་སངས་མ་སོགས་བུད་མེད་ལྔ་བརྒྱ་རྫུ་འཕྲུལ་ཐོབ་ཀྱང་ཁང་པ་མེས་འཚིག་པ་ན་ལས་ཀྱི་དབང་གིས་ནམ་མཁར་འཕུར་མ་ནུས་པར་མེའི་ནང་ལྷུང་བ་དང་། གཡོག་མོ་སྒུར་མོ་ལ་རྫུ་འཕྲུལ་མེད་ཀྱང་ཆུ་ཁུང་ནས་ཐར་བ་ལྟ་བུ་རེད། དེང་སང་མེ་འཁོར་དང་གནམ་གྲུ་སོགས་བརྡབས་པའི་སྐབས་སུའང་ཐར་མི་ཤེས་པའི་མི་རེ་གཉིས་ཐར་བ་རྣམས་ཀྱང་དེ་མཚུངས་རེད། བྱས་པ་ཆུད་མི་ཟ་བ་ནི། ལས་ཤིག་བྱས་ཕྱིན་ཆད་དེའི་འབྲས་བུ་མྱོང་བའམ། གཉེན་པོ་སྟོབས་བཞིའི་སྒོ་ནས་འདག་པར་བྱེད་པ། ཡང་ན་ཉོན་མོངས་སྤོང་བ་བཅས་གསུམ་པོ་གང་རུང་བྱེད་དགོས། དེ་མིན་ལས་ཤིག་བསགས་ཕྱིན་འབྲས་བུ་མྱོང་བ་ངེས་པ་རེད། ལས་འབྲས་སྐོར་ལ་དེ་ཙམ་གྱིས་འཐུས་པ་ཞུ་རྒྱུ་ཡིན།

དེ་ནས་འཁོར་བའི་སྡུག་བསྔལ་བསམ་པ་ལ། ལམ་རིམ་ཆེན་མོའི་ནང་གསུངས་པ་ལྟར་ན་འཁོར་བའི་སྡུག་བསྔལ་བརྒྱད་བསམ་པ། འཁོར་བའི་སྡུག་བསྔལ་དྲུག་བསམ་པ། འཁོར་བའི་སྡུག་བསྔལ་གསུམ་བསམ་པ་བཅས་རེད། དང་པོ་འཁོར་བའི་སྡུག་བསྔལ་བརྒྱད་བསམ་པ་ནི། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་དང་། མི་སྡུག་པ་དང་འཕྲད་པ། སྡུག་པ་དང་བྲལ་བ། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པ། མདོར་ན་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ནི་སྡུག་བསྔལ་བའོ།། སྐྱེ་བའི་སྡུག་བསྔལ་ནི། སྐྱེ་བ་ལེན་པའི་སྐབས་སུ་མངལ་སྐྱེས་དང་སྒོང་སྐྱེས་ལྟ་བུ་ཡིན་ན། མངལ་དུ་ཆགས་པ་ནས་བཟུང་སྡུག་བསྔལ་ཇི་ཙམ་མྱོང་དགོས་པ་མཐོང་མུས་རེད། རྫུས་སྐྱེས་དང་དྲོད་སྐྱེས་ཡིན་ནའང་སྐྱེ་བའི་སྐབས་སུ་སྡུག་བསྔལ་མེད་པ་མིན། དེ་ནི་ཕུང་པོ་གཅིག་དོར་ནས་ཕུང་པོ་གཞན་ཞིག་ནང་འགྲོ་བ་ན་ཕུང་པོ་སྔ་མ་འདོར་བའི་སྐབས་སུ་སྡུག་བསྔལ་ཡོད་པ་དང་། ཕུང་པོ་ཕྱི་མ་ལ་ཉིང་མཚམས་སྦྱར་བའི་སྐབས་སུའང་སྡུག་བསྔལ་ཡོད། ཉིང་མཚམས་སྦྱར་ཟིན་པའི་ཕུང་པོ་གྲུབ་པའི་རིམ་པ་དེའི་ནང་དུའང་སྡུག་བསྔལ་གྱི་རང་བཞིན་ཤ་སྟག་རེད། རྒ་བའི་སྡུག་བསྔལ་ནི། བཀའ་གདམས་པའི་དགེ་བཤེས་ཀ་མ་པས། རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བས་དྲག  དུས་གཅིག་ལ་འོང་ན་བསྲན་ཐབས་མེད། ཅེས་གསུངས་པ་བཞིན་རྒ་བའི་སྡུག་བསྔལ་ནི་རྒས་འཁོགས་རྣམས་ཀྱིས་མངོན་སུམ་དུ་མྱོང་བཞིན་པ་རེད། རྒས་འཁོགས་མིན་པ་ཚོས་ཀྱང་རྒས་འཁོགས་ལ་བལྟས་ན་གོམ་པ་སྤོ་སྟངས་དང་། འདུག་སྟངས་སོགས་ལས་ཤེས་ཐུབ། ན་བའི་སྡུག་བསྔལ་ནི། དེང་སང་དེང་རབས་ཀྱི་ན་ཚ་གསར་པ་མང་པོ་ཐོས་པ་ཙམ་གྱིས་ལུས་ཀྱི་སྡུག་བསྔལ་ཙམ་མིན་པར་སེམས་ཀྱི་སྡུག་བསྔལ་བཟོས་པའང་ཡོད། ན་བའི་སྡུག་བསྔལ་བསལ་བ་ལ་སྨན་བཅོས་བྱེད་པའི་སྐབས་སུའང་སྡུག་བསྔལ་མང་པོ་མྱོང་དགོས། འཆི་བའི་སྡུག་བསྔལ་ནི། མི་ཚེ་གཅིག་གི་ནང་ཐབས་སྡུག་ཤོས་དང་སྡུག་བསྔལ་ཆེ་ཤོས་སུ་བརྩི། དེ་དག་བཞི་ནི་ལས་ཉོན་དབང་གིས་འཁོར་བར་སྐྱེ་བ་ལེན་པ་སྤྱི་ཡོངས་ལ་ཁྱབ་པ་རེད། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ནི། སོ་སོའི་མི་འདོད་པ་རྣམས་དང་འཕྲད་པ་དང་། དེ་དང་མཉམ་དུ་འབྲེལ་བ་བྱེད་དགོས་པ་དེ་རེད། དངོས་པོ་ཞིག་ཡིན་ནའང་རང་ལ་མི་དགོས་པ་དེ་རྟག་ཏུ་མཉམ་དུ་ཡོང་བ་ལྟ་བུ་རེད། སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི། སོ་སོའི་འདོད་པ་རྣམས་དང་བྲལ་བ་དེ་རེད། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་ནི། རང་ལ་འདོད་པའི་དངོས་པོ་ཇི་ཙམ་བཙལ་ཀྱང་མི་རྙེད་པ་དེ་རེད། མདོར་ན་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ནི་སྡུག་བསྔལ་བ་ནི། གོང་གི་སྡུག་བསྔལ་བདུན་པོ་རེ་རེ་ནས་གསུངས་ཏེ། མདོར་ན་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ནི་སྡུག་བསྔལ་བའོ་ཞེས་སྡུག་བསྔལ་གྱི་རྣམ་གྲངས་བརྗོད་ཀྱིས་མི་ལངས་པས་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ཡིན་ཞེས་བསྡོམས་པའོ།། སྡུག་བསྔལ་བདུན་པོ་མྱོང་བའི་གཞིའམ་སྣོད་ལྟ་བུ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རེད།

གཉིས་པ་འཁོར་བའི་སྡུག་བསྔལ་དྲུག་བསམ་པ་ནི། ངེས་པ་མེད་པའི་ཉེས་པ། ངོམས་པ་མེད་པའི་ཉེས་པ། ལུས་ཡང་ཡང་འདོར་བའི་ཉེས་པ། ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ། ཡང་ཡང་མཐོ་དམན་དུ་གྱུར་པའི་ཉེས་པ། གྲོགས་མེད་པའི་ཉེས་པ་བཅས་རེད། ངེས་པ་མེད་པའི་ཉེས་པ་ནི། འཁོར་བའི་གནས་འདི་ལ་ད་ལྟ་བདེ་འགྲོ་ལྷ་མིའི་གོ་འཕང་ཐོབ་ཀྱང་། དེའི་མཇུག་ཐོག་ཏུ་ངན་སོང་དུ་འགྲོ་བ་དང་། ད་ལྟ་མིང་དང་གོ་གནས་སོགས་ཡོད་ཀྱང་། ཉིན་ཤས་རྗེས་བཙོན་ཁང་དུ་སླེབས་པ། དེ་ཙམ་དུ་མ་ཟད། ཚེ་འདིའི་དགྲ་རྣམས་སྐྱེ་བ་གཞན་དུ་ཕ་མ་དང་གཉེན་དུ་གྱུར་པ། ད་ལྟའི་གྲོགས་རྣམས་ཀྱང་རྗེས་སུ་དགྲ་བོར་གྱུར་པ། ཚེ་སྟོད་ལ་དགྲའི་དྭང་མ་རྣམས་ཚེ་སྨད་ལ་གྲོགས་མཆོག་ཏུ་གྱུར་པ། ཕྱུག་པོ་དབུལ་པོར་གྱུར་པ། དབུལ་པོ་ཕྱུག་པོར་གྱུར་པ་ལྟ་བུ་རེད། ངོམས་པ་མེད་པའི་ཉེས་པ་ནི། ཟག་བཅས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ལ་ཇི་ཙམ་ལོངས་སྤྱད་ཀྱང་ངོམས་པ་མེད། གལ་ཏེ་ལོངས་སྤྱད་ནས་ངོམས་རྒྱུ་ཡོད་ན་དེ་ནི་བདེ་བ་མཚན་ཉིད་པའི་མཚོན་རྟགས་ལྟ་བུ་རེད། ལུས་ཡང་ཡང་འདོར་བའི་ཉེས་པ་ནི། སྤྱིར་ལུས་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྟེན་བྱེད་པའི་འདུ་བྱེད་ཀྱི་ཕུང་པོ་ཡིན་རུང་། དེ་ལ་ཆགས་ཞེན་ཆེན་པོ་ཡོད་ཅིང་། རང་གི་ལུས་ལས་རྩ་ཆེ་བ་ཧ་ལམ་མེད་པ་ལྟ་བུ་རེད། དེ་ལྟ་བུའི་ལུས་དེ་ཡང་ཡང་འདོར་དགོས་པ་ནི་འཆི་བའི་སྡུག་བསྔལ་དང་གཅིག་པ་རེད། ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། ལུས་ཡང་ཡང་འདོར་བ་ཙམ་ལ་རྫོགས་ན་འགྲིགས་རུང་། དེ་ནི་དེ་ལྟ་མིན་པར་ཡང་ཡང་ཉིང་མཚམས་སྦྱར་བ་རེད། ལུས་གཅིག་འདོར་བའི་རྗེས་སུ་ལས་ཉོན་གྱིས་འཕངས་པའི་ཟག་བཅས་ཀྱི་ཕུང་པོ་གཞན་ཞིག་ལ་ཉིང་མཚམས་སྦྱར་དགོས་ཤིང་། ཉིང་མཚམས་མ་སྦྱར་བར་བསྡད་ཐབས་མེད། ཡང་ཡང་མཐོ་དམན་དུ་གྱུར་པའི་ཉེས་པ་ནི། འདི་དང་ངེས་པ་མེད་པའི་ཉེས་པ་གཉིས་ལྟ་ཕྱོགས་ཐ་དད་མ་གཏོགས་དོན་དུ་གཅིག་པ་ལྟ་བུ་རེད།  བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི།། ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་།། འཁོར་ལོའི་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་།། འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར།། ཞེས་གསུངས་པ་བཞིན་རེད། གྲོགས་མེད་པའི་ཉེས་པ་ནི། སྤྱོད་འཇུག་ལས། སྐྱེ་ན་གཅིག་པུ་སྐྱེ་འགྱུར་ཞིང་།། འཆི་ནའང་དེ་ཉིད་གཅིག་འཆི་སྟེ།། སྡུག་བསྔལ་སྐལ་གཞན་མི་ལེན་ན།། གེགས་བྱེད་མཛའ་བས་ཅི་ཞིག་བྱ།། ཞེས་གསུངས་པ་བཞིན་གོང་དུ་བཤད་པའི་སྡུག་བསྔལ་བརྒྱད་དང་དྲུག་སོགས་གང་ལ་བསམ་ནའང་དོན་དུ་སྡུག་བསྔལ་དེའི་རྒྱུ་རང་ཉིད་གཅིག་པུས་བསགས་པ་དང། དེའི་འབྲས་བུ་སྡུག་བསྔལ་ཡང་རང་ཉིད་གཅིག་པུས་མྱོང་བ། དེ་བཞིན་གཅིག་པུ་སྐྱེ་བ་དང་གཅིག་པུ་འཆི་བ་སོགས་ཐམས་ཅད་རང་ཉིད་གཅིག་པུ་ཡིན་དགོས་ན། སྡུག་བསྔལ་སྐལ་གཞན་མི་ལེན་པའི་གེགས་བྱེད་གྲོགས་དང་མཛའ་བོས་དགོས་པ་མེད། སྤྱིར་སྲོག་ཆགས་ཡོངས་རྫོགས་དང་། ལྷག་པར་དུ་མིའི་འགྲོ་བ་ནི་སྤྱི་ཚོགས་ལ་བརྟེན་པ་ཞིག་ཡིན། མི་སུ་འདྲ་ཞིག་ཡིན་རུང་སྤྱི་ཚོགས་ལ་མ་བརྟེན་པར་འཚོ་ཐུབ་པ་ཧ་ཅང་ཁག་པོ་རེད། སྤྱི་ཚོགས་ནང་གནས་པའི་སྐབས་སུ་ལྟར་སྣང་ལ་གྲོགས་ཡོད་པ་ལྟ་བུ་ཡོད་ཀྱང་། དོན་དུ་གྲོགས་དེས་ཕན་ཐོགས་གང་ཡང་མེད། རང་ཉིད་གཅིག་པུ་ཡིན་ན་སྐྱིད་སྡུག་ཅི་བྱུང་སྟབས་བདེ་པོ་རེད། སྤྱི་ཚོགས་ནང་གྲོགས་མང་པོ་དང་འགྲོགས་དགོས་དུས་ཕན་ཐོགས་མེད་པའི་ཁར། སྡུག་བསྔལ་གྱི་སྣོན་པ་ལྟ་བུ་རེད། སྤྱིར་སྤྱི་ཚོགས་ལ་བརྟེན་དགོས་པ་ནི་གཤིས་ལུགས་དང་། བརྟེན་སའི་སྤྱི་ཚོགས་དེ་རྟག་ཏུ་བློས་མི་འཁེལ་བ་དང་། གལ་ཆེ་བའི་སྐབས་སུ་གློད་གཏོང་མཁན་ཞིག་རེད། དེར་བརྟེན་གྲོགས་མེད་པ་ནི་འཁོར་བའི་ནང་སྡུག་བསྔལ་ཆེ་ཤོས་ཤིག་རེད།

གསུམ་པ་འཁོར་བའི་སྡུག་བསྔལ་གསུམ་བསམ་པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་རེད། དེ་ནི་སྡུག་བསྔལ་གྱི་ངོ་བོའི་ཆ་ནས་བསྡུས་པ་རེད། དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་ནི། ཡོངས་གྲགས་ཀྱི་ན་བ་དང་འཆི་བའི་སྡུག་བསྔལ་སོགས་དངོས་སུ་ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་བ་རྣམས་རེད། འགྱུར་བའི་སྡུག་བསྔལ་ནི། བོད་སྐད་དུ་འགྱུར་བའི་སྡུག་བསྔལ་ཞེས་བསྒྱུར་ཡོད་ཀྱང་། ལེགས་སྦྱར་གྱི་སྐད་དོད་པརི་ཎཱམ་དུཿཁ་ཞེས་པ་འབྲས་བུའི་སྡུག་བསྔལ་དུའང་བསྒྱུར་རུང་ཞིང་། ཟག་བཅས་ཀྱི་ཚོར་བ་བདེ་བ་རྣམས་གནས་སྐབས་སུ་བདེ་བ་ལྟ་བུར་སྣང་ཡང་། དེ་ལ་རྒྱུན་རིང་བརྟེན་ན་མཐར་སྡུག་བསྔལ་མ་གཏོགས་ཡོང་རྒྱུ་མེད། སྤྱིར་འགྱུར་བ་ཞེས་པ་འབྲས་བུ་ལ་གོ་བའི་སྐབས་མང་ཞིང་། བོད་སྐད་ནང་འགྱུར་བ་ཞེས་པའི་ཚིག་དེ་ཁྱབ་ཆེན་པོ་རེད། གང་ལྟར་ཟག་བཅས་ཀྱི་ཚོར་བ་བདེ་བ་རྣམས་ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་གྱི་ངོ་བོར་འཕོ་བ་མ་གཏོགས། བདེ་བའི་ངོ་བོར་གཏན་དུ་མི་བསྡད་པ་རེད། ཟག་བཅས་ཀྱི་ཚོར་བ་བདེ་བ་གཅིག་འགགས་ནས་ཚོར་བ་སྡུག་བསྔལ་གསར་པ་ཞིག་སྐྱེ་བའི་མགོ་སྟོད་དུ་སྡུག་བསྔལ་ཡིན་པ་མ་གོ་བར་བདེ་བར་སྣང་བའང་དོན་དུ་སྡུག་བསྔལ་གཞན་ཞིག་མགོ་ཚུགས་པ་རེད། དཔེར་ན། རྒྱུགས་རྒྱུགས་ནས་ཐང་ཆད་པའི་མི་ཞིག་གདན་ཞིག་ཏུ་བསྡད་རྒྱུ་བྱུང་ན་བདེ་བའི་རྣམ་པ་ཞིག་ཚོར་ཡང་། དོན་དུ་འགྲོ་བའི་སྡུག་བསྔལ་དེ་འགགས་ནས་བསྡད་པའི་སྡུག་བསྔལ་གསར་པ་ཞིག་མགོ་ཚུགས་པ་ཡིན་ཙང་བདེ་བ་ལྟ་བུར་ཚོར། གལ་ཏེ་བསྡད་པ་དེ་རང་བཞིན་གྱིས་བདེ་བའི་ངོ་བོ་ཡིན་ན་ཇི་ཙམ་བསྡད་ཀྱང་བདེ་བ་གོང་འཕེལ་དུ་འགྲོ་བ་མ་གཏོགས། སྡུག་བསྔལ་དུ་མི་འགྱུར་བ་དགོས། འོན་ཀྱང་བསྡད་ཡུན་རིང་དྲགས་ན་སྡུག་བསྔལ་གསར་པ་ཞིག་མགོ་ཚུགས་པ་མཐོང་གསལ་རེད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་ཡོངས་སུ་རྫོགས་པ་སྨིན་པའི་གཞི་དང་མྱོང་བའི་རྐྱེན་དུ་གྱུར་པ་ནི་ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་དེ་ཡིན་ཙང་། དེ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་ནང་ནས་མཐོང་དཀའ་བ་རེད། དེ་ལྟ་བུ་སྡུག་བསྔལ་གསུམ་གྱི་གནས་ཚུལ་སོགས་ལ་ཡང་ཡང་བསམ་ན་འཁོར་བའི་བདེ་བ་ལ་ཆགས་པའི་ཆགས་པ་དེ་ལྡོག་ཐུབ།

གསུམ་པ་ངེས་འབྱུང་བསྐྱེད་པའི་ཚད་ནི། དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ།། ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་།། ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ།། བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།། ཞེས་པའོ།། འདིར་ངེས་འབྱུང་སྐྱེས་པའི་ཚད་ཧ་ཅང་མཐོ་པོ་བཞག་ཡོད། འདི་ལ་བལྟས་ན་ང་ཚོའི་རྒྱུད་ལ་ངེས་འབྱུང་གི་བསམ་པ་ཇི་ཙམ་ཡོད་མེད་བརྗོད་དཀའ་བ་རེད། འཁོར་བའི་ཕུན་ཚོགས་ནི་འཁོར་བས་བསྡུས་པའི་ཟག་བཅས་ཀྱི་བདེ་བ་ཡོངས་སུ་རྫོགས་པ་ལ་བརྗོད། དེ་ཡང་ཚངས་པ་དང་བརྒྱ་བྱིན་སོགས་ལྷའི་དབང་པོ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་འཁོར་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་མང་པོ་ང་ཚོས་ཡོན་ཏན་དུ་མཐོང་བ་རྣམས་ཀྱི་སྐྱོན་མཚང་རིག་ན་དེ་དག་ཐམས་ཅད་འགྱུར་བའི་སྡུག་བསྔལ་ལམ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གཉིས་སུ་མ་ཚུད་པ་མེད། དེས་ན་རྒྱུ་ཅ་ལག་དང་། སྟོབས་གོ་ས། ལུས་ཀྱི་དཔའ་རྩལ། གཟུགས་ལང་ཚོ་སོགས་ཡིད་སྨོན་བྱེད་ཡུུལ་གྱི་འཁོར་བའི་ཕུན་ཚོགས་མཐོང་བ་ཙམ་ཉིད་ནས་སྐྱུགས་ནད་ཅན་ལ་ཟས་བསྟན་པ་བཞིན་ཡོང་རྒྱུ་རེད། ངེས་འབྱུང་གི་བསམ་པ་མེད་པའི་གང་ཟག་གིས་འཁོར་བའི་ཕུན་ཚོགས་རྣམས་མཐོང་ན་ཡིད་སྨོན་འཆོར་ནས་དེ་ལ་བརྐམས་པ་རེད། སྐབས་འདིར་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་འབྲོག་པའི་ཕྲུ་གུ་ཉུང་མ་ལ་ཞེན་པ་ལོག་པ་ཞིག་ལ་དཔེ་སྦྱར་ནས་གསུངས་ཤིང་། དེ་ཡང་ཕྲུ་གུ་ལྟོགས་པས་ཨ་མ་ལ་ཟས་ཤིག་བསླངས་པར། ཨ་མས་ཉུང་མ་སྐམ་པོ་དང་། ཉུང་མ་རློན་པ། ཉུང་མ་བཙོས་པ། ཉུང་མ་བརྔོས་པ་སོགས་རིམ་བཞིན་སྦྱིན་པ་ན། ཕྲུ་གུས་དེ་དག་བཟོ་སྟངས་སམ་རྣམ་པ་མི་འདྲ་བ་ལས་ཐམས་ཅད་ཉུང་མ་ཡིན་པར་བརྟེན་ཟ་འདོད་མེད་ཅེས་བཤད། དེ་བཞིན་དུ་འཁོར་བའི་ཕུན་ཚོགས་རྣམས་ཀྱང་ཡིན། དེ་ལ་ངེས་པ་མེད་པའི་ཉེས་པ་དང་ངོམས་པ་མེད་པའི་ཉེས་པ་ཡང་ཡང་བསམ་ན་མི་རྟག་པ་དང་འགྱུར་བའི་རང་བཞིན་ཅན་དུ་མཐོང་བ་དང་། མི་རྟག་པ་ཡིན་ཙང་འགྱུར་བ་དང་འདོར་བའི་སྐབས་སུ་དེ་ལ་བརྟེན་པའི་སྡུག་བསྔལ་རྣམས་རང་ཤུགས་ཀྱིས་མཐོང་ན་སྐྱུགས་ནད་ཅན་ལ་ཟས་བསྟན་པ་བཞིན་ཡོང་ཐུབ།

སྡུག་བསྔལ་བདེན་པའི་རྣམ་པའི་ནང་མི་རྟག་པ་ཐོག་མ་གསུངས་པ་ནི་སྡུག་བསྔལ་གྱི་དངོས་པོ་མང་ཆེ་བ་སྡུག་བསྔལ་གྱི་ངོ་བོར་ཆགས་པའི་རྒྱུ་མཚན་དེ་མི་རྟག་པ་དང་། མི་བརྟན་པ། འགྱུར་བའི་རང་བཞིན་དང་། ལྷག་པར་དུ་ཟག་བཅས་ཀྱི་ཚོར་བ་བདེ་བ་འགྱུར་བའི་སྡུག་བསྔལ་ཡིན་ཞེས་པ་ནི་བདེ་བའི་རང་བཞིན་ལ་རྟག་པ་བརྟན་པར་མི་གནས་པ་དང་། བདེ་བ་ལྟ་བུར་ཚོར་བའི་དངོས་པོ་རྣམས་མི་རྟག་པའི་རང་བཞིན་དུ་འགྱུར་བ་ན་དེ་ལ་བརྟེན་པའི་སྡུག་བསྔལ་ལྷག་མ་ཡོང་ཞིང་། དཔེར་ན། སྤྲང་པོ་ཞིག་ལ་ཉིན་གཅིག་དངུལ་ཕོན་ཆེན་པོ་གློ་བུར་དུ་བྱུང་བ་དེ་འབོར་བརླག་སོང་ན་སྔ་མོ་མེད་པའི་སྡུག་བསྔལ་ལས་ད་སྐབས་སྡུག་བསྔལ་ཆེ་བ་འོང། དེས་ན་བྱུང་བའི་བདེ་བ་དེ་བྲལ་བའི་སྐབས་སུ་དེ་ལས་རླབས་ཆེ་བའི་སྡུག་བསྔལ་འདྲེན་པ་ནི་མི་རྟག་པའི་རང་བཞིན་ཐོག་ནས་བྱུང་། དེས་ན་སྡུག་བསྔལ་བདེན་པའི་རྣམ་པ་བཞིའི་ནང་མི་རྟག་པའི་འདུ་ཤེས་ནི་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མཆོག་གོ་ཞེས་གསུངས།

