བཞི་པ། ཚོགས་པ་མེད་པའི་མང་གཙོའི་རིང་ལུགས་ཀྱི་སྐྱོན་ཡོན་སྐོར་དང་། བྱེ་བྲག་ཏུ་བོད་ཀྱི་སྤྱི་ཚོགས་ལ་གང་དགེའི་སྐོར།

(༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༨)༄༅།།  བར་ལམ་བརྗོད་གཞི་ཁ་ཤས་ཐོག་གོ་བསྡུར་ཞུས་པ་རེད། བརྗོད་གཞི་མཐའ་མ་ནི་ཚོགས་པ་མེད་པའི་མང་གཙོའི་རིང་ལུགས་སྐོར་རེད་འདུག འདི་ནི་སྐད་ཆ་གསར་པ་ལྟ་བུ་ཞིག་རེད། ད་ལྟ་འཇིག་རྟེན་ས་ཡི་གོ་ལ་འདིའི་ཐོག་མང་གཙོའི་ལམ་སྲོལ་ཐོག་འགྲོ་མཁན་ནང་དངོས་སུ་སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་ཆ་ཚང་བ་ཞིག་ལག་ལེན་བསྟར་མཁན་ཕལ་ཆེར་དབུས་བོད་མིའི་སྒྲིག་འཛུགས་ཙམ་མ་གཏོགས་རྒྱལ་ཁབ་གཞན་དག་ནང་དེའི་སྐོར་ཧ་ལམ་གོ་རྒྱུ་མེད། ལར་ནས་ལྟ་གྲུབ་འདི་གསར་པ་ཞིག་རེད་ལ། འདིའི་ཐོག་རིག་པའི་གཞུང་ལུགས་ཀྱང་མང་པོ་མེད། དེའི་ཆེད་དེབ་ཅིག་བཙལ་དགོས་བྱུང་ན་གཉིས་གསུམ་ལྷག་རག་རྒྱུ་མེད། ཡིན་ནའང་ད་ལྟའི་གནས་བབ་ལ་བལྟས་ན་མ་འོངས་པར་གནད་དོན་འདི་གལ་གནད་ཆེ་རུ་འགྲོ་རྒྱུ་དང་བགྲོ་གླེང་བྱེད་མཁན་དང་བསམ་བློ་གཏོང་མཁན་མང་དུ་འགྲོ་རྒྱུ་ཡིན་པ་བཤད་མི་དགོས་པ་རེད།

ཐོག་མར་ཚིག་གི་བརྗོད་སྟངས་ཆ་ནས་བཤད་ན། ཚོགས་པ་མེད་པ་ཞེས་པ་དེ་སྲིད་དོན་གྱི་ཚོགས་པ་མེད་པའི་དོན་དུ་ཡིན་པ་ལས། སྤྱིར་བཏང་ཚོགས་པ་གཅིག་ཀྱང་མེད་པའི་མང་གཙོའི་རིང་ལུགས་ཞེས་པ་ཞིག་ཡོང་ཁག་པོ་རེད། བོད་སྐད་ནང་ཆབ་སྲིད་ཚོགས་པ་དང་སྲིད་དོན་ཚོགས་པ་ཞེས་བེད་སྤྱོད་གཏོང་གི་འདུག ཡིན་ནའང་ཚོགས་པ་ཞེས་པ་དེ་ཨིན་སྐད་ཀྱི་ Association, Congregation, Society སོགས་ལ་བེད་སྤྱོད་གཏོང་གི་ཡོད། ལར་ནས་ཚོགས་པ་ཞེས་པ་དེ་སྤྱི་ལ་ཁྱབ་པ་དེ་འདྲ་ཡོང་སྲིད། འདིར་ཚོགས་པ་ཞེས་པ་དེ་ཨིན་སྐད་ཀྱི་ Party ཞེས་པ་དེ་རེད། གང་ལྟར་ Political Party ཞེས་པ་དེ་རེད། སྐུ་ཞབས་ཇཡ་པྲཀཱཤ་ནཱརཱཡཎ་ (Jaiprakash Narayan) གྱི་གསུང་བཤད་ཅིག་ནང་ दलों के दलदल में राष्ट्र डूब गया ཞེས་གསུངས་ཡོད། དེ་ནི་ཚོགས་པ་ཁག་གི་འདམ་བག་ནང་རྒྱལ་ཁབ་ཐིམས་པ་རེད་ཅེས་པའི་དོན་རེད། འདིར་ཚོགས་པ་ལ་ཤོག་ཁག་ཅེས་བརྗོད་དགོས། Party ཞེས་པ་ནི་ཕྱོགས་སྔ་དང་རྒོལ་སྔ་རྒོལ་ཕྱི་རྒོལ་ལྟ་བུ་རེད། གང་ལྟར་ཕྱོགས་སུ་བཅད་པ་ལས། སྤྱི་ལ་ཁྱབ་པ་ཞིག་མིན། དེས་ན་སྲིད་དོན་གྱི་ཤོག་ཁག་ཅེས་བརྗོད་ན་སྟབས་བདེ་བ་འདུག

དེ་སྔ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པའི་སྐབས་དང་དེའི་རྗེས་སུའང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་སྲོལ་དེ་བརྒྱ་ཆ་བརྒྱ་ཐམ་པ་མཚན་ཉིད་ཚང་བ་ཡོང་མིན་སྐོར་གྱི་དྲི་བའི་ནང་ནུབ་ཕྱོགས་པའི་ངོས་ནས་དྲི་བ་གཉིས་ཤིག་རྒྱུན་ལྡན་ཡོང་གི་ཡོད། དང་པོ་ནི་ཆོས་ལུགས་རིས་མེད་ (Secular) མེད་པར་མང་གཙོའི་མཚན་ཉིད་ཚང་གི་རེད་དམ་ཞེས་པ་དེ་རེད། དེ་ནི་ཆོས་ལུགས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་དབང་ཤུགས་སྤྲད་ན་མང་གཙོའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡོང་མི་ཐུབ་པ་བསམ་གྱི་ཡོད། གཉིས་པ་ནི་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་མེད་སྟབས། དེའི་ཐོག་ནས་མང་གཙོའི་རིང་ལུགས་མཚན་ཉིད་ཚང་བ་ཡོང་ཐབས་ཡོད་དམ་ཞེས་པ་དེ་རེད། དེར་བརྟེན་དེ་ཚོ་ལ་ང་ཚོས་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཆོས་དེ་ནང་པའི་ཆོས་བྱེ་བྲག་པ་ཞིག་ལ་ངོས་འཛིན་བྱས་མེད་པ་དང་། ཆོས་སྲིད་ཟུང་འབྲེལ་གྱི་ཆོས་ནང་ཆོས་བོན་གཉིས་ཀ་ཡོད་པ་ཙམ་དུ་མ་ཟད། དེ་ལས་གཞན་པའི་ཆོས་ལུགས་ཡོད་ནའང་དེའི་ནང་མི་ཚུད་པ་མེད་པ་ཡིན་སྟབས། ཆོས་ལུགས་བྱེ་བྲག་པ་གཅིག་གིས་ཆབ་སྲིད་ཀྱི་ཐོག་ལ་དབང་བསྒྱུར་བྱེད་ཀྱི་མ་རེད་ཅེས་ལན་འདེབས་བྱེད་ཀྱི་ཡོད། དེ་བཞིན་སྲིད་དོན་གྱི་ཤོག་ཁག་མེད་པ་དེ་ང་ཚོའི་གཟི་བརྗིད་དང་ཡོན་ཏན་ཡིན་མ་གཏོགས། དེ་ནི་ཞན་ཆ་ཞིག་མིན། གལ་ཏེ་སྲིད་དོན་གྱི་ཤོག་ཁག་བཟོ་ན་ལས་སླ་པོ་རེད། དེ་ནི་ཆེད་མངགས་ཀྱིས་འབད་རྩོལ་བྱས་མེད་པ་དང་། སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ལ་ཡོན་ཏན་མང་པོ་རེད་ཅེས་ལན་འདེབས་བྱེད་ཀྱི་ཡོད། དེ་ལྟར་ཆབ་སྲིད་ཀྱི་ཚན་རིག་པ་དེ་ཚོ་ལ་ལན་བརྒྱབ་མི་ཐུབ་པའི་རིགས་པ་གཏང་རྒྱུ་དང་དྲི་བ་གཏང་རྒྱུ་དེ་འདྲ་གང་ཡང་མི་འདུག གང་ལྟར་དྲི་བ་གཉིས་གསུམ་གྱི་རྗེས་སུ་རྫོགས་འགྲོ་གི་འདུག

དེང་སང་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཚོའི་བསམ་བློའི་ནང་དུའང་གལ་ཏེ་མང་གཙོའི་རིང་ལུགས་བྱེད་ན་ངེས་པར་དུ་སྲིད་དོན་གྱི་ཤོག་ཁག་མང་པོ་མེད་ན་ཡན་ལག་མི་ཚང་བ་མིན་འགྲོ་བསམ་པ་དང་། ཆོས་ལུགས་རིས་མེད་མེད་ན་ཡན་ལག་མི་ཚང་བ་མིན་འགྲོ་བསམ་པ་ཡོང་སྲིད། ཆོས་སྲིད་ཟུང་འབྲེལ་དང་ཆོས་ལུགས་རིས་མེད་གཉིས་ལས་ཆོས་ལུགས་རིས་མེད་ཡག་པ་ཡོད་པ་༧གོང་ས་མཆོག་གི་དགོངས་བཞེད་ཀྱང་དེ་རང་རེད། དེར་བརྟེན་༧གོང་ས་མཆོག་གིས་གསོལ་རས་གནང་བའི་བཅའ་ཁྲིམས་ཟིན་བྲིས་དེའི་ནང་ཆོས་ལུགས་རིས་མེད་ཅེས་པ་དེ་འཁོད་ཡོད། ཡིན་ནའང་ང་ཚོའི་ཆོས་ལུགས་རིས་མེད་དེ་བདག་ཉིད་ཆེན་པོ་གཱཾདྡྷཱིས་འགྲེལ་བརྗོད་གནང་བ་དེ་རེད། Secular ལ་འགྲེལ་བརྗོད་བྱེད་སྟངས་ལ་ཆོས་སྤོང་རིང་ལུགས་དང་། ཆོས་འགལ་རིང་ལུགས། ཆོས་འགོག་རིང་ལུགས། ཆོས་མེད་རིང་ལུགས། ཆོས་ལུགས་རིས་མེད་སོགས་འདྲ་མིན་སྣ་ཚོགས་ཤིག་ཡོད། དཔེར་ན་རྒྱ་གར་གྱི་རྩ་ཁྲིམས་ནང་ Secular ལ་དྷརྨ་ནིརཔེཀྵ་ (ཆོས་ལ་ལྟོས་མེད་) ཞེས་བཀོད་པ་ལ་རྗེས་སུ་དགག་བྱ་མང་པོ་བྱུང་སྐབས་པཾཐནིརཔེཀྵ་ (བརྒྱུད་པ་ལ་ལྟོས་མེད་) ཅེས་བཟོོས་ཀྱང་། གང་ལྟར་ཡག་པོ་ཞིག་ཆགས་མེད། དེས་ན་ཚིག་སོ་སོའི་གོ་དོན་ཡག་པོ་མ་རྟོགས་ན་རྗེས་སུ་མགོ་འཐོམ་ཉེན་ཡོད།

སྲིད་དོན་གྱི་ཤོག་ཁག་དུ་མ་ཡོད་པའི་ལམ་སྲོལ་དེ་དུས་ཕྱིས་ནུབ་ཕྱོགས་ནས་དར་བ་ཞིག་རེད། མང་གཙོའི་བྱུང་རབས་སྔ་མ་རྣམས་ལ་བལྟས་ན། དཔེར་ན་ལོ་སུམ་སྟོང་གོང་དུ་ཡོད་པའི་རྒྱ་གར་གྱི་མང་གཙོའི་ནང་ཆབ་སྲིད་ཀྱི་ཤོག་ཁག་མེད་ཀྱང་། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་སུ་རྒྱ་གར་ནང་མང་གཙོ་ཆ་ཚང་ཡིན་པ་དང་། མང་གཙོ་ཕྱེད་ཀ་ཡིན་པ་དེ་འདྲ་རྒྱལ་ཁབ་དྲུག་ཙམ་ཡོད། དེ་ཚོའི་ནང་སྤྱིར་བཏང་འགྲོ་སྟངས་མི་འདྲ་བ་ཡིན་རུང་། གཙོ་ཆེ་ཤོས་ནི། ཡངས་པ་ཅན་པ་ཚོགས་ཀྱི་གཙོ།། ཞེས་ཡངས་པ་ཅན་དེ་མང་གཙོ་ཆ་ཚང་བ་ཡིན་ཞིང་། རྒྱལ་པོ་སོགས་ཟུར་དུ་མེད་པར། རྟག་ཏུ་གྲོས་ཚོགས་ཚོགས་ཏེ་ཐག་གཅོད་བྱེད་ཀྱི་ཡོད། དེ་ནས་དཔེ་བླངས་ཏེ་གི་རིག་ (Greek) དང་ནུབ་ཕྱོགས་སུ་མང་གཙོའི་བསམ་ཚུལ་དེ་སླེབས་པ་རེད། ཡིན་ནའང་འབྱུང་ཁུངས་རྒྱ་གར་ཡིན་པ་དེ་ཤེས་མཁན་མི་འདུག མང་ཆེ་བས་པེ་ལེ་ཊོའི་ (Plato) ཕྱག་དེབ་རི་པབ་ལིཀ་ (Republic) ཞེས་པ་ནས་ཡིན་ཚུལ་བསམ་གྱི་ཡོད། ཁོང་ཚོས་རྒྱ་གར་གྱི་སྔོན་བྱུང་རིང་ལུགས་ལ་དཔེ་བལྟས་པ་ཡིན་པ་ལས་སྒེར་གྱི་བསམ་ཚུལ་བྱེ་བྲག་པ་ཞིག་མིན། དེས་ན་སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོའི་གནས་སྟངས་དེ་ཡོང་ཐུབ།

ཕྱོགས་གཞན་ནས་བསམ་ན་ཐོག་མར་སྤྱི་གཙོ་བ་དང་སྒེར་གཙོ་བ་གཉིས་རེད། དཔེར་ན་རྒྱལ་པོའི་རིང་ལུགས་ནི་སྒེར་གཙོ་བ་རེད། མང་གཙོའི་རིང་ལུགས་ནི་སྤྱི་གཙོ་བ་རེད། ནང་པའི་དགེ་འདུན་གྱི་སྡེ་ལ་མཚོན་ན། དགེ་འདུན་གྱི་སྡེའི་ལས་དོན་ཆ་ཚང་དགེ་འདུན་གྱི་ལས་ཀྱི་ཐོག་ནས་ཐག་གཅོད་བྱེད་ཅིང་། དེ་ནི་དེང་སང་གྲོས་ཚོགས་སུ་གྲོས་ཆོད་ཐག་གཅོད་བྱེད་སྟངས་དང་གཅིག་མཚུངས་རེད། དཔེར་ན་འདུལ་བའི་ལས་ཆོག་ནང་གསོལ་བ་གཅིག་དང་བརྗོད་པ་གསུམ་གྱི་ཐོག་ནས་འགྲོ་རྒྱུ་དེ་ནས་གྲོས་ཚོགས་སུ་དཔེ་བླངས་པ་རེད། བརྗོད་པ་གསུམ་འགྲོ་རྒྱུ་དེ་ཚོ་ཡངས་པ་ཅན་གྱི་གྲོས་ཚོགས་ནང་དེ་རང་གནང་གི་ཡོད་འདུག ད་ལྟའི་རྒྱ་གར་གྱི་གྲོས་ཚོགས་ཀྱི་སྒྲིག་གཞིའི་ལས་དོན་མང་པོའི་ནང་ཡངས་པ་ཅན་གྱི་གྲོས་ཚོགས་ཀྱི་སྒྲིག་གཞིའི་ནང་ནས་མིང་དང་ཚིག་བླངས་པ་མང་པོ་རེད། ཌོཀ་ཊར་སུབྷཱཥ་ཀཤྱཔ་ (Dr. Subhash Kashyap) དེ་སྔ་རྒྱ་གར་གྲོས་ཚོགས་འོག་མའི་སྤྱི་ཁྱབ་དྲུང་ཆེ་ (Secretary General of Lok Sabha) རྒྱུན་རིང་གནང་ཞིང་། ང་ཚོའི་གྲོས་ཚོགས་ཀྱི་བཅའ་ཁྲིམས་དང་སྒྲིག་གཞི་སོགས་བཟོ་སྐབས་གྲོས་འདྲི་ཞུ་ཡུལ་ཞིག་རེད། ཁོང་ནི་དེང་སང་གྲོས་ཚོགས་ཀྱི་ལམ་ལུགས་ཐོག་ཁྱད་མཁས་དམིགས་བསལ་བ་ཞིག་ཏུ་བརྩི་བ་རེད། ཁོང་གིས་རྒྱ་གར་གྱི་སྔོན་བྱུང་གི་མང་གཙོའི་རིང་ལུགས་སྐོར་དེབ་ཁ་ཤས་བྲིས་ཡོད། དེ་ཚོའི་ནང་བལྟས་ན་གསལ་པོ་མཁྱེན་ཐུབ།

རྒྱ་གར་ནང་སྔ་མོ་མང་གཙོ་དེ་མང་མོས་ཐོག་ནས་ཐག་གཅོད་བྱེད་རྒྱུ་དེ་ཉུང་ཉུང་རེད། སྤྱི་མོས་ཐོག་ནས་ཐག་གཅོད་བྱེད་པ་ཤ་སྟག་རེད། དཔེར་ན་དགེ་འདུན་གྱི་སྡེ་ལ་མཚོན་ན། མཚམས་ཤིག་གི་ནང་དགེ་འདུན་སྟོང་ཕྲག་གཅིག་འདུས་ཏེ་དགེ་འདུན་ ༩༩༩ ཐུགས་མཐུན་ནས་གཅིག་ཐུགས་མ་མཐུན་ན་ལས་ཀྱི་མཇུག་བསྡུ་ཐུབ་ཀྱི་མེད། དེར་བརྟེན་གང་ཟག་གཅིག་པོ་དེ་ལ་བསྒོ་བ་དང་བཞམས་ཏེ་བསྒོ་བ་ལ་སོགས་པའི་སྒོ་ནས་མོས་མཐུན་བླང་དགོས་ཀྱི་ཡོད། དེ་ལྟ་བུ་རྒྱ་གར་ནང་དུའང་ཨཱཅཱརྱ་བིནོབཱ་བྷཱབེ་ (Acharya Vinoba Bhave) བཞུགས་པའི་སྐབས་སུ་སརྦོདཡ་ (Sarvodaya) ཚོགས་པའི་ལས་དོན་ཐམས་ཅད་སྤྱི་མོས་ཐོག་ནས་འགྲོ་དགོས་པ་གཙོ་བོར་གནང་ཡང་། རྗེས་སུ་ལས་དོན་མང་པོའི་ཐོག་ཏུ་སྤྱི་མོས་ཀྱི་ཐོག་ནས་འགྲོ་མི་ཐུབ་སྟབས། སྤྱི་མོས་ (སརྦ་སཧམཏི་) ཀྱི་ཚབ་ཏུ་སྤྱིའི་དགག་བྱ་མེད་པའམ་སྤྱིའི་རྗེས་སུ་གནང་བ་ (སརྦཱནུམཏི་) ཡོད་པ་བཟོས་ཡོད། གལ་ཏེ་མོས་མཐུན་མེད་ནའང་དེ་མ་བྱེད་ཅེས་དགག་བྱ་མི་གནང་བ་དེ་འདྲ་ཞིག་དགོས་པ་རེད། དེང་སང་མང་ཆེ་བ་ལ་མང་མོས་མ་གཏོགས་སྤྱི་མོས་ཧ་ལམ་མེད་པ་ཆགས་པ་རེད། དེ་ཆགས་དགོས་པའི་རྒྱུ་མཚན་ནི་མང་གཙོའི་རིང་ལུགས་ནང་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་དགོས་པར་བརྟེན། སྤྱི་མོས་ཡོང་བའི་གོ་སྐབས་ཧ་ལམ་མེད་པ་རེད། དེས་ན་མང་མོས་ལ་ཆ་མ་བཞག་ཀ་མེད་རེད།

ཁྱེད་ཚོས་མཁྱེན་གསལ་བཞིན་སྤྱིར་བཏང་མང་གཙོའི་འགྲོ་སྟངས་ལ་ཐད་ཀའི་མང་གཙོ་དང་སྐུ་ཚབ་ཀྱི་མང་གཙོ་གཉིས་རེད། ཐད་ཀའི་མང་གཙོ་ནི་ལུང་པོ་ཆུང་ཆུང་ནང་མ་གཏོགས་ཡོང་རྒྱུ་མེད། གནའ་སྔ་མོའི་ཐད་ཀའི་མང་གཙོའི་སྲོལ་རྒྱུན་མ་ཆད་པ་ད་ལྟའང་ཡོད་པ་དེ་ནི་སུད་སིའི་ (Swiss) གྲོང་སྡེ་ཆུང་ངུ་ཨ་པེན་ཛེལ་ (Appenzell) ནང་རེད། དེ་ཡང་ཡུལ་མི་ཚང་མ་བཞི་མདོ་དེར་འཛོམས་ཏེ་ཐག་གཅད་རྒྱུའི་ལུགས་སྲོལ་ཞིག་ཡོད། ཁོང་ཚོ་ད་ལྟ་ཐད་ཀའི་མང་གཙོ་ལག་ལེན་བསྟར་གྱི་ཡོད་ཅེས་བཤད་ཀྱང་། དེ་ནི་རྒྱལ་ཁབ་གང་ཡང་མིན་པར། རྫོང་ཁོངས་གཅིག་གི་ནང་གི་གྲོང་སྡེ་ཆུང་ངུ་ཞིག་རེད།

ད་ལྟ་མང་གཙོའི་རིང་ལུགས་ལ་འགྲོ་མཁན་གྱི་རྒྱལ་ཁབ་སུ་ཡིན་རུང་སྐུ་ཚབ་བརྒྱུད་ནས་ཐག་གཅོད་བྱེད་རྒྱུ་མ་གཏོགས། མི་མང་གིས་ཐད་ཀའི་ཐག་གཅོད་བྱེད་རྒྱུའི་ལམ་སྲོལ་དེ་ཧ་ལམ་མེད་པ་ལྟ་བུ་རེད། འོན་ཀྱང་གལ་གནད་ཆེན་བའི་སྐབས་སུ་མང་མོས་ཐག་གཅོད་འོས་བསྡུ་ (Referendum) བྱེད་ཀྱི་ཡོད། སུད་སི་ལྟ་བུ་ཡིན་ན་ཁྲིམས་གཞི་མང་ཆེ་བ་མཐའ་མར་མང་མོས་ཐག་གཅོད་འོས་བསྡུའི་ཐོག་ནས་བྱེད་ཀྱི་ཡོད། དེ་བཞིན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་ནང་ཁྲིམས་དང་སྒྲིག་གཞི་རྣམས་མང་མོས་ཐག་གཅོད་འོས་བསྡུའི་ཐོག་ཏུ་འགྲོ་བའི་ལམ་སྲོལ་ཞིག་ཡོད། རྒྱ་གར་ལྟ་བུ་ཡིན་ན་གྲོས་ཚོགས་ནས་ཐག་གཅོད་ཀྱི་ཡོད། རྒྱ་གར་རང་བཙན་བྱུང་ནས་ལོ་དྲུག་ཅུ་བརྒལ་ཡང་མང་མོས་ཐག་གཅོད་འོས་བསྡུ་བྱེད་རྒྱུའི་གོ་སྐབས་བྱུང་མེད། དེས་ན་སྐུ་ཚབ་ཀྱི་མང་གཙོ་དེ་མང་ཆེ་བ་རེད།

སྲིད་དོན་གྱི་ཤོག་ཁག་ཡོད་མེད་ཀྱི་ཐོག་ནས་ཡག་ཉེས་ཀྱི་སྐད་ཆ་མ་བཤད་པའི་སྔོན་དུ་སྲིད་དོན་གྱི་ཤོག་ཁག་ཅེས་པ་དེ་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་ཅེ་ན། ཐོག་མར་མང་གཙོའི་རིང་ལུགས་ནང་སྲིད་དོན་གྱི་ཤོག་ཁག་ཡོང་བའི་སྐབས་སུ་ལུང་པ་སོ་སོའི་སྤྱི་ཚོགས་ནང་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཐོག་ལ་ལས་དོན་བྱེད་ཕྱོགས་དང་། ལྟ་བ་འཁྱེར་ཕྱོགས་མི་འདྲ་བ་མང་པོ་ཞིག་ཡོང་གི་ཡོད། སྐབས་དེར་མཁས་པ་དེ་ཚོས་སོ་སོས་དགོངས་པ་བཞེས་པའི་ལྟ་གྲུབ་དེ་ཡིག་ཐོག་ཏུ་བཀོད་པ་དང་། དེ་ནི་ཆབ་སྲིད་ཀྱི་ཤོག་ཁག་གི་རྩ་བའི་གཞུང་ (Manifesto) ལྟ་བུ་ཆགས་ཀྱི་ཡོད། Manifesto ཞེས་པ་ནི་རྣམ་དཔྱོད་ཀྱི་སྤྲོས་པའམ་རྣམ་དཔྱོད་ཀྱི་འོད་ཟེར་ལྟ་བུ་རེད། དེ་ནི་ནང་གི་བསམ་བློར་ཡོད་པ་དེ་ཡིག་ཐོག་ཏུ་སླེབས་ནས་གཟུགས་སུ་གྲུབ་པ་དེ་ལ་བརྗོད། དེའི་ཐོག་ཏུ་ཕྱོགས་ཐམས་ཅད་ནས་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་ཡོད་མཁན་རྣམས་ཆབ་སྲིད་ཀྱི་ཤོག་ཁག་ཅིག་ཏུ་གྱུར།  དེ་ནས་ཆབ་སྲིད་ཀྱི་ཤོག་ཁག་དེའི་བསམ་བློ་གཏོང་སྟངས་དང་། ལས་ཀ་བྱེད་སྟངས། དམིགས་ཡུལ། ཐབས་ལམ་བཅས་གང་ཡིན་པ་ཡོངས་གྲགས་ཆགས་ཀྱི་ཡོད། དེར་བརྟེན་འོས་ཤོས་བསྡུ་བའི་སྐབས་སུ་མི་མང་གིས་གནས་ཚུལ་རྣམས་གསལ་པོ་ཤེས་རྟོགས་ཡོང་བ་མ་ཟད། ཁོང་ཚོའི་ངོས་ནས་ཀྱང་ཤོག་ཁག་སོ་སོའི་རྩ་བའི་རིག་པའི་གཞུང་ལུགས་ (Manifesto) དང་འགལ་བའི་ལས་ཀ་བྱེད་ཀྱི་མེད། དེ་ནི་གནའ་སྔ་མོའི་སྐད་ཆ་རེད།

དེང་སང་རྒྱ་གར་ནང་ཤོག་ཁག་སོ་སོའི་བསྒྲགས་གཏམ་རྩ་བ་ནས་མ་ཤེས་པའི་ཚོགས་མི་མང་པོ་རེད། དེ་ཚོའི་ཐོག་ཏུ་དོ་སྣང་ཙམ་ཡང་མེད། དེ་ཚོས་ཉིན་ཞིག་ཤོག་ཁག་བརྗེ་དགོས་ན་སྟོད་ཐུང་བརྗེ་བ་ལས་སླ་བ་རེད། དེ་ལྟ་བུའི་དཀའ་ངལ་བྱུང་ཙང་རཱཇཱིབ་གཱཾདྡྷཱིའི་ (Rajiv Gandhi) སྐབས་སུ་ཤོག་ཁག་བརྗེ་ལེན་འགོག་པའི་ཁྲིམས་གཞི་ཞིག་བཟོས་ཡོད། དེ་ནི་མི་མང་པོ་ཞིག་མཉམ་དུ་ཤོག་ཁག་བརྗེ་ན་ཐུབ་པ་མ་གཏོགས། ཉུང་ཉུང་ཞིག་གིས་མི་ཐུབ་པ་བཟོས་པ་རེད། དེ་ལྟ་བུའི་ཁྲིམས་ཡིག་བཟོས་ཀྱང་ད་དུང་གནས་ཚུལ་མུ་མཐུད་ཡོང་དང་ཡོང་བཞིན་པ་རེད། དེ་ཚོའི་ཐོག་ནས་ཆབ་སྲིད་ཀྱི་ཤོག་ཁག་མང་བའི་སྐྱོན་གནད་དེ་མཐོང་ཐུབ། དངོས་གནས་བྱས་ན་ཆབ་སྲིད་ཀྱི་ཤོག་ཁག་ཟེར་བ་དེ་ལྟ་གྲུབ་ཡོད་པ་དང་། ལངས་ཕྱོགས་ཡོད་པ། དེ་ལ་ཡིད་ཆེས་བློ་གཏད་ཡོད་པ་ཞིག་དགོས། འོན་ཀྱང་ཡ་མཚན་པ་ཞིག་ལ་དམར་ཤོག་ཚོགས་པའི་བསྒྲགས་གཏམ་ནང་ཁོང་ཚོ་ཚོགས་པ་གཅིག་གི་རིང་ལུགས་མ་གཏོགས། ཚོགས་པ་མང་པོའི་རིང་ལུགས་སུ་འགྲོ་ཐབས་མེད། ད་ལྟ་རྒྱ་ནག་བཞིན་དམར་ཤོག་ཤོག་ཁག་གིས་དབང་འཛིན་བྱེད་རྒྱུ་རེད། ཡིན་ནའང་རྒྱ་གར་སོགས་སུ་དམར་ཤོག་གི་ཤོག་ཁག་ཡོད་ཀྱང་ཤོག་ཁག་གཞན་བཞིན་འོས་ཤོག་ཁ་ཤས་ཐོབ་ན་འགལ་ཟླའི་ཚོགས་པའི་ནང་བསྡད་པ་དང་། དེ་བཞིན་མང་མོས་ཐོབ་ན་ཀེརལཱ་ (Kerala) དང་ནུབ་བངྒཱལ་ (West Bengal) བཞིན་གཞུང་འཛིན་ཚོགས་པའང་བྱས་པ་རེད། གང་ལྟར་ལས་ཀ་བྱེད་དུས་སྤྱི་ཡོངས་ཀྱི་མང་གཙོའི་རིང་ལུགས་ནང་བྱེད་པ་མ་གཏོགས། དམར་ཤོག་གི་ལྟ་བའི་ནང་བཤད་པ་བཞིན་ལས་ཀ་བྱེད་རྒྱུའི་གོ་སྐབས་མེད། དེ་ནི་སོ་སོ་གཞུང་འཛིན་ནང་སླེབས་རྒྱུའི་ཆེད་དུ་རང་གི་རྩ་བའི་ལྟ་གྲུབ་གློད་བཏང་བ་ལྟ་བུ་རེད།

མང་གཙོ་དང་གཅིག་སྡུད་དབང་འཛིན་གཉིས་ཀྱི་བར་ལ་གཞི་རིམ་གྱི་ཁྱད་པར་གང་ཡོད་པ་དེ་སྔོན་ལ་མཁྱེན་དགོས། གཅིག་སྡུད་དབང་འཛིན་དང་། རྒྱལ་པོའི་རིང་ལུགས། བཀས་བཀོད་བརྒྱུད་འཛིན། དམག་གི་ལམ་སྲོལ་སོགས་ཕྲན་བུ་མི་འདྲ་བ་མ་གཏོགས། དོན་དུ་གཅིག་པ་རེད། གཅིག་སྡུད་དབང་འཛིན་རིང་ལུགས་ཤེ་ན། ཁྲིམས་བཟོ་བའི་དབང་ཆ་དང་། ཁྲིམས་དོན་ལག་ལེན་དུ་བསྟར་བའི་འཛིན་སྐྱོང་གི་དབང་ཆ། ཁྲིམས་དང་འགལ་མིན་ཁྲིམས་གཅོད་ཀྱི་དབང་ཆ་གསུམ་པོ་གང་ཟག་གཅིག་ (One person) ལ་ཡོད་པའམ། ཡང་ན་སྒྲིག་འཛུགས་གཅིག་ (One institution) ལ་ཡོད་པ་དེ་ལ་ཟེར། མང་གཙོ་ཟེར་ན་མང་གཙོའི་མེད་དུ་མི་རུང་བའི་ཆ་ཤས་ནི་དབང་ཆ་བགོ་བཤའ་བྱེད་རྒྱུ་དང་། དེ་ཡང་ཕན་ཚུན་ལྗིད་མཉམ་བཏང་འཛིན་ཡོད་པ་ཞིག་ལ་ཟེར། དབང་ཆ་བགོ་བཤའ་བྱེད་རྒྱུའི་དབང་ཆ་གསུམ་པོ་ནི་ཁྲིམས་བཅའ་བའི་ཁྲིམས་བཟོའི་དབང་ཆ་དང་། ཁྲིམས་བཅས་པ་བཞིན་ལག་ལེན་དུ་བསྟར་ནས་འཛིན་སྐྱོང་བྱེད་པའི་འཛིན་སྐྱོང་གི་དབང་ཆ། ཁྲིམས་ལུགས་དང་མཐུན་མིན་རྩོད་པ་བྱུང་སྐབས་ཞུ་སའི་ཁྲིམས་ལུགས་དབང་འཛིན་བཅས་རེད། དེ་གསུམ་པོ་སྡེ་ཚན་ལོགས་སུ་ཕྱེ་བ་མ་ཟད། དེ་གསུམ་པོ་ཕན་ཚུན་གཅིག་འོག་ཏུ་གཅིག་མི་འདུ་བའམ་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་རྒྱུ་མེད། གལ་ཏེ་གཅིག་འོག་ཏུ་གཅིག་འདུ་ན་གཅིག་སྡུད་དབང་འཛིན་ཆགས་རྒྱུ་རེད། དེས་ན་སོ་སོར་རང་དབང་ཡོད་རུང་། གཅིག་གིས་ནོར་འཁྲུལ་བྱེད་ན་གཞན་དེས་ཡོ་བསྲང་བྱེད་པའི་ཐབས་ལམ་ཡོད་པ་རེད། འོན་ཀྱང་དེ་ཚོ་ནི་ཁ་ནས་བཤད་རྒྱུ་ཙམ་རེད་མ་གཏོགས། ཁྲིམས་བཟོ་དང་འཛིན་སྐྱོང་གཉིས་ཐད་ཀར་འབྲེལ་བ་ཡོད་ཙང་། དངོས་སུ་ལག་ལེན་དུ་བསྟར་སྐབས་འཛིན་སྐྱོང་དེ་ལྗིད་དུ་འགྲོ་རྒྱུ་རེད།

སྔོན་མ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་རྒྱག་བཞིན་པའི་སྐབས་སུ་རྒྱ་གར་ནང་ཛ་དྲག་གི་ཁྲིམས་གཞི་ (Emergency) ཟིན་ནས་ལོ་བཅུ་ལྷག་ཙམ་ལས་སོང་མེད། དེ་བཞིན་ང་ཚོའི་འདས་པའི་ཉམས་མྱོང་ལ་བལྟས་ནའང་ཁྲིམས་བཟོ་དང་འཛིན་སྐྱོང་གཉིས་དབང་ཚད་ཆ་མཉམ་དགོས་པ་དང་། ཁྲིམས་བཟོས་འཛིན་སྐྱོང་ཐོག་བཏང་འཛིན་ཆ་ཚང་བྱེད་ཐུབ་པ་ཞིག་དགོས་ཀྱི་འདུག་བསམས་ནས་བཅའ་ཁྲིམས་ཟིན་བྲིས་ནང་དེ་དག་ཡོང་རྒྱུའི་འབད་རྩོལ་བྱས་ཡོད། དེ་དུས་བནཱརཱས་ཧིནྡཱུའི་གཙུག་ལག་སློབ་ཁང་ (Benaras Hindu University) ནང་རྩ་ཁྲིམས་ཐོག་མཁས་དབང་སློབ་དཔོན་རཱབ་ (Prof. Rao) དམ་པ་དེ་ལ་ང་ཚོའི་བཅའ་ཁྲིམས་ནང་དེ་ལྟ་བུ་ཞིག་དགོས་ཀྱི་འདུག གང་བྱེད་དགོས་ཀྱི་ཡོད་དམ་ཞེས་ཞུས་པར། ཁོང་གིས་དེ་ནི་ཡོང་ཐབས་མེད་ཅིང་། ག་ཚོད་བཟོས་ཀྱང་དངོས་སུ་ལག་བསྟར་སྐབས་འཇིན་སྐྱོང་དེ་རིམ་པས་ལྗིད་ཁོག་ཚ་རུ་འགྲོ་རྒྱུ་རེད། དཔེར་ན་སྡེར་མ་ཞིག་གི་ནང་རྡོ་ལུམ་མ་ (Brinjal) བཞག་ན་ཚལ་དེ་རིལ་རིལ་ཡིན་ཙང་ག་ལེར་ཕྱོགས་གཅིག་ལ་ཡོ་བ་རེད། དེས་ན་ཁྲིམས་བཟོ་ལྷན་ཚོགས་ཀྱི་རྣམ་དཔྱོད་དང་ཚོར་སྣང་རྐྱེན་པོས་བལྟས་ནས་བསྡད་མ་ཐུབ་ན་བཅའ་ཁྲིམས་ནང་ཇི་ཙམ་བཟོས་ཀྱང་འཛིན་སྐྱོང་ལ་དེའི་འོག་ནས་ལམ་ཞིག་རག་གི་རེད་ཅེས་གསུངས་སོང་། སྐབས་དེར་ངས་དེ་འདྲ་ཨེ་ཡིན་བསམ་པ་བྱུང་། འོན་ཀྱང་རྗེས་སུ་ངས་གྲོས་ཚོགས་དང་འཛིན་སྐྱོང་ནང་ལས་ཀ་བྱེད་པའི་སྐབས་སུ་ཁོང་གིས་གསུངས་པ་དེ་བདེན་པ་རེད་འདུག ང་ཚོའི་གྲོས་ཚོགས་ལྟ་བུ་ཡིན་ན་ལོ་རེར་ཐེངས་གཉིས་རེེར་འཛོམས་སྐབས་ལས་དོན་མང་པོ་ཡོད་པར་བརྟེན། བཏང་འཛིན་ལྗིད་མཉམ་ཡོང་རྒྱུ་དེ་ཧ་ཅང་ཁག་པོ་རེད་འདུག འོན་ཀྱང་གལ་ཏེ་འདུན་པ་ཡོད་ན་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་སྒྲོམ་གཞིའི་ནང་བལྟས་ན་དངོས་གནས་དབང་ཚད་ཆ་བགོས་དང་བཏང་འཛིན་ལྗིད་མཉམ་ཡོང་བའི་ནུས་པ་ཡོད། དེས་ན་ཁྲིམས་བཟོ་དང་། འཛིན་སྐྱོང་། ཁྲིམས་ལུགས་བཅས་ཀྱི་དབང་ཚད་ཆ་བགོས་ཏག་ཏག་ཡོད་པ་དང་། དེ་གསུམ་ལྗིད་མཉམ་དང་ཕན་ཚུན་བཏང་འཛིན་བྱེད་རྒྱུ་ཡོད་པ་བཅས་ནི་མང་གཙོའི་རིང་ལུགས་ཀྱི་འདོར་དུ་མི་རུང་བའི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་ལྟ་བུ་གཅིག་རེད། དེས་ན་སྲིད་དོན་གྱི་ཤོག་ཁག་མང་པོ་ཡོད་མེད་ཐོག་དགོངས་པ་བཞེས་སྐབས་དཔྱད་གཞིའི་ནང་དབང་ཚད་ཆ་བགོས་ཀྱི་ལྟ་གྲུབ་དེ་དང་། དེ་ནས་ཕེ་རེན་ཅ་གསར་བརྗེ་ (French Revolution) ནས་བྱུང་བའི་མང་གཙོའི་རིང་ལུགས་ཀྱི་དགོས་དམིགས་གསུམ་པོ་རང་དབང་ (Liberty) དང་། འདྲ་མཉམ། (Equality) སྤུན་ཟླའི་འདུ་ཤེས་ (Fraternity) བཅས་དང་། དེ་རྗེས་རྒྱ་གར་གྱི་རྩ་ཁྲིམས་བཟོ་སྐབས་དེ་གསུམ་གྱི་ཐོག་ཏུ་དྲང་བདེན་ (Justice) བཅས་བཞི་པོ་ཐུགས་ལ་འཇོག་དགོས།

ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོ་རིང་ལུགས་ཡོངས་སུ་རྫོགས་པ་དེ་རགས་ཙམ་ཕྱེ་ན། སྲིད་འཛིན་རིང་ལུགས་དང་གྲོས་ཚོགས་རིང་ལུགས་བཅས་གཉིས་རེད། སྲིད་འཛིན་རིང་ལུགས་ནི་ཨ་རིའི་ནང་ཡོད་པ་ལྟ་བུ་ཡིན་ཞིང་། འཛིན་སྐྱོང་གི་མགོ་ཁྲིད་སྲིད་འཛིན་དང་། གྲོས་ཚོགས་གོང་འོག་གཉིས་པོའི་འཐུས་མི་བཅས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་ལས། གྲོས་ཚོགས་ནང་ཚོགས་མི་མང་བའི་ཚོགས་པ་དེས་འཛིན་སྐྱོང་གི་མགོ་ཁྲིད་འདེམས་ཀྱི་མེད། ང་ཚོའི་བཙན་བྱོལ་བོད་མིའི་མང་གཙོའི་རིང་ལུགས་དེ་ཨ་རི་དང་ཐག་ཉེ་བ་རེད། དེ་ཡང་སྲིད་སྐྱོང་དང་གྲོས་ཚོགས་འཐུས་མི་གཉིས་ཀ་ཐད་ཀར་འོས་འདེམས་ཐོག་ནས་ཡོང་བ་དང་།  སྲིད་སྐྱོང་གིས་གྲོས་ཚོགས་དང་མི་མང་ལ་འགན་ཁུར་ལན་འདེབས་ཞུ་དགོས་པའི་ཆ་ནས་བཀའ་ཤག་འདེམས་སྒྲུག་དེ་ཐད་ཀར་མི་དགོས་པར་སྲིད་སྐྱོང་གིས་གྲོས་ཚོགས་ལ་འོས་གཞི་བཏོན་པའི་ཐོག་ནས་ཕེབས་པ་རེད། རྒྱ་གར་ལྟ་བུ་ནི་གྲོས་ཚོགས་རིང་ལུགས་རེད། དེ་ཡང་གྲོས་ཚོགས་འོག་མའི་ནང་ཆབ་སྲིད་ཤོག་ཁག་སུ་ལ་ཚད་གཞི་ངེས་ཅན་གྱི་འོས་ཤོག་མང་ཤོས་ཐོབ་པ་དེས་གཞུང་བཟུང་བ་དང་། གཞུང་འཛིན་ཤོག་ཁག་དེས་གཞུང་གི་མགོ་འཛིན་སྲིད་བློན་དེ་ཁོང་རང་ཚོས་འདེམས་པ་རེད། དེ་ནི་གྲོས་ཚོགས་ལ་ཇུས་གཏོགས་གང་ཡང་མེད། ཡིན་ནའང་སྲིད་བློན་བྱེད་མཁན་གྱི་མི་དེ་གྲོས་ཚོགས་གོང་འོག་གང་རུང་གི་འཐུས་མི་ངེས་པར་དུ་ཡིན་དགོས། གལ་ཏེ་གྲོས་ཚོགས་གོང་འོག་གི་འཐུས་མི་མ་ཡིན་པ་ཞིག་སྲིད་བློན་ལ་འདེམས་ན་ཟླ་བ་དྲུག་གི་ནང་ཚུད་གྲོས་ཚོགས་གོང་འོག་གང་རུང་གི་འཐུས་མིར་འདེམས་ཐོན་ཐུབ་དགོས། བློན་ཆེན་སུ་ལ་བསྐོ་མིན་སྲིད་བློན་གྱི་དམིགས་བསལ་གྱི་ཐོབ་ཐང་ (Prerogative) ཡིན་པར་བརྟེན། གྲོས་ཚོགས་ལ་འདྲི་དགོས་པའང་མེད། འོན་ཀྱང་བར་ལམ་བློན་ཆེན་མང་དྲགས་ནས་ལོ་ཤས་སྔོན་སྒྲིག་གཞི་ཞིག་བཟོས་ཏེ་་དེའི་ནང་དབུས་དང་མངའ་སྡེ་གང་དུའང་གྲོས་ཚོགས་སུ་ཡོད་པའི་དབང་འཛིན་གྱི་ཆབ་སྲིད་ཤོག་ཁག་དེས་ཚོགས་མི་ཇི་ཙམ་ཡོད་པ་དེའི་བརྒྱ་ཆ་ཞིག་བགོས་ཏེ་དེ་ལས་མང་བ་བློན་ཆེན་དུ་བསྐོ་མི་ཆོག་པ་བཟོས་ཡོད། བློན་ཆེན་རྣམས་ཀྱང་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་ཞིག་དགོས་ཤིང་། གལ་ཏེ་མིན་པ་ཞིག་བློན་ཆེན་དུ་བསྐོས་ན་ཟླ་དྲུག་ནང་གྲོས་ཚོགས་འཐུས་མིར་འདེམས་ཐོན་ཐུབ་དགོས།

རྒྱ་གར་ལ་མཚོན་ན་ད་ལྟ་གོང་དུ་ཞུས་པ་བཞིན་གྲོས་ཚོགས་ལམ་ལུགས་ཡིན་པ་དང་། འཛིན་སྐྱོང་དེ་གྲོས་ཚོགས་ནང་ནས་སླེབས་ཤིང་། དེས་གང་ཆགས་ཀྱི་ཡོད་ཅེ་ན། གྲོས་ཚོགས་ནང་གཞུང་འཛིན་ཤོག་ཁག་གི་ཚོགས་མི་རང་བཞིན་གྱིས་གྲངས་ཀ་མང་བ་ཡོད་ཙང་། ཁྲིམས་བཟོ་དང་འཛིན་སྐྱོང་གཉིས་གཅིག་རྒྱབ་གཅིག་ལངས་ལྟ་བུ་ཆགས་ཀྱི་ཡོད། དབང་ཚད་བགོ་བཤའ་རྒྱག་པའི་ལྟ་གྲུབ་དེ་ཏག་ཏག་བསྡད་ཀྱི་མེད། དཔེར་ན་རྒྱ་གར་དུ་ད་ལྟ་བི་ཇེ་པིས་ (BJP) འཛིན་སྐྱོང་བྱེད་ཀྱི་ཡོད། གྲོས་ཚོགས་སུ་བི་ཇེ་པིའི་འཐུས་མི་མང་ཤོས་རེད། གྲོས་ཚོགས་འོག་མའི་ནང་ཁྲིམས་དང་སྒྲིག་གཞི་སོགས་ཐག་གཅོད་ཇི་འདྲ་ཞིག་བྱེད་ཀྱང་འཛིན་སྐྱོང་གིས་གང་བཤད་པ་དེ་གྲོས་ཚོགས་ཀྱིས་བྱེད་ཤག་རེད། དེ་བཞིན་འཛིན་སྐྱོང་གིས་མ་འགྲིགས་པ་བྱུང་ནས་གྲོས་ཚོགས་ཀྱིས་བཏང་འཛིན་བྱེད་དགོས་པ་ཞིག་ཡིན་རུང་། བཏང་འཛིན་བྱེད་ས་དང་བྱེད་མཁན་གཉིས་ཀ་ཤོག་ཁག་གཅིག་ནས་ཡིན་པར་བརྟེན། བཏང་འཛིན་དང་ལྗིད་མཉམ་ (Check and balance) ཞེས་པ་དེ་ཧ་ལམ་མེད་པ་ཆགས་ཉེན་ཡོད། དེར་བརྟེན་གྲོས་ཚོགས་རིང་ལུགས་ནང་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པ་དེས་ལྟ་གྲུབ་ཀྱི་ཆ་ནས་སྐྱོན་ཆེ་ཤོས་ཤིག་ཆགས་ཀྱི་ཡོད།

ཁྲིམས་ལུགས་དབང་འཛིན་ (Judiciary) ནི་རང་བཞིན་གྱིས་རང་དབང་ལྡན་པ་ཞིག་དགོས་ཤིང་། དཔེར་ན་རྒྱ་གར་ལྟ་བུ་ཡིན་ན་རང་དབང་ཡོད་པའི་བཟོ་ཞིག་རེད། ཡིན་ནའང་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་དཔོན་ནས་བཟུང་ཁྲིམས་དཔོན་ཚང་མ་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་བསྐོ་དགོས་ཀྱང་། དེའི་སྐོ་ཕྱོགས་ལ་འཛིན་སྐྱོང་གི་ཐེ་ཇུས་ཆེན་པོ་ཡོད། ད་ལྟའང་འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་དབར་ཁྲིམས་དཔོན་སྐོ་ཕྱོགས་ཀྱི་ལམ་སྲོལ་ཐོག་རྙོག་གླེང་ཞིག་མུ་མཐུད་ཡོད་མུས་རེད།

སྲིད་འཛིན་རིང་ལུགས་ཅན་དཔེར་ན་ཨ་རི་ལྟ་བུར་མཚོན་ནའང་། གལ་ཏེ་གྲོས་ཚོགས་ནང་ཤོག་ཁག་ཅིག་གི་འཐུས་མི་མང་བ་ཡོད་པ་དང་། སྲིད་འཛིན་དེ་ཤོག་ཁག་གཞན་དེ་ནས་སླེབས་ན། ག་དུས་ཡིན་ནའང་གྲོས་ཚོགས་དང་འཛིན་སྐྱོང་དབར་འགལ་ཟླ་དང་འཐེན་འཁྱེར་ཡོད་ཡོད་རེད། དེ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་དང་འཛིན་སྐྱོང་གི་ལས་དོན་ཚང་མའི་ཐོག་དོ་ཕོག་འགྲོ་བ་རེད། ལྷག་པར་དུ་ཨ་རིའི་སྲིད་འཛིན་ལྟ་བུར་ཆོད་སློག་གི་དབང་ཚད་ (Veto power) ཡོད་ཅིང་། གྲོས་ཚོགས་ནས་ཁྲིམས་གཞི་ཞིག་གཏན་འཁེལ་ནས་སྲིད་འཛིན་ལ་ཆོག་མཆན་ཆེད་གཏོང་སྐབས་གྲོས་ཚོགས་ལ་ཕྱིར་སློག་གི་དབང་ཚད་དེ་ཡོད། དེར་བརྟེན་དབང་ཚད་ཆ་བགོས་ཀྱི་ལྟ་གྲུབ་དེའི་ཐོག་ནས་བལྟས་ན་ཆ་བགོས་ཆ་ཚང་མ་བྱུང་བ་ལྟ་བུ་ཡོད། དེ་ཡང་ཆོད་སློག་བྱེད་རྒྱུའི་དབང་ཆ་དེ་དང་། ཁྲིམས་ལུགས་གཏན་ལ་ཕབ་པའི་དབང་ཆ་གཉིས་པོ་སོ་སོར་ཡོད་ཀྱང་། འཛིན་སྐྱོང་ལ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་དོན་ལ་ཐེངས་གཅིག་ཕྱིར་སློག་བྱེད་པའི་དབང་ཚད་ཡོད་པ་དེས་དབང་ཚད་ཆ་བགོས་ཀྱི་ལྟ་གྲུབ་དེ་ཏག་ཏག་མ་བསྡད་པ་ལྟ་བུ་ཞིག་ཡོད། དེར་བརྟེན་གཞི་རིམ་གྱི་ལྟ་གྲུབ་དབང་ཚད་ཆ་བགོས་དང་ལྗིད་མཉམ་བཏང་འཛིན་དེ་དག་ཆབ་སྲིད་ཀྱི་ཤོག་ཁག་མེད་ན་ལས་སླ་པོས་ཡོང་ཐུབ་ཀྱང་། ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་ན་དེ་ཡོང་ཁག་པོ་རེད།

ད་གིན་ཞུས་པའི་མང་གཙོའི་རིང་ལུགས་ཀྱི་དགོས་དམིགས་བཞི་པོ་དེ་དག་ཐོག་བསམ་བློ་གཏོང་ན། དེ་དག་ཐོག་ཆབ་སྲིད་ཀྱི་ཤོག་ཁག་གིས་གནོད་བསྐྱལ་རྒྱུ་མ་གཏོགས། ཕན་ཐོགས་རྒྱུ་གཅིག་ཀྱང་མེད། དང་པོ་རང་དབང་ (Liberty) ལྟ་བུར་མཚོན་ན། ཆབ་སྲིད་ཀྱི་ཤོག་ཁག་ཅིག་ལ་གྲོས་ཚོགས་ནང་འཐུས་མི་ ༢༠༠ ཡོད་ན་དེ་ལྟ་བུའི་གྲོས་ཚོགས་འཐུས་མི་ ༢༠༠ ལ་བསམ་ཚུལ་ ༢༠༠ ཡོད་སྲིད་པ་རེད། ཡིན་ནའང་གྲོས་ཚོགས་སུ་འོས་ཤོག་བླུག་སྐབས་རང་གི་བསམ་བློ་ལ་རང་དབང་གང་ཡང་མེད་ཅིང་། ཆབ་སྲིད་ཀྱིི་ཤོག་ཁག་གིས་གང་དུ་བླུགས་ཞེས་བརྗོད་པ་དེ་ལ་བླུག་དགོས་ངེས། དེའི་ཐ་སྙད་དེའང་རྟ་ལྕག་ (Whip) ཞེས་མིང་ངན་པ་ཞིག་ཡོད། གལ་ཏེ་ཧ་ཅང་གལ་ཆེན་པོ་ཡིན་ན་ཡིག་ཕྲེང་གཉིས་ཡོད་པའི་རྟ་ལྕག་བཏང་ཡོད་ (Whip issued) ཅེས་བཤད་སྲོལ་ཡོད། གྲོས་ཚོགས་ནང་ཤོག་ཁག་དེའི་མགོ་ཁྲིད་ཀྱིས་རྟ་ལྕག་གཏོང་སྐབས་ནད་པ་ཡིན་ནའང་ནད་དགོངས་ཞུ་ས་མེད་པར་གྲོས་ཚོགས་སུ་འགྲོ་དགོས་ཀྱི་ཡོད། དཔེར་ན་ནུབ་བངྒཱལ་ (West Bengal) དང་བིཧཱར་ (Bihar) ནང་སྐབས་རེ་འོས་ཤོག་བླུག་ཁར་གྲོས་ཚོགས་ཀྱི་འཐུས་མི་ནད་པ་དེ་འདྲ་སྨན་ཁང་ནང་ནས་ཉལ་ཁྲིའི་ཐོག་འཁྱེར་ཡོང་བ་བྱུང་ཡོད། དེ་ཚོ་ནི་སྒེར་ལ་རང་དབང་མེད་པའི་རྟགས་རེད། ཡང་སྐབས་རེ་སྒེར་ལ་རང་དབང་མེད་ནའང་རང་དབང་དགོས་པའི་དགོས་མཁོ་བྱུང་ན། རྟ་ལྕག་མ་བཏང་བར་ཁྱེད་རང་ཚོའི་རྣམ་དཔྱོད་ཀྱིས་འོས་ཤོག་ (Vote of conscience) གང་དུའང་བླུག་ན་འགྲིགས་ཀྱི་རེད་ཅེས་བརྗོད་པའི་སྐབས་ཀྱང་བྱུང་ཡོད། གང་ལྟར་རང་དབང་ཡོད་པའམ་རང་དབང་མེད་པ་ལྟ་བུ་ཞིག་ཡོད།

གཉིས་པ་འདྲ་མཉམ་ (Equality) མེད་པ་ནི་དེ་བས་ཀྱང་གསལ་པོ་རེད། དབང་འཛིན་གྱི་ཤོག་ཁག་ནང་ཡོད་པའི་མི་གཅིག་གི་འོས་ཤོག་དེ་མཐའ་མའི་ཐག་གཅོད་དོན་དུ་ཕན་ཐོགས་ཡོད་པ་ཞིག་དང་། འགལ་ཟླའི་ཤོག་ཁག་ནང་ཡོད་པའི་མི་དེ་ཚོའི་འོས་ཤོག་རྣམས་བླུགས་པ་ཙམ་ལས་ཕན་གནོད་གང་ཡང་མི་འདྲེས་པ་རེད། གནས་ཚུལ་བཟང་པོ་དང་ཡག་པོ་ག་ཚོད་ཡོད་རུང་དབང་འཛིན་ཤོག་ཁག་དང་འགལ་ཟླའི་ཤོག་ཁག་གཉིས་ཀྱི་མི་གཉིས་ཀྱི་སྐད་ཆ་ལ་ཆ་བཞག་ནའང་རེད། འོས་ཤོག་ལ་ཆ་བཞག་ནའང་རེད། བསམ་ཚུལ་ལ་ཆ་བཞག་ནའང་རེད། ཐ་ན་སོ་སོའི་ཡོང་ཁུངས་ཀྱི་ས་གནས་སུ་ལས་ཀ་བྱེད་པའི་སྐབས་སུ་ནུས་པ་ཆེ་ཆུང་རྦད་དེ་མི་འདྲ་བ་རེད། དཔེར་ན་འགལ་ཟླའི་ཤོག་ཁག་གི་འཐུས་མི་ཞིག་སོ་སོའི་ས་གནས་ཀྱི་རྫོང་དཔོན་སོགས་ལ་སྐད་ཆ་བཤད་སྐབས་ནུས་པ་གང་ཡང་མེད། ཡིན་ནའང་གཞུང་འཛིན་ཤོག་ཁག་གི་འཐུས་མི་ཞིག་ཡིན་ན་ཧ་ལམ་བཀའ་བཏང་ནས་བྱེད་ཆོག་ཅིག་ཡོད་རེད།

གསུམ་པ་སྤུན་ཟླའི་འདུ་ཤེས་ (Fraternity) མེད་པ་ནི་ཐོག་མར་ཤོག་ཁག་བཟོ་དུས་ནས་ཕན་ཚུན་འགྲན་བསྡུར་གྱི་ཁ་གཏད་དུ་བཟོས་པ་ཞིག་རེད། ལྟ་གྲུབ་མི་མཐུན་པའི་ཤོག་ཁག་སོ་སོར་བྱེད་དུས་ཤོག་ཁག་ཕན་ཚུན་སྤུན་ཟླའི་འདུ་ཤེས་ཡོང་ཐབས་མེད་པ་ལྟ་བུ་རེད། སྐབས་རེ་དགོས་མཁོ་བྱུང་སྐབས་ཤོག་ཁག་གཉིས་གསུམ་མཉམ་རུབ་ཀྱིས་གཞུང་ཟིན་པའི་སྐབས་ཀྱང་ཡོང་གི་ཡོད་པ་རེད། དེ་ལྟ་བུ་ཡོ་རོབ་ཀྱི་ལུང་པ་མང་པོ་དང་རྒྱ་གར་ནང་བྱུང་མྱོང་ཡོད། དེ་ཚོ་ལ་མཉམ་མཐུན་གྱི་གཞུང་ཞེས་བརྗོད་ཀྱི་མེད། དེ་ལ་ Coalition གཞུང་ཞེས་ལྷུ་འགྲིག་པོ་མེད་ཀྱང་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་རུག་རུག་བཟོས་ཏེ་ཕན་ཚུན་དབར་ལས་འཆར་ཉུང་ཤོས་ཀྱི་མོས་མཐུན་ཐོག་གཞུང་བསྐྱངས་ཀྱང་། ཡུན་རིང་གནས་མི་ཐུབ་པར་དུས་ཡུན་ཕྲན་བུ་རྗེས་ཁ་གྱེས་པ་སོགས་མཐོང་དང་མཐོང་མུས་རེད། དེར་བརྟེན་མཐུན་འབྲེལ་ལའང་ཤོག་ཁག་མང་པོ་ཡོད་པ་དེས་གནོད་ཀྱི་ཡོད་པ་བཤད་མ་དགོས།

དེ་དང་ཆབས་ཅིག་ཏུ་སྲིད་དོན་གྱི་ཤོག་ཁག་གི་ངོས་ནས་ཡོང་བའི་མི་དེ་གྲོས་ཚོགས་སུ་སླེབས་པའི་རྗེས་སུའང་ཁོ་རང་གི་འདུ་ཤེས་དང་། ཁོང་ལ་འོས་ཤོག་བླུག་མཁན་གྱི་མི་མང་གི་འདུ་ཤེས་ནང་ཤོག་ཁག་དེའི་སྐུ་ཚབ་ཡིན་བསམ་པ་མ་གཏོགས་མང་ཚོགས་ཀྱི་སྐུ་ཚབ་ཡིན་བསམ་པ་མེད། དངོས་གནས་བྱས་ན་འོས་བསྡུ་བྱེད་པའི་སྐབས་སུ་ས་ཁུལ་སོ་སོ་ནས་ཡོང་རུང་། གྲོས་ཚོགས་སུ་སླེབས་པའི་རྗེས་སུ་རྒྱལ་ཡོངས་མི་མང་ཆ་ཚང་གི་སྐུ་ཚབ་མཚོན་པ་ཞིག་དགོས་ཀྱི་ཡོད་ཀྱང་། དེ་ཡོང་གི་མེད།