དེ་ལྟ་བུའི་འཁོར་བའི་ཕུན་ཚོགས་ལ་ཡིད་སྨོན་མི་སྐྱེ་བ་ཙམ་ངེས་འབྱུང་གི་ཆ་ཤས་ཡིན་རུང་། དེ་ཙམ་གྱིས་ངེས་འབྱུང་གི་བསམ་པ་མཚན་ཉིད་ཚང་གི་མེད། འཁོར་བའི་ཕུན་ཚོགས་ལ་ཡིད་སྨིན་མི་སྐྱེ་བ་དང་། དེ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་ཉིན་མཚན་ཀུན་ཏུ་དེ་ལས་འབྲལ་འདོད་ཀྱི་ཐར་པ་དོན་གཉེར་གྱི་བློ་བསྐྱེད་དགོས། བློ་གོམས་པ་ན་རྨི་ལམ་ཚུན་ཆད་ལའང་སྲིད་པའི་ཕུན་ཚོགས་ལ་ཡིད་སྨོན་མི་སྐྱེ་བ་དང་། ཐར་པ་དོན་གཉེར་གྱི་བློ་ཡོང་རྒྱུ་རེད། དེང་རབས་ཀྱི་མི་ཚོས་བློ་ལ་མངོན་འགྱུར་གྱི་བློ་དང་། བག་ལ་ཉལ་གྱི་བློ། མི་གསལ་བའི་བློ་བཅས་གསུམ་དུ་ཕྱེ་ཞིང་། མངོན་འགྱུར་བའི་བློའི་ནང་ཐར་པ་དོན་གཉེར་ཡོད་པ་མ་ཟད། བག་ལ་ཉལ་གྱི་བློའི་ནང་དུའང་ཡོད་ན། གཉིད་ཁུག་པའི་སྐབས་སུའང་བློ་དེ་གནས་པ་རེད།

གཞུང་ནང་ཉིན་མཚན་ཀུན་ཏུ་ཞེས་པ་ཡང་ཡང་ཡོང་བ་ནི་འགྲོ་འཆག་ཉལ་འདུག་སོགས་གནས་སྐབས་ཀྱི་ཀུན་སྤྱོད་གང་ཡིན་རུང་བློའི་འགྱེར་བག་གམ་བསམ་བློ་འཁྱེར་སྟངས་དེ་འགྱུར་བ་མེད་ན་བློ་འབྱོངས་པའི་རྟགས་རེད། གུང་ཐང་བསྟན་པའི་སྒྲོན་མེས། ལྟོ་འགྲང་ཉི་མས་དྲོས་ཚེ་ཆོས་པའི་གཟུགས།། རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ།། ཞེས་གསུངས་པ་བཞིན་ལྷོད་ལྷོད་བཞག་ན་ངེས་འབྱུང་ཆེ་མདོག་ཁ་པོ་དང་བསམ་པོ་བཟང་མདོག་ཁ་པོ། གལ་ཏེ་རྐྱེན་ངན་ཞིག་འཕྲད་ན་མི་ཕལ་པ་བཞིན་ཡ་ལན་བྱེད་མཁན་བྱུང་ན་བློ་མ་འབྱོངས་པའི་རྟགས་རེད། དེས་ན་ངེས་འབྱུང་གི་བློ་འབྱོངས་པའི་སྐབས་སུ་ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་གྱི་བློ་དེ་ཡོང་རྒྱུ་རེད། སྡུག་བདེན་འཁོར་བའི་ཉེས་དམིགས་བསམས་ནས་འཁོར་བའི་ཕུན་ཚོགས་ལ་ཡིད་སྨོན་མི་སྐྱེ་བ་དེའགྲུབ་ཐུབ་ཀྱང་། ཀུན་འབྱུང་འཁོར་བའི་འཇུག་རིམ་དང་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་མ་ཤེས་ན་ཐར་པ་དོན་གཉེར་གྱི་བློ་ཚད་ལྡན་ཞིག་ཡོང་དཀའ། དེར་བརྟེན་བདག་འཛིན་ལྷན་སྐྱེས་སམ་འཇིག་ལྟ་ལྷན་སྐྱེས་དེ་འཁོར་བའི་རྩ་བ་ཡིན་པ་དང་། དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སུན་དབྱུང་ཚུལ་ལ་གོ་བ་ཆ་ཚང་མ་ཆགས་ན་ཐར་པ་ལ་ཤེས་ནས་དད་པ་ཐོབ་དཀའ་བ་རེད། ཐར་པ་ལ་ཤེས་ནས་དད་པ་མ་ཐོབ་ན་ཐར་པ་དོན་གཉེར་དེ་དད་པའི་རྗེས་འབྲངས་ཙམ་དུ་འགྲོ་རྒྱུ་རེད། དེས་ན་ངེས་འབྱུང་རྣམ་དག་བསྐྱེད་པ་ལ་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་ལ་བཅོས་མིན་གྱི་གོ་བ་ཆགས་དགོས། དེས་ན་ལམ་རིམ་ཆེན་མོའི་ནང་། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ། ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་ཕབ་པ་ཞེས་ས་བཅད་བསྒྲིགས་པ་ནི་ལག་ལེན་ནམ་ཉམས་སུ་ལེན་བདེ་བའི་ཆེད་དུ་རེད།

བྱང་ཆུབ་ཀྱི་སེམས་བཤད་པ།

གཉིས་པ་བྱང་ཆུབ་ཀྱི་སེམས་བཤད་པ་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པའི་རྒྱུ་མཚན། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ། བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཚད་བཅས་གསུམ་མོ།། དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པའི་རྒྱུ་མཚན་ནི། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།། ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།། ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།། ཅེས་པའོ།། གོང་དུ་བཤད་ཟིན་པའི་ངེས་འབྱུང་གི་བསམ་པ་དེ་ཡང་རྣམ་པར་དག་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སེམས་བསྐྱེད་ཀྱིས་མ་ཟིན་ན། ངེས་འབྱུང་དེ་བླ་ན་མེད་པའི་བྱང་ཆུབ་བམ་སངས་རྒྱས་ཀྱི་གོ་འཕང་གི་ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར། སྤྱིར་ཉན་རང་གི་དགྲ་བཅོམ་པའི་གོ་འཕང་ལའང་བྱང་ཆུབ་ཅེས་བརྗོད་ཀྱང་། དེ་ནི་བླ་ན་མེད་པའི་བྱང་ཆུབ་མིན། ཕུན་ཚོགས་བདེ་བ་ཞེ་ན། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་ངོ་བོ་དེ་རེད། སངས་རྒྱས་ལ་ཆེ་བ་བརྗོད་པའི་སྐབས་སུ་ཕུན་སུམ་ཚོགས་པ་མངའ་བ་ཞེས་བརྗོད་སྲོལ་ཡོད། ཕུན་སུམ་ཚོགས་པ་ཞེས་པའི་ཕུན་ནི་ཕུན་པོའམ་སྡེ་ཚན་ལྟ་བུ་དང་། སུམ་ནི་གྲངས་ཀ་གསུམ། ཚོགས་ནི་འདུས་པའི་དོན་རེད། ཚིག་མང་པོ་རྗེས་སྒྲུབ་ཀྱི་མིང་ལྟ་བུ་སྣང་ཡང་། དངོས་སུ་རྗེས་སྒྲུབ་མིན་པའང་ཡོད། ཕུན་སུམ་ཚོགས་པ་ལ་ལེགས་སྦྱར་སྐད་དུ་སམྤནྣ་ཞེས་ཡོངས་སུ་རྫོགས་པ་ལྟ་བུ་རེད། སྐབས་འདིའི་བདེ་བ་ཞེས་པ་ནི་ཟག་བཅས་ཀྱི་བདེ་བ་དང། ཚོར་བ་བདེ་སྡུག་བཏང་སྙོམས་ཀྱི་བདེ་བ་མིན་པར། སྡུག་བསྔལ་ས་བོན་བཅས་པ་སྤངས་པའི་དོན་རེད། དེས་ན་ཕུན་ཚོགས་བདེ་བ་ཞེས་པ་ནི་སྡུག་བསྔལ་དང་དེའི་རྒྱུ་ས་བོན་དང་བཅས་པ་དྲུང་ནས་ཕྱུང་ཟིན་པ་དེ་རེད། གང་ལྟར་སེམས་བསྐྱེད་ཀྱིས་མ་ཟིན་ན་སངས་རྒྱས་ཀྱི་གོ་འཕང་ལ་ཡོན་ཏན་རྣམ་གྲངས་མང་པོ་ཕུན་སུམ་ཚོགས་པ་ཡོད་པ་དེ་དག་གི་རྒྱུ་ལ་མི་འགྲོ་བ་རེད། དེར་བརྟེན་ལེགས་ཉེས་ཀྱི་བླར་དོར་འབྱེད་ཤེས་པའི་བློ་གྲོས་དང་ལྡན་པའམ་ཤེས་རབ་ཅན་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། འདིར་བློ་ལྡན་ཞེས་པ་ནི་རང་བདེ་དོན་གཉེར་གྱི་ཐར་པའི་བདེ་བ་ཙམ་ལ་མ་ཆགས་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཞན་དོན་སྒྲུབ་པའི་དམིགས་ཡུལ་བཟུང་མཁན་དེ་ལ་བརྗོད། བྱང་ཆུབ་ཀྱི་སེམས་ཞེས་པ་གཙོ་ཆེ་ཤོས་ནི་སྙིང་རྗེའི་རྩ་བ་དང་གཞན་དོན་དམིགས་ཡུལ་བཟུང་བ་དེ་རེད། དེའི་མཐར་ཐུག་གི་དམིགས་ཡུལ་ནི་གཞན་དོན་ལས་བྱང་ཆུབ་མིན། གལ་ཏེ་རང་དོན་དུ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ན་རང་སངས་རྒྱས་སུ་འགྱུར་ཉེན་ཡོད། རང་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་མཐོང་བའི་སྒོ་ནས་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་སོགས་ཐོབ་པའི་སྨོན་པའམ་འདུན་པ་ཡོང་ཞིང་། དེར་བརྟེན་བསྐལ་པ་བརྒྱའི་ཚོགས་སོགས་གསོག་པ་རེད། འོན་ཀྱང་གཞན་དོན་དོན་གཉེར་གྱི་བློ་མེད་པར་བརྟེན་བྱང་ཆུབ་ཀྱི་སེམས་སུ་མི་འགྱུར།  མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་གསུངས་པ་བཞིན་མཐར་ཐུག་གི་དམིགས་ཡུལ་གཞན་དོན་འབད་མེད་ལྷུན་གྲུབ་བསྒྲུབ་རྒྱུ་དེ་རེད། དེ་ལྟ་བུའི་གཞན་དོན་དོན་གཉེར་གྱི་བློས་བྱང་ཆུབ་ཅིིའི་ཕྱིར་དོན་དུ་གཉེར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་ན་ཆུ་ཟླ་ཤར་བ་བཞིན་གཞན་དོན་འབད་མེད་ལྷུན་གྲུབ་སྒྲུབ་ཆོག་མེད། གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་ཐམས་ཅད་ཤེས་དགོས་པར་བརྟེན། གཞན་དོན་ཆ་ཚང་བ་ཞིག་སྒྲུབ་པ་ལ་སངས་རྒྱས་ཀྱི་གོ་འཕང་མེད་དུ་མི་རུང་བ་རེད། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན།། ཞེས་གསུངས་པ་བཞིན་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་དགོས་པ་ནི་གཞན་དོན་མཛད་རྒྱུ་དེ་ཡིན་ཙང་། བྱང་ཆུབ་ཀྱི་སེམས་མཆོག་ཏུ་གྱུར་པ་དེ་བསྐྱེད་དགོས། གལ་ཏེ་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་ན། ངེས་འབྱུང་གི་བསམ་པ་ཙམ་གྱིས་བྱང་ཆུབ་ཀྱི་རྒྱུ་རུ་མི་འགྲོ་བ་མ་ཟད། ཞི་བའི་མཐའ་ལ་གོལ་ཉེན་ཡོད།

གཉིས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་ནི། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།། བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།། བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།། མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།། སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།། གནས་སྐབས་འདི་འདྲར་གྱུར་འི་མ་རྣམས་ཀྱི།། ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།། ཅེས་པའོ།། སེམས་ཅན་རྣམས་སྡུག་བསྔལ་གྱིས་མནར་བའི་ངང་ཚུལ་མཐོང་བ་ན་སྡུག་བསྔལ་འབྲལ་འདོད་ཀྱི་སྙིང་རྗེ་བསྐྱེད་ཅིང་། དེ་ནི་བྱང་ཆུབ་ཀྱི་སེམས་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་རེད། དེས་ན་སྙིང་རྗེ་ཆེན་པོ་བསྐྱེད་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས། གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི་ཞེས་པའི་ཤུགས་ལ་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་གཙོ་བོར་བསྟན། དེ་དང་ཆབས་ཅིག་ཏུ་སེམས་ཅན་གྱི་སྡུག་བསྔལ་ཞིབ་ཚགས་པོས་གསུངས་པའི་ཞོར་ལ་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་ཡང་བསྟན། ཐེེག་པ་ཆེན་པོའི་ལུགས་སུ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་མན་ངག་ཐམས་ཅད་བསྡུས་ན་མན་ངག་རྒྱུ་འབྲས་བདུན་དང་བདག་གཞན་མཉམ་བརྗེ་གཉིས་རེད། བླ་མ་གསེར་གླིང་པ་ནས་ཇོ་བོ་ལ་བརྒྱུད་པ་ནི་གཙོ་ཆེ་བ་མན་ངག་རྒྱུ་འབྲས་བདུན་རེད། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་དེ་ཇོ་བོས་འབྲོམ་ལ་ལྐོག་ཆོས་སུ་གནང་བ་རེད། དེ་ནི་བརྒྱུད་རིམ་ཁ་ཤས་བར་དུ་གསང་ཆོས་ལྟ་བུ་མ་གཏོགས་ཡོངས་གྲགས་སུ་མ་གྱུར། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེ་ཆུང་སོགས་སུ་མན་ངག་རྒྱུ་འབྲས་བདུན་དང་བདག་གཞན་མཉམ་བརྗེ་གཉིས་ཀ་རྒྱས་པར་གསུངས་པ་མ་ཟད། བློ་སྦྱོང་ཚུལ་གཉིས་པོ་གཅིག་ཏུ་དྲིལ་ནས་མན་ངག་རྒྱུ་འབྲས་བཅིུག་གམ་བཅུ་གསུམ་སོགས་གསུངས་སྲོལ་ཡོད། དེ་ལ་བརྟེན་ནས་བློ་འབྱོང་ཚབས་མྱུར་བ་དང་སྟོབས་ཆེ་བར་གྱུར།

མན་ངག་རྒྱུ་འབྲས་བདུན་ཞེས་པ་མར་ཤེས་ནས་ལྷག་བསམ་བར་རྒྱུ་དྲུག་དང་། སེམས་བསྐྱེད་དེ་འབྲས་བུ་གཅིག་བཅས་གསུངས་སྲོལ་ཡོད་རུང་། རྗེ་བདག་ཉིད་ཆེན་པོས་མར་ཤེས་ནས་ཡིད་འོང་གི་བྱམས་པའི་བར་རྒྱུ་བཞི་དང་། སྙིང་རྗེ་ཆེན་པོ་དེ་འབྲས་བུ། སྙིང་རྗེའི་འབྲས་བུ་ལ་ལྷག་བསམ་དང་སེམས་བསྐྱེད་གསུངས་པར་བརྟེན། དང་པོ་བཞི་རྒྱུ་དང་། མཐའ་མ་གསུམ་འབྲས་བུར་འཇོག  དེས་ན་རྩ་བར་གྱུར་པའི་སྙིང་རྗེ་བསྐྱེད་པའི་རྒྱུ་ལ་མར་ཤེས་དང་། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ་བཅས་ལ་བློ་སྦྱངས་ནས་སྙིང་རྗེ་ཆེན་པོ་ཤུགས་དྲག་ངང་གིས་སྐྱེས་ན་ལྷག་བསམ་དང་སེམས་བསྐྱེད་གཉིས་པོར་ཟུར་དུ་འབད་བརྩོན་མི་དགོས། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་ན་སྙམ་པ་དང་། ལྷག་བསམ་ནི་སྡུག་བསྔལ་དང་བྲལ་བ་དེ་བདག་གིས་བྱའོ་ཞེས་ཁུར་དུ་བླངས་པ་དེ་རེད། ཁུར་དེ་བླངས་པའི་རྗེས་སུ་བྱང་ཆུབ་མ་སྒྲུབ་ཐབས་མེད་རེད། དེར་བརྟེན་བྱང་ཆུབ་དོན་གཉེར་གྱི་འདུན་པ་དེ་ཤུགས་ཀྱིས་ཡོང་རྒྱུ་རེད། དེས་ན་སྙིང་རྗེ་ཆེན་པོ་བསྐྱེད་པ་ལ་དཀའ་ལས་ཡོད་པ་མ་གཏོགས། སྙིང་རྗེ་ཆེན་པོ་བཅོས་མིན་རྒྱུད་ལ་སྐྱེས་ན་ལྷག་བསམ་དང་སེམས་བསྐྱེེད་གཉིས་ཤུགས་མ་ཐུབ་ཀྱིས་ཡོང་རྒྱུ་རེད། དེས་ན་ཚང་མའི་དམིགས་ཕུག་ས་དང་རྩལ་དུ་བཏོན་ས་ནི་སྙིང་རྗེ་ཆེན་པོ་བསྐྱེད་རྒྱུ་དེ་རེད།

དེ་ནས་སེམས་ཅན་སྡུག་བསྔལ་གྱིས་མནར་ཚུལ་བསྟན་པ་ནི། ལས་ཉོན་གྱི་གཞན་དབང་དུ་སོང་བའི་སེམས་ཅན་གྱི་གནས་སྐབས་ཅི་འདྲ་ཡོད་དམ་ཞེ་ན། འདོད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ། སྲིད་པའི་ཆུ་བོ། མ་རིག་པའི་ཆུ་བོ་བཅས་རྒྱུ་དུས་ཀྱི་ཆུ་བོ་བཞི་ལས། འབྲས་དུས་ཀྱི་ཆུ་བོ་བཞི་སྐྱེ་རྒ་ན་འཆི་བཅས་བྱུང་བ་རེད། དེ་ལྟ་བུའི་རྒྱུ་དུས་ཀྱི་ཆུ་བོ་བཞི་དང་འབྲས་དུས་ཀྱི་ཆུ་བོ་བཞིའི་རྒྱུན་གྱིས་རང་དབང་མེད་པར་ཁྱེར་བ་དང་། དེ་ལྟ་བུ་ཆུ་བོའི་ཤུགས་ཀྱིས་འཁྱེར་བ་ན་རྐང་པ་དང་ལག་པ་སོགས་མ་བསྡམས་པར་རང་དབང་ཡོད་ན་ཆུ་རྐྱལ་གྱི་གོ་སྐབས་ཀྱང་ཡོང་སྲིད། འོན་ཀྱང་ཆུ་བོའི་རྒྱུན་གྱིས་ཁྱེར་བ་མ་ཟད། དེ་དག་བཟློག་པར་དཀའ་བའི་ལས་ཉོན་གྱི་འཆིང་བས་བསྡམས་པས་འགུལ་བསྐྱོད་གཏོང་མི་ཐུབ་པར་བརྟེན། ཆུ་བོའི་རྒྱུན་གྱིས་འཁྱེར་རྒྱུ་ལས་དེ་ལས་ཕ་རོལ་ཏུ་འགྲོ་བའི་རེ་བ་མེད། དེ་ལྟ་བུའི་འཆིང་བའང་ཐག་པ་ལྟ་བུ་ཡིན་ན་ཆད་པའི་རེ་བ་ཡོད་ཀྱང་། དེ་ནི་བདག་འཛིན་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད་པ་རེད། དེ་ལྟ་བུའི་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད་ནའང་ཆོ་ངེ་བཏབ་པ་སོགས་བྱེད་ཆོག་ཀྱང་། དེ་ནི་མ་རིག་པའི་མུན་པའི་སྨག་ཆེན་ཀུན་ནས་ཐིབས་པར་བརྟེན་བྱེད་ཐབས་གང་ཡང་མེད། དེ་ལྟ་བུའི་མུ་མེད་པའི་སྲིད་པའི་ནང་སྐྱེ་བ་ནས་སྐྱེ་བར་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྒྱུན་ཆད་མེད་པར་མནར་བ་རེད། གནས་སྐབས་དེ་ལྟ་བུར་གྱུར་པའི་མ་གྱུར་སེམས་ཅན་རྣམས་ཀྱི་ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད་ཅེས་གསུངས།

འདིར་སྙན་ངག་གི་གཟུགས་སུ་བཀོད་སྟངས་དེ་དུམ་བུར་བཅད་པ་མིན་པར་ཚིགས་རྐང་བཞི་པོ་མུ་མཐུད་དེ་གཅིག་ལ་གཅིག་ལྟོས་གནང་ཁར། གོ་དོན་ཡང་རྒྱ་ཆེན་པོ་བླང་རྒྱུ་ཡོད། རྗེ་བདག་ཉིད་ཆེན་པོ་སྙན་ངག་ལ་མཐར་སོན་ཞིང་། གཞུང་ཆེན་མོ་ཁག་གི་མཆོད་བརྗོད་སོགས་དང་། གསུང་ཐོར་བུའི་ནང་དབྱངས་ངེས་པ་དང་དབྱངས་མེད་པ་སོགས་བྱ་དཀའ་བ། དེ་བཞིན་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་དང་རྟག་ཏུ་ངུའི་རྟོགས་བརྗོད་བཅས་སྙན་ངག་ཆེན་པོའི་བསྟན་བཅོས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་སྤྲིན་རྒྱ་མཚོ་ལྟ་བུ་ཚིགས་བཅད་ཀྱི་སྙན་ངག་ཆེན་པོའི་བསྟན་བཅོས་སོགས་ཚར་དུ་དངར་བ་ཡོད།

མདོར་ན་དེ་རིང་ངེས་འབྱུང་སྐྱེས་པའི་ཚད་བསྟན་པ་དེའི་ནང་སྲིད་པའི་ཕུན་ཚོགས་ཇི་འདྲ་ཡིན་རུང་ཡིད་སྨོན་མི་སྐྱེ་བར་ཉིན་དང་མཚན་ཐམས་ཅད་དང་། ཐ་ན་རྨི་ལམ་ཚུན་ཆད་དུ་ཐར་པ་དོན་གཉེར་གྱི་བློ་བསྐྱེད་ན་ངེས་འབྱུང་སྐྱེ་བར་གསུངས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པའི་རྒྱུ་མཚན་བསྟན་པ་དེའི་ནང་དེ་ལྟ་བུའི་ངེས་འབྱུང་དེའང་རྣམ་པར་དག་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གཞན་དོན་དོན་གཉེར་གྱི་བློས་དྲངས་པའི་སྙིང་རྗེ་ཆེན་པོས་དྲངས་པའི་སེམས་བསྐྱེད་མེད་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པའི་བདེ་བ་རྨད་དུ་བྱུང་བ་དེའི་རྒྱུ་རུ་འགྲོ་མི་ཐུབ་པ་ཡིན་ཙང་། བློ་གྲོས་དང་ལྡན་པའམ་ཤེས་རབ་ཅན་ཚོས་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པར་གསུངས། བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བསྟན་པ་དེའི་ནང་རང་ཉིད་སྡུག་བསྔལ་གྱིས་མནར་བ་ལ་བསམས་ནས་འཁོར་བ་ལ་ངེས་འབྱུང་སྐྱེས་པ་བཞིན་གཞན་སྡུག་བསྔལ་གྱིས་མནར་བ་ལ་བསམས་ནས་སྙིང་རྗེ་ཆེན་པོ་བསྐྱེད་དགོས་ཤིང་། རྒྱུ་དུས་ཀྱི་ཆུ་བོ་བཞི་དང་འབྲས་དུས་ཀྱི་ཤུགས་དྲག་ཆུ་བོ་བཞིའི་རྒྱུན་གྱིས་འཁྱེར་བ་དང་།  བཟློག་དཀའ་བའི་ལས་ཉོན་གྱི་འཆིང་བ་དམ་པོས་བསྡམས་པ། བདག་འཛིན་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད་པ། མ་རིག་པའི་མུན་པའི་སྨག་ཆེན་པོ་ཀུན་ནས་འཐིབས་པ། མུ་མཐའ་མེད་པའི་སྲིད་པའི་ནང་སྐྱེ་བ་ནས་སྐྱེ་བར་སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར་བ་བཅས་མ་གྱུར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དེ་དག་ལ་བསམས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པར་གསུངས། ཡང་ངེས་འབྱུང་བསྐྱེད་པའི་སྐབས་སུ་གོང་གི་སྡུག་བསྔལ་རྣམས་རང་སྟེང་དུ་བསམས་ནས་ངེས་འབྱུང་ལ་བློ་སྦྱང་ཆོག

དེ་ནས་ཤར་སྒོམ་གནང་མཁན་ཡིན་ན། དལ་འབྱོར་དོན་ཆེན་རྙེད་དཀའ་དང་། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམས་ནས་ངེས་འབྱུང་གི་བསམ་པ་བསྐྱེད་ཐབས་དང་། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསམས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་ཤིང་། དེ་ཡང་ངེས་འབྱུང་དེ་སེམས་བསྐྱེད་ཀྱིས་མ་ཟིན་ན་སངས་རྒྱས་ཀྱི་རྒྱུ་ལ་མི་འགྲོ་བ་དང་། སེམས་བསྐྱེད་ཚུལ་ཡང་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ་སེམས་ཅན་སྡུག་བསྔལ་གྱི་མནར་ཚུལ་ལ་བསམས་ནས་བྱང་ཆུབ་སྒྲུབ་པའི་ཡན་ལག་ཏུ་གཞན་དོན་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་སོགས་བསམ་དགོས།

མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

 

ཉིན་བཞི་པ།

༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༥

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་ལས། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ།། རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན།། ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུར།། རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར།། དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས།། རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན།། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།། ཞེས་གསུངས་པ་བཞིན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཐེག་པ་ཆེན་པོའི་སེམས་བསྐྱེད་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཀ་ལ་མེད་དུ་མི་རུང་བ་ལམ་གྱི་གཞུང་ཤིང་ལྟ་བུ་རེད། སྐྱབས་འགྲོ་དེ་ནང་པའི་བསྟན་པ་ལ་འཇུག་པའི་སྒོ་དང་། སེམས་བསྐྱེད་དེ་ཐེག་པོ་ཆེན་པོ་ལ་འཇུག་པའི་སྒོ་ཡིན་པར་བརྟེན། ཐེག་པ་ཆེན་པོ་ལ་ཞུགས་པ་ལ་ངེས་པར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། ཐེག་པ་ཆེན་པོའི་ལམ་དུ་ཞུགས་དང་མ་ཞུགས་ཀྱི་ས་མཚམས་ནི་རང་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཡོད་མེད་རེད། དེ་ལྟ་བུ་འཇུག་སྒོ་ཡིན་པ་ཙམ་དུ་མ་ཟད། ལམ་ལ་སློབ་པའི་སྐབས་སུའང་ལམ་གྱི་གཞུང་ཤིང་ལྟ་བུ་རེད། དཔེར་ན། རྒྱ་གར་དང་ནུབ་ཕྱོགས་ཀྱི་འགྲུལ་ལམ་ཆེན་པོ་འཁོར་ལོ་མང་པོ་བསྒྲིགས་ནས་འགྲོ་ཐུབ་པ་ལ་བལྟས་ན་དེའི་གཞུང་ལ་དབྱེ་བ་ཕྱེ་བའི་མཚམས་ཤིག་ཡོད་པ་དེ་ལྟ་བུ་རེད། དེས་ལམ་དེ་མི་གོལ་བ་དང་ལོག་པ་ལ་མི་འགྲོ་བའི་དཀྱིལ་གྱི་ཐིག་མཚམས་དེ་ཟིན་པ་རེད། དེར་བརྟེན་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པ་ན་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་མི་ཟིན་པའི་དགེ་བ་རྣམས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འགྲོ་མི་ཐུབ་པ་དང་། དགེ་བ་བསགས་པའི་རྗེས་སུའང་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པའི་སྒོ་ནས་བྱང་ཆུབ་ཏུ་མ་བསྔོས་ན། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི།། འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད།། ཅེས་གསུངས་པ་བཞིན་འབྲས་བུ་གྲུབ་པའམ་ཁོང་ཁྲོ་སོགས་ཀྱིས་བཅོམ་ནས་དགེ་བ་དེ་བྱང་ཆུབ་ཀྱི་བར་དུ་མི་ཟད་པར་འགྲོ་མི་ཐུབ། དེ་ཡང་བྱང་ཆུབ་སེམས་ཀྱི་རྩ་བར་གྱུར་པ་ནི་སྙིང་རྗེ་ཆེན་པོ་དེ་རེད། སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ས་ལའང་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་རྐྱེན་དེ་རེད། ཐེག་ཆེན་སེམས་བསྐྱེད་དེ་སངས་རྒྱས་ཀྱི་ས་ལ་ཡོད་དང་མེད་གསུང་མཁན་བཞེད་པ་མི་འདྲ་བ་ཡོད་ཀྱང་། སྙིང་རྗེ་ཆེན་པོ་ནི་རྒྱུ་དང་ལམ་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུ་གལ་ཆེ་བ་རེད། དེས་ན་ཐེག་ཆེན་སེམས་བསྐྱེད་དེ་ལམ་གྱི་གཞུང་ཤིང་ལྟ་བུར་གསུངས་པ་རེད།

སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་སོགས་བྱང་ཆུབ་ཀྱི་སེམས་དཔའི་སྤྱོད་པ་ལ་སློབ་པ་ན་བྱང་ཆུབ་སེམས་དཔའི་སྤྱོད་པར་འགྱུར་དང་མི་འགྱུར་གྱི་གཞི་དང་རྟེན་ལྟ་བུ་ནི་བྱང་ཆུབ་ཀྱི་སེམས་ལ་རག་ལུས་པ་རེད། བྱང་ཆུབ་ཀྱི་སེམས་ཇི་ཙམ་སྟོབས་ཆེ་བ་དེ་ཙམ་གྱིས་སྦྱིན་སོགས་སྤྱོད་པའི་བསོད་ནམས་ཀྱི་ཚོགས་དེའང་ཆེ་བ་ཡོང་རྒྱུ་རེད། སྤྱིར་བྱང་ཆུབ་ཀྱི་སེམས་ལ་སྟོབས་ཆེ་ཆུང་ཇི་ལྟར་བརྩི་དགོས་ཤེ་ན། འདུན་པ་གཉིས་ལྡན་གྱི་སེམས་བསྐྱེད་ཡིན་ཕྱིན་སྟོབས་དང་ལྡན་པ་མ་གཏོགས། སྟོབས་མེད་པའི་སེམས་བསྐྱེད་ཅིག་འཇོག་མི་བདེ། ཡིན་ནའང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་དུ་བགྲོད་པའི་བྱང་ཆུབ་སེམས་དཔའ་དང་། སྔགས་ལམ་དུ་བགྲོད་པའི་བྱང་ཆུབ་སེམས་དཔའ་གཉིས་ལ་ཁྱད་པར་སེམས་བསྐྱེད་ཡོད་མེད་ཀྱི་དབྱེ་བ་ཕྱེ་བ་རེད། ཁྱད་པར་སེམས་བསྐྱེད་ནི། བླ་མ་མཆོད་པའི་ཆོ་ག་ལས། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི།། མེ་ནང་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང་།། ཞེས་གསུངས་པ་བཞིན་གྲངས་མེད་པའི་སེམས་ཅན་རེ་རེའི་ཕྱིར་དུ་བསྐལ་པ་མང་པོར་ཚོགས་གསོག་དགོས་པ་བྱུང་ནའང་རང་གི་ངོས་ནས་བརྩོན་འགྲུས་ཀྱིས་ལྕོགས་ཀྱང་། སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ་ཧ་ཅང་ཤུགས་དྲག་པའི་དབང་གིས་དུས་ཡུན་རིང་པོ་སྒུག་ལོངས་མེད་པར་མྱུར་ལམ་དུ་འཇུག་པ་དེ་རེད། རང་ལ་དཀའ་ལས་ཆུང་བ་དང་། མགྱོགས་པ། སྟབས་བདེ་བའི་བློ་འཁྱེར་ནས་མྱུར་ལམ་ལ་འཇུག་ན་སྔགས་ཀྱི་བསྟན་པའི་སྣོད་དུ་མ་གྱུར་པ་རེད། དེར་བརྟེན་ཁྱད་པར་སེམས་བསྐྱེད་ནི་སེམས་བསྐྱེད་སྟོབས་ཆེ་ཤོས་རེད།

བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རྣམས་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྒོ་ནས་བསགས་ན་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་སུ་འགྱུར་བ་ལྕགས་གསེར་དུ་བསྒྱུར་བའི་རྩི་ལྟ་བུ་རེད། སྤྱིར་ཐལ་འགྱུར་བའི་ལུགས་ལ་ཉན་རང་གི་ལམ་དུ་ཞུགས་པ་གཉིས་ཀས་ཀྱང་ཆེ་ཆུང་ལ་མ་ལྟོས་པར་ཚོགས་གཉིས་པོ་བསགས་པ་རེད། ལྷག་པར་དུ་རང་རྒྱལ་གྱི་ལམ་དུ་ཞུགས་པ་རྣམས་ཀྱིས་བསྐལ་པ་བརྒྱའི་ཚོགས་གསོག་ཚུལ་མངོན་པ་ནས་ཀྱང་གསུངས། འོན་ཀྱང་ཉན་རང་གིས་སྟོང་ཉིད་སྒོམ་པའི་ཤེས་རབ་དང་། བསོད་ནམས་ཀྱི་ཚོགས་གསོག་པའི་ཉམས་ལེན་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མི་འགྲོ་བ་ནི་བྱང་ཆུབ་སེམས་ཀྱི་རྩིས་མ་ཟིན་པའི་དབང་གིས་རེད།

བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་དམིགས་པ་ཡིན་ཙང་། བཀྲེས་པ་ལ་ཟས་ཕྲན་བུ་སྦྱིན་ནའང་དེའི་དགེ་བ་དེ་སེམས་ཅན་གྱི་གྲངས་དང་མཉམ་པའི་དགེ་བ་སྒྲུབ་པ་རེད། དེས་ན་བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བ་རྣམས་ཧ་ཅང་རླབས་ཆེ་བར་བརྟེན། བྱང་ཆུབ་སེམས་ཀྱི་ཕན་ཡོན་རྣམས་ཤེས་ནས་རྒྱལ་སྲས་དཔའ་བོ་དེ་ཚོས་རིན་ཆེན་སེམས་མཆོག་གམ་བྱང་ཆུབ་ཀྱི་སེམས་དེ་ཐུགས་དམ་གྱི་མཐིལ་དུ་འཛིན་པ་རེད། བྱང་ཆུབ་ཀྱི་སེམས་ཇི་ཙམ་སྟོབས་ཆེ་བ་དེ་ཙམ་གྱིས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའང་སྟོབས་ཆེ་བར་འགྱུར། ཇི་ཙམ་གྱིས་སྦྱིན་སོགས་ཀྱི་སྤྱོད་པ་སྟོབས་ཆེ་བ་དེ་ཙམ་གྱིས་ཤེས་རབ་ཀྱི་ཉམས་ལེན་སྟོབས་ཆེ་བར་འགྱུར། སྒྲིབ་པ་གཉིས་ཀྱི་གཉེན་པོ་གཙོ་བོ་ནི་ཡེ་ཤེས་ཀྱི་ཚོགས་དེ་རེད།

སྤྱིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཚོགས་གཉིས་ཀ་ཡ་མ་བྲལ་བར་ཟུང་འཇུག་ཏུ་གསོག་དགོས་ཀྱང་། ཡེ་ཤེས་ཀྱི་ཚོགས་དེ་ཤེས་སྒྲིབ་ཀྱི་གཉེན་པོར་འགྲོ་ཐུབ་པའི་ནུས་པ་དེ་བསོད་ནམས་ཀྱི་ཚོགས་ཀྱིས་བཏོན་དགོས། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི།། ཐུབ་པས་ཤེས་རབ་དོན་དུ་གསུངས།། ཞེས་གསུངས་པ་བཞིན་རེད། དེ་ཚོ་ཚང་མའི་ཁ་ལོ་སྒྱུར་མཁན་ལྟ་བུ་ནི་གཞན་དོན་ལ་དམིགས་པའི་རྫོགས་བྱང་དོན་དུ་གཉེར་བའི་བློ་བྱང་ཆུབ་ཀྱི་སེམས་དེ་རེད། དེས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་ཐབས་ལ་དུས་དང་རྣམ་པ་ཀུན་ཏུ་འབད་དགོས། དེ་ལས་ལྷག་པའི་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཚུལ་མེད། བྱང་སེམས་དཔའ་བོ་རྣམས་ཀྱིས་བྱང་སེམས་ཐུགས་དམ་གྱི་མཐིལ་དུ་འཛིན་པ་བཞིན་ང་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་མ་མཐའ་བཅོས་མ་ཚུན་ཆད་ལས་མ་བྱུང་ཡང་བསྐྱེད་ཐབས་གནང་དགོས་པ་ནི་མེད་དུ་མི་རུང་བ་རེད།

དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་ཉམས་སུ་བླང་བ་ལ་ཐོག་མར་ཐོས་དགོས་པ་དང་། དེ་ཡང་ཐོས་པའི་གཞུང་དེ་ཚད་དང་ལྡན་པ་དགོས། དེ་ལྟ་བུ་ཐོས་བསམ་བྱེད་པའི་སྔོན་དུའང་ཀུན་སློང་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ་མ་བྱུང་ན། ཐེག་ཆེན་གྱི་གཞུང་ཡིན་རུང་། ཐོས་བསམ་བྱེད་མཁན་གྱི་གང་ཟག་དེ་ཐེག་པ་ཆེན་པོའི་གྲལ་དུ་མ་ཚུད་པར་གྱུར། དེས་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ལ་བྱིན་རླབས་ཉེ་བརྒྱུད་དུ་བསྩལ་བའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྩ་ཚིག་གི་སྟེང་ནས་བཤད་ཁྲིད་མདོར་བསྡུས་འབུལ་རྒྱུ་སྐབས་སུ་བབས་པར་བརྟེན། ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་འཐོབ་པར་བྱ། དེ་འཐོབ་པར་བྱ་བའི་ཕྱིར་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་པའི་ཀུན་སློང་གསལ་བཏབ་ནས་གསན་དགོས།

ཁ་སང་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་གྱི་སྐོར་སོང་བ་རེད། བྱང་ཆུབ་ཀྱི་སེམས་སྦྱོང་བའི་རིམ་པ་ནི་བླ་མ་གསེར་གླིང་པ་ནས་ཇོ་བོ་ཆེན་པོ་ལ་བརྒྱུད་པ་དེ་མན་ངག་རྒྱུ་འབྲས་བདུན་རེད། མང་ཆེ་བའི་ཁ་ལ་རྒྱུ་འབྲས་མན་ངག་བདུན་ཞེས་འབྱར་ཡོད། འོན་ཀྱང་ལམ་རིམ་ཆེན་མོའི་ནང་མན་ངག་རྒྱུ་འབྲས་བདུན་ཞེས་གསལ། དེ་ཡང་ཁ་སང་ཞུས་པ་བཞིན་མར་ཤེས་དང་། དྲིན་དྲན། དྲིན་གཟོ་གསུམ་པོ་ཡིད་འོང་གི་བྱམས་པའི་རྒྱུ་དང་།  ཡིད་འོང་གི་བྱམས་པ་ནི་དེ་གསུམ་གྱི་འབྲས་བུ། ཡིད་འོང་གི་བྱམས་པ་ལ་བརྟེན་ནས་སྙིང་རྗེ་ཆེན་པོ་སྐྱེ་ཞིང་། སྙིང་རྗེ་ཆེན་པོའི་འབྲས་བུར་ལྷག་བསམ་དང་སེམས་བསྐྱེད་དོ།། འདིར་བྱང་སེམས་སྦྱོང་བའི་རིམ་པ་གཉིས་པོ་རྒྱས་པོ་མ་བྱུང་རུང་། མདོར་བསྡུས་ས་བཅད་མ་སྟོང་ཙམ་ཞུ་རྒྱུ་ཡིན།

མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་བའི་རིམ་པ་ནི། དེའི་དང་པོ་མར་ཤེས་ཐོག་དཔྱད་སྒོམ་གྱི་སྔོན་དུ་ཐོག་མ་སེམས་ཅན་ལ་སེམས་སྙོམས་པའི་བཏང་སྙོམས་བསྒོམ་དགོས། བཏང་སྙོམས་མེད་ན་ཡིད་འོང་གི་བྱམས་པ་སྐྱེ་ཁག་པོ་ཡོད། ད་ལྟ་ང་ཚོའི་བསམ་བློའི་ནང་མར་གྱུར་སེམས་ཅན་ཐམས་ཅད་ལ་བལྟས་པའི་སྐབས་སུ་སྙོམས་པོ་མེད་ཅིང་། རང་གི་གཉེན་ལ་ཉེ་བའི་འདུ་ཤེས་དང་ཆགས་པའི་སེམས། རང་གི་དགྲ་ལ་རིང་བའི་འདུ་ཤེས་དང་སྡང་བའི་སེམས། དགྲ་གཉེན་མིན་པའི་བར་མ་ལ་ཡལ་བར་དོར་བ་དང་ཇི་མི་སྙམ་པའི་སེམས་ངང་གིས་འབྱུང་། སེམས་སྙོམས་པ་མེད་པར་བརྟེན་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཉེ་བ་དང་བརྩེ་སེམས་ཀྱང་ཡོང་དཀའ། དཔེར་ན། ཁང་པ་གསར་རྒྱག་ལ་ས་གཞི་ཁོད་སྙོམས་དགོས་པ་བཞིན་ཐོག་མར་སེམས་སྙོམས་དགོས་པ་གལ་ཆེ། བློ་སྦྱོང་ཚུལ་གཉིས་ཀའི་སྔོན་འགྲོ་དང་གཞི་མ་ལྟ་བུ་བཏང་སྙོམས་ཀྱི་སེམས་དེ་རེད། སྤྱིར་བཏང་སྙོམས་ལ་ཚོར་བ་བཏང་སྙོམས་དང་འདུ་བྱེད་བཏང་སྙོམས་སོགས་ཡོད་ཀྱང་། སྐབས་འདིར་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་རེད། དཔེར་ན། ཚད་མེད་བཞི་བཤད་པའི་སྐབས་སུ་བཏང་སྙོམས་མཐའ་མ་ཡིན་རུང་། སྒོམ་པའི་སྐབས་སུ་ཐོག་མར་ཡོང་བ་ནི་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་མན་ངག་ལྟ་བུ་རེད། འཕགས་པ་གནས་བརྟན་སྡེ་པ་དང་ཉན་ཐོས་སྡེ་པ་གཞན་དག་གིས་ཚད་མེད་བཞིའི་གོ་རིམ་ཡང་བཏང་སྙོམས་མཐའ་མར་བཤད་པ་མ་ཟད། སྒོམ་པའི་སྐབས་སུའང་མཐའ་མར་འཇོག  ཐེག་པ་ཆེན་པོའི་བཏང་སྙོམས་སྒོམ་པའི་ཚུལ་ནི་ང་ཚོས་བློ་ཁ་ནང་དུ་ཕྱོགས་ནས་བརྟག་ན་མི་ཞིག་མཐོང་བ་ན་བློའི་ཚོར་བ་མི་འདྲ་བ་ཡོང་བ་ནི་གོམས་གཤིས་ལ་འཇགས་ཡོད། དེ་ནི་ཆོས་ཉིད་མིན་ནའང་ཡུན་རིང་གོམས་པའི་དབང་གིས་གོམས་གཤིས་སུ་གྱུར། དེ་ལ་འགྱུར་བ་གཏོང་རྒྱུ་ཡོད། བདག་ཏུ་འཛིན་པའི་བློ་ལ་སྐྱེ་བ་ཐོག་མ་མེད་པ་ནས་གོམས་པ་ཡིན་རུང་། བདག་མེད་རྟོགས་པའི་ཤེས་རབ་སྐྱེས་ན་བློ་དེ་བསྒྱུར་ནས་མེད་པའི་གོ་སྐབས་ཡོང་གི་ཡོད། ད་ལྟའི་ང་ཚོའི་གོམས་གཤིས་ནང་ཇི་ལྟར་ཡོད་ཅེ་ན། སྐད་ཆ་ཞིག་གོ་བ་ཡིན་ནའང་རེད། གནས་ཚུལ་ཞིག་མཐོང་བ་ཡིན་ནའང་རེད། སོ་སོའི་ཉེ་རིང་དང་ཚེ་འདིའི་འབྲེལ་བའི་དབང་གིས་ཧ་ཅང་མི་འདྲ་བ་རེད། དཔེར་ན། ཆུ་ལོག་བྱུང་བ་རེད། མི་མང་པོ་ཤི་བ་རེད་ཅེས་ཐག་རིང་དུ་བྱུང་བའི་གནས་ཚུལ་ཞིག་ཐོས་སྐབས་ང་ཚོའི་སེམས་ལ་ཚོར་བ་གང་ཡང་མེད། འོན་ཀྱང་དེ་ནི་སོ་སོའི་ཉེ་སར་བྱུང་ན་དེའི་ནང་ངའི་གཉེན་བཤེས་སོགས་མེད་དམ་སྙམ་ནས་འདྲོགས་ཏེ་བློའི་ནང་མི་བདེ་བ་ཡོང་། དེ་ལྟ་བུའི་གནས་ཚུལ་དེ་སོ་སོའི་ཕ་མ་སོགས་ཡོད་པའི་ས་གནས་སུ་བྱུང་ན་ཧ་ཅང་འདྲོགས་ཏེ་གནས་ཚུལ་འདྲི་བརྩད་དང་ས་གནས་དེར་འགྲོ་བ་སོགས་བྱེད་ཀྱི་རེད། དེ་ནི་གནས་ཚུལ་གཅིག་པ་ཡིན་རུང་། ང་ཚོའི་ལྟ་སྟངས་ལ་མི་འདྲ་བ་ཡོང་བ་ནི་བཏང་སྙོམས་མེད་པའི་དབང་གིས་རེད། སྤྱིར་བཏང་སྙོམས་ཤེ་ན་དོ་སྣང་མ་བྱས་པའམ་ཡལ་བར་དོར་བ་ལ་གོ་བ་ཡོད་ཀྱང་། འདིར་ནི་ཚང་མ་སྙོམས་པའི་དོན་རེད། དེས་ན་བཏང་སྙོམས་ལ་དཔྱད་སྒོམ་དང་འཇོག་སྒོམ་གང་བྱས་ཀྱང་། སྦྱོར་བའི་ཆོས་དྲུག་སྔོན་དུ་འགྲོ་དགོས་པ་ནི་སྨོས་མེད་རེད། དེེ་དག་མ་སོང་ན་བློ་སྦྱོང་བའི་རིམ་པ་དེ་གནད་དུ་སྨིན་པ་དང་ཚད་དང་ལྡན་པ་མི་ཡོང་། དེ་ནས་དངོས་སུ་སྒོམ་པ་ན་རང་གི་མདུན་དུ་རང་གི་ཧ་ཅང་ཉེ་བའི་གཉེན་ཞིག་དང་། རྒྱུན་དུ་ཁོང་ཁྲོ་ཆེན་པོ་ལང་སའི་དགྲ་བོ་ཞིག  དགྲ་གྲོགས་ཀྱི་འདུ་ཤེས་མེད་པའི་བར་མ་བཅས་མི་གསུམ་གསལ་བཏབ་ནས། དེ་དག་ལ་རང་གི་བློ་བསྐྱེད་ཚུལ་ལ་བརྟག་ན། གཉེན་ལ་ཆགས་པ་དང་། དགྲ་ལ་ཁོང་ཁྲོ། བར་མ་ལ་ཡལ་བར་བོར་བའི་བསམ་པ་བྱུང་ཞིང་། དེ་ཡང་གཉེན་གྱིས་ཕན་པ་དང་། དགྲ་ཡིས་གནོད་པ། བར་མ་འབྲེལ་མེད་ཀྱི་རྒྱུ་མཚན་ཡིན་ན། གཉེན་དེས་ཚེ་རབས་སྔོན་མ་རྣམས་སུ་དགྲར་གྱུར་ནས་གནོད་འཚེ་བྱས་པ་གྲངས་མེད་པ་དང་། དགྲ་དེའང་ཚེ་རབས་སྔོན་མ་རྣམས་སུ་གཉེན་དུ་གྱུར་ནས་ཕན་བཏགས་པ་གྲངས་མེད་པ། བར་མ་དེའང་ཚེ་རབས་མང་པོར་གཉེན་ཉེ་དུར་གྱུར་ནས་ཕན་བཏགས་པ་གྲངས་མེད་པ་སོགས་བསམ་ན་སྐྱེ་འཆི་འཕོས་པས་ངོ་མི་ཤེས་པ་མ་གཏོགས། ཚང་མ་གཅིག་པ་ལས། ཉེ་རིང་བྱེད་དགོས་དོན་མེད། དེ་བཞིན་དགྲ་གཉེན་བར་མའི་ཕྱོགས་ནས་བལྟས་རུང་། དེ་དག་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་མཚུངས་པ་རེད། བླ་མ་མཆོད་པའི་ཆོ་ག་ལས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་།། བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི།། བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས།། ཞེས་གསུངས་པའང་བཏང་སྙོམས་ཀྱི་རྒྱུ་མཚན་ཆེན་པོ་ཞིག་རེད། དེས་ན་སེམས་ཅན་ངོས་ནས་ཡག་ཉེས་དབྱེ་བ་ཕྱེ་སྟངས་མེད། དེ་དག་ཐམས་ཅད་ལས་ཉོན་གྱི་གཞན་དབང་དུ་སོང་བ་དང་། མ་རིག་པས་ནོན་པ། བླང་དོར་གྱི་གནས་ལ་མི་མཁས་པ་མཚུངས་པ་རེད། དེར་བརྟེན་ཉེ་རིང་གི་རྒྱུ་མཚན་མེད། དེ་ལྟར་དཔྱད་སྒོམ་གནད་སྨིན་གནང་ནས་སེམས་ཅན་ཐམས་ཅད་ལ་བློ་མི་སྙོམས་པ་མེད་ན་མི་འགྲིགས་པའི་ངེས་པ་རྙེད་ན་བཏང་སྙོམས་ཀྱི་བློ་བརྟན་པོ་སྐྱེ་བ་རེད། དེ་བཞིན་བཏང་སྙོམས་ཀྱི་བློ་བྱུང་བ་ན། དགྲ་ལྟ་བུས་རང་ལ་གནོད་པ་བྱས་ཀྱང་དེའི་རྒྱུ་རྐྱེན་གཙོ་བོ་ནི་དེའི་རྒྱུད་ཀྱི་ཉོན་མོངས་ཡིན་པར་ཤེས་ནས་གང་ཟག་ལ་མི་ཁྲོ་བ་རེད། དེང་རབས་ཀྱི་སྐྱེས་བུ་དམ་པོ་མང་པོས་བྱ་བ་དང་བྱེད་པ་པོ་ལ་དབྱེ་བ་ཕྱེ་དགོས་པར་གསུངས་ཡོད། བདག་ཉིད་ཆེན་པོ་གཱཾདྷཱིས་ཀྱང་བྱ་བ་ལ་ངོ་རྒོལ་བྱེད་དགོས་པ་དང་། བྱེད་པ་པོ་ལ་སྙིང་རྗེ་བསྒོམ་དགོས་གསུངས། དེ་ནི་སྤྱོད་འཇུག་ནས་གསུངས་པ་དང་མཐུན་ཤས་ཆེ། དེ་ལྟར་བསམས་ནས་གང་ཟག་དེས་གནས་སྐབས་རིང་ང་ལ་གནོད་པ་བྱས་པ་དེ་ནི་ཉོན་མོངས་པའི་གཞན་དབང་དུ་སོང་བ་དང་། གང་ཟག་གཞན་གྱིས་ང་ལ་ཕན་བཏགས་པ་དེའང་སྙིང་རྗེ་དང་ལྷག་བསམ་རྣམ་དག་གིས་མིན་པར་འདོད་ཆགས་དང་ཕྱོགས་ལྷུང་གི་དབང་གིས་ཡིན་པར་མཐོང་ན་ཉེ་རིང་གི་རྒྱུ་མཚན་རྣམས་མེད་པར་གྱུར། དེ་ལྟར་བཏང་སྙོམས་ཀྱི་བློ་འབྱོངས་ན་གཞི་ནས་མར་ཤེས་བསྒོམ་དགོས།