དེ་ལས་གནས་ཚུལ་ཛ་དྲག་པ་དང་ཐབས་སྐྱོ་བ་ཞིག་གང་ཡོད་ཅེ་ན། སྲིད་དོན་གྱི་ཤོག་ཁག་མང་པོ་ཡོད་པ་དེ་ཚོ་འོས་ཤོག་གི་འགྲན་བསྡུར་གྱི་ཐོག་ནས་གྲོས་ཚོགས་སུ་སླེབས་པའི་རྗེས་སུ་གཞུང་འཛིན་གྱི་ཤོག་ཁག་དེ་ལ་ཁྱོན་ཡོངས་ཀྱི་མང་མོས་ཡོད་པའི་ངེས་པ་གང་ཡང་མེད། གང་ལགས་ཤེ་ན། འོས་ཤོག་བསྡུ་བའི་སྐབས་ཞབས་སྟེགས་རེ་རེ་ལ་སྲིད་དོན་གྱི་ཤོག་ཁག་ལྔ་དྲུག་གི་འོས་མི་སླེབས་པར་བརྟེན། འོས་ཤོག་རྣམས་ཁ་ཐོར་ནས་དེའི་ནང་མང་ཤོས་དེ་ཐོབ་པ་རེད། དེ་ལྟ་བུ་མང་ཤོས་གཅིག་འཐོབ་མཁན་གྱི་འོས་ཤོག་གི་གྲངས་ཀ་དང་། མི་འཐོབ་མཁན་རྣམས་ཀྱི་འོས་ཤོག་གི་གྲངས་ཀ་གཉིས་བསྡུས་ནས་བསྡུར་ན། མི་འཐོབ་མཁན་རྣམས་ལ་ཐོར་བའི་འོས་ཤོག་གི་གྲངས་ཀ་དེ་མང་བ་རེད། དཔེར་ན་རྒྱ་གར་གྱི་གནས་སྟངས་ལ་བལྟས་ན་འཐོབ་མཁན་དེ་ལ་སྤྱི་ཡོངས་འོས་ཤོག་གི་བརྒྱ་ཆ་སུམ་ཅུ་ཙམ་ལས་སླེབས་ཀྱི་མེད། དངོས་གནས་བྱས་ན་སྤྱི་ཡོངས་ཀྱི་འོས་ཤོག་གི་བརྒྱ་ཆ་ལྔ་བཅུ་ང་གཅིག་ལས་བརྒལ་བ་ཐོབ་ན་གཞུང་འཛིན་དེ་རྒྱལ་ཁབ་ཀྱི་མང་མོས་ཀྱི་ཐོག་ནས་བདམས་པ་ཞིག་རེད་ཅེས་བརྗོད་ཆོག དེ་ལྟར་སྲིད་དོན་གྱི་ཤོག་ཁག་མང་པོར་གྱེས་པར་བརྟེན། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འོས་ཤོག་སྡུད་མཁན་གྱི་མང་མོས་དེ་གཞུང་འཛིན་ཚོགས་པ་ལ་ཐོབ་པའི་ངེས་པ་ཁྱོན་ནས་མེད། དེས་ན་གླེང་གཞི་དེ་ནི་ཡང་ཡང་སླེབས་རྒྱུ་ཞིག་རེད། དེས་ན་སྤྱིར་བཏང་སྐུ་ཚབ་མཚོན་པའི་གཞུང་ཞིག་ཡིན་པ་ལ་ངེས་པའི་དོན་དུ་གཞི་རིམ་མང་ཚོགས་འོས་ཤོག་བླུག་མཁན་གྱི་མང་མོས་དེ་གཞུང་འཛིན་ཤོག་ཁག་དེ་ལ་མེད་པ་ཞིག་རེད། དེ་དག་ནི་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་ཀྱི་སྐྱོན་གནད་ཆེ་ཤོས་གྲས་རེད།

རྒྱ་གར་ལྟ་བུར་མཚོན་ན། ད་དུང་སྐྱོན་གནད་གཞན་ཞིག་གང་ཡོད་ཅེ་ན། རྒྱ་གར་རང་བཙན་རྩོད་ལེན་བྱེད་པའི་སྐབས་དང་། ལྷག་པར་དུ་རང་བཙན་བྱུང་བའི་རྗེས་སུ་རྩ་ཁྲིམས་གཏན་ལ་ཕབ་པ་སོགས་ཚང་མའི་སྐབས་སུ་རྒྱ་གར་ནང་གི་ལམ་སྲོལ་ངན་པ་མང་པོ་མེད་པ་བཟོ་ཐབས་མང་པོ་བྱས་པ་རེད། དཔེར་ན། རིགས་རུས་ཀྱི་དབྱེ་བ་ཕྱེ་བ་དང་། རེག་ཏུ་མི་རུང་བའི་རིགས་སུ་བརྩི་བ་ (Untouchability) སོགས་ཁྲིམས་ཐོག་ནས་ཧ་ཅང་བཀག་སྟེ་ད་ལྟ་སྐད་ཆ་དེ་ཡོང་མི་དགོས་པ་ཞིག་རེད། དེ་དང་ཕྱོགས་མཚུངས་སྐད་ཡིག་ཀྱང་མངའ་སྡེ་སོ་སོའི་སྐད་ཡིག་འདྲ་མཉམ་དུ་སྤྱོད་རྒྱུ། དཔེར་ན་རྒྱ་གར་གྱི་དངུལ་ལོར་ཐོག་མངའ་སྡེ་སོ་སོའི་སྐད་ཡིག་ཚང་མ་འདྲ་མཉམ་གྱིས་བེད་སྤྱོད་བྱས་ཡོད། དེ་དག་ནི་ཆ་ཚང་གཅིག་གྱུར་བྱེད་རྒྱུའི་དམིགས་ཡུལ་རེད། འོན་ཀྱང་ད་ལྟ་རྒྱ་གར་རང་བཙན་བྱུང་ནས་ལོ་བདུན་ཅུར་ཉེ་བའི་སྐབས་སུའང་རིགས་ཀྱི་བསམ་ཚུལ་དང་། ས་ཁུལ་གྱི་བསམ་ཚུལ། སྐད་ཡིག་གི་བསམ་ཚུལ། ཆོས་ལུགས་ཀྱི་བསམ་ཚུལ་བཅས་ཀྱི་ཐོག་ནས་མི་མང་དབར་མཐུན་འབྲེལ་མེད་པ་དེ་གང་གི་ཐོག་ནས་བྱུང་བ་རེད་ཅེ་ན། ཆབ་སྲིད་ཀྱི་ཤོག་ཁག་དེ་ཚོའི་འབད་རྩོལ་ལ་བརྟེན་ནས་བྱུང་བ་ཞིག་རེད། དཔེར་ན་བཧུཇན་སམཱཇ་ཤོག་ཁག་ (Bahujan Samaj Party) ལྟ་བུ་རིགས་དམན་པ་རྣམས་རུག་རུག་ཡོད་པ་ལྟ་བུ་དང་། དེ་བཞིན་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁ་ཤས་ནང་ས་ཁུལ་ (Regionalism) དང་སྐད་ཡིག་གི་ཐོག་ནས་ཤོག་ཁག་ཟུར་དུ་ཕྱེ་བ། དཔེར་ན་ཧིནྡཱི་ལ་མི་དགའ་མཁན་རྣམས་རུག་རུག་གིས་ཤོག་ཁག་བཟོས་པ་ལྟ་བུ། གང་ལྟར་རིགས་ཀྱི་དབྱེ་བ་དང་། སྐད་ཡིག་གི་དབྱེ་བ། ས་ཁུལ་གྱི་དབྱེ་བ། ཆོས་ལུགས་ཀྱི་འཐེན་འཁྱེར་རྣམས་དེ་སྔ་ལས་གསལ་དུ་ཕྱིན་ནས་ད་དུང་མངོན་གསལ་དོད་པོར་བསྡད་པ་དེ་དག་ཉམས་ནས་གཅིག་གྱུར་ཆགས་ན་ཆབ་སྲིད་ཀྱི་ཤོག་ཁག་སོ་སོའི་འོས་ཤོག་གི་མཛོད་ཁང་ (Vote bank) དེ་བརླགས་འགྲོ་བ་རེད། དེས་ན་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་ཉེར་ལེན་ལ་བརྟེན་ནས་དེའི་འདུ་ཤེས་དེ་བརྟན་པོ་བསྡད་ཐུབ་པ་མ་ཟད། རྒྱ་གར་གྱི་རྩ་ཁྲིམས་དང་ཁྲིམས་ཡིག་ནང་རྩ་མེད་བཟོས་ཟིན་པའི་གནས་ཚུལ་ངན་པ་རྣམས་ད་ལྟའང་གནས་བཞིན་པ་རེད། གང་ལྟར་བགོ་བཤའ་ཤ་སྟག་བརྒྱབས་པ་དང་། དེ་བཞིན་བགོ་བཤའ་ཐེབས་པ་རྣམས་བསྐྱར་དུ་མཐུན་ལམ་མི་ཡོང་བ་དེ་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པ་ལ་བརྟེན་ནས་ཡོང་གི་ཡོད།

མཐར་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་ཉེར་ལེན་ལ་བརྟེན་ནས་གནས་ཚུལ་ངན་ཤོས་ཤིག་གང་ཡོང་གི་ཡོད་ཅེ་ན། རྒྱལ་ཁབ་སོ་སོའི་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཚབས་ཆེ་ཤོས་དེ་ཆབ་སྲིད་ཀྱི་ཤོག་ཁག་སོ་སོའི་དགོས་དངུལ་གྱི་མིང་ཐོག་ནས་ཡོང་མུས་རེད། རྒྱ་གར་རང་བཙན་བྱུང་ནས་རྒྱུན་རིང་མ་སོང་བར་ཀྲྀཥྞ་མེནོན་ (Krishna Menon) རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཡིན་པའི་སྐབས་སུ་ཨིན་ཡུལ་ (England) ནས་ཇིཔ་འཁོར་ (Jeep) མང་པོ་ཞིག་ཉོ་སྐབས་ལྐོག་ཟ་རུང་སུངས་ཀྱི་གནས་ཚུལ་དང་། དེ་ནས་ཉེ་ཆར་བོ་ཕོར་སི་མེ་སྒྱོགས་ (Bofors Gun) དང་ཐད་འཕུར་གནམ་གྲུ་ (Helicopter) ཉོ་སྐབས་སུ་བྱུང་བའི་ལྐོག་ཟ་རུང་སུངས་ཀྱི་གནས་ཚུལ་ཚབས་ཆེ་རྣམས་ཆབ་སྲིད་དབང་འཛིན་པ་སྒེར་ཟག་བྱེ་བྲག་པས་བཟས་པ་རེད་ཅེས་བརྗོད་ཀྱི་ཡོད་ཀྱང་། ཕྱིའི་རྣམ་འགྱུར་ནི་ཤོག་ཁག་གི་དགོས་དངུལ་ (Party Fund) ནང་འགྲོ་གི་ཡོད་ཚུལ་བསྟན་གྱི་ཡོད། དཔེར་ན་བོ་ཕོར་སི་མེ་སྒྱོགས་ཀྱི་གནས་ཚུལ་ཡོང་རྐྱེན་གཙོ་བོ་ནི་ཨིནྡིརཱ་གཱཾདྡྷཱིའི་སྐབས་སུ་རྒྱུ་མཚན་གང་བཤད་ཡོད་ཅེ་ན། ཀོང་རེ་སེའི་ཤོག་ཁག་ (Congress Party) གིས་བཟོ་གྲྭའི་བདག་པོ་ནས་ཞལ་འདེབས་མང་པོ་ལེན་གྱི་ཡོད་པར་བརྟེན། བཟོ་གྲྭའི་བདག་པོས་ང་ཚོའི་ཐོག་ལ་ཐེ་བྱུས་དང་དགོས་འདུན་མང་པོ་བཏོན་པ་དེ་བསུན་པོ་ཡོད་ཚུལ། དེ་ནས་ཕྱི་ནས་མིའི་ལྟ་སྟངས་ཀྱང་ཡག་པོ་མེད་ལུགས། དེར་བརྟེན་ཀོང་རེ་སིའི་ཤོག་ཁག་གི་དགོས་དངུལ་དེ་བཟོ་གྲྭ་བདག་པོ་ཚོ་ལ་མ་བརྟེན་པར་རང་ཁ་རང་གསོ་བྱེད་ཐུབ་པ་ལ་བོ་ཕོར་སིའི་ལྐོག་ཟ་ (Kickback) དེ་ཀོང་རེ་སིའི་དགོས་དངུལ་ནང་བཏང་ན་ཉུང་མཐར་ལོ་བཅོ་ལྔ་ཉི་ཤུ་ཞིག་སུ་ལའང་བརྟེན་མ་དགོས་པར་ཡོང་རྒྱུ་རེད་ཅེས་དེ་འདྲའི་འཆར་གཞི་བསྒྲིགས་ནས་གནས་ཚུལ་དེ་བྱུང་བ་རེད། ཡིན་ནའང་མཐའ་མའི་མདུད་ལ་གསང་བ་ཤོར་ཏེ་ཚང་མས་ཤེས་པར་བརྟེན། གྲོས་ཚོགས་ཀྱི་ཟུང་འབྲེལ་ཚོགས་ཆུང་ (Joint Parliamentary Committee) བཙུགས་ཏེ་ཞིབ་འཇུག་སོགས་བྱས་ཀྱང་། མཐར་ལྐོག་ཟ་རུལ་སུངས་བྱེད་མཁན་དང་ལྐོག་ཟ་རུལ་སུངས་བྱེད་འཇུག་མཁན་སོགས་སུ་ལའང་ཉེས་ཆད་གང་ཡང་མེད་པར་འདུག་སེ་ལྷག་པ་རེད། དེ་ཚོ་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པ་ལ་བརྟེན་ནས་ཡོང་བ་དེ་གསལ་པོ་རེད། དེས་ན་བཏང་འཛིན་ལྗིད་མཉམ་ཐོག་ལ་ཏག་ཏག་བསྡད་མི་ཐུབ་པ་དང་། རང་དབང་དང་། འདྲ་མཉམ། མཐུན་འབྲེལ་བཅས་ལ་འགལ་ཟླ་འགྲོ་བ། ལམ་སྲོལ་ངན་པ་རྣམས་མེད་པ་བཟོ་མི་ཐུབ་པ། ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཚབས་ཆེ་འབྱུང་བ། མང་ཚོགས་ཀྱི་སྐུ་ཚབ་མཚོན་མི་ཐུབ་པའི་གནས་སྐབས་ཡོང་གི་ཡོད་པ། གཞུང་འཛིན་གྱི་ཤོག་ཁག་ལ་ཁྱོན་ཡོངས་ཀྱི་མི་མང་གི་རྒྱབ་སྐྱོར་མེད་པའི་གནས་ཚུལ་ཡོང་བ་སོགས་ནི་སྐྱོན་གནད་གཙོ་ཆེ་ཁག་རེད།

ཆབ་སྲིད་ཀྱི་ཤོག་ཁག་ཡོད་པའི་མང་གཙོའི་རིང་ལུགས་ནང་སྐྱོན་གནད་དེ་ལྟ་བུ་ཡོད་ན་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ནང་འགྲོ་ཐུབ་བམ་ཞེས་པ་ནི་དྲི་བ་ཤུགས་ཆེན་པོ་ཞིག་རེད། འོན་ཀྱང་དྲི་བ་དེ་ལ་ལག་པ་མ་འཆང་སྔོན་ལ་གོང་དུ་བཤད་པ་ཁག་གི་བསྡོམས་ལྟ་བུར་དངོས་བྱུང་གི་སྒྲུང་ཞིག་ཞུ་ན། ཐའི་ཝན་ (Taiwan) དུ་འཐབ་རྩོད་མང་པོ་བྱུང་རྗེས་སྲིད་དོན་གྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་སུ་བསྐྱོད་དེ་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུ་སོགས་མི་བསད་ཁྲག་སྦྱོར་མེད་པའི་ཐོག་ནས་འགྲོ་ཐུབ་པ་བྱུང་བའི་རྗེས་སུ་ཐའི་ཝན་གཙུག་ལག་སློབ་གཉེར་ཁང་ (Taiwan University) གི་སྲིད་དོན་ཚན་རིག་གི་སློབ་དཔོན་ཆེན་པོ་ཞིག་ཡོད་པ་ཁོང་ཝཱ་རཱ་ཎ་སཱི་ལ་ཐུག་འཕྲད་བྱུང་སྐབས་ངས་ཁོང་ལ་ཁྱེད་རང་ཚོ་མི་བསད་ཁྲག་སྦྱོར་སོགས་གང་ཡང་མེད་པའི་ཐོག་ནས་མང་གཙོའི་ལམ་སྲོལ་ཆ་ཚང་ལག་བསྟར་གྱིས་འོས་ཤོག་བསྡུས་པ་སོགས་གང་ལེགས་བྱུག་འདུག་པས་བཀྲ་ཤིས་བདེ་ལེགས་ཡོད་ཅེས་ཞུས་པར། ཁོང་གིས་ལམ་སེང་ལན་གང་ཡང་མ་གནང་བར་བསམ་བློ་བཏང་ནས་བཞུགས་སོང་། དེ་ནས་ངའི་བསམ་པར་ཁོང་མང་གཙོའི་རིང་ལུགས་ལ་འདོད་པ་མེད་མཁན་ཞིག་མིན་ནམ་སྙམ་པ་བྱུང་། དུས་ཡུན་ཕྲན་བུ་སོང་རྗེས་གཞི་ནས་ཁོང་གིས་དེ་ཚོ་ཆ་ཚང་བྱུང་སོང་། ཡག་པོ་བྱུང་ཞེས་ལབ་དགོས་ཀྱི་རེད། ཡིན་ནའང་ང་འདོད་པ་ཁེངས་པ་ཞིག་མ་བྱུང་ཞེས་གསུངས་སོང་། ངས་དེ་གང་ཡིན་ནམ་ཞེས་དྲིས་པར། ཁོང་གིས་དེ་སྔ་ཀོ་མིན་ཏང་གིས་གཅིག་སྡུད་དབང་འཛིན་ལྟ་བུ་བྱེད་པའི་སྐབས་སུ་ཕྲན་བུ་གཉའ་གནོན་དང་བཙན་དབང་ཡོད་ཀྱང་། ཐའི་ཝན་གྱི་མི་ཚང་མས་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་མ་གཏོགས། དེ་ལས་གཞན་པའི་བསམ་བློ་གཏོང་རྒྱུ་གང་ཡང་མེད། འོན་ཀྱང་ད་ལྟ་ཆབ་སྲིད་ཀྱི་ཤོག་ཁག་གཉིས་ཡོད་པར་བརྟེན། རྒྱལ་ཁབ་ཀྱི་ཁེ་ཕན་ལས་ཆབ་སྲིད་ཀྱི་ཤོག་ཁག་གི་ཁེ་ཕན་གལ་ཆེ་བ་བརྩི་རྒྱུའི་གནས་བབ་ཆགས་འདུག་ཅེས་གསུངས་སོང་། དེ་དུས་ངས་ཧོབ་སྟེ་ཇཡ་པྲཀཱཤ་ནཱརཱཡཎ་ (Jaiprakash Narayan) གྱི་དགོངས་ཚུལ་དེ་དྲན་ནས་ཁོང་གིས་གསུངས་པ་དེ་ཐུགས་ཁག་མི་འདུག་སྙམ་པ་བྱུང་། རྒྱ་གར་དེ་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་ཆགས་པ་དང་། ལྷག་པར་དུ་འཛིན་སྐྱོང་གི་སྒྲིག་འཛུགས་དེ་མང་མོས་ཡོད་པའི་ཤོག་ཁག་དེས་བཟོ་གི་ཡོད་དུས་ཆབ་སྲིད་ཤོག་ཁག་གི་ཁེ་ཕན་དེ་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་མདུན་ལ་གཞག་རྒྱུ་ཡིན་པ་དེ་ཧ་ལམ་གཏན་འཁེལ་བ་ལྟ་བུ་རེད། དེར་བརྟེན་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་ལམ་སྲོལ་དེ་རྒྱལ་ཁབ་གང་སར་ཡག་ཤོས་དང་ཁེ་ཕན་ཆེ་ཤོས་སྒྲུབ་ཐུབ་པ་དང་། ལྷག་པར་མང་ཚོགས་ཆིག་བསྒྲིལ་གནས་ཐུབ་པ་ལ་ཕན་ཐོགས་ཆེ།

ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་ཀྱི་རིག་པའི་གཞུང་ལུགས་གང་དང་གང་ཡོད་ཅེ་ན། དེའི་ས་བོན་ལྟ་བུ་དེ་བདག་ཉིད་ཆེན་པོ་གཱཾདྡྷཱིའི་ (Mahatma Gandhi) གྲོང་གསེབ་རང་དབང་ (Gram Swaraj) གི་ལྟ་གྲུབ་དེ་ནས་བྱུང་ཞིང་། གྲོང་གསེབ་རང་དབང་ནང་གཅིག་སྡུད་མིན་པའི་གཞུང་ (Non-centralized governance) ཞེས་པ་ཞིག་ཡོད་ཅིང་། དེ་ནི་ཐོག་མ་ནས་ས་ཁུལ་གྱི་ལས་དོན་རྣམས་ས་ཁུལ་སོ་སོ་ནས་བྱེད་རྒྱུར་བགོ་བཤའ་བརྒྱབས་ཡོད་པ་ཞིག་རེད། དེ་ནས་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་ནང་ནས་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་ལྟ་གྲུབ་ཀྱི་ཐོག་ལ་ཐོག་མ་ཤུགས་ཆེན་པོས་གསུང་མཁན་ནི་སྐབས་དེའི་ཕི་ལི་པིན་ (Philippine) གྱི་སྲིད་འཛིན་མེ་ནི་ཝལ་ཨེལ་ཀུ་ཡི་ཛོན་ (Manuel L. Quezon) (1878-1944) རེད། ཁོང་གིས་ཕྱི་ལོ་ ༡༩༤༠ ལོར་མ་ནི་ལར་ (Manila) ཕི་ལི་པིན་གཙུག་ལག་སློབ་གཉེར་ཁང་ (University of Philippines) གི་བསླབ་པ་མཐར་སོན་པའི་དགའ་སྟོན་གྱི་གསུང་བཤད་ (Convocation Address) ནང་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་དེ་གལ་ཆེན་པོ་ཡིན་པ་གསུངས་ཡོད། དེ་གསུངས་དགོས་པའི་རྒྱུ་མཚན་ནི་ཕི་ལི་པིན་མང་གཙོར་གྱུར་ནས་ལོ་མང་པོ་སོང་བའི་རྗེས་སུའང་མི་མང་ནང་ཆབ་སྲིད་ཀྱི་ཤོག་ཁག་ཅན་གྱི་མང་གཙོའི་ལམ་སྲོལ་ལ་བརྟེན་ནས་ནུས་པ་ཐོན་པའི་གཞུང་ཞིག་བཟོ་མ་ཐུབ་པ་དང་། དཔལ་འབྱོར་གཅིག་བསྡུས་ལ་འགྲོ་བའི་ལམ་བཀག་མ་ཐུབ་པ། ལྐོག་ཟ་རུལ་སུངས་དང་། ནག་འཚོང་། དངུལ་ནག་པོ་བཀག་མ་ཐུབ་པ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེ་བྱུང་བ་དེའི་ལན་འདེབས་ཀྱི་ཚུལ་དུ་ངེས་པར་དུ་སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་སུ་འགྲོ་དགོས་པའི་རྒྱབ་རྟེན་དུ་རྒྱུ་མཚན་མང་པོ་གསུངས་ཡོད། ཁོང་གིས་གསུངས་པ་དེ་དག་གཞི་རྩར་བཞག་ནས་ཕྱི་ལོ་ ༡༩༤༡ ལོར་ཕི་ལི་པིན་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་ཀྱི་ཉེ་བའི་སློབ་དཔོན་ཆེན་པོ་ (Associate Professor of Philosophy) རི་ཀར་ཌོ་ཨར་པས་ཀུ་ཝལ་ (Ricardo R. Pascual) གྱིས་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ (Partyless Democracy) ཞེས་པའི་དེབ་ཅིག་བརྩམས་འདུག་ཀྱང་། དཔར་སྐྲུན་གྱི་མཐུན་རྐྱེན་མ་འཛོམས་པར་བརྟེན་ལོ་བཅུ་ལྷག་ཙམ་དེ་མུར་ལུས་ཤིང་། ཕྱི་ལོ་ ༡༩༥༢ ལ་གཞི་ནས་ཕི་ལི་པིན་གཙུག་ལག་སློབ་ཁང་གི་ངོས་ནས་དཔར་འདེབས་ཐུབ་པ་བྱུང་འདུག འོན་ཀྱང་དེང་སང་དེབ་དེ་དཀོན་ཙམ་འདུག  དེའི་ནང་སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ཀྱི་འགྲོ་ལུགས་འགྲོ་སྟངས་ཆ་ཚང་ཞིབ་ཚགས་པོས་བྲིས་ཡོད་འདུག དེབ་དེའི་བསྐྱར་ཞིབ་དང་བསྡུས་དོན་ཁག་བལྟ་རྒྱུ་བྱུང་མ་གཏོགས། དེབ་དེ་ད་ལྟ་མཐོང་མ་སོང་།

རྒྱ་གར་ནང་དེའི་སྐོར་རིག་པའི་གཞུང་ལུགས་རྩོམ་མཁན་ཇཡ་པྲཀཱཤ་ནཱརཱཡཎ་ (Jaiprakash Narayan) སྐུ་རྐྱང་རེད། ཇཡ་པྲཀཱཤ་ནཱརཱཡཎ་ནི་ཐོག་མར་རྒྱ་གར་རང་བཙན་རྩོད་སྒྲུབ་བྱེེད་པའི་སྐབས་དང་། རང་བཙན་ཐོབ་པའི་རྗེས་སུའང་ད་ལྟའི་སྲིད་དོན་གྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་ལ་རྒྱབ་སྐྱོར་གནང་མཁན་གྲས་རེད། ཡིན་ནའང་རྒྱ་གར་རང་བཙན་ཐོབ་ནས་ལོ་ཤས་རྗེས་ཀོང་རེ་སི་ཤོག་ཁག་ (Congress Party) དུམ་བུར་སོང་བ་དང་། སམཱཇ་བཱདཱི་ཤོག་ཁག་ (Samajwadi Party) དུམ་བུ་ཁ་ཤས་ཆགས་པ། དམར་ཤོག་ཤོག་ཁག་དུམ་བུ་གཉིས་ལ་སོང་བ་སོགས་རྒྱ་གར་ནང་ཆབ་སྲིད་ཀྱི་ཤོག་ཁག་རྣམས་དུམ་བུར་སོང་བ་རེད། རྒྱ་གར་དབུས་ལ་ཛ་དྲག་གི་གནས་བབ་ (Emergency) བར་དུ་ཀོང་རེ་སིའི་ཤོག་ཁག་མ་གཏོགས། ཆབ་སྲིད་ཀྱི་ཤོག་ཁག་གཞན་སླེབས་མེད་ཀྱང་། རྒྱ་གར་གྱི་མངའ་སྡེ་ཁག་གི་ནང་གཞུང་འཛིན་ཤོག་ཁག་ལམ་སེང་འགྱུར་བ་འགྲོ་བའི་གནས་སྟངས་བྱུང་བ་རེད། དེ་ཚོ་ལ་གཟིགས་ནས་ཇཡ་པྲཀཱཤ་ནཱརཱཡཎ་གྱིས་གང་གསུངས་ཡོད་ཅེ་ན། རྒྱ་གར་ད་ལྟའི་གནས་སྐབས་ལ་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོ་བྱེད་པའི་དུས་ཚོད་སྨིན་མེད་པ་དང་། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ཤིག་དགོས་ཀྱི་འདུག་ཅེས་འདིའི་སྐོར་ལ་རྒྱས་པོ་མེད་ཀྱང་གནད་དོན་མདོར་བསྡུས་ཡོད་པའི་ཤོག་བུ་བརྒྱ་ལྷག་ཅན་གྱི་རིག་པའི་གཞུང་ལུགས་ཤིག་བྲིས་ཡོད། དེ་ནི་མ་འོངས་པར་བདག་ཉིད་ཆེན་པོ་གཱཾདྡྷཱིའི་གྲོང་གསེབ་རང་སྐྱོང་གི་རྗེས་སུ་སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོའི་ལམ་ལུགས་ཀྱི་རིག་པའི་གཞུང་ལུགས་ཀྱི་གཞི་གཟུང་ས་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག དེའི་ཐོག་མཁས་པ་ཚོས་རིམ་པས་ཡར་རྒྱས་གཏོང་མདོག་ཁ་པོ་རེད།

ཕྱི་ལོ་ ༡༩༤༨ ཟླ་ ༣ ནང་བདག་ཉིད་ཆེན་པོ་གཱཾདྡྷཱི་དགོངས་པ་རྫོགས་ནས་ཟླ་བ་གཉིས་ཙམ་རྗེས་སེབཱ་གྲཱམ་ (Sevagram) ལ་ཨཱཅཱརྱ་བིནོབཱ་བྷཱབེ་ (Acharya Vinoba Bhave) སོགས་གཱཾདྡྷཱིའི་རྗེས་འཇུག་གྲགས་ཅན་ཚང་མ་ལྷན་འཛོམས་ཀྱིས་གཱཾདྡྷཱི་གཤེགས་ཟིན་པར་བརྟེན། ད་ཆ་སུས་ང་ཚོ་ལ་ལམ་སྟོན་བྱེད་ཀྱི་རེད་ (Gandhi is gone. Who will guide us now?) ཅེས་པའི་གྲོས་གཞིའི་ཐོག་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། སྐབས་དེར་བཀའ་བསྡུར་གནང་བ་དང་གྲོས་ཆོད་བཞག་པ་རྣམས་རྒྱུན་རིང་པོ་དཔར་ཐོན་མ་ཐུབ་པར། རྗེས་སུ་ནུབ་བངྒཱལ་ (West Bengal) མངའ་སྡེའི་སྲིད་སྐྱོང་གནང་མཁན་བདག་ཉིད་ཆེན་པོ་གཱཾདྡྷཱིའི་ཚ་བོ་གོཔཱལ་ཀྲྀཥྞ་གཱཾདྡྷཱིའི་ (Gopalkrishna Gandhi) ཞུ་སྒྲིག་འོག་ཕྱི་ལོ་ ༢༠༠༧ ལོར་གཞི་ནས་དཔར་དུ་ཐོན་པ་རེད། དེའི་རྗེས་སུ་ཕྱི་ལོ་ ༢༠༡༢།༢༠༡༣ ལ་སེབཱགྲཱམ་ལ་ཡང་བསྐྱར་ཚོགས་འདུ་ཞིག་ཚོགས་པ་དེར་ང་ཡང་ཤོག་གསུངས་ཀྱང་བཅར་ཐུབ་མ་ཐུབ་པར་བརྟེན། ང་རང་གི་བསམ་ཚུལ་གལ་གནད་ཆེ་བ་རྣམས་ཡིག་ཐོག་ཏུ་བཀོད་དེ་འབུལ་རྒྱུ་བྱུང་། དེའི་ནང་གཙོ་བོ་ནི་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་སྐོར་དེ་ཡིན། དེར་བརྟེན་ད་ལྟ་གཱཾདྡྷཱིའི་རྗེས་འཇུག་གི་སྤྱི་ཚོགས་ནང་བཀའ་མོལ་དེ་ཡོད་བཞིན་པ་དང་འགྲོ་བཞིན་པ་ཞིག་རེད། གཅིག་བྱས་ན་ག་ལེར་དེའི་ཐོག་རིག་པའི་གཞུང་ལུགས་ཡར་རྒྱས་འགྲོ་བའི་རེ་བ་ཡོད་རེད་བསམ་གྱི་འདུག བར་ལམ་རྒྱ་གར་གྱི་ན་གཞོན་ཁ་ཤས་འདིའི་ཐོག་བསམ་བློ་མང་པོ་གཏོང་གི་འདུག

དེ་ནས་བརྗོད་གཞིའི་ནང་མཐའ་མར་བྱེ་བྲག་ཏུ་བོད་ཀྱི་སྤྱི་ཚོགས་ལ་གང་དགེ་སྐོར་ཞེས་འཁོད་འདུག  ང་ཚོ་བོད་པ་ལྟ་བུར་མཚོན་ན། ད་ལྟ་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་ལམ་སྲོལ་ཆ་ཚང་ཞིག་ལག་ལེན་བསྟར་མུས་རེད། དེ་རྒྱུན་གནས་ཐུབ་ན་ཡག་ཤོས་དང་། མ་འོངས་པ་ལའང་ཆབ་སྲིད་ཀྱི་ཤོག་ཁག་མེད་པ་རང་གི་ཐོག་འགྲོ་ཐུབ་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཟད། མ་འོངས་པར་བོད་གཞིས་བྱེས་འཛོམས་པའི་རྗེས་སུའང་རང་སྐྱོང་སོགས་གནས་བབ་གང་གི་འོག་ནས་ཀྱང་ཆབ་སྲིད་འཛིན་སྐྱོང་བྱེེད་ནའང་ཆིག་བསྒྲིལ་གྱི་ནུས་པ་དེ་སྲུང་སྐྱོབ་བྱེད་དགོས་པ་བཤད་མ་དགོས་པ་རེད། དེར་བརྟེན་ཐོག་མར་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་བསྟུན་ནས་ང་ཚོས་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་ལམ་སྲོལ་ད་ལྟ་ཕྱི་ལོ་ ༡༩༩༡ ལོར་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འོག་ནས་འགྲོ་རྒྱུ་དེ་ཡང་དག་པ་ཞིག་ཡོད་རེད། ང་རང་བཀའ་ཤག་ལ་ཡོད་པའི་སྐབས་སུ་མང་གཙོའི་རིང་ལུགས་ཞེས་མ་བརྗོད་པར་དེ་ལ་ཡང་དག་པའི་མང་གཙོའི་རིང་ལུགས་ཞེས་ཡང་དག་པའི་ཚིག་ཅིག་སྦྱར་ཡོད། དེའི་རྒྱུ་མཚན་ནི་མང་གཙོའི་རིང་ལུགས་ཀྱི་གསེང་ལ་འདྲེས་པའི་ཡང་དག་པ་མ་ཡིན་པ་དེ་དག་ཟུར་དུ་བཏོན་ཐུབ་ན་བསམས་པ་རེད།

ཕྱི་ལོ་ ༡༩༦༠ ལོར་རྡོ་རྗེ་གདན་དུ་མནའ་གན་ཐུ་མོ་ཆེ་ཕུལ་བ་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་དུ་བཙུགས་པ་སོགས་ལས་རིམ་མང་པོའི་འཆར་གཞི་ཧ་ཅང་ཡག་པོ་བསྒྲིགས་ཡོད། དེས་ན་ང་ཚོའི་འོས་བསྡུའི་ལམ་སྲོལ་ནང་འོས་བསྡུ་རིམ་པ་གཉིས་བཟོས་ཡོད་ཅིང་། དང་པོ་མི་མང་གིས་འོས་གཞི་བདམ་རྒྱུ་དང་། དེའི་ནང་ནས་རྩེ་བཏོག་གིས་མཐའ་མའི་འོས་གཞིའི་ཐོག་འོས་བསྡུ་གནང་རྒྱུ་བཅས་རེད། དེ་ལྟར་འོས་གཞི་དང་མཐའ་མའི་བདམས་ཐོན་གཉིས་ཀ་མི་མང་གིས་རང་དབང་གི་བསམ་བློའི་ཐོག་ནས་ཐག་གཅོད་པ་མ་གཏོགས། གང་ཟག་སྒེར་དང་། ཤོག་ཁག་སྒེར། ཚོགས་པ་བྱེ་བྲག་པ། སྡེ་ཚན་དང་ལུང་ཚན་བྱེ་བྲག་པ་སོགས་ཀྱི་ངོས་ནས་ཡོང་རྒྱུ་དང་། དེ་ཚོའི་རྒྱབ་སྐྱོར་དང་དྲིལ་བསྒྲགས་སོགས་ཀྱི་གོ་སྐབས་ཁྱོན་ནས་མེད་པ་ཞིག་བཟོས་ཡོད། གང་ལྟར་འོས་གཞི་དེའང་མི་མང་གིས་བདམ་རྒྱུ་དང་། འོས་གཞི་བདམས་པ་དེའི་ཐོག་མཐའ་མའི་གཏན་འབེབས་ཀྱང་མི་མང་གིས་བདམ་རྒྱུ་བཅས་ཀྱི་ལམ་སྲོལ་དེ་ཧ་ཅང་ཡག་པོ་ཞིག་རེད། འོན་ཀྱང་བར་ལམ་ཞིག་ནས་འདྲེད་འདར་ཤོར་ཀྱིན་སོང་བ་ཡིན་ཙང་། སྤྱི་འཐུས་ནང་འོས་གཞི་འདོན་རྒྱུ་དང་དྭང་བླང་བྱེད་རྒྱུའི་ཆ་རྐྱེན་བྱུང་བ་རེད། བཀའ་བློན་ཁྲི་པ་ཐད་ཀར་འོས་བསྡུ་བྱེད་རྒྱུ་དེ་ཕྱི་ལོ་ ༢༠༠༡ ལོར་བྱུང་ཞིང་། དེའི་ནང་དྭང་བླང་འཐོན་རྒྱུའི་ཆ་རྐྱེན་བསྐྲུན་མེད་པར་བརྟེན། སྔོན་འགྲོའི་འོས་གཞིའི་ནང་གང་བྱུང་བ་དེ་ལ་ཆ་གཞག་རྒྱུ་རེད། ཡིན་ནའང་སྒྲིག་གཞིའི་ནང་དྭང་བླང་མི་ཆོག་པའི་དགག་བྱ་དེའང་གསལ་འཁོད་མེད། དེར་བརྟེན་གང་དུ་འཐེན་འཐེན་ཡིན་པ་ལྟ་བུ་ཞིག་འདུག

ཕྱི་ལོ་ ༢༠༠༡ དང་ ༢༠༠༦ བཅས་ཀྱི་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་སུ་དྭང་བླང་གི་སྐད་ཆ་མེད་ལ། དྭང་བླང་བྱེད་མཁན་ཡང་བྱུང་མེད། དེ་ནི་སྔོན་འགྲོའི་འོས་བསྡུའི་ནང་བྱུང་བ་གཞིར་བཟུང་ཕྱིན་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་སུ་དྲྭ་རྒྱ་བེད་སྤྱོད་ཀྱིས་གནས་ཚུལ་མང་པོ་བྱུང་དུས་སྤྱི་ཚོགས་ནང་ཧེབ་ལངས་ནས་དེའི་གོང་གི་འོས་བསྡུ་གཉིས་པོ་དང་མི་འདྲ་བར་དྭང་བླང་ལྟ་བུ་དང་། དྭང་བླང་མིན་ནའང་སྔོན་འགྲོའི་འོས་གཞིའི་ནང་ཐོན་པ་དེ་ཚོའི་རྒྱབ་སྐྱོར་དང་དྲིལ་བསྒྲགས་ཆེད་ང་ཚོའི་གནས་ཚང་རྒྱ་གར་དང་ཕྱི་རྒྱལ་གྱི་ལུང་པར་དཔེ་བལྟས་ནས་དཔར་ཆེན་པོ་གང་སར་འགོད་བཤམས་དང་ཤོག་བུ་བཀྲམ་རྒྱུ་སོགས་ཀྱི་གནས་ཚུལ་བྱུང་བ་རེད། སྐབས་དེ་དུས་ནས་ཡག་པོ་ཞིག་བྱུང་མ་སོང་སྙམ་པའི་བློ་དྭོགས་བྱུང་རུང་བྱེད་ཐབས་གང་ཡང་མ་བྱུང་།

དེ་ནས་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་སྐབས་སུ་ཨ་རི་དང་རྒྱ་གར་གྱིས་གང་བྱེད་ཆ་ཚང་དཔེ་བལྟས་ནས་བྱས་པ་རེད། གཞན་ལྟ་ཞོག ཆོས་བྱེད་དགེ་འདུན་གྱི་སྡེའི་ནང་དུའང་འུར་འདྲོགས་ལངས་ཏེ་ཤོག་ཁག་བྱེད་རྒྱུ་སོགས་རྒྱབ་སྐྱོར་དང་འགལ་ཟླའི་རིམ་པ་ཆ་ཚང་སླེབས་བསྡད་པ་རེད། དེ་དུས་རང་བཞིན་གྱིས་སྤྱི་ཚོགས་ཆུང་ཆུང་དང་། དེ་བཞིན་བཙན་བྱོལ་བོད་མི་སྦར་བ་གང་མ་གཏོགས་མེད་པ་དེ་སྲན་ཕུང་བེར་ཀས་གཏོར་བ་བཞིན་ཁ་ཐོར་དགུ་ཐོར་དུ་ཕྱིན་ནས་འགན་མ་བཟོད་པའི་གནས་སྟངས་ཤིག་བྱུང་བ་རེད། འོས་ཤོག་ནི་མང་པོས་བཀུར་བ་ཞིག་དགོས་ཤིང་། འོས་གཞི་དང་མཐའ་མའི་འདེམས་སྒྲུག་གཉིས་ཀ་མི་མང་རང་གི་ལག་པར་ཡོད་ན་མང་གཙོའི་ལྟ་གྲུབ་ཀྱི་རང་དབང་དང་འདྲ་མཉམ་ཞེས་པ་དེ་ཡང་དག་པ་ཞིག་ཡོང་ཐུབ།