མར་ཤེས་ཀྱི་བློ་འབྱོང་བ་ལ་ཐོག་མར་སྐྱེ་བ་ལ་ཐོག་མ་མེད་པ་དང་སྐྱེ་བ་སྔ་ཕྱི་གསལ་པོ་ངེས་དགོས། དེས་ན་ཚད་མ་རྣམ་འགྲེལ་དང་རྟོག་གེ་འབར་བ་སོགས་ནས་གསུངས་པའི་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ལ་ངེས་པ་རྙེད་དགོས། དེ་ནས་སྐྱེ་བ་ལ་ཐོག་མ་མེད་པ་དང། སྐྱེ་བ་བླངས་རིམ་བཞིན་མངལ་སྐྱེས་དང་སྒོང་སྐྱེས་ཡིན་ཕྱིན་མ་ལ་བརྟེན་དགོས་པ་སོགས་རིམ་བཞིན་བསྒྲུབ་དགོས། གལ་ཏེ་སྐྱེ་བ་སྔ་ཕྱི་ལ་ངེས་པ་མ་རྙེད་ན་མར་ཤེས་ཀྱི་བློ་འབྱོང་རྒྱུར་ཕྲན་བུ་ཁག་པོ་ཡོད། སྤྱིར་ལས་རྒྱུ་འབྲས་ཀྱི་རྣམ་གཞག་སོགས་མང་པོ་ལ་སྐྱེ་བ་སྔ་ཕྱི་ལ་ངེས་པ་རྙེད་དགོས་པ་གལ་ཆེན་པོ་རེད། སྐྱེ་བ་སྔ་ཕྱི་ནི་དངོས་སྟོབས་ཀྱི་རིགས་པས་བསྒྲུབ་དགོས། སེམས་ཀྱི་རྒྱུ་སེམས་ལས་གཞན་པའི་དངོས་པོས་མི་བྱེད་པའི་གནས་ཚུལ་དེ་དངོས་སྟོབས་ཀྱི་རིགས་པའི་གནད་གཙོ་བོ་དེ་རེད། གང་ལྟར་ཤེས་པ་མ་ཡིན་པ་ཞིག་གིས་ཤེས་པའི་ཉེར་ལེན་བྱེད་མི་ཐུབ་པ་རེད། གལ་ཏེ་ཤེས་པ་མ་ཡིན་པ་ཞིག་གིས་ཤེས་པའི་ཉེར་ལེན་བྱེད་ཐུབ་ན་སྐྱེ་བ་སྔ་མ་མེད་ནའང་ཚེ་འདིའི་ཤེས་པ་འགྲུབ་ཐུབ། དེང་སང་དེང་རབས་ཀྱི་ཚན་རིག་པ་བློ་གཟུ་བོར་གནས་པ་མང་པོས་སྐྱེ་བ་སྔ་ཕྱི་མེད་ཅེས་ཐག་བཅད་ནས་བཤད་ནུས་ཀྱི་མེད། ཁོང་ཚོས་ཤེས་ཀྱི་མེད་ཅེས་བཤད་ཀྱི་ཡོད། དེ་ནི་སྐད་ཆ་དྲང་པོ་རེད། དེ་མིན་ལོ་ཤས་སྔོན་གྱི་བར་དུ་དེང་རབས་ཀྱི་ཚན་རིག་པ་ཚོས་སྐྱེ་བ་སྔ་ཕྱི་མེད་པར་ཐག་བཅད་པ་རེད། དེའི་རྒྱུ་མཚན་ནི་མ་མཐོང་བའི་ཕྱིར་ཞེས་པ་དེ་རེད། དེ་ནས་མྱོང་བ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་སྒྲུབ་པ་ནི་བྱིས་པ་སྐྱེས་མ་ཐག་པ་དེ་ཚོས་རང་གི་མའི་ནུ་མ་གང་དུ་ཡོད་པ་བསླབ་མི་དགོས་པར་ཤེས་པ་སོགས་རེད། དྲན་པ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་སྒྲུབ་པ་ནི་དེང་སང་སྐྱེ་བ་སྔ་མ་གསལ་པོ་དྲན་མཁན་མང་པོ་དངོས་སུ་ཡོད་མུས་རེད། འཇིག་རྟེན་འདིའི་ནང་སྐྱེ་བ་སྔ་ཕྱི་ཁས་ལེན་པ་དང་མི་ལེན་པ་ཚང་མའི་ནང་སྐྱེ་བ་སྔ་ཕྱི་དྲན་པ་མ་ཟད། ཇི་མ་ཇི་བཞིན་རྭ་འཕྲོད་པ་མང་པོ་རེད། སྐྱེ་བ་སྔ་མ་དྲན་མཁན་རྣམས་ཀྱི་གནས་ཚུལ་བསྡུས་བཀོད་ཀྱི་དེབ་ཀྱང་ཡོད། དེ་ལྟར་སྐྱེ་བ་ཐོག་མ་མེད་པ་ལ་ངེས་པ་རྙེད་ན། གྲངས་མེད་པའི་སྐྱེ་བ་དེ་དག་གི་སྐབས་སུ་མ་བྱས་མ་མྱོང་བའི་སེམས་ཅན་མེད་པ་དང་། སེམས་ཅན་ཐམས་ཅད་རང་གི་མ་གྲངས་མེད་བྱས་མྱོང་བ་ཤ་སྟག་ཡིན་པའི་ངེས་ཤེས་རྙེད་ཐུབ།

མར་ཤེས་པའི་རྗེས་སུ་དྲིན་དྲན་པ་དེ་རེད། དེ་ནི་མ་བྱས་པའི་སྐབས་སུ་དྲིན་གང་དང་གང་བསྐྱངས་པ་རྣམས་རེད། ཕ་མས་བུ་ཕྲུག་ལ་དྲིན་སྐྱོང་སྟངས་ནི་མི་དང་དུད་འགྲོ་ལ་བལྟས་ན་ཤེས་ཐུབ། དེ་ལྟ་བུའི་དྲིན་དྲན་ནང་མན་ངག་ལུགས་ཀྱི་དྲིན་དྲན་ཁྱད་པར་བ་སྒོམ་པའི་ཚུལ་ཡོད། དེ་ནི་མ་བྱས་པའི་གནས་སྐབས་ཙམ་དུ་མ་ཟད། མ་མ་བྱས་པའི་གནས་སྐབས་སུའང་དྲིན་ཆེ་བ་དེ་རེད།  མ་བྱས་པའི་གནས་སྐབས་སུ་མ་ཡིན་པའི་རྒྱུ་མཚན་གྱིས་མི་ལྟ་བུ་ཡིན་ན་ཟླ་དགུ་ངོ་བཅུའི་རིང་སྦྲུམ་དུ་ཉར་བ་ནས་བཟུང་སྟེ་བྱམས་བརྩེ་སྐྱོང་སྟངས་རྣམས་ཚད་ལས་བརྒལ་བ་རེད། མ་མ་བྱས་པའི་གནས་སྐབས་སུ་སོ་སོའི་མ་མིན་ནའང་འགྲོ་བ་རྣམས་སྤྱི་ཚོགས་ལ་བརྟེན་དགོས། དཔེར་ན་འབྲས་ཤིག་ལ་མཚོན་ནའང་ཞིང་རྨོས་ནས་བཟུང་སྟེ་སོ་སོའི་ཁའི་ནང་མ་སླེབས་བར་དུ་སེམས་ཅན་མང་པོའི་ངལ་བ་ལ་བརྟེན་དགོས། གང་ལྟར་ང་ཚོའི་འགྲོ་འཆག་ཉལ་འདུག་སྤྱོད་ལམ་གང་ཡིན་རུང་སེམས་ཅན་ལ་མ་ལྟོས་པ་མེད། ལྷག་པར་དུ་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པ་ཡིན་ན། སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལས།། སངས་རྒྱས་ཆོས་འགྲུབ་འདྲ་བ་ལ།། རྒྱལ་ལ་གུས་བྱེད་དེ་བཞིན་དུ།། སེམས་ཅན་ལ་མིན་ཅི་ཡི་ཚུལ།། ཞེས་སངས་རྒྱས་ཀྱིས་ཆོས་བསྟན་པ་ལ་བརྟེན་ནས་སངས་རྒྱས་འགྲུབ་པ་དང་། སེམས་ཅན་ལ་བྱམས་སྙིང་རྗེ་སོགས་བསྒོམས་ནས་སངས་རྒྱས་འགྲུབ་པ་གཉིས་མཚུངས་ཀྱང་། སངས་རྒྱས་ལ་གུས་པ་དང་སེམས་ཅན་ལ་མི་གུས་པ་དེ་གང་ཡིན་ནམ་ཞེས་གསུངས། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཆེད་དུའང་ཚོགས་གསོག་པའི་ཞིང་སེམས་ཅན་མེད་ན་མི་རུང་བར་བརྟེན། སེམས་ཅན་རྣམས་མ་མ་བྱས་པའི་གནས་སྐབས་སུའང་བཀའ་དྲིན་ཆེ།

དྲིན་དྲན་ཡག་པོ་བྱུང་ན་དྲིན་གཟོ་ངང་གིས་ཡོང་རྒྱུ་རེད། དྲིན་དྲན་པར་བརྟེན་དྲིན་དེ་གསབ་དགོས་པ་ནི་ཡ་རབས་ཀྱི་སྤྱོད་ཚུལ་རེད། དེ་ལྟར་དྲིན་གཟོའི་བསམ་པ་བྱུང་ན་ཡོད་འོང་གི་བྱམས་པ་ལ་དམིགས་བསལ་གྱིས་བློ་སྦྱོང་དགོས་པ་མེད། དེ་ནས་སྙིང་རྗེ་ཆེན་པོ་ངང་གིས་བྱུང་། སྙིང་རྗེ་ཆེན་པོ་ནི་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་དམིགས་པའི་སྙིང་རྗེ་བསྒོམ་རྒྱུ་དེ་རེད། དེའི་སྔོན་དུ་ངེས་འབྱུང་གི་བསམ་པ་བཅོས་མ་མིན་པ་རང་རྒྱུད་ལ་ཡོད་ན་རང་ཉིད་སྡུག་བསྔལ་གྱིས་མནར་བའི་ངང་ཚུལ་དེ་སེམས་ཅན་ཐོག་སྤོས་ནས་བལྟས་པ་ན་སྙིང་རྗེ་ཤུགས་དྲག་ཏུ་སོང་བ་རེད། སྙིང་རྗེ་ཆེན་པོ་དེས་ལྷག་བསམ་དྲངས་པ་རེད། སྙིང་རྗེ་དེའི་དབང་གིས་སེམས་ཅན་སྡུག་བསྔལ་ལས་བྲལ་འདོད་དང་བྲལ་བར་གྱུར་ཅིག་སྙམ་པ་ཙམ་མིན་པར། བྲལ་བར་བདག་གིས་བྱའོ་སྙམ་པའི་བསམ་པ་ལ་ལྷག་བསམ་ཟེར། ལྷག་བསམ་ནི་ཐེག་ཆེན་སེམས་བསྐྱེད་ཀྱི་དངོས་རྒྱུ་ནུས་པ་ཐོག་མ་ལྟ་བུ་དེ་རེད། ལྷག་བསམ་དེས་སེམས་ཅན་གྱི་དོན་སྒྲུབ་པའི་ཐབས་བསྟེན་པ་རེད། སྒྲུབ་པའི་ཐབས་བསྟེན་པ་ལ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་འབད་མེད་འཕྲིན་ལས་ཀྱི་ནུས་པ་མི་ཡོང་བ་ཡིན་ཙང་། གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བསམ་པ་སྐྱེས་པ་རེད། དེ་དག་ནི་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་བའི་རིམ་པ་རྣམས་རེད། ཞིབ་རྒྱས་ཞུ་བའི་དུས་ཚོད་མེད་ཙང་མིང་ཙམ་སྨོས་པ་ཡིན།

བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་རིམ་པ་ནི། ཐོག་མར་བཏང་སྙོམས་བསྒོམ་དགོས་པ་ནི་མན་ངག་རྒྱུ་འབྲས་བདུན་དང་མཚུངས་པ་རེད། དེ་ནས་བདག་གཞན་མཉམ་པ་བསྒོམ་དགོས། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལ་ཁྱད་པར་མེད་ཙང་བདག་གཞན་མཉམ་པ་དང་། སྡུག་བསྔལ་གྱིས་མནར་བ་དང་ཉོན་མོངས་པའི་གཞན་དབང་དུ་སོང་བ་མཉམ་པ་ཡིན་ཙང་བདག་གཞན་མཉམ་པ། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ནུས་པ་ཡོད་པ་མཉམ་པ་ཡིན་ཙང་བདག་གཞན་མཉམ་པ་རེད། བདག་གཞན་མཉམ་པའི་རྗེས་སུ་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་དགོས་པ་དེ་རེད། སྐྱེ་བ་ཐོག་མ་མེད་པ་ནས་ད་བར་འཁོར་བའི་གནས་འདི་ལ་སྡུག་བསྔལ་དང་མི་འདོད་པའི་དངོས་པོ་ཐམས་ཅད་རང་ཉིད་གཅེས་པར་འཛིན་པ་ལས་བྱུང་བ་ཤ་སྟག་རེད། དེང་སང་རང་གཅེས་འཛིན་གྱི་བློ་ལ་བརྟེན་ནས་ཁོར་ཡུག་གི་གནས་སྟངས་དང་། དཔལ་འབྱོར་གྱི་གནས་སྟངས། འཚེ་བའི་གནས་སྟངས་སོགས་ཇི་ཆགས་ཞིབ་ཏུ་དཔྱད་ན་གསལ་པོ་ཤེས་ཐུབ། དེ་བཞིན་ཁྱིམ་ཚང་གི་འཁོན་རྩོད་ནས་བཟུང་སྟེ་རྒྱལ་ཁབ་དབར་མི་མཐུན་པའི་བར་ཆ་ཚང་རང་གཅེས་འཛིན་ལ་བརྟེན་ནས་བྱུང་། དེ་ལྟར་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་ཐུབ་ན་རང་གཅེས་འཛིན་གྱི་བློ་དེ་ཤུགས་ཆུང་དུ་འགྲོ་ཐུབ། གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ་པ་ནི། འཇིག་རྟེན་འདིའི་ནང་ཕན་པ་དང་བདེ་བ་རྣམས་གཞན་གཅེས་པར་འཛིན་པ་ལས་བྱུང་བ་དང་། དེ་ཡང་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་རྒྱུ་ནས་བཟུང་སྟེ་གནས་སྐབས་ཞི་བདེ་ཚུན་ཆད་གཞན་གཅེས་པར་འཛིན་པ་ལས་བྱུང་། བདག་གཞན་བརྗེ་བའི་བསམ་པ་ནི། བདག་དེ་གཞན་དུ་བསྒྱུར་བ་དང་། གཞན་དེ་བདག་ཏུ་བསྒྱུར་བ་ལྟ་བུའི་བརྗེ་རྒྱུ་གང་ཡང་མེད། བདག་གཞན་ནི་ལྟོས་ས་ལྟོས་འཇོག་གིས་བཞག་པ་རེད། རང་གི་བསམ་བློའི་ནང་བདག་གཅེས་པར་འཛིན་པའི་ཚབ་ཏུ་གཞན་གཅེས་པར་འཛིན་པ་དང་། གཞན་ཡལ་བར་དོར་བའི་ཚབ་ཏུ་རང་ཉིད་ཡལ་བར་དོར་བ་ནི་བདག་གཞན་བརྗེ་བའི་བསམ་པ་དངོས་རེད། དེ་ལྟ་བུའི་བདག་གཞན་བརྗེ་བའི་བསམ་པ་དངོས་བྱུང་ན་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོ་བྱུང་། སྙིང་རྗེ་དེས་ལྷག་བསམ་དང་། དེས་སེམས་བསྐྱེད་བྱུང་བ་རེད། དེ་ནས་བློ་སྦྱོང་བའི་རིམ་པ་གཉིས་པོ་མཉམ་དུ་སྦྱར་ནས་ཉམས་སུ་ལེན་པའི་མན་ངག་ཀྱང་ཡོད། དེ་ལྟ་བུ་བློ་སྦྱོང་བ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཐུབ། བྱང་ཆུབ་ཀྱི་སེམས་ཀྱི་དབྱེ་བ་སོགས་རྒྱས་པར་གཞུང་ཆེན་པོ་གཞན་ནས་ཤེས་དགོས། འོན་ཀྱང་སྨོན་འཇུག་གི་སེམས་གཉིས་ལ་མཁས་པའི་བཞེད་ཚུལ་མི་འདྲ་བ་ཡོད། དེ་ལྟར་སེམས་བསྐྱེད་ཚུལ་སྐོར་འགྲིགས་པ་བྱ་རྒྱུ་ཡིན།

གསུམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚད་ནི། འདིར་སེམས་མཆོག་བསྐྱེད་པར་མཛོད་ཅེས་གསུངས་པ་ཙམ་ལས། སེམས་བསྐྱེད་པའི་ཚད་གསུངས་མེད། དཔེར་ན། ངེས་འབྱུང་གི་བསམ་པ་བསྐྱེད་པའི་ཚད་དང་། ལྟ་བའི་དཔྱད་པ་རྫོགས་པའི་ཚད་ཀྱང་རྩ་ཚིག་གིས་ཟིན་ཡང་། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚད་རྩ་ཚིག་གིས་དངོས་སུ་ཟིན་མེད། འོན་ཀྱང་ལམ་རིམ་ཆེ་ཆུང་ནང་རྗེ་རིན་པོ་ཆེས་སྒོམ་རིམ་གྱི་དགོངས་པ་གཞི་བཟུང་སེམས་ཅན་སྡུག་བསྔལ་གྱིས་མནར་བ་མཐོང་བའི་ཚེ་བུ་གཅིག་པའི་མའི་བསམ་བློའི་ནང་ཇི་ཙམ་སྙིང་རྗེ་ཤུགས་ཆེ་ཡོད་པ་དང་དེ་ལས་གྲོལ་བའི་ཁུར་རང་གིས་ལེན་པའི་བསམ་པ་ཚད་ལྡན་སྐྱེས་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚད་དུ་གསུངས། གཙོ་བོ་གཞན་དོན་དོན་གཉེར་དང་། དེ་དང་མཉམ་དུ་བྱང་ཆུབ་དོན་གཉེར་གྱིས་གྲོགས་བྱས་ནས་སངས་རྒྱས་ཐོབ་འདོད་ཀྱི་གཙོ་བོ་ཡིད་ཀྱི་རྣམ་རིག་ཅིག་སྐྱེས་ན་བྱང་ཆུབ་སེམས་བསྐྱེད་པ་རེད། གང་ལྟར་གཞན་དོན་དོན་གཉེར་གྱི་འདུན་པས་ཀུན་ནས་བསླངས་པའི་བྱང་ཆུབ་དོན་གཉེར་གྱི་བློས་དྲངས་པའི་གཙོ་སེམས་ཤིག་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད། དེ་ལྟ་བུ་སྐྱེས་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚད་རེད།

ཡང་དག་པའི་ལྟ་བ་བཤད་པ།

གསུམ་པ་ཡང་དག་པའི་ལྟ་བ་བཤད་པ་ལ། ལྟ་བ་བསྒོམ་དགོས་པའི་རྒྱུ་མཚན། ལྟ་བ་གཏན་ལ་འབེབས་པའི་ཚུལ། ལྟ་བ་ལ་དཔྱད་པ་མ་རྫོགས་པའི་རྟགས། ལྟ་བ་ལ་དཔྱད་པ་རྫོགས་པའི་ཚད། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་བསྟན་པ་བཅས་ལྔའོ།། དང་པོ་ལྟ་བ་བསྒོམ་དགོས་པའི་རྒྱུ་མཚན་ནི། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།། ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།། སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།། ཅེས་པའོ།། གནས་ལུགས་མ་རྟོགས་པའམ་ཆོས་ཐམས་ཅད་ཀྱི་རང་གི་མཐར་ཐུག་གི་གནས་སྟངས་མ་ཤེས་པའི་དབང་གིས་འགྲོ་བ་རྣམས་འཁོར་བར་འཁྱམས་ཤིང་། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ།། མི་ཤེས་པས་ན་འགྲོ་བ་འཁྱམས་གྱུར་པ།། དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་།། རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད།། ཅེས་གསུངས། གང་ལགས་ཤེ་ན། སྟོང་པ་ཉིད་ཀྱི་དོན་མ་རྟོགས་ན་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་སོགས་ཐབས་ཀྱི་ཆ་ལ་ཉམས་ལེན་ནམ་བསོད་ནམས་ཀྱི་ཚོགས་ཇི་ཙམ་བསགས་ཀྱང་། སྲིད་པའི་རྩ་བ་གཅོད་པར་མི་ནུས། ཐབས་ཀྱི་ཆ་དེ་དག་གིས་སྲིད་པའི་རྩ་བ་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་དེ་མི་བསྐྲུན་ཅིང་། ཚད་མ་རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར།། ཤིན་ཏུ་ཉེས་པ་ཚར་གཅོད་མིན།། ཞེས་གསུངས་པའི་དོན་ཡང་དེ་རེད། དཔེར་ན། ཁོང་ཁྲོའི་གཉེན་པོར་བྱམས་པ་དང་བཟོད་པ་བསྒོམ་ན། ཁོང་ཁྲོ་མངོན་གྱུར་པ་མགོ་ནོན་པའམ་ཁོང་ཁྲོ་ཕྲན་བུ་ཤུགས་ཆུང་དུ་གཏོང་རྒྱུ་ལས། ཁོང་ཁྲོ་དང་དེའི་རྩ་བར་གྱུར་པའི་མ་རིག་པ་བརྩད་ནས་ཕྱུང་བའི་ནུས་པ་མེད། འོན་ཀྱང་ཉོན་མོངས་པ་རེ་རེའི་གཉེན་པོ་ལ། དཔེར་ན། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། རྟག་འཛིན་གྱི་གཉེན་པོར་མི་རྟག་པ་སྒོམ་པ་ལས་དེ་དག་གི་ཞེན་ཡུལ་སུན་ཕྱུང་ཡང་། འདོད་ཆགས་དང་རྟག་འཛིན་གྱི་ས་བོན་མ་རིག་པ་དེ་དང་འཛིན་སྟངས་དངོས་སུ་མི་འགལ་བར་བརྟེན་སུན་ཕྱུང་མི་ཐུབ། དེས་ན་གནས་ལུགས་རྟོགས་པའི་ཤེས་རབ་མེད་ན། ཇི་ཙམ་འབད་རྩོལ་བྱས་ཀྱང་ཐེག་པ་ཆུང་ངུ་ཡིན་ན་སྦྱོར་ལམ་ཙམ་དང་། ཐེག་ཆེན་ཡིན་ན་ཚོགས་ལམ་ཙམ་མ་གཏོགས་འགྲོ་མི་ཐུབ། གལ་ཏེ་ལམ་གོང་མ་ལ་བགྲོད་དགོས་ན་ངེས་པར་དུ་ལྟ་བ་རྟོགས་པའི་བློ་མེད་ན་ཐབས་མེད་རེད། དེར་བརྟེན་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད་དགོས་ཞེས་པའོ།།