ད་ལྟའི་གནས་སྐབས་སུ་ཆབ་སྲིད་ཀྱི་ཤོག་ཁག་ཡོད་པའི་རྒྱ་གར་དང་ཨ་རི་ལྟ་བུའི་ནང་དུའང་འོས་ཤོག་ཇི་ལྟར་བསྡུ་བ་དང་། མ་འོངས་པར་ང་ཚོ་བོད་པས་འོས་ཤོག་ཇི་ལྟར་བསྡུ་མིན་བལྟས་པ་ཡིན་ན། འོས་ཤོག་སྡུད་སྟངས་མི་འདྲ་བ་ཁ་ཤས་ཡོད་ཅིང་། སྐུ་མཁྱེན་སྐུ་མཁྱེན་ང་ལ་འོས་ཤོག་སྤྲད་རོགས་ཞེས་འོས་ཤོག་སློང་བ་དང་། ཁྱེད་རང་གིས་ང་ལ་འོས་ཤོག་བླུགས་དང་ངས་ཁེ་ཕན་འདི་འདྲ་ཞིག་སྤྲད་དགོས་ཞེས་འོས་ཤོག་ཉོ་བ། གལ་ཏེ་འོས་ཤོག་སྤྲད་ན་འགྲིགས། མ་སྤྲད་ན་གཅིག་བྱེད་རྒྱུ་ཡོད་མདོག་གིས་སྡིགས་རྭ་བསྐུལ་ཏེ་འོས་ཤོག་འཕྲོག་པ། རྒྱ་གར་ནང་དངུལ་གྱི་ནུས་ཤུགས་དང་མིའི་ནུས་ཤུགས་ (Money and muscle power) ཐོག་ནས་འོས་ཤོག་འཕྲོག་གི་ཡོད། འོས་ཤོག་གྲངས་བཤེར་གྱི་སྐབས་འོས་ཤོག་རྐུ་བ། ལྷག་པར་དུ་ཨ་རིའི་ནང་ཀམ་པིའུ་ཀྲར་ནང་འོས་ཤོག་གྲངས་བཤེར་སྐབས་རྐུ་ཤོར་བའི་གླེང་གཞི་ཡོང་མུས་རེད། དེ་ལྟར་འོས་ཤོག་སློང་ནས་རག་པ་ཡིན་ནའང་རེད། འོས་ཤོག་ཉོས་ནས་རག་པ་ཡིན་ནའང་རེད། འོས་ཤོག་འཕྲོགས་ནས་རག་པ་ཡིན་ནའང་རེད། འོས་ཤོག་བརྐུས་ནས་རག་པ་ཡིན་ནའང་རེད། དེ་འདྲ་རག་མཁན་གྱི་མི་དེ་ལ་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་གི་ཐོག་ནས་ཁྱེད་རང་ལ་ཡིད་ཆེས་ཡོད། གནང་རོགས་གནང་ཞེས་ཞུས་པ་ཞིག་མ་རེད། དེ་ནི་བོད་པའི་སྤྱི་ཚོགས་ལྟ་བུ་ཡིན་ན་ཧ་ཅང་གི་ཐབས་སྐྱོ་པོ་རེད། དེ་ནི་མི་མང་རང་གི་བཅོས་མ་མ་ཡིན་པའི་བསམ་བློའི་ཐོག་ནས་གནང་ཐུབ་པ་ཞིག་དགོས། འདིར་བཅོས་མ་མ་ཡིན་པ་ཞེས་པ་ནི་ཀླད་པ་བཀྲུས་པ་དང་ཀླད་པ་བརྗེས་ཟིན་པ་ཞིག་ལ་རང་གི་བསམ་བློ་བཅོས་མ་མིན་པ་དེ་གནས་མི་ཐུབ། རང་བཞིིན་གྱི་བསམ་བློའི་ནང་མི་དེ་ཡག་པོ་ཡོད་བཟོ་འདུག དེ་ལ་བླུག་དགོས་ས་རེད་སྙམ་པ་ཞིག་ཡོད་ནའང་། དྲིལ་བསྒྲགས་ཧ་ཅང་ཤུགས་ཆེན་པོ་སླེབས་དུས་རྦད་དེ་ཧོན་ཐོར་ནས་ད་གང་འདྲ་ཡིན་ནམ་ཞེས་དྭོགས་པ་རྣམ་རྟོག་འོག་ཏུ་སོང་ནས་འོས་ཤོག་བཙོང་དགོས་པ་དང་། སྦྱིན་པ་གཏོང་དགོས་པ། འཕྲོག་འགྲོ་བ། བརྐུས་འགྲོ་བ་བཅས་ཀྱི་གནས་ཚུལ་རིམ་པས་ཡོང་བ་རེད། དེ་ལྟར་བྱུང་ན་བཙན་བྱོལ་བོད་མིའི་གནས་བབ་ངེས་པར་དུ་ཉེན་ཁ་ཡོད་པའི་གནས་སྟངས་ཤིག་ཏུ་འགྱུར་རྒྱུར་བརྟེན། ང་ཚོས་མ་འོངས་པར་དེའི་སྐོར་ལ་གཟབ་གཟབ་དང་། སྤྱང་གྲུང་འཛོམས་པོ་གནང་དགོས་ཤིང་།  གང་ལྟར་གང་ཟག་སྒེར་གྱི་ཁེ་ཕན་གྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ལ་དོ་ཕོག་མི་འགྲོ་བ་བཟོ་དགོས་པ་དེ་བོད་མི་མི་རེ་ངོ་རེའི་སྐབས་བབ་ཀྱི་ལས་འགན་རེད།

ལྷ་རབ་བྱུང་ན་དེ་སྔ་ནས་ཡོད་པའི་སྔོན་འགྲོའི་འོས་བསྡུ་དང་དངོས་གཞིའི་འོས་བསྡུ་གཉིས་ཡོད་པ་ཇི་བཞིན་འགྲོ་རྒྱུ་དང་། གལ་ཏེ་སྔོན་འགྲོའི་འོས་བསྡུའི་ནང་མ་སླེབས་ན་ཚོགས་པ་བྱེ་བྲག་པ་དང་། ཤོག་ཁག་དང་སྡེ་ཚན་བྱེ་བྲག་པས་མིང་འདོན་བྱ་རྒྱུ་དང་། རང་གི་ངོས་ནས་དྭང་བླང་བྱ་རྒྱུ་མེད་པ། སྔོན་འགྲོའི་འོས་བསྡུའི་སྔོན་དང་རྗེས་གང་དུའང་རང་ཉིད་དང་། རང་ལ་རྒྱབ་སྐྱོར་བྱེད་མཁན་དང་འགལ་ཟླ་བྱེད་མཁན་སུའང་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་མི་ཆོག་པ། འོས་བསྡུའི་སྒྲིག་གཞིའི་ནང་སྔོན་མ་ཡིན་ན་དྲིལ་བསྒྲགས་ཆེད་འགྲོ་སོང་གཏོང་རྒྱུའི་སྐད་ཆ་མེད། བར་ལམ་སྒྲིག་གཞི་ལ་འགྱུར་བ་བཏང་ནས་དྲིལ་བསྒྲགས་ཆེད་འགྲོ་སོང་གི་ཚད་གཞིའང་བཟོས་འདུག དེ་ནི་རྒྱ་གར་སོགས་ནས་དཔེ་བལྟས་ནས་བཟོས་པ་རེད། བཀའ་གདམས་པ་གོང་མ་ཚོས། རང་ཅག་ནི་སློག་ཧྲུལ་འདྲུད་པ་དང་འདྲ། སྐྱོན་གྱི་གད་སྙིགས་ཐམས་ཅད་འབྱར་ནས་འོང་། ཡོན་ཏན་གྱི་གསེར་རྡོག་འབྱར་ནས་མི་ཡོང་ཞེས་སློག་ཧྲུལ་ས་ལ་འདྲུད་སྐབས་དགོས་མཁོ་མེད་པའི་གད་སྙིགས་རྣམས་འབྱར་བ་དང་། གསེར་རྡོག་ཅིག་ཡོད་ན་མི་འབྱར་བ་བཞིན་ང་ཚོ་སྐྱེ་བོ་ཕལ་པ་རྣམས་ལ་སྐྱོན་རྣམས་འབྱར་སླ་བ་དང་། ཡོན་ཏན་འབྱར་དཀའ་བར་བརྟེན། གནས་ཚང་རྒྱ་གར་དང་ཨ་རིའི་སྐྱོན་རྣམས་ལ་ང་ཚོས་ལད་ཟློས་བྱེད་རྒྱུ་དེ་སྟབས་བདེ་ཆགས་པ་རེད། དེ་འདྲའི་གནས་བབ་འོག་ང་ཚོའི་མང་ཚོགས་ཀྱིས་སྤྱང་གྲུང་འཛོམས་པོའི་ཐོག་ནས་མང་ཚོགས་དང་བོད་སྤྱི་པའི་ཁེ་ཕན་སྲུང་སྐྱོབ་བྱེད་མ་ཐུབ་ན་འོས་བསྡུ་ལྟ་བུ་ལ་བསྙད་བཏགས་ནས་འཇིག་རྟེན་སྤྱིའི་མགོན་དཔུང་བོད་མི་དང་བསྐལ་པ་མང་པོ་ནས་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལའང་རྒྱལ་འཚོང་པ་རེད་ཅེས་བསམ་ནུས་པ་དང་བཤད་ནུས་པ་དེ་ཚོའང་སྤྱི་ཚོགས་ནང་ལས་སླ་པོས་སྡིངས་ཆ་རག་པའི་གོ་སྐབས་བྱུང་ན་བོད་ཀྱི་མ་འོངས་པའི་མདུན་ལམ་དེ་ནག་ཁུང་ནག་རྐྱང་མ་གཏོགས། རེ་བ་མེད་པའི་གནས་སྟངས་ཆགས་ཀྱི་རེད།

དེར་བརྟེན་ཆབ་སྲིིད་ཀྱི་ཤོག་ཁག་གིས་མཚོན་པའི་ཤོག་ཁག་གང་འདྲ་ཞིག་ཡིན་ཡང་སྤྱི་ཚོགས་ནང་མེད་པ་དང་། འོས་བསྡུས་ནི་དངོས་གནས་མི་མང་གི་བསམ་ཚུལ་ཇི་མ་ཇི་བཞིན་མཚོན་ཐུབ་པ་དང་། མི་མང་གི་བསམ་ཚུལ་མཚོན་ཚུལ་ཡང་སྔ་ཕྱི་བར་གསུམ་དུ་གསང་བའི་གནས་བབ་ཡག་པོ་བཞག་ནས་འོས་ཤོག་གི་གྲངས་ཀ་ཡིན་ནའང་དབུས་གཅིག་ལ་བསྡོམས་ནས་བརྒྱབ་ན་ས་གནས་གང་ནས་མི་སུ་ལ་ག་ཚོད་ཐོབ་པའི་དྲིལ་བསྒྲགས་དེ་ཚོ་མི་དགོས་པ་བྱུང་ན་སྤྱི་ཚོགས་ནང་བབ་ལྷིང་དང་། མཐུན་འབྲེལ་ལ་མི་གནོད་པ། ལྷིང་འཇགས་ཡོང་བའི་གོ་སྐབས་ཡོད་རེད་བསམ་གྱི་འདུག ཡིན་ནའང་དེ་ཚོ་མ་འོངས་པ་ལ་ཕྱོགས་གང་དུ་འགྲོ་གྲབས་ཡོད་མེད་ང་ཚོས་བཤད་མི་ཐུབ། ད་ལྟ་འོས་བསྡུའི་སྒྲིག་གཞི་འགྱུར་བ་འགྲོ་གི་རེད་ཅེས་གྲགས་ཆེན་པོ་འདུག དེ་ཚོ་འགྱུར་བ་གཏོང་སྟངས་ཐོག དཔེར་ན་ང་ལྟ་བུ་ལ་མཚོན་ན། རྒལ་ཡོལ་ལ་ཕྱིན་ནས་གང་ལའང་ཇུས་གཏོགས་མེད་མཁན་ཞིག་རེད། འོན་ཀྱང་དེ་ནི་གནད་འགག་ཆེན་པོ་ཆགས་པར་བརྟེན། བཀའ་བློན་ཟུར་པ་དང་ཚོགས་གཙོ་ཟུར་པ་རྣམས་མཉམ་འཛོམས་ཐོག་ནས་འོས་བསྡུའི་སྒྲིག་གཞི་འགྱུར་བ་གཏོང་སྟངས་ཐོག་བཀའ་བློན་དང་སྤྱི་འཐུས་ཚང་མ་ལ་འབོད་སྐུལ་ཞུས་པ་རེད། ཡིན་ནའང་སྦལ་པས་ཁྲོན་པའི་གཏིང་ནས་སྐད་བརྒྱབས་པ་དེ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་གསན་ཁག་པོ་རེད། ང་ཚོ་མི་ཁ་ཤས་ཀྱིས་རེ་སྐུལ་དང་བསམ་འཆར་ཞུས་པ་དེ་ཚོ་མང་ཆེ་བ་ཤོག་སྙིགས་བླུག་སྣོད་ནང་འགྲོ་རྒྱུ་རེད་མ་གཏོགས། ཕན་ནུས་ཐོན་པ་ཞིག་ཡོང་གི་མ་རེད། ཡིན་ནའང་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་དང་། སྤྱང་གྲུང་། ཚོར་བ་དེ་ད་ལྟ་ལས་ཕྲན་བུའི་རྣོ་ཙམ་མ་བྱུང་བ་ཡིན་ན་དངོས་གནས་མང་གཙོའི་མིང་གི་ཐོག་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་ཆིག་བསྒྲིལ་ལ་གནོད་སྐྱོན་ཆེན་པོ་འགྲོ་ཉེན་ཡོད་པ་དེ་འདི་ལོའི་ཉམས་མྱོང་ནང་བྱུང་བ་ཞིག་རེད།

གདན་ས་ཆེན་པོ་ཁག་གི་ནང་དུའང་ཆབ་སྲིད་ལ་དོ་སྣང་དང་མངོན་འདོད་ཆེན་པོ་ཡོད་པའི་རྣམ་པ་བསྟན་པའི་ཐོག་ནས་ཆ་ཤས་ཆེན་པོ་བླང་རྒྱུའི་གནས་ཚུལ་ཡོང་གི་ཡོད་འདུག དེ་ནི་སྔོན་མ་ནས་ངས་ཞུས་མྱོང་བ་བཞིན་གདན་ས་ཆེན་པོ་རྣམས་ཆོས་འཆད་ཉན་གྱི་འབྱུང་ཁུངས་ཤིག་ཡིན་དགོས་པ་ལ། ག་ལེར་ཆབ་སྲིད་པ་ཚོས་བེད་སྤྱོད་གཏོང་བའི་འོས་ཤོག་གི་བང་མཛོད་དུ་ཆགས་ན་ང་ཚོའི་ཆབ་སྲིད་ཀྱི་མང་གཙོའི་ལམ་སྲོལ་དེ་ཕན་ལས་གནོད་ཆེ་བ་ཞིག་མི་ཡོང་བའི་ངེས་པ་མེད་པར་བརྟེན། དེ་ལ་ཐུགས་སྣང་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

འདས་པའི་ཉིན་བཞིའི་རིང་བགྲོ་གླེང་བྱས་པ་དེ་དག་བརྗོད་གཞི་ཆེན་པོ་ཤ་སྟག་རེད། ཚོུད་གཉིས་རེའི་ནང་མཐའ་ཆོད་པ་དང་ཡང་དག་པ་ཞིག་བགྲོ་གླེང་བྱེད་ཐུབ་ཐབས་མེད། སྤྱིར་བཏང་དེ་ཚོ་ངས་དམིགས་བསལ་སློབ་སྦྱོང་བྱས་པའི་བརྗོད་གཞི་མིན་པར་བརྟེན། སྤྱིར་བཏང་ཤེས་བྱའི་ཐོག་ནས་བཤད་པ་ཞིག་རེད། ངས་བཤད་པ་དེ་ཚོའི་ནང་དེང་སང་གི་བཤད་ཚུལ་དང་མི་མཐུན་པའང་ཡོད་པ་བརྟེན། ངས་ནོར་ནས་བཤད་འདུག་ཅེས་དགོངས་སྲིད། དེ་ནི་ཡོངས་གྲགས་ཀྱི་གནས་སྟངས་དང་མི་མཐུན་པར་བཤད་པ་དེ་མཁྱེན་དགོས། སྤྱིར་བཏང་ངས་བཤད་པའི་ནང་ནོར་འཁྲུལ་མེད་ཅེས་ཞུ་གི་མེད་ཀྱང་། མི་འདྲ་བ་ཙམ་གྱིས་ནོར་འཁྲུལ་ལ་བརྩི་རྒྱུ་མེད། གནས་ཚུལ་མང་པོ་ཞིག་ང་རང་གི་བསམ་ཚུལ་གང་ཡོད་པ་དེ་ཞུ་གི་ཡོད་རེད། དེ་ཚོའི་རྒྱབ་ཏུ་རིགས་པའི་སྒྲུབ་བྱེད་མེད་པ་ཧ་ལམ་མེད་བསམ་གྱི་ཡོད། མི་ཁ་ཤས་ཀྱིས་དེང་རབས་ཀྱི་སྐོར་དང་། གོ་ལ་གཅིག་སྒྱུར་གྱི་སྐོར། ཚན་རིག་དང་འཕྲུལ་ལས་སྐོར་སོགས་ཀྱི་གནས་ཚུལ་རྣམས་ངས་གློ་བུར་དུ་བཟོས་པ་མིན་འགྲོ་དགོངས་མཁན་ཡོད་སྲིད་ཀྱང། ངས་ཞུས་པ་མང་ཆེ་བ་ནི་གཱཾདྡྷཱི་དང་གཱཾདྡྷཱིའི་རྗེས་འཇུག་ཚོའི་དགོངས་ཚུལ་དྲངས་པ་ཁག་རེད། བདག་ཉིད་ཆེན་པོ་གཱཾདྡྷཱི་མཆོག་གིས་ཀྱང་རིག་པའི་གཞུང་ལུགས་མང་པོ་ལ་བསྟུན་ནས་གསུངས་པ་ཞིག་རེད་མ་གཏོགས། ཐད་ཀར་གསུངས་པ་ཞིག་མིན། རྒྱ་གར་རང་དབང་ (Hind Swaraj) ལྟ་བུར་མཚོན་ན། གཱཾདྡྷཱིས་ཆ་གཞག་ས་གཙོ་བོ་ནི་ནུབ་ཕྱོགས་པའི་སྔོན་གྱི་རྩོམ་པ་པོ་ལིའོ་ཊོལ་སི་ཊོ་ཡེ་ (Leo Tolstoy) དང་ཐོ་རོ་ (Thoreau) སོགས་ཀྱིས་མཚོན་པའི་ནུབ་ཕྱོགས་པའི་མཁས་པ་རྣམས་རེད། རྒྱ་གར་རང་དབང་ཞེས་པ་ནི་དེབ་ཆུང་ངུ་ཞིག་རེད། བོད་སྐད་དུའང་བསྒྱུར་ཡོད། དེའི་ནང་གཟིགས་ན་ཁུངས་བཅོལ་སའི་གཞུང་མང་ཆེ་བ་དེང་རབས་ཀྱི་ཤེས་ཡོན་འོག་ནས་ཐོན་པའི་ནུབ་ཕྱོགས་ཀྱི་མི་རིགས་ཡིན་པའི་མཁས་པ་ཚོའི་བསམ་ཚུལ་མང་པོ་དེའི་ནང་སླེབས་ཡོད། དཔེར་ན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་ (Prof. A. K. Saran) ལྟ་བུར་མཚོན་ན། ཁོང་གི་ Illuminations ཞེས་པའི་ཕྱག་དེབ་ནང་འདས་པའི་བརྒྱ་ཕྲག་གསུམ་ནང་བྱུང་བའི་ནུབ་ཕྱོགས་ཀྱི་མཁས་པ་གྲགས་ཅན་བཅུ་ཕྲག་ལྷག་གི་ལུང་འདྲེན་ ༡༢༥ ཟུར་བཏོན་གནང་ཡོད། དེས་ན་ང་ཚོས་བཤད་པ་རྣམས་ཕྱོགས་སུ་མ་ལྷུང་བ་ཞིག་དང་། ནུབ་ཕྱོགས་པའི་མཁས་པ་ཚོའི་དགོངས་པར་མ་འཁོར་བ་དང་། བགྲོ་གླེང་མ་གནང་བ། གཏན་ལ་མ་ཕབ་པ་ཞིག་མེད་ཅེས་བརྗོད་ན་འགྲིགས། གང་ལྟར་མང་ཉུང་གི་ཁྱད་པར་ཤོར་སྲིད་པ་ལས། སྤྱིར་བཏང་བསམ་ཚུལ་དེ་ཚོ་ཤར་ནུབ་ཀྱི་ཁྱད་པར་མེད་པ་དང་། དུས་ཚོད་སྔ་རྗེས་ཀྱི་ཁྱད་པར་མེད་པ། བསམ་བློ་གཏིང་ཟབ་གཏོང་མཁན་མང་ཆེ་བའི་དགོངས་པ་གཅིག་གྱུར་ཡོད་པ་རྣམས་བསྡུས་པ་ཞིག་ཆགས་ཡོད། དེར་བརྟེན་དཔྱད་བཟོད་པ་ལས། དཔྱད་མི་བཟོད་པ་ཏན་ཏན་མེད་བསམ་གྱི་ཡོད། དེས་ན་ཁྱེད་རང་ཚོས་དཔྱད་པ་གནང་དགོས་པ་དེ་གལ་ཆེན་པོ་རེད། ཐུགས་རྗེ་ཆེ། དེ་ནས་ཚོུད་ཕྱེད་ཀ་ཙམ་གྱི་དུས་ཚོད་འདུག དྲི་བ་ཡོད་ན་གནང་རོགས་གནང་།

 

དྲི་བ་དྲིས་ལན།

དྲི་བ། རང་ཅག་བོད་པའི་སྤྱི་ཚོགས་ནང་དང་། ལྷག་པར་ཆོས་སྡེ་ཆེན་པོ་འགའ་རེའི་ནང་༧གོང་ས་མཆོག་ལ་ཟུར་ཟ་དང་སྐུར་འདེབས་སོགས་ཀྱི་རིགས་ཇེ་མང་དུ་འགྲོ་བཞིན་པ་དེར་རིན་པོ་ཆེ་མཆོག་ནས་རྒྱུ་རྐྱེན་གང་གི་དབང་གིས་བྱུང་བ་མངོན་གྱི་འདུག་གམ།

བཀའ་ལན། དྲི་བ་དེ་དངོས་ཡོད་ཀྱི་གནས་ཚུལ་ལ་གཞི་བཅོལ་བ་ཞིག་རེད། བོད་པའི་སྤྱི་ཚོགས་ནང་དང་ལྷག་པར་ཆོས་སྡེ་ཆེན་པོ་འགའ་རེའི་ནང་༧གོང་ས་མཆོག་ལ་ཟུར་ཟ་དང་སྐུར་འདེབས་ཀྱི་རིགས་ཇེ་མང་དུ་འགྲོ་བཞིན་པ་དེར་རིན་པོ་ཆེ་མཆོག་ནས་རྒྱུ་རྐྱེན་གང་གི་དབང་གིས་བྱུང་བ་མངོན་གྱི་འདུག་ཅེས་བཀའ་འདྲི་གནང་འདུག དེའི་རྒྱུ་རྐྱེན་ང་ཚོས་ཚོད་དཔག་བྱེད་ཐུབ་རྒྱུ་ཁག་པོ་རེད། ད་ལྟ་༧གོང་ས་མཆོག་ལ་སྐུར་འདེབས་དང་ཟུར་ཟ་ཞུ་མཁན་ཇེ་མང་དུ་འགྲོ་བ་དེ་ཚང་མས་གཟིགས་ཐུབ་པ་ཞིག་རེད་མ་གཏོགས། ཁུག་ཁུག་ཀྱོག་ཀྱོག་ལ་དེ་འདྲ་གོ་རྒྱུ་འདུག་ཅེས་ཟེར་སྒྲོས་ཙམ་མིན་པ་དེ་དངོས་ཡོད་གནས་སྟངས་རེད། སྒྲིག་འཛུགས་དང་། གྲོས་ཚོགས། སྤྱི་ཚོགས་ཀྱི་ཚད་ལྡན་གྱི་ཚོགས་འདུ་སོགས་ཀྱི་ནང་དུའང་༧གོང་ས་མཆོག་ལ་ཟུར་ཟ་དང་སྐུར་འདེབས་ཞུ་བསྡད་ཀྱི་ཡོད་རེད། སྤྱིར་བཏང་ཟུར་ཟ་དང་སྐུར་འདེབས་ཟེར་བ་དེ་དག་གི་འབྱུང་ཁུངས་གཙོ་བོ་རང་དོན་ཡིད་བྱེད་ཀྱི་བློ་དེ་ཤུགས་ཆེ་བ་ཡིན་ཙང་། མི་སུ་དང་སུ་ཡིན་ནའང་རང་དོན་ཡིད་བྱེད་ཀྱི་བསམ་པའི་དབང་གིས་རང་གི་མངོན་འདོད་བསྒྲུབ་རྒྱུར་༧གོང་ས་མཆོག་གི་གསུང་དང་མཛད་པའི་ཕན་ཐོགས་མ་བྱུང་བ་མངོན་བསྡད་པ་དེ་འདྲའང་ཡོང་སྲིད་པ་རེད། སྒེར་གྱི་ཁེ་ཕན་དང་། སྒེར་གྱི་མངོན་འདོད་དང་མ་འཚམས་པ་བྱུང་བའི་སྐབས་སུ་དེ་འདྲ་མང་པོ་ཞིག་ཡོད་བསྡད་ཀྱི་ཡོད། དེའི་རྒྱུ་རྐྱེན་བཙལ་བ་ཡིན་ན་༧གོང་ས་མཆོག་ལ་ཟུར་ཟ་དང་སྐུར་འདེབས་ཞུ་མཁན་དེ་ཚོས་རྒྱུ་མཚན་ལྡན་པའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་མཛད་ཕྱོགས་ནོར་བ་དང་ཡང་དག་པ་མ་ཡིན་པ་ཞིག་བཤད་རྒྱུ་སུ་ལའང་མེད། གལ་ཏེ་ཡོད་ན་དེའི་རྒྱུ་རྐྱེན་དེ་ཡང་དག་པ་ཡིན་མིན་བལྟ་རྒྱུ་རེད། སྐུར་འདེབས་དང་ཟུར་ཟ་ཞུ་རྒྱུ་ཚང་མ་རང་གི་བསམ་བློའི་འཁྱེར་ཕྱོགས་དང་ཤོག་ཁག་ཟིན་སྟངས་ཤིག་གི་ཐོག་ནས་འགྲོ་བསྡད་པ་ཤ་སྟག་རེད།

ནམ་རྒྱུན་ཡོངས་གྲགས་སུ་དོན་ཚན་གཉིས་བཤད་ཀྱི་ཡོད། སྒྲིག་འཛུགས་ཀྱི་ནང་དུ་ཡོད་མཁན་ཚོ་ཡིན་ནའང་རེད། སྒྲིག་འཛུགས་ཀྱི་ཕྱི་ལ་ཡོད་མཁན་ཚོ་ཡིན་ནའང་རེད། དེ་ཚོས་གང་བཤད་ཀྱི་ཡོད་ཅེ་ན། དོལ་རྒྱལ་ཚོགས་པའི་སླུ་བྲིད་འོག་ཕྱིན་ནས་མི་དེ་ཚོས་དེ་འདྲ་བྱེད་ཀྱི་ཡོད་ཅེས་རྒྱུ་མཚན་གཅིག་དེ་བཤད་ཀྱི་ཡོད་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་པ་དེ་ཚོས་ཆེད་དུ་གཉེར་ནས་དེ་འདྲ་བཤད་མཁན་རྣམས་བོད་ནང་དང་བཙན་བྱོལ་གྱི་སྤྱི་ཚོགས་ནང་གསོ་སྐྱོང་བྱེད་ཀྱི་ཡོད་པ་དེའི་དབང་གིས་རེད་ཅེས་བཤད་ཀྱི་ཡོད། དེ་གཉིས་ཀ་བདེན་པ་མ་རེད་ཅེས་བཤད་ཐུབ་རྒྱུ་ཁག་པོ་རེད། དོལ་རྒྱལ་ཚོགས་པའི་རྒྱབ་ཏུའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡོད་རེད། དེ་མིན་བོད་དང་འགལ་ཟླ་བྱེད་མཁན་སུ་ཡིན་ནའང་དེའི་རྒྱབ་ཏུའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡོད་རེད། དེ་ཚོའི་བརྒྱུད་ནས་བོད་པའི་སྤྱི་ཚོགས་ནང་འགལ་ཟླ་བཟོ་རྒྱུ་དང་། བོད་པའི་སྤྱི་ཚོགས་ཀྱི་ནང་ནས་༧རྒྱལ་བ་རིན་པོ་ཆེར་ཟུར་ཟ་དང་སྐུར་འདེབས་ཞུ་མཁན་ག་ཚོད་མང་མང་གཏོང་རྒྱུའི་ཐབས་ཤེས་བྱས་པ་དང་། བྱེད་བཞིན་པ། བྱེད་རྒྱུ་ཡིན་པ་རྣམས་ནི་ང་ཚོས་མཐོང་ཐུབ་པ་ཞིག་རེད།

འོན་ཀྱང་ང་ཚོས་བཤད་མི་ཐུབ་པ་དེ་ག་རེ་རེད་ཅེ་ན། བོད་མི་དེ་ཚོ་དོལ་རྒྱལ་རྗེས་འབྲངས་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་པ་ཚོའི་དབང་འོག་ཏུ་འགྲོ་ཐུབ་པ་དེ་ཇི་ལྟར་བྱུང་བ་རེད། དེ་ཙམ་གྱིས་བློ་ཁོག་དང་ཡ་ཡུས་བསྒྲིལ་རྒྱུའི་ཆོད་སེམས་ཡོང་ཐུབ་པ་དེའི་རྒྱུ་རྐྱེན་གང་དུ་ཐུག་གི་ཡོད་དམ། སྔོན་མ་ཡིན་ན་དངུལ་དང་དངོས་པོས་ལྟོགས་སླ་ཇི་ཙམ་སྤྲད་ནའང་༧རྒྱལ་བ་རིན་པོ་ཆེ་དང་ཆོས་ལ་ཐུག་པའི་སྐབས་སུ་ལས་སླ་པོས་གཞན་གྱི་མགོ་སྐོར་སླུ་བྲིད་འོག་མི་འགྲོ་བ་མང་བ་རེད། འགྲོ་མཁན་ཧ་ལམ་མཐོང་རྒྱུ་མེད། ད་ལྟ་འགྲོ་མཁན་ཇེ་མང་དུ་འགྲོ་དུས་དེའི་རྒྱུ་རྐྱེན་གང་ཡིན་མིན་ང་ཚོས་བཤད་ཁག་པོ་རེད། ང་ཚོས་བཤད་ཐུབ་པའི་རྒྱུ་མཚན་གཅིག་རང་ལྷག་པ་དེ་གང་རེད་ཅེ་ན། བོད་སྤྱི་མཐུན་གྱི་བསོད་ནམས་ཟད་པ་རེད་ལ། གང་ཟག་སྒེར་གྱི་བསོད་ནམས་ཟད་པ་རེད། བོད་པའི་གཏམ་དཔེར་བསོད་ནམས་ཟད་ཁར་བསམ་ངན་དྲན་ཞེས་བྱུང་བ་བཞིན་རང་གི་བསོད་ནམས་ཀྱི་རྒྱབ་ལྗོངས་རྫོགས་པའི་སྐབས་སུ་ཚབས་ཆེ་བའི་མི་དགེ་བའི་ལས་ལ་ཞུགས་པ་དང། ལྷག་པར་དུ་གཞི་རྩ་གང་ཡང་མེད་པར་རང་གི་བླ་མ་ཡན་ཆད་ལ་ཟུར་ཟ་དང་སྐུར་འདེབས་བྱེད་པའི་གནས་བབ་ཡོང་བསྡད་པ་དེ་སྔོན་གྱི་ལས་ངན་པའི་འབྲས་བུ་དང་། རང་གི་བསོད་ནམས་ཀྱི་བསགས་རྒྱབ་ཀྱིས་མ་འདེང་བའི་གནས་སྟངས་ཤིག་རེད།

བསོད་ནམས་དང་ཆོས་ལ་ཡིད་ཆེས་མི་བྱེད་མཁན་ཞིག་ཡིན་ན། མི་དེ་བདེན་པའི་གནས་བབས་དང་མི་རིགས་ཀྱི་ཤ་ཞེན་རྩ་བ་ནས་བརླགས་ཟིན་པ་དང་། དངུལ་དངོས་ཀྱི་ཁེ་ཕན་བྱུང་ན་རང་གི་མི་རིགས་དང་། རང་གི་ཡུལ་གོམས་གཤིས་ལུགས། རང་གི་ཆོས་དང་རིག་གཞུང་། རང་གི་བླ་མ་བཅས་གང་ལའང་ཟུར་ཟ་དང་དམའ་འབེབས་བྱེད་དགོས་བྱུང་ནའང་བྱེད་ཐུབ་པའི་ངན་སྤྱོད་ཀྱི་ཚད་གཞི་དེ་བློ་ཡུལ་ལས་འདས་པ་ཡོད་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་དེ་ལ་ང་ཚོས་མཐའ་གཅིག་ཏུ་རྒྱུ་མཚན་དེ་འདྲ་མཐོང་གི་འདུག་ཅེས་བརྗོད་ཐུབ་རྒྱུ་ཁག་པོ་རེད།

དྲི་བ། སྲིད་དོན་གྱི་ཤོག་ཁག་ལ་བརྟེན་ནས་རང་དབང་དང་། དྲང་བདེན། འདྲ་མཉམ་མི་ཡོང་བ་མ་ཟད། ལྐོག་ཟ་རུལ་སུངས་དང་ནག་འཚོང་གི་གནས་ཚུལ་ཡོང་བ་དེ་དག་འགོག་ཐབས་ཡོད་དམ།

བཀའ་ལན། གོང་དུ་ཞུས་པ་བཞིན་སྤྱི་ཡོངས་འགྲོ་སྟངས་བྱས་ན་དྲང་བདེན་མ་ཡིན་པ་དང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་ནང་ཡོང་ན་དེའི་བཏང་འཛིན་གྲོས་ཚོགས་ཀྱིས་བྱེད་དགོས་ཀྱི་ཡོད། གལ་ཏེ་གྲོས་ཚོགས་ནང་བྱུང་ན་དེའི་བཏང་འཛིན་དེ་མི་མང་གིས་བྱེད་དགོས་ཀྱི་ཡོད། མི་མང་གི་བཏང་འཛིན་ཞེས་པ་དེ་ལོ་ལྔ་རེར་འོས་བསྡུའི་གོ་སྐབས་སླེབས་དུས་རྣམ་འགྱུར་བསྟན་རྒྱུ་ཙམ་མ་གཏོགས། ཐད་ཀར་ལམ་སེང་བཏང་འཛིན་བྱེད་རྒྱུ་ཁག་པོ་རེད། ད་ལྟ་ཁྱེད་རང་གིས་དྲང་བདེན་མ་ཡིན་པ་དང་ལྐོག་ཟ་རུལ་སུངས་ནག་འཚོང་སོགས་གྲངས་འདྲེན་གནང་སྐབས་གཅིག་གྱུར་ལྟ་བུ་གནང་སོང་ཡང་། དེ་ལའང་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད། དངོས་གནས་བྱས་ན་དེ་དག་ཆ་ཚང་ཁྲིམས་འགལ་གྱི་བྱ་བ་ཞིག་རེད། དེར་བརྟེན་དེའི་སྔོན་འགོག་དང་རྗེས་སུ་ལྟ་རྟོག་བཏང་འཛིན་གྱི་འགན་དེ་ཁྲིམས་དང་སྒྲིག་འཛུགས་ལྟ་སྐྱོང་བྱེད་མཁན་ཉེན་རྟོག་སྐོར་སྲུང་བའི་ལས་ཁུངས་དང་། གསང་བའི་ལས་ཁུངས་ལ་ཡོད་པ་ཞིག་རེད། ཡིན་ནའང་ལས་ཁུངས་དེ་གཉིས་འཛིན་སྐྱོང་གི་འོག་ལ་འདུས་པ་ཡིན་ཙང་། འཛིན་སྐྱོང་གི་ངོས་ནས་ཁོང་ཚོ་ལ་རྒྱབ་སྐྱོར་ཚད་ལྡན་ཞིག་མ་བྱུང་ན་ཁོང་ཚོའི་ངོས་ནས་འདོད་པ་ཡོད་ནའང་བཏང་འཛིན་དང་ཞིབ་འཇུག་བྱེད་ཐུབ་པའི་གནས་སྟངས་དེ་ཁག་པོ་རེད། འཛིན་སྐྱོང་དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་ཆེ་བ་ཇི་ལྟར་བཀག་ཐུབ་བམ་ཞེ་ན། རྒྱ་གར་ལྟ་བུར་མཚོན་ན། རྩ་ཁྲིམས་ཀྱི་ནང་དུ་རང་དབང་ཅན་གྱི་སྡེ་ཚན་གསུམ་ཞེས་པ་ཞིག་ཡོད། ང་ཚོ་བཙན་བྱོལ་བོད་མི་ལའང་ཆེ་ཆུང་ལ་མ་ལྟོས་པར་དེ་གསུམ་ག་ཡོད་མུས་རེད། རྩིས་ཞིབ་ལས་ཁང་ (Comptroller and Auditor General) དང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། (Public Service Commission) འོས་བསྡུ་ལས་ཁང་ (Election Commission) བཅས་རང་དབང་ཅན་གྱི་སྡེ་ཚན་གསུམ་རེད། འཛིན་སྐྱོང་གི་ནང་དུ་ལྐོག་ཟ་རུལ་སུངས་དང་དཔལ་འབྱོར་ཐོག་ནས་སྒྲིག་མཐུན་མ་ཡིན་པ་དང་ཁྲིམས་མཐུན་མ་ཡིན་པའི་གནས་ཚུལ་བྱུང་ན་དེ་བཏང་འཛིན་བྱེད་མཁན་ནི་རྩིས་ཞིབ་ལས་ཁང་རེད། དེའི་ལས་ཁུངས་ནས་འདི་ལྟ་བུའི་གནས་ཚུལ་ནོར་འཛོལ་བྱུང་འདུག་ཅེས་གྲོས་ཚོགས་ལ་གསལ་སྟོན་བྱེད་ཀྱི་ཡོད། དེ་ནས་གྲོས་ཚོགས་ཀྱིས་ཁྲིམས་ཁང་དུ་བསྐྱལ་དགོས་སམ། གྲོས་ཚོགས་ངོས་ནས་ཞིབ་འཇུག་གནང་དགོས་སམ། ཡང་ན་འཛིན་སྐྱོང་གི་སྒྲིག་འཛུགས་རང་གིས་བཏང་འཛིན་བྱེད་དགོས་མིན་བཅས་དབྱེ་བ་ཕྱེ་ནས་འགྲོ་རྒྱུ་ཞིག་རེད། ཡིན་ནའང་རྩིས་ཞིབ་ལས་ཁང་ལ་སླེབས་རྒྱུའི་ཡིག་ཆ་རྣམས་གནས་ཚུལ་ཆེན་པོ་ཞིག་མིན་ན་ལྐོག་ཟ་རུལ་སུངས་བྱེད་མཁན་ཚོས་དང་པོ་ནས་ཧ་ལམ་མཛུབ་མོ་བཙུག་ས་མེད་པ་བཟོས་ཟིན་ཅིང་། ཤོག་བུའི་ཐོག་ཏུ་ཚང་མ་འགྲིགས་པ་ཆགས་ཡོད་ཙང་མང་པོ་ཞིག་སྣང་མེད་དུ་འགྲོ་བ་རེད། དེ་འདྲའི་གནས་ཚུལ་ཞིག་བྱུང་བའི་རྗེས་སུ་བཏང་འཛིན་བྱེད་སྐབས་ཁྲིམས་ཀྱི་ལས་རིམ་དེ་ཉོབ་པོ་དང་རིང་པོ་ཡིན་ཙང་། ལོ་ནས་ལོ་བསྟུད་དེ་གོ་རྒྱུ་ཚོར་རྒྱུ་མེད་པར་དེའི་བར་དུ་འཛིན་སྐྱོང་གི་མི་དང་། བཏང་འཛིན་བྱེེད་མཁན། ཁྲིམས་དཔོན་བཅས་འགྱུར་བ་ཐེབས་པ་སོགས་ཀྱིས་རིམ་པས་ཡལ་འགྲོ་བ་རེད།

སྤྱི་ཚོགས་ཀྱི་ནང་དུ་ལྐོག་ཟ་རུལ་སུངས་དང་། ནག་འཚོང་། དངུལ་ནག་པོ་སོགས་ཀྱི་བཏང་འཛིན་ནི་འཛིན་སྐྱོང་གིས་བྱེད་ཀྱི་ཡོད་པའི་སྐད་ཆ་རེད། དེ་ནི་འཛིན་སྐྱོང་གིས་བྱེད་པའི་སྐབས་སུ་འཛིན་སྐྱོང་རང་ཉིད་གཙང་མ་ཇི་ཙམ་ཡོད་མིན་བཤད་ཁག་པོ་རེད། ཆབ་སྲིད་ཀྱི་ཤོག་ཁག་ཚོའི་དངུལ་གྱི་བཏང་འཛིན་བྱེད་རྒྱུ་དེ་ཧ་ཅང་ཁག་པོ་རེད། ད་ལྟ་བར་དུ་ཆབ་སྲིད་ཀྱི་ཤོག་ཁག་དེ་ཚོའི་དངུལ་རྣམས་རྩིས་ཞིབ་ལས་ཁང་གིས་རྩིས་ཞིབ་བྱེད་ཀྱི་མེད། དེ་ཙམ་དུ་མ་ཟད་ཆབ་སྲིད་ཀྱི་ཤོག་ཁག་དེ་དག་ད་ལྟ་བར་དུ་ Right to information (RTI) ཁྲིམས་གཞིའི་འོག་ཏུ་སླེབས་ཐུབ་མེད། དེ་ནི་གནས་ཚུལ་གང་བྱུང་མིན་འདྲི་ན་ཤེས་ཐུབ་པའི་ཐོབ་ཐང་གི་ཁྲིམས་གཞི་ཞིག་རེད། དེར་བརྟེན་ཆབ་སྲིད་ཀྱི་ཤོག་ཁག་གིས་གང་བྱས་པ་རྣམས་གསང་བ་ཉར་ནའང་དངོས་གསལ་དོད་པོ་ཆགས་མི་ཐུབ་པ་རེད། དེ་དག་ནི་ཧ་ཅང་གི་དངོས་གསལ་དོད་པོས་འདྲ་མཉམ་མེད་པའི་གནས་སྟངས་ཤིག་རེད། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་མན་ཆད་ཀྱི་ལས་ཁུངས་ཚང་མ་ RTI འོག་ཏུ་ཡོད་ཀྱང་། ཆབ་སྲིད་ཀྱི་ཤོག་ཁག་དེ་ཚོ་ད་ལྟའང་ RTI འོག་ཏུ་ཚུད་མེད། གང་ལྟར་རྙོག་འཛིངས་ཤིག་ནང་སླེབས་ཚར་དུས་བཏང་འཛིན་ཞིབ་འཇུག་ཟེར་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་པ་དངོས་ཡོད་ཀྱི་གནས་སྟངས་ཆགས་ཡོད། འཛིན་སྐྱོང་གི་ལྐོག་ཟ་རུལ་སུངས་དང་། ཁྲིམས་བཟོ་ལྷན་ཚོགས་ཀྱི་ལྐོག་ཟ་རུལ་སུངས། ཁྲིམས་ལུགས་དབང་འཛིན་གྱི་ལྐོག་ཟ་རུལ་སུངས་ལ་མཛུབ་མོ་བཙུགས་ཏེ་བཏང་འཛིན་བྱེད་མཁན་ཞིག་རྙེད་ཡོང་གི་རེད་དེ། ཆབ་སྲིད་ཀྱི་ཤོག་ཁག་གིས་ལྐོག་ཟ་རུལ་སུངས་བྱས་པ་དེ་ཚོ་ལ་བཏང་འཛིན་བྱེད་མཁན་གྱི་སྡེ་ཚན་ཧ་ཅང་རྙེད་ཁག་པོ་རེད། དེའི་ཐོག་ལ་བཏང་འཛིན་བྱེད་མཁན་གྱི་དམིགས་བསལ་གྱི་སྡེ་ཚན་དེ་འོས་བསྡུ་ལས་ཁང་རེད། འོས་བསྡུ་ལས་ཁང་གིས་འོས་བསྡུའི་སྐབས་སུ་ཆབ་སྲིད་ཀྱི་ཤོག་ཁག་གི་འགྲོ་སོང་གི་རྩིས་ཁྲ་བཏང་འཛིན་བྱེད་རྒྱུ་དང་། འོས་བསྡུའི་སྒྲིག་གཞི་དང་མཐུན་མིན་བཏང་འཛིན་བྱེད་རྒྱུ། དེ་ལ་བརྟེན་ནས་ཆབ་སྲིད་ཀྱི་ཤོག་ཁག་གི་ངོས་འཛིན་ཕྱིར་བསྡུ་བྱེད་རྒྱུ་སོགས་ཀྱི་གནས་བབ་ཡོད་ཀྱང་། ཁ་ཡོད་ལག་ཡོད་གནད་དུ་སྨིན་པ་ཡོང་ཁག་པོ་ཆགས་ཡོད། སྤྱི་ཡོངས་ཀྱི་སྒྲོམ་གཞི་དེ་ཆུ་ལྟ་བུ་འཛག་ས་མེད་པ་ཞིག་བཟོ་ཐུབ་རྒྱུ་དེ་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་ཚོགས་པའི་འཛིན་སྐྱོང་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་གི་ནང་ལ་ཁག་པོ་རེད།