འདིེར་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད་ཅེས་པ་དེ་གསུང་ནུས་པ་ཆེན་པོ་ཡིན་པ་ཡང་ཡང་བཀའ་གནང་གི་ཡོད། དངོས་གནས་བྱས་ན་ལྟ་བ་བཤད་པའི་སྐབས་ཡིན་ཙང་། ཚིག་འགྲོས་བདེ་བའི་དབང་དུ་བྱས་ན་སྟོང་ཉིད་རྟོགས་པའི་ཐབས་ལ་འབད་ཅེས་གསུང་དགོས་པ་ལྟ་བུ་ཡོད། སྤྱིར་ཕྲ་བའི་རྟེན་འབྲེལ་དེ་སྟོང་ཉིད་རྟོགས་པའི་ཐབས་སུ་མི་འགྲོ་ཞིང་། སྟོང་ཉིད་རྟོགས་པའི་རྗེས་སུ་གཞི་ནས་ཕྲ་བའི་རྟེན་འབྲེལ་ངོས་ཟིན་དགོས། ཡིན་ནའང་རྟེན་འབྲེལ་རགས་པ་ཙམ་དང་། རྟེན་འབྲེལ་གྱི་རྣམ་གཞག་དེས་མཐའ་གཉིས་གཅིག་ཅར་དུ་སྤོང་ཐུབ། ང་ཚོར་གལ་ཆེ་ཤོས་ནི་ཐ་སྙད་རྟེན་འབྱུང་གི་རྣམ་གཞག་དེ་རེད། དེ་ཡང་རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་། རྒྱུ་མི་དགེ་བ་ལས་འབྲས་བུ་མི་བདེ་བའི་ལས་འབྲས་ཀྱི་རྣམ་གཞག་མི་འཆོལ་བ་ནི་ཕྱི་ནང་གི་ཆོས་ཐམས་ཅད་དམ་སྲིད་ཞིའི་དངོས་པོ་ཐམས་ཅད་མིང་དང་བརྡས་བཞག་པ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ཡོད་པ་མ་གཏོགས། རང་ངོས་ནས་ཚུགས་ཐུབ་ཏུ་མ་གྲུབ་པའམ་རང་བཞིན་གྱིས་མ་གྲུབ་པ་དེས་རེད། འདི་ནི་ཧ་ཅང་རྟོགས་དཀའ་བ་རེད། ཕྱི་རོལ་པས་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པའམ། འཇིག་རྟེན་གྱི་བྱེད་པ་པོས་བཀོད་པ་སོགས་མ་བཤད་ན་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་འཇོག་མི་ཤེས། རྒྱ་གར་གྱི་གྲུབ་མཐའ་སྨྲ་བའི་ནང་ལྟོས་གྲུབ་རྟེན་འབྲེལ་གྱི་རྣམ་གཞག་ཁས་ལེན་མཁན་ནང་པ་སངས་རྒྱས་པ་གཅིག་པུ་རེད། རྒྱུ་རྐྱེན་གྱི་རྟེན་འབྲེལ་ཁས་ལེན་མཁན་ནི་གཅེེར་བུ་པ་དང་རིག་བྱེད་མཐའ་པ་སོགས་མང་པོ་ཡོད། གཅེར་བུ་པ་ལྟ་བུ་འཇིག་རྟེན་གྱི་བྱེད་པ་པོ་མི་འདོད་པར་བརྟེན་རྒྱུ་རྐྱེན་གྱི་རྟེན་འབྲེལ་གྱི་རྣམ་གཞག་མ་འཇོག་ཐབས་མེད་རེད། འོན་ཀྱང་གཅེར་བུ་པས་རྒྱུ་འབྲས་རྟེན་འབྲེལ་རྣམ་གཞག་ཀྱང་རྒྱུ་འབྲས་གཉིས་ཀ་རང་གི་ངོ་བོས་གྲུབ་པར་བཤད། དེ་བཞིན་རང་སྡེ་དངོས་སྨྲ་བ་གཉིས་ཀས་རང་གི་ངོ་བོས་མ་གྲུབ་ན་རྟེན་འབྱུང་གི་རྣམ་གཞག་མི་འཐད་པར་ཆད་མཐའ་ལ་ལྷུང་ཚུལ་བཤད། སེམས་ཙམ་པས་གསལ་རིག་གི་ངོ་བོ་ལ་རྫས་སུ་གྲུབ་པ་མེད་ན་རྟེན་འབྱུང་གི་རྣམ་གཞག་འཇོག་མི་ཐུབ། དབུ་མ་རང་རྒྱུད་པས་རང་ངོས་ནས་གྲུབ་པ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་བློས་མི་ཐོངས་ཤིང་། གདགས་གཞིའི་ངོས་ནས་བསྡུ་ཆ་ཕྲན་བུ་མེད་ན་འདོགས་བྱེད་ཀྱི་མིང་དང་རྟོག་པས་གང་བཞག་འཐད་ན་ཐལ་ཆ་ཆེན་པོར་འགྲོ་ཞིང་། དཔེར་ན་གདགས་གཞི་ཐག་ཁྲ་ལ་སྦྲུལ་དུ་འདོགས་པའི་བློས་སྦྲུལ་དུ་བཏགས་ཀྱང་སྦྲུལ་གྱི་བྱ་བ་བྱེད་མི་ནུས་པ་དང་། སྦྲུལ་གྱི་ཕུང་པོ་ལ་སྦྲུལ་དུ་བཏགས་ན་སྦྲུལ་གྱི་བྱ་བ་བྱེད་ནུས་པའི་ཁྱད་པར་དེ་ཕྲ་བའི་རྟེན་འབྱུང་གི་གནས་སྟངས་མ་ཤེས་པའི་དབང་གིས་རེད། གང་ལྟར་སེམས་ཙམ་པས་གདགས་གཞིའི་ངོས་ནས་ཕྲན་བུ་འགུལ་བསྐྱོད་མེད་ན་འདོགས་བྱེད་ཀྱི་བློ་རྐྱང་པར་བཞག་ན་མི་འགྲིགས་པར་དགོངས་པ་དེ་རིགས་པའི་འགྲོས་བྱེད་ན་ཐུགས་ཁག་མེད། ལྟ་བ་ལ་བློ་མ་གོམས་པ་ང་ལྟ་བུ་ཡིན་ན་ཐལ་འགྱུར་བས་མིང་རྐྱང་བཏགས་ཡོད་ཀྱི་རྣམ་གཞག་བྱེད་སྟངས་དང་། རང་རྒྱུད་པས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མིན་པར་དོན་རང་གི་ངོ་བོའི་སྒོ་ནས་ཚུགས་ཐུབ་ཏུ་གྲུབ་པ་མེད་པ་གཉིས་ལས་ཕྱི་མ་འཆར་བདེ་བ་འདུག དེས་ན་ཐལ་འགྱུར་བའི་རྟེན་འབྲེལ་གྱི་རྣམ་གཞག་དེ་ཧ་ཅང་རྟོགས་ཁག་པོ་རེད། གལ་ཏེ་རྟོགས་པ་ཡིན་ན་རྟག་ཆད་ཀྱི་མཐའ་ཐམས་ཅད་ལས་ཅིག་ཅར་དུ་གྲོལ་ཐུབ་པའི་ཐབས་ལམ་བླ་ན་མེད་པ་རེད། ང་ཚོའི་སྲོལ་རྒྱུན་གྱིས་རྟེན་འབྲེལ་གྱི་རྣམ་གཞག་འགྲེལ་པ་རྒྱག་སྟངས་དེ་ལས། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འགྲེལ་པ་གནང་སྟངས་དེ་ལོགས་སུ་མེད་ཀྱང་། དེང་རབས་ཀྱི་ཚན་རིག་པ་དང་བགྲོ་གླེང་མང་པོ་གནང་བ་ལས་ད་དུང་གསལ་བ་དང་མངོན་གསལ་དོད་དུ་ཕྱིན་པ་མང་པོ་རེད། དཔེར་ན། རྩ་བ་ཤེས་རབ་ནང་སྟོང་པ་ཉིད་ཀྱི་དོན་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སྒྲུབ་པ་ན་མང་ཆེ་བ་གང་གི་ཐོག་ཏུ་བབས་ཀྱི་ཡོད་ཅེ་ན། བྱ་བྱེད་ལས་གསུམ་དང་དུས་གསུམ་གྱི་ཐོག་སྐོར་བ་གནང་ནས་ཕེབས་ཀྱི་འདུག  འདིར་རྟེན་ཞེས་པ་དེས་རྟེན་པ་དང་། ལྟོས་པ། འཕྲད་པ་བཅས་གསལ་བ་དང་། འབྲེལ་ཞེས་པ་དེས་རྟེན་པ་ཙམ་མ་ཟད། དེ་དང་ཡང་དག་པའི་འབྲེལ་བ་ཡོད་པ། འབྱུང་ཞེས་པ་དེས་སྐྱེ་བའི་དོན་བསྟན། པྲཏཱིཏྱསམུཏྤཱད་ཞེས་པའི་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ་ཁ་གསལ་བ་ཡོད། དེས་ན་རྩ་བ་ཤེས་རབ་ནང་རྐྱེན་བརྟག་པ་དང་འགྲོ་འོང་བརྟག་པ་སོགས་སུ་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་དང་། དེ་དུས་གསུམ་གྱི་རྣམ་གཞག་དང་སྦྱར་ནས་བརྟག་པ་ན་དེ་ཚོའི་ལྡོག་ཕྱོགས་ཀྱི་དགག་བྱ་འཛིན་པའི་བློ་ཕྲ་མོ་ངོས་ཟིན་དཀའ་བ་ཞིག་ཡོད་བཟོ་འདུག  དེར་བརྟེན་ཡུལ་ལ་ལྟོས་པ་དང་དུས་ལ་ལྟོས་པ་སོགས་གཞི་མི་འདྲ་བ་སོ་སོར་ལྟོས་ནས་འགག་སོགས་བརྒྱད་ཀྱི་རྣམ་གཞག་བཤད་པ་རེད། ལྷག་པར་དུ་འགྲོ་འོང་བརྟག་པ་གཅིག་པུ་ལ་མཚོན་ན། སོང་བ་དང་། འགྲོ་བ། གོམ་པ་གསུམ་གྱི་དབྱེ་བ་དེ་ཕྱོགས་སྔས་བསམ་བློ་ཇི་ལྟར་བཏང་ནས་ཕྱེ་བ་དེ་ལ་རང་ལུགས་ཀྱིས་ཕྱོགས་སྔའི་འདོད་པ་ལ་རྩལ་དུ་བཏོན་ནས་སྐྱོན་བཙུག་ཐུབ་པའི་རིགས་པའི་གནོད་བྱེད་རྣམས་ཇི་ལྟར་འགྲོ་མིན་དེ་ཚོ་ཧ་ཅང་གོ་ཁག་པོ་དང་། གལ་ཏེ་གོ་བ་ཡིན་ན་དངོས་གནས་རྟེན་འབྱུང་གི་རིགས་པ་ལ་གོ་བ་ཆགས་སྟངས་དམིགས་བསལ་བ་ཞིག་ཏན་ཏན་ཡོད་བཟོ་འདུག  ལུས་དང་སེམས་ཀྱི་འབྲེལ་བའི་རྟེན་འབྱུང་གི་རྣམ་གཞག་དང་། འབྱུང་བ་དང་འབྱུང་འགྱུར་གྱི་འབྲེལ་བའི་རྟེན་འབྱུང་གི་རྣམ་གཞག  ཡུལ་དང་ཡུལ་ཅན་གྱི་འབྲེལ་བའི་རྟེན་འབྱུང་གི་རྣམ་གཞག  བེམ་པོ་དང་གསལ་རིག་གི་བར་གྱི་འབྲེལ་བའི་རྟེན་འབྱུང་གི་རྣམ་གཞག་དེ་ཚོ་མི་འདྲ་བ་རེ་རེ་བཞིན་རྟེན་ཅིང་འབྲེལ་ཚུལ་དང་འབྱུང་ཚུལ་སོགས་ཚིག་གིས་ཞིབ་ཚགས་པོས་བཤད་མི་ཐུབ་པའི་གནས་ཚུལ་མང་པོ་ཞིག་དེའི་ནང་ཡོད་བཟོ་འདུག  དེའི་དབང་གིས། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།། ཅེས་པའི་ཚིག་དེ་གལ་ཆེ་ཚུལ་དེ་ལྟར་ཡིན་པ་རེད།

གཉིས་པ་ལྟ་བ་གཏན་ལ་འབེབས་པའི་ཚུལ་ནི། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།། དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས།། ཞེས་པའོ།། རྗེ་རིན་པོ་ཆེས་རྟག་ཏུ་ཐ་སྙད་ཀྱི་རྣམ་གཞག་དེ་སྔོན་དང་། སྟོང་པའི་རྣམ་གཞག་དེ་རྗེས་སུ་གསུངས་པ་ལ་དགོས་པ་ཆེན་པོ་ཡོད་བཟོ་འདུག  དངོས་གནས་བྱས་ན་དང་པོ་དགག་བྱ་བཀག་པ་དང་། གཉིས་པ་ཐ་སྙད་ཀྱི་འཇོག་ཚུལ་གསུངས་དགོས་པ་ལྟ་བུ་ཡོད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེ་བདག་ཉིད་ཆེན་པོ་ལ་གདམས་ངག་གནང་བའི་སྐབས་སུ་སྣང་སྟོང་གཉིས་ཀྱི་ནང་ནས་སྣང་ཕྱོགས་ལ་གཙིགས་སུ་བྱེད་དགོས་ཞེས་ཡང་ཡང་གསུངས་ཡོད། འདིར་རྩ་ཆིག་ཏུའང་སྔོན་ལ་ཐ་སྙད་འཇོག་ཚུལ་དང་། རྗེས་སུ་དགག་བྱ་བཀག་ཚུལ་གསུངས་པ་ལ་གནད་འགག་ཆེན་པོ་ཡོད་པ་དེ་མཁས་པ་རྣམས་ཀྱིས་མཁྱེན་དགོས།

ལྟ་བ་ཇི་ལྟར་བཙལ་དགོས་ཤེ་ན། ཁམས་གསུམ་འཁོར་བས་བསྡུས་པའི་ཟག་བཅས་ཀྱི་དངོས་པོ་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་དང་། ཞི་བ་མྱང་འདས་ཀྱིས་བསྡུས་པའི་ཟག་མེད་ཀྱི་དངོས་པོ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་རྟེན་འབྲེལ་དེ་ནམ་ཡང་བསླུ་བ་མེད་པ་དང་། རྒྱུ་དང་འབྲས་བུའི་རྟེན་འབྲེལ་ལ་ཧོབ་སྟེ་གཟིགས་ན་རྒྱུ་འབྲས་ཀྱི་རྟེན་འབྲེལ་གཅིག་པུ་ལ་གོ་སྲིད་ཀྱང་། དེའི་ནང་རྒྱུ་འབྲས་ཀྱི་རྟེན་འབྱུང་དང་ལྟོས་གྲུབ་ཀྱི་རྟེན་འབྱུང་གཉིས་ཀ་ཚུད་ཡོད། གང་ལགས་ཤེ་ན། འབྲས་བུ་ལ་ལྟོས་ཏེ་རྒྱུ་བཞག་པ་དེ་ལྟོས་གྲུབ་ཀྱི་རྟེན་འབྱུང་རེད། རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་ནིི་འདུས་བྱས་རྟེན་འབྱུང་གི་རྣམ་གཞག་རེད། རྒྱུ་ལ་རྒྱུ་ཞེས་པའི་ཐ་སྙད་ཐོགས་པ་དང་། རྒྱུའི་ངོ་བོ་ལ་སྒྲ་དང་རྟོག་པས་བཏགས་པ་ནི་འབྲས་བུ་ལ་ལྟོས་པ་རེད། གལ་ཏེ་འབྲས་བུ་མེད་ན་རྒྱུའི་ཐ་སྙད་འདོགས་སུ་མི་རུང་། དེ་ཙམ་དུ་མ་ཟད། ལྟོས་གྲུབ་ཀྱི་རྟེན་འབྱུང་ནང་རྒྱུ་འབྲས་མིན་པའི་དངོས་པོ་རིང་པོ་ལ་ལྟོས་ཏེ་ཐུང་ངུ་ཞེས་པ་སོགས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་འདུས།

རྟེན་འབྱུང་བསླུ་བ་མེད་པ་ཞེས་པ་ནི་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་མེད་པ་དང་། མིང་རྐྱང་བཏགས་ཡོད་ཙམ་ཡིན་པ་ལ་གང་བཏགས་བཏགས་ཀྱང་མ་ཡིན་པ་ཞིག་ལ་གོ་དགོས། གལ་ཏེ་སེམས་ཅན་ལ་སངས་རྒྱས་ཞེས་བཏགས་ན་སངས་རྒྱས་སུ་མི་འགྱུར། ཡུལ་གྱི་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་ཅེས་ཤུགས་ཆེན་པོས་བཤད་བཞིན་དུ་བཏགས་ནས་གྲུབ་སྟངས་དེ་མི་བསླུ་བ་ཞིག་དགོས། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་བསགས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ལ་སངས་རྒྱས་ཀྱི་མིང་བརྡས་བཏགས་ན་སངས་རྒྱས་ཀྱི་ངོ་བོ་ལ་གྲུབ་པ་རེད་མ་གཏོགས། དེ་ལྟ་བུ་མེད་པ་ལ་བཏགས་མི་ཐུབ། དེས་ན་རྟེན་ཅིང་འབྲེལ་བའི་གནས་ཚུལ་བསླུ་བ་མེད་པའམ་མི་འཆོལ་བ་དེ་སྔོན་ལ་མཐོང་དགོས། དེ་མཐོང་བ་དང་ཆབས་ཅིག་ཏུ་བདེན་པར་འཛིན་པའི་བློའི་དམིགས་པའི་གཏད་སོའམ་འཛིན་སྟངས་ཀྱི་ཡུལ་ཀུན་ཞིག་པ་ན་སངས་རྒྱས་དགྱེས་པའི་ལམ་དུ་ཞུགས་པ་རེད། སངས་རྒྱས་དགྱེས་པའི་ལམ་ནི་སྟོང་པ་ཉིད་ཀྱི་ལྟ་བ་དེ་རེད། དེ་ནི་སངས་རྒྱས་དགྱེས་པའི་ལམ་ཡིན་ཚུལ་ནི་སངས་རྒྱས་ཀྱི་ཐུགས་ཀྱི་བཞེད་དགོངས་ནི་འགྲོ་བ་རྣམས་འཁོར་བ་ལས་སྒྲོལ་བར་བྱེད་རྒྱུ་དེ་རེད། འཁོར་བ་ལས་གྲོལ་བ་ལ་སྟོང་ཉིད་རྟོགས་དགོས།

དེ་ལྟ་བུའི་དམིགས་པའི་གཏད་སོ་ཞིག་པ་ལ་ཐོག་མ་གལ་ཆེ་ཤོས་ནི་དགག་བྱ་ངོས་འཛིན་རྒྱུ་དེ་རེད། རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེན་མོའི་ནང་དགག་བྱ་ཁྱབ་ཆེ་བ་དང་ཁྱབ་ཆུང་བ་རྣམས་བཀག་ནས་དགག་བྱ་ངོས་འཛིན་ཧ་ཅང་རྒྱས་པོ་གསུངས་པ་དེ་བོད་གངས་ཅན་གྱི་དབུ་མའི་ལྟ་བ་དང་འབྲེལ་བའི་བསྟན་བཅོས་ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟ་བུ་མཆོག་ཏུ་གྱུར་པ་རེད། དགག་བྱ་ངོས་འཛིན་ཐོག་ཕྲན་བུ་ནོར་འཕྲུལ་ཤོར་ན་བཀག་པའི་གྲུབ་དོན་དེའང་མཐའ་གཉིས་དང་བྲལ་བའི་དབུ་མའི་ལྟ་བ་ཚད་དང་ལྡན་པ་ཞིག་མི་ཡོང་བའི་ཉེན་ཁ་ཏན་ཏན་ཡོད་ས་རེད། དགག་བྱ་ངོས་འཛིན་ཞེས་པ་དེ་ཕྱི་ལ་དངོས་པོ་གཞན་ཞིག་བཙལ་བ་ལྟ་བུ་མེད་ཅིང་། རང་གི་བདེན་འཛིན་ལྷན་སྐྱེས་ཀྱི་བློ་དེས་དངོས་པོ་རྣམས་བདེན་པར་གྲུབ་པ་ཇི་ལྟར་འཛིན་པའི་འཛིན་ཚུལ་དེ་བལྟ་དགོས་ཤིང་། རང་གི་བློ་ལ་རང་གིས་བལྟ་རྒྱུ་དེ་ལས་སླ་པོ་མིན། ཕྱག་ཆེན་དང་རྫོགས་ཆེན་སོགས་སུ་སེམས་ཀྱི་ངོ་སྤྲོད་ཅེས་སྟབས་བདེ་པོ་ཞིག་གསུང་གི་ཡོད། ང་ཚོས་རང་གི་བློས་དགག་བྱའི་ཐོག་འཛིན་ཚུལ་དེ་བཙལ་བ་ན་སྣང་བ་དང་། འཛིན་པ། ཞེན་པ་སོགས་ཚང་མ་མཉམ་དུ་ཡོད་པ་དེ་དག་མ་འདྲེས་པར་དབྱེ་བ་ཕྱེ་རྒྱུ་དེ་ཁག་པོ་རེད། དཔེར་ན། བློ་ལ་བདེན་གྲུབ་ཏུ་སྣང་བ་དེ་ལས་ལོགས་སུ་བདེན་པར་གྲུབ་པར་འཛིན་པའི་འཛིན་སྟངས་ཀྱི་རྣམ་འགྱུར་དང་། འཛིན་སྟངས་དེའི་ཞེན་ཡུལ་དུ་གྱུར་པའི་དམིགས་པའི་གཏད་སོ། བདེན་འཛིན་མ་རིག་པ་ནི་ལོག་པར་རྟོག་པའི་བློ་རེད། ལོག་པར་རྟོག་པའི་བློ་དེས་གནས་ལུགས་ཀྱི་དོན་ལ་ལོག་པའི་ཆོས་ཤིག་སྒྲོ་བཏགས་ནས་འཛིན་པ་རེད། དེ་ལྟ་བུ་འཛིན་མཁན་ནི་ཤེས་པ་རེད། སྐབས་དེར་སྣང་བའང་ཡོད་ལ། འཛིན་པའང་ཡོད། དེའི་རིགས་པའི་དགག་བྱ་ནི་འཛིན་པ་དེའི་དམིགས་པའི་གཏད་སོ་དེ་རེད། དེ་ནི་འཛིན་པའི་བློ་ལས་ཐ་དད་དུ་ཕྱེ། དེའི་སྣང་བ་ལས་ཐ་དད་དུ་ཕྱེ་བའི་སྒྲོ་བཏགས་སའི་གཞི་དེ་གང་དུ་ཡོད་དམ། དེས་གདགས་གཞིའི་སྟེང་དུ་བཏགས་སམ། འདོགས་ཆོས་ཀྱི་སྟེང་དུ་བཏགས། ཡང་ན་གཉིས་ཀ་འདྲེས་པ་ཞིག་ལ་བཏགས་པ་དེའི་ངོས་འཛིན་བྱེད་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་ས་རེད། གལ་ཏེ་དགག་བྱ་དེ་ཡག་པོ་ངོས་ཟིན་ན། རིགས་པས་འགོག་རྒྱུ་ལ་དེ་ཙམ་དཀའ་ངལ་ཡོད་བཟོ་མི་འདུག  དེས་ན་ལྟ་བ་ལ་བློ་སྦྱོང་བའི་སྐབས་སུ་དཀའ་བའི་གནད་མཐར་ཐུག་པ་དེ་དགག་བྱ་ངོས་འཛིན་དེ་རེད།

གསུམ་པ་ལྟ་བ་ལ་དཔྱད་པ་མ་རྫོགས་པའི་རྟགས་ནི། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།། སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།། ཅེས་པའོ།། སྣང་སྟོང་གཉིས་ཀྱི་ནང་ནས་སྣང་ཕྱོགས་ཀྱི་ཆ་ནི་ཐ་སྙད་པའི་ཆོས་ཡོད་སྟངས་དེ་རེད། གལ་ཏེ་རྟོག་པས་གང་བཏགས་ཡིན་ན་རྟེན་འབྲེལ་འཆོལ་བའི་ཉེན་ཁ་དེ་ཡོད་མུས་རེད། དེ་ལ་བརྟེན་ནས་རང་རྒྱུད་པ་མན་ཆད་ཀྱིས་ཧ་ཅང་འཇིགས་སྣང་ཆེན་པོས་རང་གི་ངོ་བོོས་མེད་ཅེས་བརྗོད་མི་ནུས་པ་རེད། དེས་ན་སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་གཙོ་བོ་ནི་དགེ་སྡིག་གི་བླང་དོར་མི་འཆོལ་བ་དེ་རེད། དགེ་བ་ལས་བདེ་བ་དང་། མི་དགེ་བ་ལས་སྡུག་བསྔལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་ཆོས་གཟུགས་ཀྱི་སྐུ་གཉིས་ཐོབ་པ་དེ་དག་གི་ལམ་གྱི་རིམ་པ་རྣམས་གཞུང་ནས་ཇི་ལྟར་བཤད་པ་བཞིན་མི་འཆོལ་བ་ཡོང་བ་ནི་ཆོས་ཐམས་ཅད་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་མེད་པ་ལ་བརྟེན་ནས་ཡིན་པ་དང་། གལ་ཏེ་རང་གི་ངོ་བོས་གྲུབ་པ་ཡོད་ན་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་རྣམས་མི་འཐད་ཅིང་། དེ་ཡང་རྩ་བ་ཤེས་རབ་ཀྱི་རིགས་པ་དཔེར་ན་རྐྱེན་བརྟག་པ་ལྟ་བུ་རྐྱེན་གང་གིས་འབྲས་བུ་གང་གྲུབ་པ་དང་། དེ་ལ་བདེན་པར་གྲུབ་པ་ཡིན་ན་རྣམ་པ་ཐམས་ཅད་དུ་སྐྱེ་བའམ་ནམ་ཡང་མི་སྐྱེ་བ་སོགས་ཀྱི་སྐྱོན་རྣམས་བྱུང་།

སྤྱིར་ཁས་ལེན་བྲལ་བ་ཞེས་པ་ནི་བོད་སྔ་རབས་པའི་ལྟ་བ་ཁས་ལེན་མེད་པ་སྟེ། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་སྨོན་ལམ་ལས། ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས།། མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི།། འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས།། རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག།།ཅེས་གསུངས་པ་ལྟ་བུ་རེད། རྗེ་བདག་ཉིད་ཆེན་པོས་གཞུང་ཆེན་མོ་རྩ་ཤེས་ཊིཀ་ཆེན་དང་། དགོངས་པ་རབ་གསལ། ལམ་རིམ་ཆེན་མོ། ལེགས་བཤད་སྙིང་པོ་སོགས་སུ་ཁས་ལེན་བྲལ་བ་ཞེས་པའི་ཚིག་དེ་བེད་སྤྱོད་གནང་མེད། འདིར་བེད་སྤྱོད་གནང་བ་ནི་རྗེ་རིན་པོ་ཆེ་སྐུ་ཚེ་སྟོད་ལ་བོད་སྔ་རབས་པའི་བརྡ་ཆད་ལ་བྱངས་པ་ལ་བརྟེན་ནས་མིན་འགྲོ་ཞེས་གསུང་མཁན་གྱི་མཁས་པ་ཡོད། ཁོ་བོས་ནི་དེ་ལྟ་བུ་རེད་ཅེས་བསམ་གྱི་མེད། གང་ལགས་ཤེ་ན། ལམ་གྱི་གཙོ་བོ་རྣམ་གསུམ་ནི་ལྟ་བའི་དཔྱད་པ་ཡོངས་སུ་རྫོགས་ཟིན་ནས་སྐུ་ཚེ་སྨད་ལ་མཛད་པ་ཞིག་རེད། ཁས་ལེན་བྲལ་བ་ཞེས་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་དུའང་བྱུང་ཞིང་། རྩོད་པ་བཟློག་པ་ལས། ང་ལ་དམ་བཅའ་མེད་པས་ན།། ང་ནི་སྐྱོན་མེད་ཁོ་ན་ཡིན།། ཞེས་གསུངས་པའི་དམ་བཅའ་མེད་པ་དང་ཁས་ལེན་བྲལ་བ་གཉིས་ཐ་སྙད་མཚུངས་པ་རེད། སྐབས་འདིའི་ཁས་ལེན་བྲལ་བའི་ཚིག་གི་ནུས་པས་གང་བསྟན་ཞེ་ན། ཆོས་ཀྱི་གནས་ལུགས་ཀྱི་སྟོང་པ་ཉིད་དེ་མེད་དགག་གི་ངོ་བོ་ཡིན་པ་རྩལ་དུ་བཏོན་པའི་ཆེད་དུ་མིན་ནམ་སྙམ་ཞིང་། དཔེ་ཆའི་ནང་དུ་མཇལ་རྒྱུ་མ་བྱུང་། བོད་སྔ་རབས་པའི་ནང་སྟོང་ཉིད་མ་ཡིན་དགག་ཏུ་འདོད་མཁན་མང་པོ་རེད། སྟོང་ཉིད་མ་ཡིན་དགག་ཏུ་འདོད་པ་ན་དགག་བྱ་བཀག་པའི་ཤུལ་དུ་ཆོས་ཅན་སྒྲུབ་པ་གང་ཡང་འཐོན་རྒྱུ་ཡོད་ན་ཁས་ལེན་ལྟ་བུ་རེད། དེ་ལྟར་རྟེན་འབྲེལ་བསླུ་བ་མེད་པའི་གོ་བ་དེ་དང་། མེད་དགག་གི་ངོ་བོར་གྱུར་པའི་སྟོང་པའི་གོ་བ་གཉིས་པོ་ལྷན་ཅིག་གམ་ཅིག་ཅར་དུ་བློའི་ནང་མ་སླེབས་པ་དང་། སྣང་བ་རྟེན་འབྲེལ་བསླུ་བ་མེད་པར་མཐོང་བའི་བློ་དེས་སྟོང་པ་ཁས་ལེན་བྲལ་བའི་གོ་བ་ངང་གིས་མ་རྙེད་པ། དེ་བཞིན་དུ་སྟོང་པ་ཁས་ལེན་བྲལ་བའི་གོ་བ་རྙེད་པའི་བློ་དེས་སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་རང་ཤུགས་ཀྱིས་དྲངས་མི་ཐུབ་པ། མདོར་ན། མཉམ་བཞག་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུ་དེ་རེད། མཉམ་བཞག་ཏུ་ནམ་མཁའ་ལྟ་བུ་མཐོང་བའི་བློ་དེས་བློ་གཞན་གྱི་རྩོལ་བ་ལ་མ་བརྟེན་པར་མཉམ་བཞག་ལས་ལངས་མ་ཐག་ཏུ་རྗེས་ཐོབ་སྒྱུ་མ་ལྟ་བུའི་བློ་དེ་དྲངས་མི་ཐུབ་པ། དེ་བཞིན་སྒྱུ་མ་ལྟ་བུ་འཛིན་པའི་བློ་དེས་གནས་ལུགས་ལ་དཔྱོད་པ་ན་སྟོང་པ་ཁས་ལེན་བྲལ་བ་རང་ཤུགས་ཀྱིས་འདྲེན་མ་ནུས་པ་དེ་སྲིད་དུ་སངས་རྒྱས་ཀྱི་དགོངས་པ་རྟོགས་པ་མེད།

སངས་རྒྱས་ཀྱིས་ཤེས་རབ་སྙིང་པོའི་མདོའི་ནང་གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན།། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་གསུངས་པ་དེ་བསྡུས་ན། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། སྟོང་པ་ཁས་ལེན་བྲལ་བ་གཉིས་སོ་སོར་མ་སྣང་བར་མཉམ་དུ་སྟོན་པའི་ཆེད་དུ་རེད། གཟུགས་སྟོང་པའོ་ཞེ་ན། གཟུགས་རང་ངོས་ནས་མ་གྲུབ་པ་དེ་གཟུགས་ཀྱི་ཆོས་ཉིད་ཅེས་པའི་དོན་རེད། སྟོང་པ་ཉིད་གཟུགས་སོ་ཞེ་ན། དེ་ལྟ་བུའི་རང་ངོས་ནས་མ་གྲུབ་པའི་གནས་ལུགས་དེས་གཟུགས་ཡོད་ཆོག་པ་དེ་བཟོས་པའི་དོན་རེད། སྔགས་ཀྱི་སྐྱེད་རིམ་སྒོམ་མཁན་ཡིན་ན། རྟག་ཏུ་སྟོང་པའི་ངང་ལས་ཞེས་སྟོང་པ་ཉིད་དུ་མ་གྱུར་བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་གོ་སྐབས་དེ་ཡོང་གི་མེད། གལ་ཏེ་བསྐྱེད་པ་ཡིན་ནའང་ཕྱི་རོལ་པས་ལྷ་སྒོམ་པ་དང་མཚུངས་པར་གྱུར། གང་ལྟར་སྟོང་པ་ཉིད་ཡིན་པའི་རྒྱུ་མཚན་གྱིས་ཐ་སྙད་པའི་གཟུགས་ཡོད་ཐུབ་པ་ཆགས་ཤིང་། གཟུགས་སྟོང་པ་ཉིད་མིན་པར་རང་ངོས་ནས་གྲུབ་པ་ཡིན་ན་གཟུགས་རང་གི་ངོ་བོ་ཡོད་པ་དེ་ཡོང་མི་ཐུབ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞེ་ན། ད་དུང་ནན་ཏན་དུ་བསྣན་ཏེ། ཐ་སྙད་དུ་ཡོད་པའི་གཟུགས་དེ་ལས་གཞན་དུ་གཟུགས་ཀྱི་ཆོས་ཉིད་རང་ངོས་ནས་གྲུབ་པ་བཀག་ཙམ་གྱི་མེད་དགག་དེ་ངོ་བོ་ཐ་དད་དུ་མེད་པའི་དོན་རེད། དེ་གཉིས་ངོ་བོ་ཐ་དད་ཡིན་ན་གཟུགས་རང་ངོས་ནས་གྲུབ་སྲིད་དུ་གྱུར། དེས་ན་བདེན་པ་གཉིས་ངོ་བོ་གཅིག་གི་གནས་སྟངས་འཇོག་དགོས་པར་རིགས་པ་མང་པོ་གཏོང་དགོས་པའི་རྒྱུ་མཚན་དེ་ལྟར་རེད།

བཞི་པ་ལྟ་བ་ལ་དཔྱད་པ་རྫོགས་པའི་ཚད་ནི། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།། རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན།། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།། ཞེས་པའོ།། སློབ་པ་ལམ་གྱི་སྐབས་སུ་བདེན་པ་གཉིས་དུས་གཅིག་ཏུ་མཐོང་བའི་བློ་མེད། གོང་དུ་ཞུས་པ་བཞིན་བློ་གཞན་གྱི་རྩོལ་བའམ་བྱེད་པ་ལ་མ་བརྟེན་པར་བློ་ཡི་འཇུག་པ་གཅིག་གིས་ཐ་སྙད་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་མི་བསླུ་བའི་དོན་མཐོང་བ་ཙམ་གྱིས་བདེན་པར་འཛིན་པའི་བློའི་ངེས་ཤེས་ཀྱི་འཛིན་སྟངས་བརླགས་པར་བྱས་པ་དེའི་ཚེ་ལྟ་བའི་དཔྱད་པ་རྫོགས་པ་རེད། གང་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བའི་མཇུག་ཐོགས་ཉིད་དུ་རང་ངོས་ནས་གྲུབ་པ་མིན་པ་བྱུང་བ་དེ་རེད། རང་གི་ངོ་བོས་མ་གྲུབ་པའི་རྒྱུ་མཚན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོར་ཡོད་པ་དང་། གདགས་གཞི་དང་འདོགས་བྱེད་ཕན་ཚུན་ལྟོས་པ་དང་འཕྲད་པ་དང་བརྟེན་པ་ལ་བརྟེན་ནས་ཐ་སྙད་དུ་འདོགས་ཙམ་ཡོད། དེ་ལྟ་བུའི་འདོགས་པ་དེ་གང་དུ་ཡོད་པ་རིགས་ཤེས་ཀྱིས་དཔྱད་ན་རྙེད་མི་དགོས། དེར་བརྟེན་ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་པ་དང་། དོན་དམ་དུ་མེད་པའི་མེད་གོ་མི་ཆོད་པའི་གོ་དོན་དེ་ཡིན་ས་རེད།

དེ་རིང་བཤད་ཁྲིད་སོང་བ་རྣམས་མདོར་བསྡུ་ན། སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་བལྟས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་དང་། དེ་ནས་གནས་ལུགས་རྟོགས་པའི་ཤེས་རབ་མེད་ན་ངེས་འབྱུང་དང་བྱང་སེམས་ཀྱིས་སྲིད་པའི་རྩ་བ་གཅོད་པར་མི་ནུས་པར་བརྟེན་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད་དགོས་པ། དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་འབྲས་བསླུ་བ་མེད་པ་དང་། དེ་དང་ཆབས་ཅིག་ཏུ་ངར་འཛིན་གྱི་དམིགས་པའི་གཏད་སོ་རྩ་མེད་དུ་རིགས་ལམ་ནས་འགོག་ཐུབ་ན་སངས་རྒྱས་དགྱེས་པའི་ལམ་མམ་ལྟ་བ་རྙེད་པ། སྣང་བའི་ཆ་རྟེན་འབྲེལ་བསླུ་བ་མེད་པ་དང་། སྟོང་པའི་ཆ་དགག་བྱ་བཀག་ཙམ་གྱིས་མེད་དགག་གི་གོ་བ་གཉིས་པོ་ཀ་བུམ་ལྟ་བུ་ཐ་དད་དུ་སྣང་བ་དེ་སྲིད་དུ་སངས་རྒྱས་ཀྱི་དགོངས་པ་རྟོགས་མེད་པ། དེ་གཉིས་ནམ་ཞིག་རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས་བདེན་འཛིན་གྱི་ཡུལ་འཇིག་ཐུབ་པ་དང་། བདེན་འཛིན་གྱི་ཡུལ་འཇིག་པ་ཙམ་གྱིས་རྟེན་འབྲེལ་མི་བསླུ་མཐོང་ཐུབ་པ་བྱུང་ན་ལྟ་བའི་དཔྱད་པ་རྫོགས་པ་ཡིན།

མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གྲོལ།

 

ཉིན་ལྔ་པ།

༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༦

༄༅།། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལས། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།། དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས།། ཞེས་གསུངས་པ་བཞིན་འཁོར་བ་དང་མྱང་འདས་ཀྱིས་བསྡུས་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་རང་གི་ངོ་བོས་གྲུབ་པའམ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་ཆབས་ཅིག་རྒྱུ་དང་འབྲས་བུའི་རྟེན་འབྱུང་བསླུ་བ་མེད་པ་མི་འཆོལ་བ་ཇི་ལྟ་བ་བཞིན་དུ་བྱུང་བ་གཉིས་འགལ་བ་འགྲོ་བའི་ཚབ་ཏུ་གཅིག་གྲོགས་ཏུ་གཅིག་འགྲོ་བའི་དོན་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཡང་དག་པའི་དགོངས་པ་དེ་ཡིན་པ་རེད། དེ་ནི་སངས་རྒྱས་ཀྱིས་ཡུམ་གྱི་མདོའི་ནང་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཇི་ལྟར་བསྟན་པ་བཞིན་དགོངས་པ་འགྲེལ་བར་ལུང་བསྟན་པ་དེ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་རེད། དེས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཡོད་པ་རྣམས་ཀྱིས་ལྟ་བའི་གནད་དེ་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་རྟོགས་དགོས་པ་ནི་མེད་དུ་མི་རུང་བ་རེད། དབུ་མ་འཇུག་པ་ལས། སློབ་དཔོན་སྒྲུབ་ཞབས་ཀྱི་ལམ་ལས་ནི།། ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ།། དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས།། དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན།། ཞེས་གསུངས་པ་བཞིན་ཤིང་རྟ་ཆེན་པོ་གཞན་གྱིས་བཀྲལ་བའི་ལམ་སྲོལ་དེ་ཚོས་ཞི་བའི་སྒོ་གཉིས་པ་མེད་པ་དེ་མི་བསྟན་ཞིང་། དཔེར་ན། སྦས་དོན་མངོན་རྟོགས་ཀྱི་རིམ་པའི་ཤིང་རྟའི་སྲོལ་འབྱེད་མཁན་འཕགས་པ་ཐོགས་མེད་རང་ཉིད་དབུ་མ་ཐལ་འགྱུར་བ་ཡིན་པ་ཁས་ལེན་ཞིང་། དེ་ཡང་རྒྱུད་བླ་མའི་འགྲེལ་པ་ཐལ་འགྱུར་བཞིན་བཀྲལ་ཡོད་ཀྱང་། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་བརྟེན། ཁོང་གི་གཞུང་མང་པོའི་ནང་རྣམ་རིག་ཙམ་གྱི་གྲུབ་མཐའ་བསྟན་པ་དེ་ཐར་པ་སྒྲུབ་པའི་ལམ་གྱི་རིམ་པ་ལ་འགྲོ་ཐུབ་བམ་ཞེ་ན། དེ་ནི་འཁོར་བའི་རྩ་བ་ལ་མི་གནོད་པར་བརྟེན་འགྲོ་མི་ཐུབ། དེས་ན་ཐར་པ་སྒྲུབ་པའི་ལམ་གྱི་རིམ་པ་ལ་འཇུག་པ་ལ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་དོན་རྟོགས་དགོས། རྟོགས་པ་ལ་གཞུང་ལ་ཐོས་བསམ་བྱེད་དགོས།

བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བཟུང་དབུ་མའི་ལྟ་བ་འཛིན་མཁན་མ་གཏོགས། གྲུབ་མཐའ་གཞན་འཛིན་མཁན་བྱུང་མེད། དེས་ན་བོད་ཀྱི་གྲུབ་མཐའ་སྨྲ་བ་ཡོངས་རྫོགས་སོ་སོས་དབུ་མ་པར་ཁས་འཆེས་པ་རེད། གུང་ཐང་བསྟན་པའི་སྒྲོན་མེས། འཕགས་ཡུལ་མཁས་རྣམས་གཟུར་གནས་པས།། རང་བློའི་སྟོབས་བཞིན་གྲུབ་མཐའ་འཛིན།། འདི་ན་ཐམས་ཅད་དབུ་མའི་གྲལ།། བསྙེགས་ཀྱང་བློ་ཡིས་མ་ལྕོགས་པས།། ཞེས་ཟུར་ཟ་མཛད་ཅིང་། རྒྱ་གར་གྱི་མཁས་པ་རྣམས་ཐུགས་དྲང་པོ་ཡིན་ཙང་སོ་སོའི་བློ་ལ་འཐད་པའི་གྲུབ་མཐའ་འཛིན་པ་དང་། བོད་པའི་མཁས་པ་རྣམས་དབུ་མའི་ལམ་ལ་བསྙེགས་ཀྱང་བློ་ཡིས་མ་ལྕོགས་པར་བརྟེན་དབུ་མའི་ལམ་ཇི་ལྟ་བ་བཞིན་བཀྲལ་ཐུབ་མཁན་དཀོན་ཞེས་གསུངས། བོད་དུ་ཐོག་མ་སངས་རྒྱས་ཀྱི་བསྟན་པ་འཛུགས་མཁན་སློབ་དཔོན་བཀའ་དྲིན་ཅན་མཁན་ཆེན་ཞི་བ་འཚོ་དབུ་མ་རང་རྒྱུད་པའི་ལྟ་བ་འཛིན་མཁན་ཞིག་ཡིན་རུང་། བོད་དུ་རང་རྒྱུད་པའི་ལྟ་བ་དར་སོ་ཆེ་བ་མ་བྱུང་བར་དབུ་མ་ཐལ་འགྱུར་བ་ལ་བསྙེགས་ཀྱང་། དེའི་ལྟ་བའི་གནད་གསང་ཇི་བཞིན་བཀྲལ་མཁན་མང་པོ་བྱུང་མེད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེ་བདག་ཉིད་ཆེན་པོ་ལ་དབུ་མའི་སྐོར་དྭོགས་འདྲི་རྣམས་རྗེ་བཙུན་རེད་མདའ་བ་ལ་ཞུ་དགོས། འོན་ཀྱང་རྗེ་བཙུན་རེད་མདའ་བས་དྭོགས་པ་ཐམས་ཅད་བསལ་མི་ཐུབ་པས། ཁྱེད་ཀྱིས་གཞུང་ཆེན་མོ་ལ་ལྟ་རྟོག་དང་། ཚོགས་བསག་སྒྲིབ་སྦྱང་། བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ་ནས་སློབ་གཉེར་གནང་ན་རིམ་པས་དྭོགས་པ་ཆོད་ཡོང་ཞེས་གསུངས། དེས་ན་རྗེ་ཡབ་སྲས་ཀྱི་གསུང་ནང་གཞི་གཅིག་གི་སྟེང་དུ་སྟོང་པ་རྟེན་འབྱུང་གཅིག་གྲོགས་གཅིག་ཏུ་འགྲོ་བའི་ཚུལ་དེ་གསལ་པོ་དང་མཐའ་ཆོད་པ་ཞིག་བྱུང་། གལ་ཏེ་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་དོན་རྟོགས་དགོས་ན་ང་ཚོ་ལ་ལས་སླ་ཤོས་ནི་འཇམ་མགོན་རྒྱལ་བ་གཉིས་པ་ཡབ་སྲས་ཀྱི་གསུང་ལ་སློབ་གཉེར་བྱེད་དགོས་ཤིང་། ལྷག་པར་དུ་རྗེ་བདག་ཉིད་ཆེན་པོའི་རྩ་ཤེས་ཊིཀ་ཆེན་དང་། འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ལམ་རིམ་ཆེ་ཆུང་། དྲང་ངེེས་ལེགས་བཤད་སྙིང་པོ་བཅས་བླ་ན་མེད་པའི་ལེགས་བཤད་ཆེན་པོ་དེ་དག་ལ་ཐོས་བསམ་གནང་དགོས། དྲང་ངེས་ལེགས་བཤད་སྙིང་པོ་ལས། གཞུང་ལུགས་མང་ཐོས་རིགས་པའི་ལམ་དུ་ཡང་།། ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི།། ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང་།། འབད་ཀྱང་རྟོགས་པར་མ་གྱུར་གནད་དེ་ནི།། འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས།། ཤིན་ཏུ་བརྩེ་བའི་བསམ་པས་བདག་གིས་བཤད།། ཅེས་རྗེ་བདག་ཉིད་ཆེན་པོ་མ་བྱོན་པའི་སྔོན་དུ་གཞུང་ལུགས་མང་དུ་ཐོས་པ་དང། རིགས་པའི་ལམ་ལ་ངལ་བ་ཆེན་པོ་བསྟེན་མཁན། རྟོགས་པའི་ཡོན་ཏན་མཐོ་པོར་གཤེགས་པ་དེ་ཚོས་འབད་པ་ཇི་ཙམ་གནང་ཡང་ཞིབ་ཚགས་པོ་མ་རྟོགས་པའི་གནད་དེ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དྲིན་ལས་རྟོགས་པ་དེ་ཤིན་ཏུ་བརྩེ་བའི་སྒོ་ནས་བཤད་ཀྱི་ཡིན་ཞེས་གསལ་པོ་གསུངས། ང་ཚོ་ཧ་ཅང་སྐལ་བ་བཟང་པོ་ཡིན་ཞིང་། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་དོན་རྟོགས་ཆོག་ཡོད། རང་གི་རྣམ་དཔྱོད་ཀྱིས་ལྕོགས་ན་གཞུང་དང་འགྲེལ་པའི་ཐོག་ནས་རྔོ་མི་ཐོགས་པ་རེད། དེས་ན་གཏན་གྱི་འདུན་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་འབད་བརྩོན་བྱེད་ན་མཐུན་རྐྱེན་འཛོམས་ཡོད་ཅིང་། རྗེས་སུ་མི་འགྱོད་པ་གནང་དགོས་པ་གལ་ཆེ། དེར་བརྟེན་ཐོག་མ་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་ཡང་དག་པ་གསལ་བཏབ་ནས། ཉུང་མཐར་ཡང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་འཐོབ་པར་བྱ། དེ་འཐོབ་པའི་ཆེད་དུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་ཐོས་བསམ་བྱས་ནས་སྟོང་དང་རྟེན་འབྱུང་གཅིག་གྲོགས་གཅིག་ཏུ་འགྲོ་བའི་ཚུལ་རྣམས་རྟོགས་པ་དང་། དེའི་ཆེད་འཇམ་མགོན་རྒྱལ་བ་གཉིས་པའི་གསུང་གི་གསང་བ་ཟབ་མོ་ལམ་གྱི་གཙོ་བོ་རྣམ་གསུམ་རྩ་ཚིག་གི་ཐོག་ནས་བཤད་ཁྲིད་གསན་གྱི་ཡིན་སྙམ་དགོས།

ལྔ་པ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་བསྟན་པ་ནི། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།། སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད།། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན།། མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ།། ཞེས་པའོ།། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་གང་ཡོད་ཅེ་ན། ཐ་སྙད་ཀྱི་ཡུལ་ཡོད་པའམ་སྣང་བ་དེས་ཡོད་པའི་མཐའ་འམ་རང་ངོས་ནས་གྲུབ་པའི་རྟག་པའི་མཐའ་དེ་བསལ་ཐུབ་པ་དང་། རང་ངོས་ནས་གྲུབ་པ་བཀག་པའི་སྟོང་པའི་ཆ་དེས་མེད་པའི་མཐའ་འམ་ཆད་པའི་མཐའ་དེ་བསལ་བ། དེ་བཞིན་སྟོང་པ་ཉིད་རྒྱུ་འབྲས་ཀྱི་ངོ་བོར་འཆར་བའི་ཚུལ་ལམ་གནད་དེ་ཤེས་ན་མཐར་འཛིན་ལྟ་བས་ཡང་དག་པའི་ལྟ་བ་འཕྲོག་པ་མི་འགྱུར་ཞེས་གསུངས།

སྟོང་པས་ཡོད་མཐའ་སེལ་བ་དང་། སྣང་བས་མེད་མཐའ་སེལ་བ་ཞེས་པ་ནི་རང་རྒྱུད་པ་མན་གྱི་གྲུབ་མཐའ་སྨྲ་བ་ཡོངས་རྫོགས་ཀྱི་སྤྱི་སྐད་རེད། ཡོད་པའི་མཐའ་དེ་གང་རེད་ཅེ་ན། རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་རེད། དཔེར་ན། རང་རྒྱུད་པ་ལྟ་བུ་ཡིན་ན་ཡོད་པའི་མཐའ་ནི་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་རེད། དེའི་ཐོག་ལ་རང་རྒྱུད་པའི་མཁས་པ་མང་པོས་དཔྱད་པ་མང་པོ་གནང་ཡོད་ཀྱང་། འཛིན་པ་ལྷན་སྐྱེས་ཀྱི་འཛིན་སྟངས་བཤད་ཁག་པོ་ཡོད། འཛིན་པ་ལྷན་སྐྱེས་ཀྱི་འཛིན་སྟངས་ནང་སླེབས་ཁག་པོ་ཡོད་ན། འཁོར་བའི་རྩ་བར་གྱུར་པའི་མ་རིག་པའི་འཛིན་སྟངས་དང་མཉམ་དུ་འགྲོ་མི་ཐུབ། ངར་འཛིན་དེ་ཐམས་ཅད་ལ་ལྷན་སྐྱེས་སུ་ཡོད་དགོས། རང་རྒྱུད་པས་བདེན་པར་གྲུབ་པ་མེད་པ་དེས་རྟག་པའི་མཐའ་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཡོད་པ་འཛིན་པ་དེ་སེལ་བ་དང་། ཐ་སྙད་དུ་རྒྱུ་རྐྱེན་རྟེན་འབྲེལ་འཐད་པ་ཡོད་པའི་སྣང་བའི་ཆ་དེས་ཆོས་རྣམས་ཐ་སྙད་དུའང་མེད་པར་འཛིན་པའི་མེད་མཐའ་དེ་སེལ་བར་འདོད། སེམས་ཙམ་པ་དང་དངོས་སྨྲ་བའང་དེ་མཚུངས་རེད། ཕྱི་རོལ་པས་ཀྱང་ཡོད་མེད་ཀྱི་མཐའ་ཞིག་འདོད་ན་དགག་བྱ་བཀག་པའི་སྟོང་ཆ་དེས་ཡོད་མཐའ་སེལ་བ་དང་། བཀག་ཤུལ་དུ་ཐ་སྙད་འཇོག་པའི་ཡོད་ཚུལ་དེས་མེད་མཐའ་སེལ་བ་རེད། དེས་ན་སྟོང་པས་མེད་མཐའ་སེལ་བ་དང་། སྣང་བས་ཡོད་མཐའ་སེལ་བ་ནི་ཐལ་འགྱུར་བ་ལ་མ་གཏོགས་མེད།

ཐལ་འགྱུར་བས་སྣང་བས་ཡོད་མཐའ་སེལ་བ་དང་སྟོང་པས་མེད་མཐའ་སེལ་ཞེས་བརྗོད་དགོས་པ་ནི་སྣང་བའི་རྒྱུ་མཚན་གྱིས་རང་བཞིན་གྱིས་མ་གྲུབ་པ་རེད། གལ་ཏེ་རང་བཞིན་གྱིས་གྲུབ་ན་ད་ལྟ་ང་ཚོར་སྣང་བ་བཞིན་རྟེན་འབྲེལ་འཐད་པ་དེ་འཇོག་མི་ཐུབ། བྱ་བྱེད་རྟེན་འབྲེལ་གྱི་རྣམ་གཞག་ཡོངས་སུ་རྫོགས་པ་རང་ངོས་ནས་མ་གྲུབ་པའི་རྒྱུ་མཚན་གྱིས་ཡོད་པ་ཆགས་པ་རེད། སྟོང་པའི་རྒྱུ་མཚན་གྱིས་ཐ་སྙད་དུ་ཡོད་པ་འཇོག་ཐུབ་ཅིང་། རྩ་བ་ཤེས་རབ་ལས། གང་ལ་སྟོང་པ་ཉིད་རུང་བ།། དེ་ལ་ཐམས་ཅད་རུང་བར་འགྱུར།། ཞེས་གསུངས། ཐ་སྙད་དུ་ཡོད་པའི་སྣང་ཚུལ་དེའང་མ་བརྟག་མ་དཔྱད་པའི་སྐབས་སུ་ཕན་ཚུན་ལྟོས་པ་དང་འཕྲད་པ་བློས་བཏགས་པ་བཅས་འཛོམས་པ་ན་བྱུང་། དེ་འཛོམས་པའི་ཐ་སྙད་ཀྱི་གནས་སྟངས་དེས་རང་གི་ངོ་བོས་གྲུབ་པ་མེད་པ་དེ་བསྟན་པ་རེད། སྟོང་ཉིད་རྒྱུ་དང་འབྲས་བུར་འཆར་ཞེ་ན། སྟོང་ཉིད་འདུས་བྱས་སུ་འདོད་གསུངས་ཀྱི་མེད། སྟོང་པ་ཉིད་ཀྱི་རྒྱུ་མཚན་ལ་བརྟེན་ནས་རྒྱུ་འབྲས་རྟེན་འབྱུང་མི་བསླུ་བ་རྟོགས་ཐུབ་པ་དང་ཤེས་ཐུབ་པ་བྱུང་།

གཞུང་རྣམས་ལ་ཐོས་བསམ་བྱས་པའི་དགོས་པ་ནི་རང་རྒྱུད་ལ་སྦྱར་ནས་སོ་སོའི་བསམ་བློའི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དང་། བློ་ཆོས་སུ་འགྲོ་བ་བྱེད་རྒྱུ་དེ་རེད། དེ་མིན་དེང་རབས་འཛིན་གྲྭའི་ནང་ཤེས་ཡོན་སློབ་སྟངས་བྱས་ན་ཤེས་བྱའི་རྣམ་གྲངས་ལ་མཐའ་རྒྱ་གཅོད་པ་དང་རྒྱུགས་སྤྲོད་གཏོང་རྒྱུ་ཙམ་མ་གཏོགས་མེད། ཁྲིད་འདི་དག་ཉམས་ལེན་ལ་སྦྱར་དགོས་པར་བརྟེན། ཉམས་སུ་ལེན་ཚུལ་གྱི་རྣམ་གཞག་ཤེས་དགོས་པ་གལ་ཆེན་པོ་རེད། གལ་ཏེ་དམིགས་རྣམ་སྐྱོང་མཁན་ཡིན་ན་སྦྱོར་ཆོས་ལ་སྣང་ཆུང་གནང་རྒྱུ་མེད། དེ་ཡང་སྦྱོར་བའི་ཆོས་དྲུག་གི་ཡན་ལག་ཚང་བ་དང་། དེའི་ནང་ནས་ཚོགས་བསག་སྒྲིབ་སྦྱང་དང་། བརྒྱུད་པའི་བླ་མ་དང་ཡི་དམ་གྱི་ལྷ་ལ་གསོལ་བ་འདེབས་པ་རྣམས་གལ་ཆེ། སོ་སོ་སྐྱེ་བོ་ལས་དང་པོ་བས་ཚོགས་བསག་སྒྲིབ་སྦྱང་གང་ཡང་མ་བྱས་པར་ལམ་སེང་ཉམས་རྟོགས་སྐྱེ་རྒྱུ་ཁག་པོ་རེད། གདན་ས་ཁག་གི་ནང་དུའང་དཔེ་ཆ་ཀློག་རྒྱུ་དང་ཆོས་རྭ་འགྲིམ་རྒྱུ་གཅིག་པུ་མིན་པར། ཆོས་རྭའི་ནང་དུའང་ཞལ་འདོན་གནང་རྒྱུ་སོགས་ཚོགས་བསག་སྒྲིབ་སྦྱང་གི་ཆ་ཤས་དེ་ངེས་པར་དུ་ཚང་དགོས་ཀྱི་ཡོད། བླ་མ་བརྒྱུད་པ་ལྟ་བུ་ཡིན་ན་ཚོགས་བསག་སྒྲིབ་སྦྱང་གི་རིམ་པ་དེ་མང་ཆེ་བ་རེད། དེ་ཡང་ཞོགས་པ་སྔ་པོ་ནས་དགོངས་དྲོ་ཕྱིས་པོ་བར་དུ་ཚོགས་དང་འདོན་པ་རྣམས་ཀྱི་དོན་ཡིད་ལ་དྲན་ནས་གནང་ན་བསག་སྦྱང་གི་གནད་ཐམས་ཅད་ཚང་བ་རེད། དེས་ན་ཡན་ལག་བདུན་པ་དང་གསོལ་བ་བཏབ་པ་དེ་ཧ་ཅང་གལ་ཆེན་པོ་རེད། རྗེ་རིན་པོ་ཆེས། འཛིན་ན་ཚིག་མི་ཟིན། བསམ་ན་དོན་མི་གོ  བསྒོམ་ན་རྒྱུད་ལ་མི་སྐྱེ་བའི་སྐབས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ཞེས་ནན་པོས་གསུངས་ཡོད། དེ་ཡང་བློ་ལ་ཟིན་ནའང་ཟིན་མི་ཐུབ་པ་དང་། བསམ་བློ་བཏང་ནའང་གོ་བ་མི་ལོན་པ། བསྒོམ་ནའང་རྒྱུད་ལ་མི་སྐྱེ་བ་ན་ཞིང་གི་མཐུ་ལ་བརྟེན་ནས་ཚོགས་བསག་སྒྲིབ་སྦྱང་བྱེད་དགོས་ཤིང་། ཚོགས་ཞིང་གསལ་བཏབ་ནས་དེའི་མདུན་དུ་ཡན་ལག་བདུན་པ་སོགས་ཕུལ་ནས་ཚོགས་བསག་སྒྲིབ་སྦྱང་བྱས་ན་ལོ་བརྒྱར་མི་སྐྱེ་སྙམ་པའང་འདུས་བྱས་སོ་ན་མི་གནས་པས་ངེས་པར་དུ་སྐྱེ་བ་རེད། ང་ཚོས་སྦྱོར་ཆོས་ལ་གལ་ཆུང་དུ་བརྩི་བ་རེད། གལ་ཏེ་སྦྱོར་ཆོས་ཡག་པོ་མ་བྱུང་ན་དངོས་གཞི་ཡག་པོ་ཡོང་རྒྱུ་མེད་པ་ནི་ཟུར་བལྟས་ལེབ་མཐོང་རེད།

ངེས་འབྱུང་དང་བྱང་སེམས་སྒོམ་པའི་སྐབས་སུ་ཚོགས་ཞིང་ལ་དངོས་བརྒྱུད་ཀྱི་བླ་མ་རྣམས་སྒོམ་པ་དང་། ལྷག་པར་དུ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་སྒོམ་པའི་སྐབས་སུ་རང་གི་དྲིན་ཅན་བླ་མ་རྣམ་པ་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དམ་ཕྱག་བཞི་པ། ཡང་ན་ཞལ་གཅིག་ཕྱག་གཉིས་པ་ལ་མོས་ནས་བདུད་རྩི་འབེབས་སྦྱང་སོགས་གནང་ན་བྱང་སེམས་དང་སྙིང་རྗེ་སྐྱེ་སླ་བ་དང་། དེ་བཞིན་ལྟ་བ་སྒོམ་པའི་སྐབས་སུ་རང་གི་མདུན་དུ་གསལ་བཏབ་པའི་ཚོགས་ཞིང་གི་གཙོ་བོ་དེ་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཅིག་ཕྱག་གཉིས་སོགས་ནས་བདུད་རྩི་འབེབས་སྦྱང་གནང་ན་ལྟ་བ་རྒྱུད་ལ་སྐྱེ་བ་ལ་ཕན་ཐོགས་ཆེ། ལྟ་བ་སྒོམ་པ་ལ་ཐོག་མར་དགག་བྱ་ངོས་འཛིན་དེ་རེད། དེ་ཡག་པོ་མ་བྱུང་ན་མཐར་འཛིན་གྱི་ལྟ་བའི་ནང་འགྲོ་ཉེན་ཡོད་ཅིང་། དགག་བྱ་ཕྲན་བུ་ཁྱབ་ཆེས་ན་ཆད་མཐའ་དང་། དགག་བྱ་ཕྲན་བུ་ཁྱབ་ཆུང་ན་རྟག་མཐའ་ལ་ལྷུང་བ་རེད། དེས་ན་དགག་བྱ་ངོས་འཛིན་ཞེས་པ་དེ་གལ་ཆུང་དུ་མ་བརྩིས་ནས་དེ་གསལ་པ་མ་བྱུང་བར་ལོ་ཟླ་སྦྲེལ་ནས་བསྒོམ་དགོས་ནའང་བསྒོམ་དགོས། དེ་ལ་དུས་ཚོད་བཏང་ནའང་བཏང་རིན་ཆོག་པ་རེད། དགག་བྱ་ངོས་མ་ཟིན་ན་འབེན་མེད་པར་མདའ་འཕེན་པ་ལྟ་བུ་རེད། དེས་ན་ཐོག་མ་འབེན་དེ་གསལ་པོ་མཐོང་དགོས་པ་ནི་མེད་དུ་མི་རུང་བ་རེད། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར།། དེ་ཡི་དངོས་མེད་འཛིན་མ་ཡིན།། ཞེས་པ་ནི་འཆར་ཅན་ལུང་འདྲེན་བྱེད་རྒྱུ་ཞིག་རེད། དགག་བྱ་ངོས་འཛིན་པ་ན་ཕྱིའི་མི་གཞན་ཞིག་གི་བློའི་སྣང་ངོ་ལ་དགག་བྱ་ཇི་འདྲ་སྣང་བ་དེ་འཛིན་རྒྱུ་མ་རེད། རང་གི་བློའི་སྣང་ངོ་ལ་རང་རྒྱུད་ཀྱི་བདག་འཛིན་གྱི་འཛིན་སྟངས་ཇི་ལྟར་ཡོད་མིན་བལྟ་རྒྱུར་བརྟེན། སོ་སོའི་བསམ་བློ་ལ་སོ་སོས་རྟོག་དཔྱོད་བྱེད་རྒྱུ་དེ་ལས་སླ་པོ་ཞིག་མ་རེད། དེ་ནི་གཞན་མང་པོ་ཞིག་དང་འདྲེས་འགྲོ་བ་རེད། དགག་བྱ་ངོས་འཛིན་པའི་སྐབས་སུ་སོ་སོའི་བསམ་བློའི་ནང་ཆ་ཤས་ཁ་ཤས་ཕྱེ་ནས་བསམ་བློའི་གཞི་དེ་རྒྱུན་ལྡན་གྱི་འཛིན་པ་ལྷན་སྐྱེས་ཐོག་བཞག་ནས་དེ་ལ་དྲན་པ་དང་ཤེས་བཞིན་གྱི་ངོ་བོར་གྱུར་པའི་བློའི་ཟུར་ཆ་གཅིག་གིས་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་འཛིན་སྟངས་ཇི་ལྟར་ཡིན་པ་དང་། ཇི་ལྟར་འཛིན་པ་སོགས་བལྟ་རྒྱུ་རེད།

དེ་ཡང་གཞུང་ལུགས་རྣམས་སུ་ལྟ་བ་རྟོགས་པའི་གང་ཟག་དང་། ལྟ་བ་མ་རྟོགས་པའི་གང་ཟག ཆོས་ཉིད་མངོན་སུམ་མཐོང་བའི་གང་ཟག་དེ་དག་གིས་ཡུལ་ལ་ལྟ་ཚུལ་དང་འཛིན་ཚུལ་མི་འདྲ་བ་གསུམ་སྒྱུ་མ་མཁན་གྱིས་རྡེའུ་ཤིང་རྟ་གླང་དུ་སྤྲུལ་པའི་སྐབས་སུ་སྔགས་རྫས་ཀྱིས་མིག་བསླད་པ་དང་། སྔགས་རྫས་ཀྱིས་མིག་མ་བསླད་པ། སྒྱུ་མ་མཁན་རང་ཉིད་བཅས་ཀྱིས་མཐོང་ཚུལ་དཔེ་ལ་བཞག་ནས་སྣང་བ་ཡོད་ལ་ཞེན་པ་མེད་པ་དང་། སྣང་བ་དང་ཞེན་པ་གཉིས་ཀ་ཡོད་པ། སྣང་བ་དང་ཞེན་པ་གཉིས་ཀ་མེད་པ་གསུམ་དུ་ཕྱེ་བ་རེད། ང་ཚོའི་བློ་ཡུལ་ལ་འཇུག་པའི་སྐབས་སུ་ལྟ་བ་ལ་གོ་བ་མ་ཆགས་པའི་སོ་སྐྱེ་རང་དགའ་བ་ཞིག་ཡིན་པའི་དབང་དུ་བཏང་ན། བདེན་སྣང་དང་བདེན་ཞེན་གཉིས་མཉམ་དུ་ཡོད་པ་དེ་བཤད་མི་དགོས།

སྒོམ་པའི་རིམ་པའི་དབང་དུ་བྱས་ན། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ལ་ངེས་ཅན་གྱི་རིམ་པ་མེད་ཀྱང་། མང་ཆེ་བ་གང་ཟག་གི་བདག་མེད་སྔོན་དུ་བསྒོམས་ནས་གོ་བ་ཡག་པོ་ཆགས་ན་ཆོས་ཀྱི་བདག་མེད་བསྒོམ་རྒྱུ་རེད། ལྷག་པར་དུ་དགག་བྱ་ངོས་འཛིན་སྐབས་སུ་གང་ཟག་ལ་དམིགས་པའི་ངར་འཛིན་གྱི་དམིགས་ཡུལ་ངོས་བཟུང་བ་དང་། ཆོས་ལ་དམིགས་པའི་ངར་འཛིན་གྱི་དམིགས་ཡུལ་ངོས་བཟུང་བ་གཉིས་ལས་གང་ཟག་ལས་དང་པོ་བ་ལ་སྔ་མ་ཕྲན་བུ་སྟབས་བདེ་བ་ཡིན་ས་རེད། དེར་བརྟེན་ལམ་རིམ་ཕལ་ཆེ་བའི་ནང་གང་ཟག་གི་བདག་མེད་སྔོན་ལ་བསྒོམ་རྒྱུ་གསུངས་ཡོད། གལ་ཏེ་བྱང་སེམས་དབང་རྣོན་ཡིན་ན་གནས་ཚུལ་ཐ་དད་རེད།

རང་རྒྱུད་ཀྱི་ངར་འཛིན་ལྷན་སྐྱེས་ལ་ཐ་སྙད་པའི་ང་དང་དགག་བྱའི་ང་གཉིས་ཀ་འདྲེས་ནས་སྣང་ཞིང་། ཐ་སྙད་པའི་ངའི་སྣང་ཚུལ་འདི་རེད། དགག་བྱའི་ངའི་སྣང་ཚུལ་འདི་རེད་ཅེས་ཐ་དད་དུ་ཕྱེ་མི་ཐུབ། ལར་ནས་སྣང་བ་དེ་རིགས་པའི་དགག་བྱ་མ་རེད། ངར་འཛིན་ལྷན་སྐྱེས་ཀྱིས་འཛིན་པའི་སྐབས་སུ་རྨི་ལམ་ཚུན་ཆད་དུ་རང་ངོས་ནས་གྲུབ་པའམ་རང་རྐྱ་བ་ཡོད་པ་ཞིག་ཏུ་འཛིན། དེ་ཡང་བཞི་བརྒྱ་པའི་འགྲེལ་པའི་ལུང་ཞིག་རྗེ་བདག་ཉིད་ཆེན་པོས་བསྟན་བཅོས་མང་ཆེ་བའི་ནང་དྲངས་པ་ནི། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོའི་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ།། ཞེས་གསུངས་པ་ལྟར་བདེན་པར་འཛིན་ཚུལ་དེ་ལས་སླ་པོས་བཤད་ན། གདགས་གཞི་དང་འདོགས་བྱེད་ཀྱི་མིང་དང་རྟོག་པ་རྒྱུ་དང་རྐྱེན་གང་ལའང་རག་མ་ལས་པའི་ང་རྡོག་རྡོག་ཧྲང་ཧྲང་ཞིག་ཡོད་པ་སྣང་བ་མ་ཟད་ཞེན་གྱི་ཡོད། རག་ལས་པ་ནི་རྟེན་འབྱུང་གི་རྣམ་གཞག་རེད། དེར་བརྟེན་རག་མ་ལས་པའམ་མ་ལྟོས་པ་དེ་རྟེན་འབྱུང་གི་ལྡོག་ཕྱོགས་ཀྱི་འཛིན་སྟངས་རེད། གལ་ཏེ་རྟེན་འབྲེལ་ལ་གོ་བ་ཕྲན་བུ་ཡོད་ན་དགག་བྱ་ངོས་འཛིན་པའི་སྐབས་སུའང་ཕན་ཐོགས་ཡོད། སྤྱིར་མཚན་ཉིད་པས་བདེན་པར་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ། སྡོད་ལུགས་སུ་གྲུབ་པ། ཚུགས་ཐུབ་ཏུ་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་ཚིག་བེད་སྤྱོད་མང་པོ་བཏང་ནའང་། དེའི་དོན་སྤྱིའམ་སྒྲ་སྤྱི་ང་ཚོའི་བསམ་པའི་ནང་ཡག་པོ་ཤར་མིན་དང་། ཤར་བ་བཞིན་བློའི་འགྱེར་བག་དེ་ངོས་བཟུང་ཐུབ་མིན་གཟིགས་ན་ཧ་ཅང་ཁག་པོ་རེད། མཚན་ཉིད་པ་དཔྱད་སྒོམ་མང་པོ་མི་གནང་མཁན་རིགས་ཡིན་ན། ཞལ་ནས་ཆ་ཚང་གསུང་རྒྱུ་ཡོད་པ་ལ་ཐུགས་ལ་མི་འཆར་བ་ཡོང་སྲིད། རྟགས་བསལ་གཏོང་མཁན་ལ་ལན་འདེབས་སྐབས་སུ་ཆ་ཚང་མ་འདྲེས་པར་གསུང་རྒྱུ་ཡོད་ནའང་བློ་ཁ་ནང་དུ་ཕྱོགས་ནས་དཔྱད་པ་ན་དོན་གང་ཡང་མི་འཆར་བ་ཡོད་གི་ཡོད།

༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེས་གང་ཉིད་ཀྱི་ཡོངས་འཛིན་ཉག་རེའི་རྒན་ལོ་ཡག་གིས་དགེ་བཤེས་གཏོང་རྒྱུའི་ལོ་ཤས་སྔོན་ཙམ་དུ་གཞི་ནས་འཇང་དགུན་ཆོས་སུ་བུམ་པའི་ལྡོག་པ་རྟག་པ་ཡིན་པའི་གོ་བ་རྙེད་སོང་ཞེས་གསུངས་ཚུལ་གསུང་གི་ཡོད། ནམ་རྒྱུན་ང་ཚོས་ཆོས་གྲྭའི་ནང་བུམ་པའི་ལྡོག་པ་རྟག་པ་ཡིན། བུམ་པ་དངོས་པོ་ཡིན། བུམ་པའི་ལྡོག་པ་ཞོག་ཟེར་ན་བུམ་པ་ཆོས་ཅན་ཞེས་པ་དེ་བསྡུས་གྲྭ་ལྟ་མཁན་ཞིག་གིས་ཀྱང་བརྗོད་ཤེས་ཀྱང་། བུམ་པ་དངོས་པོ་ཡིན་པ་དང་། བུམ་པའི་ལྡོག་པ་རྟག་པ་ཡིན་པ་དེ་བསམ་བློའི་ནང་གོ་བ་ཆགས་རྒྱུ་དེ་ཁག་པོ་ཡོད། དེར་བརྟེན་ང་ཚོས་བདེན་པར་གྲུབ་པ་དང་རང་ངོས་ནས་གྲུབ་པ་སོགས་ཚིག་མང་པོ་བེད་སྤྱོད་གཏོང་རུང་། ངར་འཛིན་ལྷན་སྐྱེས་ཀྱི་དགག་བྱ་དེ་འཛིན་པའི་སྐབས་སུ་ཇི་ལྟར་འཛིན་པ་དེ་ཏག་ཏག་བསམ་བློའི་ནང་ངོ་འཕྲོད་ཀྱི་ཡོད་དམ། གལ་ཏེ་དེ་ངོ་འཕྲོད་ན་དགག་བྱ་ངོས་ཟིན་པ་རེད། ཁ་ནས་བརྗོད་པའི་ཚིག་ལ་དགག་པ་གནང་བ་ཡིན་ནའང་། བསམ་བློའི་ནང་གི་ངར་འཛིན་དེ་ལ་འགུལ་བསྐྱོད་གང་ཡང་མི་ཐེབས། དེས་ན་ང་ཞེས་པ་སྣང་བའི་སྐབས་སུ་ཐ་སྙད་ཀྱི་ང་དང་དགག་བྱའི་ང་གཉིས་དབྱེ་བ་མ་ཕྱེ་བར་གདགས་གཞི་དང་འདོགས་བྱེད་རྒྱུ་རྐྱེན་སོགས་གང་ལའང་རག་མ་ལས་པར་རྡོག་རྡོག་ལྟ་བུ་ཡོད་པ་ཞིག་སྣང་ཞིང་ཞེན་པ་རེད། དེ་ནི་བློ་ལྷོད་པའམ་རང་དགའ་བའི་སྐབས་སུ་གསལ་པོ་མེད། འོན་ཀྱང་ཁོང་ཁྲོ་དྲག་པོ་དང་འཇིགས་སྣང་ཆེན་པོ་སོགས་བྱུང་བའི་སྐབས་སུ་ངའི་འཛིན་སྟངས་ཧ་ཅང་གསལ་པོ་ཡོང་། དཔེར་ན། མི་ཞིག་གིས་ཚིག་རྩུབ་ཅིག་བརྗོད་ན་ང་ལ་དེ་འདྲ་ལབ་སོང་ཞེས་གང་ལའང་རག་མ་ལས་པའི་ང་རྡོག་རྡོག་ཅིག་འཛིན་པ་རེད། དེ་ལྟར་འཛིན་པའི་བློ་དེ་ཡོད་པ་ཡིན་ཙང་དགག་བྱ་མ་རེད། བློ་དེའི་འཛིན་སྟངས་ཀྱི་ཡུལ་མེད་པ་ལ་ཡོད་པར་སྒྲོ་བཏགས་ནས་འཛིན་པའི་འཛིན་སྟངས་ཀྱི་ཡུལ་ལམ་ཞེན་ཡུལ་དེ་དགག་བྱ་རེད། དེས་ན་ཇི་ལྟར་འཛིན་པ་དང་། འཛིན་སྟངས་དེའི་ཡུལ་ངོ་འཕྲོད་པ་བྱེད་དགོས། གལ་ཏེ་དེ་ངོ་འཕྲོད་ན་བཏགས་དོན་བཙལ་རྒྱུ་དེ་ལས་སླ་པོ་རེད། དེ་ལྟ་བུའི་གང་ལའང་རག་མ་ལས་པའི་ང་ཧྲང་ངེ་བར་འཛིན་པའི་འཛིན་སྟངས་ཀྱི་ཡུལ་དེ་མེད་ཀྱང་། ཡོད་པ་ལྟ་བུར་བློས་སྒྲོ་བཏགས་ནས་བཞག་པ་དེ་གང་ལའང་རག་མ་ལས་པ་ཡིན་ཙང་བཏགས་དོན་བཙལ་ན་རྙེད་དགོས། རག་ལས་པའི་ལྟོས་གྲུབ་ཀྱིས་བྱུང་ན་དེ་རང་གིས་འགྲིགས་རྒྱུ་ལས། བཙལ་ནའང་རྙེད་དགོས་ཀྱི་མེད། དེ་ལྟ་བུ་དགག་བྱ་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དེ་ངོས་ཟིན་པ་ན་གཅིག་དུ་བྲལ་སོགས་གཏན་ཚིགས་གང་བཀོད་ཀྱང་གནོད་བྱེད་དེའི་ཐོག་ཏུ་འགྲོ་ཐུབ། དེར་བརྟེན་སྣང་བ་དང་ཞེན་པ་གཉིས་མཉམ་དུ་ཡོང་བ་ན་ཞེན་པའི་རྣམ་པའི་ཡུལ་ངོས་བཟུང་བ་དེ་སྣང་བའི་ཡུལ་ལས་ཐ་དད་དུ་ཕྱེ་ནས་མཐོང་ཐུབ་པ་བྱུང་ན་དགག་བྱ་ཁྱབ་མ་ཆེ་བ་དང་ཁྱབ་མ་ཆུང་བ་ཏག་ཏག་ངོས་བཟུང་ཐུབ་པ་ཡིན་ས་རེད། དེ་ལྟར་འབད་བརྩོན་གནང་སྟེ་ངོས་ཟིན་ན་རྣམ་བདུན་གྱི་རིགས་པ་དང་རྟེན་འབྲེལ་གྱི་རིགས་པའི་སྒོ་ནས་བཀག་ནས་དེ་ལྟ་བུ་མི་འདུག་བསམ་པའི་སྟོང་སང་ཞིག་བློ་ལ་འཆར་ན་ལྟ་བའི་གོ་བ་དང་པོ་རྙེད་པ་རེད། དེ་བློ་ལ་འཆར་བ་དང་མཉམ་དུ་དགག་བྱའི་ང་དེ་མེད་པའི་རྒྱུ་མཚན་གྱིས་གདགས་གཞི་དང་འདོགས་བྱེད་ལ་བརྟེན་པའི་ང་ཐ་སྙད་པ་ཞིག་ཇི་ལྟར་ཡོད་པའི་གོ་བ་བློ་དེ་རང་གིས་དྲང་ཐུབ་པ་བྱུང་ན་ལྟ་བ་རྙེད་པ་རེད། དེ་མིན་དགག་པའི་སྟོང་སང་འཆར་ཡང་སྟོང་སང་ཤར་བའི་བློའི་བྱེད་པས་རྟེན་འབྱུང་བཏགས་ཡོད་ཙམ་དུ་ཡོད་པའི་ཐ་སྙད་པའི་ང་དེ་ཡག་པོ་ངོས་མ་ཟིན་ན་ལྟ་བའི་དཔྱད་པ་མ་རྫོགས་པ་རེད།

ཐ་སྙད་ཚད་གྲུབ་མེད་པར་སྒྲུབ་མཁན་གྱི་རྒོལ་བ་ཕལ་ཆེ་བའི་ནོར་ས་ནི་ཐ་སྙད་ཚད་གྲུབ་དེ་རིགས་པས་དཔྱད་བཟོད་ཡིན་ཤག་བྱེད་པ་དེ་རེད། དགེ་འདུན་ཆོས་འཕེལ་གྱིས་ཐ་སྙད་ཚད་གྲུབ་འགོག་པའི་རིགས་པ་མང་པོ་བཏང་ཡོད། དེ་དག་ཐམས་ཅད་ལ་ཧོབ་སྟེ་བལྟས་ན་ལན་བརྒྱབ་ཁག་པོ་ཡོད། འོན་ཀྱང་ཞིབ་ཚགས་པོས་བལྟས་ན་བཏགས་དོན་བཙལ་ཚུལ་གྱི་རིགས་པའི་མཉམ་དུ་འགྲོ་བ་མ་གཏོགས། ཐ་སྙད་དུ་ཡོད་ཚུལ་ལ་གནོད་པའི་རིགས་པ་གཅིག་ཀྱང་མེད། ཁོང་གིས། ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་།། བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས།། གཅིག་གི་རྫུན་ཕུག་གཅིག་ལ་གཏད་མཐོང་ནས།། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།། ཞེས་སོགས་ཧ་ཅང་སྙན་པོ་ཡོད་ཀྱང་། དཔྱད་སྟངས་དེ་ཐ་སྙད་ཚད་གྲུབ་ཡོད་ན་རིགས་པས་དཔྱད་བཟོད་ཡིན་དགོས་པ་ཁ་ནས་བརྗོད་ཀྱི་མེད་ཀྱང་། བསམ་བློའི་ཕུགས་སུ་ཡོད་ན་ཇི་ལྟར་ཡོད་ཚུལ་དེ་རིགས་པས་མི་གནོད་པ་ཞིག་དགོས་ཤག་བྱས་ནས་རིགས་པ་གཏོང་གི་ཡོད། གང་ལྟར་ཐ་སྙད་དུ་ཡོད་ཚུལ་ནི་ཐ་སྙད་པའི་ཚད་མ་ལ་གྲགས་པ་དང། ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཀྱང་མི་གནོད་པ་གསུམ་ཚང་དགོས་ཞེས་རྗེ་རིན་པ་ཆེས་ཧ་ཅང་སྟབས་བདེ་པོ་གསུངས་པ་དེ་སྔ་ན་མེད་པའི་ལེགས་བཤད་རེད། གཞུང་གི་ནང་དུའང་སོབ་སོབ་པོར་གཞག་དགོས་པར་གསུངས། དཔེར་ན། ལོ་ཞེས་པ་ལྟ་བུ་ལ་ཟླ་བ་བཅུ་གཉིས་ཀྱི་ཡུན་ཚད་ཅན་གྱི་དུས་ཚོད་ཅིག་ཡོད་པ་དེ་རང་ལ་འཇོག་རྒྱུ་ལས། རེ་རེ་ནས་བཏགས་དོན་བཙལ་བའི་ཚེ་ན་རྙེད་རྒྱུ་མེད་ལ་རྙེད་དགོས་པའང་མེད། ཐ་སྙད་པའི་ཚད་མ་ལ་གྲགས་ཤིང་ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ་བྱུང་ན་དེ་ཙམ་གྱིས་འགྲིགས་པ་རེད། དོན་དམ་པར་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། ཐ་སྙད་དུ་རྟེན་འབྱུང་རྒྱུ་འབྲས་བསླུ་བ་མེད་པ་གཉིས་གཅིག་གྲོགས་སུ་གཅིག་ཕྱིན་ན་ལྟ་བའི་གནད་ཡག་པོ་མཁྱེན་མགོ་ཚུགས་པ་རེད།

བཞི་པ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་གདམས་པ་ནི། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།། གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།། དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས།། གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ།། ཞེས་པའོ།། གོང་དུ་ཞུས་པའི་ལམ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་པོའི་སྤྱི་ཡོངས་ཀྱི་གོ་བ་དང་དོན་གྱི་གནད་རྣམས་རང་གིས་ཐོས་པ་དང་བསམ་པའི་སྒོ་ནས་ཇི་བཞིན་རྟོགས་པའི་ཚེ། རྣམ་གཡེང་གི་དབང་དུ་མ་སོང་བར་ཕྱི་ནང་གི་དབེན་པ་བསྟེན་པ་དང་། དེ་བཞིན་ལམ་གྱི་གཙོ་བོ་རྣམ་གསུམ་ལ་སྒྲུབ་པ་སྙིང་པོར་བྱེད་པའི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ནས་གཏན་གྱི་འདུན་མའམ་མཐར་ཐུག་གི་འཐོབ་བྱ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་སྒྲུབས་ཤིག་བུ་ཅེས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ།།

དབེན་པ་ལ་ཕྱི་ནང་གི་དབེན་པ་གཉིས་ལས། ཕྱིའི་དབེན་པ་ནི་སྐྱེ་བོ་མང་པོའི་འགྲུལ་བཞུད་མེད་པ་དང་། སྒྲ་མང་པོ་མེད་པ་ཞིག་དགོས། དེ་ལྟར་བྱུང་ན་བསམ་གཏན་ལ་བར་ཆད་མི་འབྱུང་། དེང་རབས་ཀྱི་མི་ཚོས་སྒྲ་སྐད་ཀྱིས་ཁོར་ཡུག་འབགས་བཙོག་བྱས་པའི་སྐད་ཆ་བཤད་ཀྱི་ཡོད། ནང་གི་དབེན་པ་ནི་གཙོ་བོ་དེ་རེད། གལ་ཏེ་མི་མེད་ལུང་སྟོང་དུ་བསྡད་ནའང་རྣམ་རྟོག་ནང་མི་དྲན་དགུ་དྲན་ཤ་སྟག་བྱུང་ན་ཕྱིའི་དབེན་པས་ཕན་ཐོགས་མེད། དེས་ན་ལུས་མཚམས་སུ་ཡོད་པ་བཞིན་བསམ་བློའི་ནང་དུའང་མཚམས་གཅོད་དགོས། བརྩོན་འགྲུས་ལ་སྤྲོ་སེམས་ཤིག་དགོས། བརྩོན་འགྲུས་ཕར་ཕྱིན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀར་གཏོགས། བརྩོན་འགྲུས་ཡོད་པ་ལ་དཀའ་ལས་ཁག་སྣང་མེད། དཀའ་ལས་བྱུང་ན་སྡུག་རུས་རེད། འདིར་བུ་ཞེས་པ་ནི་ཉེ་བའི་ཚིག་ཡིན། སློབ་མ་ཚོས་རང་གི་བླ་མ་ལ་ཕ་བླ་མ་རྡོ་རྗེ་འཆང་དང་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཞེས་འབོད་པ་དང་། བླ་མས་སློབ་མ་ལ་བུ་ཞེས་བརྗོད་པ་རེད།

གསུམ་པ་བཤད་པ་མཐར་ཕྱིན་པར་བྱ་བ་ནི། ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ།། ཞེས་པའོ།། འདི་ནི་མཛད་བྱང་རེད། རྗེ་བདག་ཉིད་ཆེན་པོའི་མཛད་བྱང་དེ་དག་གི་ནང་མང་དུ་ཐོས་པ་དང་། སྒྲུབ་ལ་གཞོལ་བ་ཞེས་ཡང་ཡང་བྱུང་བ་ནི་རང་བཞིན་བརྗོད་པའི་གནས་སྟངས་རེད། རྗེ་བདག་ཉིད་ཆེན་པོས་རྟོགས་བརྗོད་འདུན་ལེགས་མ་ལས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཞེས་གསུངས་པ་བཞིན་སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་དགེ་སློང་ཚོས་གཅིག་གིས་གཅིག་ལ་ཆེད་དུ་བརྗོད་པ་ན་མང་དུ་ཐོས་པ་ཞེས་པ་ནི་རྒྱ་གར་གྱི་གནའ་སྔ་མོའི་བཤད་སྲོལ་ཞིག་རེད། དེ་ལ་མང་དུ་ཐོས་པ་ནི་མཁས་པ་ལ་འཇུག་པ་རེད། ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ནི་རྗེ་བདག་ཉིད་ཆེན་པོའི་སློབ་མ་སྔ་ཚར་བཞིའི་ནང་ནས་གཅིག་རེད། སྔ་ཚར་ཞེས་པ་ནི་རྗེ་རིན་པོ་ཆེ་དབུས་སུ་གསན་བསམ་གནང་བཞིན་པ་དང་། དགུང་ལོ་མཐོ་པོ་མིན་པ། མཁས་པའི་གྲགས་པ་ཆེན་པོ་མེད་པའི་སྐབས་ཀྱི་དང་པོའི་གྲས་ཀྱི་སློབ་མའི་ནང་ནས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་དང་པོ་དེ་རེད། ཚ་ཁོ་དབོན་པོ་ནི་རྒྱལ་རོང་གི་ཚ་ཁོ་ཅོག་ཙེའི་ཡུལ་དུ་འཁྲུངས་ཤིང་། རྗེ་རིན་པོ་ཆེ་བྱ་བྲལ་དུ་གཤེགས་པའི་སྐབས་ཁོང་ཕ་ཡུལ་དུ་ཕེབས་ཟིན། རྒྱལ་རོང་ཁུལ་དུ་རྗེའི་བསྟན་པ་སྤེལ་བ་དང་། ལྷག་པར་དུ་དགེ་འདུན་གྱི་སྡེ་བཙུགས་པ་སོགས་བསྟན་པའི་བྱ་བ་རླབས་ཆེན་མཛད་ཅིང་། ཁོང་ནི་རྗེ་རིན་པོ་ཆེས་ཧ་ཅང་ཐུགས་ཐག་ཉེ་པོ་གནང་སའི་སློབ་མ་ཞིག་ཡིན། རྗེ་རིན་པོ་ཆེས་སློབ་མ་ཁ་ཤས་ལ་ཕྱག་བྲིས་གནང་བའི་ནང་སུས་བདུད་རྩི་ཐོག་མ་རྙེད་ན་བགོ་བཤའ་བྱེད་རྒྱུའི་སྐོར་ཡོད་པ་ལས། སངས་རྒྱས་པའི་སྐབས་སུ་ཆོས་ཀྱི་བདུད་རྩི་ཐོག་མ་སྦྱིན་རྒྱུ་ཡིན་ཞེས་ཚ་ཁོ་ལ་གསུངས་པ་བཞིན་གཞན་ཡོད་ཚོད་མི་འདུག  ཚ་ཁོ་དབོོན་པོས་བསྐུལ་བ་ལ་བརྟེན་ནས་རྗེ་བདག་ཉིད་ཆེན་པོས་གཞུང་འགའ་ཤས་ལྗགས་རྩོམ་མཛད་ཅིང་། དེ་བཞིན་ཚ་ཁོ་དང་ཕྱག་བྲིས་གནང་རེས་གནང་བ་རྣམས་རྗེའི་གསུང་ཐོར་བུའི་ནང་ཡོད། ཚ་ཁོ་དབོན་པོ་དེ་སྙན་ངག་མཁན་ཞིག་ཀྱང་རེད་འདུག  རྗེ་བདག་ཉིད་ཆེན་པོས་རྟག་ཏུ་ངུའི་རྟོགས་བརྗོད་མཛད་པ་ན་ཡི་གེ་པ་ནི་ཚ་ཁོ་དབོན་པོ་རེད། དེའི་ནང་རྗེས་ཁོང་ལ་སྙང་ངག་སྨྲ་བ་ངག་དབང་གྲགས་པ་ཞེས་གསུངས་ཡོད། ལམ་རིམ་ཆེ་ཆུང་གཉིས་དང་ཉམས་མགུར། དེའི་ཐོག་ཏུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མན་ངག་ཐད་ཀར་རྩ་ཚིག་ཏུ་བཀོད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་འདི་ནི་འདི་བསྟན་བཅོས་ཧ་ཅང་གལ་ཆེན་པོ་དང་། འཆད་ཉན་ཡང་ཧ་ཅང་དར་པོ་བྱུང་།

ང་ཆུང་ཆུང་སྐབས་སུ་ལོ་མང་པོ་བཤེས་གཉེན་བསྟེན་རྒྱུ་བྱུང་མེད། རྒན་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་དུ་ཀ་ཁ་སློབ་མགོ་ཚུགས་པའི་སྐབས་སུ་ལོ་དགུར་སོན། སྐབས་དེར་ཡི་གེ་ངོ་ཆོད་པ་དང་ཀློག་རྒྱུར་དུས་ཚོད་འགོར་བར་བརྟེན། ཐོག་མ་ནས་ཀ་ཁ་སློབ་པ་དང་ཆབས་ཅིག་ཏུ་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དང་དབྱངས་ཅན་མའི་བསྟོད་པ་མདོར་བསྡུས་རེ་དང་། དེའི་མཇུག་ཐོགས་སུ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྩ་ཚིག་དེ་ཁ་བསླབ་གནང་སོང་། བོད་དུ་དཔེ་ཆ་ཀློག་མི་ཤེས་པ་རྣམས་ལ་ཆོས་སྤྱོད་ཀྱི་རིགས་རྣམས་རྒན་ལགས་ཀྱིས་གསུངས་པ་ལ་རྗེས་ཟློས་བྱས་ནས་བློར་འཇགས་པའི་སྲོལ་ཡོད། དེས་ན་ལམ་གཙོ་རྣམ་གསུམ་ནི་ཆུང་དུས་ནས་མོས་པ་ཡོད་པ་དང་བཀླག་རྒྱུ་ཞིག་རེད། གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ།། ཞེས་པའི་མཇུག་ཏུ་ད་དུང་སྨོན་ལམ་གྱི་ཤློཀ་གཅིག་རྒན་ཡོངས་འཛིན་རིན་པོ་ཆེས་བསླབས་གནང་སོང། དེ་ནི་སུས་བརྩམས་མིན་ཤེས་མ་སོང་། ཚིགས་བཅད་དེ་ནི། རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན།། འཇམ་མགོན་བླ་མས་ཇི་ལྟར་གསུངས་པ་བཞིན།། སྐལ་ལྡན་བདག་ཀྱང་དེ་བཞིན་སྒྲུབ་པར་སྨོན།། ཕ་རྗེས་བུ་ཡིས་ཟིན་པར་བྱིན་གྱིས་རློབས།། ཞེས་པའོ།། དེ་ཡན་གྱིས་ལམ་གྱི་གཙོ་བོ་རྣམ་གསུམ་རྩ་ཚིག་གི་སྟེང་ནས་གྲུབ་པ་ཡིན།

དེ་ནས་དམིགས་རྣམ་སྐྱོན་མཁན་ཡིན་ན། ད་རིང་ཞུས་པའི་ནང་རྟེན་འབྲེལ་བསླུ་བ་མེད་པ་དང་། སྟོང་པ་མེད་དགག་ཙམ་པོ་བ་གཉིས་ཀྱི་གོ་བ་ཀ་བུམ་བཞིན་ཐ་དད་དང་གཞི་གཅིག་གི་སྟེང་དུ་མཉམ་དུ་མིན་པར་སྣང་བ་དེ་སྲིད་དུ་སངས་རྒྱས་ཀྱི་དགོངས་པ་རྟོགས་པ་བྱུང་མེད། དེ་གཉིས་འཐག་མཁན་གྱི་རྐང་པ་ལྟ་བུ་རེས་འཇོག་མིན་པར་དུས་གཅིག་ཏུ་རྩོལ་བ་མེད་པར་རང་ཤུགས་ཀྱིས་རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས་བདེན་འཛིན་གྱི་ཡུལ་གྱི་འཛིན་སྟངས་སམ་གཏད་སོ་རང་བཞིན་གྱིས་འཇིག་ན་ལྟ་བའི་དཔྱད་པ་རྫོགས། སྟོང་དང་རྟེན་འབྱུང་གཉིས་ཀ་བུམ་ལྟ་བུ་འབྲེལ་མེད་དོན་གཞན་མིན་པར། སྒོར་མོ་གཅིག་གི་ཕྱོགས་གཉིས་ལྟ་བུ་རྟེན་འབྲེལ་མཐོང་བ་ཙམ་གྱིས་སྟོང་པ་ལ་ངེས་པ་འདྲེན་པ་དང་། སྟོང་པ་ལ་ངེས་པར་དྲངས་པ་ཙམ་གྱིས་རྟེན་འབྲེལ་ལ་ངེས་པ་རྙེད་པ་བྱུང་ན་ལྟ་བའི་དཔྱད་པ་རྫོགས་པ་རེད། དེ་ཡང་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ། སྣང་བས་མེད་མཐའ་སེལ་བ་ཙམ་དུ་མ་ཟད། སྣང་བས་ཡོད་མཐའ་སེལ་བ་དང་། སྟོང་པས་མེད་མཐའ་སེལ་བ་ཙམ་དུ་མ་ཟད། སྟོང་པས་ཡོད་མཐའ་སེལ་བ། སྟོང་པའི་རྒྱུ་མཚན་གྱིས་ཐ་སྙད་སྒྲུབ་ཐུབ་པ། སྣང་བའི་རྒྱུ་མཚན་གྱིས་རང་ངོས་ནས་མ་གྲུབ་པ་སྒྲུབ་ཐུབ། དེ་ཙམ་དུ་མ་ཟད། སྟོང་པ་ཉིད་རྟེན་འབྱུང་གི་ངོ་བོར་རྒྱུ་འབྲས་ཀྱི་རྣམ་གཞག་ཤེས་པའམ། སྟོང་པའི་ངང་ལས་ཐ་སྙད་ཀྱི་ཆོས་ཐམས་ཅད་གྲུབ་པར་ཤེས་ན་མཐར་འཛིན་ལྟ་བས་མི་འཕྲོག་པར་འགྱུར་རོ།། འདི་ལྟ་བུའི་གཞུང་ལ་སློབ་གཉེར་གནང་བའི་འབྲས་བུར་ཆེ་ཆུང་ལ་མ་ལྟོས་པར་ཉམས་ལེན་ཐོག་སླེབས་ཐུབ་པ་དང་། རང་གི་སེམས་རྒྱུད་ལ་འབྱོར་བ་བྱུང་ན་ཕན་ཐོགས་རྒྱུ་རེད། དེ་མིན་ཐོས་གྲངས་བསགས་ན་ནི་དེ་ཙམ་གྱིས་ཕན་རྒྱུ་མེད།

དཔལ་ལྡན་རྒྱུད་སྨད་གངས་ལྗོངས་རིག་གནས་སློབ་གྲྭའི་ཐུགས་འདོད་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་བཤད་ཁྲིད་ས་བཅད་མ་སྟོང་ཙམ་ཕུལ་བའི་ཁུལ་ཡིན། བཤད་པའི་ནང་ནོར་བ་དང་གཞུང་དང་མི་མཐུན་པ་བྱུང་ཡོད་ན་མཁས་པ་ཚོས་བཟོ་བཅོས་གནང་དགོས། ནང་བསྟན་སློབ་གྲྭ་འདིས་ན་གཞོན་དང་ཁྱིམ་པ་ཕོ་མོ། ཡུལ་ལུང་རྒྱལ་ཁབ་སྣ་ཚོགས་ནས་ཕེབས་པའི་ནང་ཆོས་དོན་གཉེར་ཅན་ལ་ཕན་ཐོགས་ཡོང་གི་ཡོད་བཟོ་འདུག  དེ་ནི་བསྟན་པའི་བྱ་བ་ཞིག་ཡིན་པས་རྗེས་སུ་ཡི་རངས་ཡོད། འབྱུང་འགྱུར་ཡང་ཆོས་ཀྱི་བགོ་བཤའ་གནང་ཐུབ་ན་ཕན་ཐོགས་ཡོང་རྒྱུ་ཡིན་པ་སྨོས་མ་དགོས། ཉིན་ལྔའི་རིང་འཆད་ཉན་མདོར་བསྡུས་བྱས་པ་འདིའི་དགེ་བའི་རྩ་བ་རྣམས་བླ་མ་རྣམས་ཀྱི་སྐུ་ཚེ་༧ཞབས་པད་བརྟན་པ་དང་། བླ་མ་མཉེས་པའི་མཆོད་པ། བླ་མའི་བཀའ་བཞིན་སྒྲུབ་པའི་སྒོ་ནས་བཀའ་དྲིན་བསབ་པའི་ཆ་རྐྱེན་དུ་འགྱུར་བར་ཚང་མས་བསྔོ་བ་སྨོན་ལམ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་གསུང་ཆོས་གྲོལ།

 

(ཇི་ལྟར་ཧུན་སུར་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ལྗོངས་རིག་གནས་སློབ་གྲྭས་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༢ ནས་ ༢༦ བར་ཉིན་ལྔའི་རིང་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་གནང་།)