དྲི་བ། ད་ལྟ་བཙན་བྱོལ་སྤྱི་ཚོགས་དང་གྲོས་ཚོགས་ནང་རང་བཙན་དང་དབུ་མའི་ལམ་གྱི་རྗེས་འཇུག་དབར་ལ་རྡོག་རྩ་ཆིག་བསྒྲིལ་མེད་པར་ལས་འགུལ་སྤེལ་སྐབས་མཉམ་རུབ་མེད་པ་སོགས་ཡོང་གི་ཡོད། རང་བཙན་རྩོད་མཁན་དང་དབུ་མའི་ལམ་གྱི་རྗེས་འཇུག་བཅས་གཉིས་ཡོད་པ་དེས་བོད་པའི་མང་གཙོའི་ལྟ་གྲུབ་ལ་གནོད་ཀྱི་རེད་དམ།

བཀའ་ལན། མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་མིན་ལ་མ་ལྟོས་པར་ཆབ་སྲིད་ཀྱི་བསམ་ཚུལ་དང་ལྟ་གྲུབ་མང་པོ་ཡོད་ཆོག་པ་དེ་གཞི་རིམ་གྱི་གནས་སྟངས་རེད། དེར་བརྟེན་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་བོད་དོན་བདེན་མཐའ་གསལ་ཐབས་སུ་རང་བཙན་རྩོད་སྒྲུབ་བྱས་ནས་གསལ་དགོས་རེད་ཅེས་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་གསལ་དགོས་ཞེས་པ་གཉིས་ཀས་བོད་ཀྱི་རྩ་དོན་ལ་ལྷག་བསམ་རྣམ་དག་ཡོད་པ་དེ་བཤད་མ་དགོས་པ་རེད། དེ་ནི་བསྒྲུབ་བྱ་དང་ཐབས་ལམ་མི་འདྲ་བ་ཙམ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་བྱུང་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བསྡད་ན་འགྲིགས་ཀྱི་འདུག་ཅེས་ཟེར་གྱི་ཡོད། རང་བཙན་རྩོད་མཁན་ཚོས་དེས་འགྲིགས་ཀྱི་མི་འདུག བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་དེ་བསྐྱར་གསོ་བྱེད་དགོས་འདུག རྒྱ་ནག་དང་ཁ་འབྲལ་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། དེ་གཉིས་ཀས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་གི་ཡོད་པ་ཡིན་ཙང་། ལྷག་བསམ་གྱི་ཆ་ནས་ཁྱད་པར་མེད་ལ། དམིགས་ཡུལ་གྱི་ཆ་ནས་ཁྱད་པར་ཡོད་པ་ཞིག་རེད། སྤྱི་ཚོགས་ཀྱི་ནང་དུ་ཡིན་ནའང་རེད། གྲོས་ཚོགས་ཀྱི་ནང་དུའང་ཡིན་ནའང་རེད། དེ་ལྟ་བུའི་བསམ་ཚུལ་མི་འདྲ་བ་གཉིས་ཡོད་ན་མ་འགྲིགས་པ་དང་། དེ་བཀག་དགོས་པའི་གནས་སྟངས་ཤིག་གང་ཡང་ཆགས་ཀྱི་མེད།

ཁྱེད་རང་གི་དྲི་བའི་ནང་ལས་འགུལ་སྤེལ་སྐབས་མཉམ་རུབ་བྱེད་ཀྱི་མི་འདུག་ཅེས་གསུངས་སོང་། དེ་ནི་རང་བཞིན་གྱིས་མཉམ་རུབ་བྱེད་ཐུབ་ཐབས་མེད། དེང་སང་ལས་འགུལ་སྤེལ་ཟེར་བའི་ཚིག་དེ་མང་ཆེ་བ་ཞིག་སྲང་ལམ་དུ་འགྲོ་ནས་སྐད་འབོད་བྱེད་རྒྱུ་ལ་གོ་བསྡད་ཀྱི་འདུག ལས་འགུལ་སྤེལ་ཟེར་བ་ལ་ཐབས་བརྒྱ་བྱུས་སྟོང་གིས་མང་པོ་ཞིག་བྱེད་རྒྱུ་ཡོད་པ་དེ་དགོངས་པར་འཁོར་གྱི་མི་འདུག ད་ང་ཚོ་ལས་འགུལ་སྤེལ་གྱི་ཡོད། སྐད་འབོད་བྱེད་དུ་ཤོག་ཅེས་བརྗོད་དུས་རང་བཙན་ལྟ་གྲུབ་འཛིན་མཁན་གྱིས་བོད་རང་བཙན་ཡིན་ཞེས་སྐད་བརྒྱབ་དགོས་རེད། དེ་ལ་དབུ་མའི་ལམ་གྱི་ལས་འགུལ་བ་ཚོ་འགྲོ་ཤེས་སྟངས་མེད། དབུ་མའི་ལམ་གྱིས་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་ལས། རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། དབུ་མའི་ལམ་གྱི་མི་ཚོས་ལས་འགུལ་སྤེལ་ནས་སྐད་འབོད་བྱེད་སྐབས་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཞེས་པ་དེ་རང་བཙན་རྩོད་མཁན་གྱིས་བརྗོད་ཐུབ་ཐབས་མེད། དེ་བརྗོད་ནའང་གཅིག་གིས་གཅིག་ལ་མགོ་སྐོར་ལྟ་བུ་རེད། དེར་བརྟེན་ལས་འགུལ་སྤེལ་བའི་གོ་དོན་དེ་གསུམ་ཅུའི་དུས་དྲན་སྐབས་སུ་སྲང་ལམ་བར་དུ་སྐད་འབོད་བྱས་ནས་འགྲོ་རྒྱུ་ཙམ་ལ་ཐ་སྙད་བཏགས་ན་ནི་མཉམ་དུ་བྱེད་མི་ཐུབ་པའི་དངོས་ཡོད་ཀྱི་གནས་སྟངས་རེད། དེ་ནི་ལོགས་སུ་གཞག་ན་ཡག་གི་རེད། དེ་མིན་བོད་མིའི་སྤྱི་ཚོགས་ཡར་རྒྱས་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། བོད་ཀྱི་གནས་བབ་སྐོར་རྒྱལ་སྤྱིའི་ནང་སྐད་ཆ་བཤད་རྒྱུ་སོགས་ལས་འགུལ་དུ་བསམས་ན་ནི་རང་བཙན་རྩོད་མཁན་དང་རང་སྐྱོང་རྩོད་མཁན་གཉིས་ཀས་མཉམ་དུ་བྱེད་མི་ཐུབ་པའི་གནས་སྟངས་གང་ཡང་མེད། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ཞེས་པ་དེ་ནི་རང་བཙན་གྱི་དོན་དུ་བཤད་ཀྱི་མེད་ལ། རང་སྐྱོང་གི་དོན་དུའང་བཤད་ཀྱི་མེད། དེ་ནི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་བྱེད་དགོས་ཞེས་བཤད་ཀྱི་ཡོད། དེ་འདྲའི་ལས་འགུལ་རིགས་མཉམ་དུ་སྤེལ་ཐུབ་ལ། མཉམ་དུ་སྤེལ་ན་མི་འགྲིགས་པའང་མེད། སྤྱིར་བཏང་ཕན་ཚུན་བོད་མི་གཅིག་གྱུར་ཡིན་པའི་ཆ་ནས་མཛའ་བརྩེས་མཐུན་འབྲེལ་བྱེད་རྒྱུའི་གཤིས་ཀ་དེ་ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་ནང་ཕྲན་བུ་དཀོན་ཙམ་འདུག གང་ཟག་སྒེར་གྱི་འབྲེལ་བ་དང་གཞུང་གི་ལས་དོན་བྱེད་ཕྱོགས་ཚང་མ་མཉམ་དུ་བསྲེས་ནས་འགྲོ་གི་ཡོད། དཔེར་ན་གཞུང་གི་ལས་དོན་ཐོག་ནས་གཅིག་གིས་གཅིག་ལ་དགག་བྱ་ཡོད་ན་གང་ཟག་སྒེར་གཉིས་པོའང་མི་མཐུན་པ་ཆགས་པ་དང་། ལྟ་བ་འཛིན་སྟངས་ཀྱི་ཐོག་ནས་ཁྱད་པར་ཡོད་ན་གང་ཟག་སྒེར་ཕན་ཚུན་མི་མཐུན་པ་ཆགས་པ་མཐོང་མུས་རེད།

དྲི་བ་མཐའ་མ་ནི་རང་བཙན་རྩོད་སྒྲུབ་བྱེད་མཁན་དང་དབུ་མའི་ལམ་གྱི་རྗེས་འཇུག་བཅས་གཉིས་ཡོད་པ་དེས་བོད་པའི་མང་གཙོའི་ལྟ་གྲུབ་ལ་གནོད་ཀྱི་རེད་དམ་ཞེས་པ་དེ་རེད་འདུག དེས་གནོད་རྒྱུ་གང་ཡང་མེད། མང་གཙོའི་ལྟ་གྲུབ་ནང་གཉིས་ཀར་རང་དབང་ཆ་ཚང་སྤྲད་ཡོད་རེད། མཐུན་འབྲེལ་ལ་གནོད་ཀྱི་རེད་དམ་ཞེ་ན། མཐུན་འབྲེལ་ལའང་གནོད་རྒྱུ་གང་ཡང་མེད། གཉིས་ཀ་ནི་བོད་མི་རེད། སོ་སོ་སོ་སོས་བོད་སྤྱི་པའི་དོན་དུ་ལྷག་བསམ་ཁྱེར་ནས་ལས་ཀ་བྱེད་ཀྱི་ཡོད་རེད། གནོད་དགོས་པའི་གནས་སྟངས་གང་ཡང་མེད། གལ་ཏེ་གནོད་ཀྱི་ཡོད་ན་གང་ཟག་གི་འབྲེལ་བ་དང་ལྟ་གྲུབ་ཀྱི་འབྲེལ་བ་གཉིས་པོ་དབྱེ་བ་མ་ཆོད་པའི་དབང་གིས་རེད། དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་ཤེ་ན། ལྟ་གྲུབ་ཀྱི་རྣམ་གཞག་ལོགས་སུ་དང་། གཞུང་འབྲེལ་གྱི་བྱ་བའི་རྣམ་གཞག་ལོགས་སུ། གང་ཟག་ལོགས་སུ་བྱེད་དགོས། དཔེར་ན་གཱཾདྡྷཱིས་བྱ་བ་དང་བྱེད་པ་པོ་གཉིས་དབྱེ་བ་ཕྱེ་དགོས་ཤིང་། གལ་ཏེ་བྱ་བ་མ་རུང་བ་ཞིག་བྱེད་ན་དེ་ལ་ངོ་རྒོལ་བྱེད་དགོས་པ་དང་། དེ་ལྟ་བུའི་བྱ་བ་མ་རུང་བ་བྱེད་མཁན་གྱི་གང་ཟག་དེ་ལ་བྱམས་བརྩེ་བྱེད་དགོས་ཞེས་གསུངས་ཡོད། དེར་བརྟེན་ང་ཚོས་བྱེད་པ་པོ་དང་བྱ་བ་གཉིས་མཉམ་དུ་བསྲེས་པ་རེད། གལ་ཏེ་བྱ་བ་མ་རུང་བ་ཞིག་ལ་ངོ་རྒོལ་བྱེད་ན་བྱེད་པ་པོ་དེ་ལ་བྱམས་བརྩེ་མེད་པར་ཆགས་ན་དེ་ནི་འཚེ་བ་མེད་པའི་ལམ་གྱི་ལས་འགུལ་སྤེལ་སྟངས་ཀྱི་གཞི་རིམ་གྱི་ལྟ་གྲུབ་དང་འགལ་བ་རེད། དེས་ན་གདོང་ལེན་བྱེད་སྟངས་དེ་འཚེ་བ་མེད་པའི་གཞི་རིམ་གྱི་ལྟ་གྲུབ་ཐོག་ནས་བྱ་བ་ལ་འགལ་ཟླ་ཡོད་ནའང་བྱེད་པ་པོ་ལ་འགལ་ཟླ་མེད་པར་བྱམས་བརྩེ་གནས་ཐུབ་དགོས་པ་དེ་རེད།

དྲིི་བ། བོད་པ་ཚོ་སོ་སོའི་སྐད་ཡིག་ཉམས་ཆག་འགྲོ་བ་ལ་ཚོར་བ་མེད་པ་ལྟ་བུ་འདུག རིན་པོ་ཆེས་ཚོར་བ་ཡོང་ཐབས་ཐོག་དགོངས་ཚུལ་གསུང་རོགས་གནང་།

བཀའ་ལན། སྐད་ཡིག་དང་། ལེགས་བྱང་། ཆོས་ལ་སོགས་པ་ལ་དད་པ་དང་དགའ་ཞེན་གྱི་ཚོར་བ་སྐྱེ་རྒྱུར་ཁབ་བརྒྱབ་རྒྱུ་དང་རིལ་བུ་བཟའ་རྒྱུ་སོགས་གང་ཡང་མེད། དེང་སང་བཀའ་མོལ་གནང་མཁན་མང་ཆེ་བས་རང་གི་ཆོས་དང་། རང་གི་རིག་གཞུང་། རང་གི་སྐད་ཡིག་ལ་ཚོར་བ་དང་ལྡན་པའི་ཐོག་ནས་བརྩེ་གདུང་དང་ཞེན་ཁོག་ཡོད་དགོས་པའི་གནས་ཚུལ་མང་པོ་གསུང་གི་ཡོད། དེ་ལ་གཏིང་ཟབ་པོས་བལྟས་ན་རང་གི་སྐད་ཡིག་དང་རང་གི་རིག་གཞུང་ཡིན་པའི་རྒྱུ་མཚན་གྱིས་རྩ་ཆེན་པོ་བརྩི་བ་རེད། གང་ལྟར་རྩ་ཆེན་པོ་བརྩི་དགོས་པའི་རྒྱུ་མཚན་ལ་རང་ཉིད་བཀོད་པ་རེད། དེ་ནི་ང་ཚོ་བོད་པའི་གཏམ་དཔེར་ཨ་ཕའི་ཁ་ཕོར་གཙང་ཞེན་ཞེས་ལབ་པ་ལྟ་བུ་རེད།

བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་འཇིག་རྟེན་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་གྱི་ཆེད་དུ་ཡིན་པ་ལས། བོད་པ་རྐྱང་པའི་དོན་དུ་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཆགས་ཀྱི་མེད། དེར་བརྟེན་དེང་སང་བོད་པ་ལས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་དཀའ་ལས་རྒྱག་མཁན་མགོ་སེར་བ་མང་བ་རེད། ད་གིན་གཅིག་གིས་༧སྐྱབས་མགོན་རིན་པོ་ཆེར་དད་མོས་ཞུ་མཁན་ནང་དུའང་ནང་པ་མིན་པ་དང་། ཆོས་ཁས་མི་ལེན་པ། ནུབ་ཕྱོགས་པ་མང་བ་འདུག་ཅེས་གསུངས་པ་བཞིན་རེད། དེར་བརྟེན་ང་ཚོའི་བསམ་བློའི་ནང་དུའང་འགྲོ་བ་མི་རིགས་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཡོད་པ་དེ་ངོ་འཕྲོད་དགོས་པ་ཞིག་རེད།

བོད་ཀྱི་སྐད་ཡིག་གི་སྲུང་སྐྱོབ་ནི་བོད་ཀྱི་རིགས་ལ་སྐྱེ་བའི་མི་རིགས་ཤིག་གིས་བྱེད་ཐུབ་པ་བཞིན་བོད་ཀྱི་རིགས་སུ་མ་སྐྱེས་པའི་མི་རིགས་གཞན་ཞིག་གིས་གང་ལ་གང་འཚམས་བྱེད་ཐུབ་ཀྱང་བརྒྱ་ཆ་བརྒྱ་ཐམ་པ་བོད་པ་དང་གཅིག་པ་བྱེད་མི་ཐུབ། དེ་ནི་རིགས་ཀྱི་ཁྱད་པར་གྱིས་རེད། རྒྱ་གར་དང་བོད་པའི་བར་ལའང་རིགས་ཀྱི་ཁྱད་པར་ཆེན་པོ་ཡོད་རེད། དཔེར་ན། བོད་སྐད་ཀྱི་དབྱངས་གསལ་སུམ་ཅུ་སོ་བཞི་དེ་སྒྲ་དག་པོ་བརྗོད་ཐུབ་མཁན་ནི་བོད་རིགས་དང་བོད་རིགས་དང་འབྲེལ་བ་ཡོད་པ་དེ་དག་མ་གཏོགས། བོད་རིགས་དང་འབྲེལ་བ་མེད་པ་ང་ཚོའི་ཁྱིམ་མཚེས་རྒྱ་མིས་ཀྱང་བོད་ཀྱི་དབྱངས་གསལ་སུམ་ཅུ་སོ་བཞི་དེ་ཆ་ཚང་སྒྲ་དག་པོ་བརྗོད་མི་ཐུབ། དེར་བརྟེན་རང་གི་ཕ་སྐད་ཀྱི་ངོ་བོར་རང་གིས་སྲུང་སྐྱོབ་བྱེད་རྒྱུ་དེ་འོས་ཤིང་འཚམས་པ་རེད་ལ། ང་ཚོ་ལ་འཁྲི་བའི་ལས་འགན་ཞིག་ཀྱང་རེད། དེ་ནི་ང་ཚོས་མ་བྱེད་ན་སུས་བྱེད་ཀྱི་རེད་སྙམ་པ་ཞིག་དགོས།

དེ་ནས་ཚོར་བ་མི་སླེབས་པ་དེ་ལ་རྒྱུ་མཚན་གཉིས་རེད། རྒྱུ་མཚན་དང་པོ་ནི་སྐད་ཡིག་གི་རིན་ཐང་མི་ཤེས་པ་དེ་རེད། ད་ལྟའི་འཇིག་རྟེན་འདིའི་ནང་སྐད་ཡིག་ཡོངས་གྲགས་སྟོང་ཕྲག་བདུན་ཡས་མས་ཤིག་ཡོད་ཀྱང་དེ་དག་ཉམས་ཆག་གིས་ལོ་རེ་ནས་ལོ་རེེར་ཉུང་དུ་འགྲོ་མུས་རེད། དེ་ལྟ་བུའི་སྐད་ཡིག་སྟོང་ཕྲག་བདུན་ནང་ནང་པ་སངས་རྒྱས་པའི་མདོ་དང་སྔགས་ཀྱི་རིག་པའི་གཞུང་ལུགས་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བ་ཇི་མ་ཇི་བཞིན་བོད་ཀྱི་སྐད་ཡིག་ནང་མ་གཏོགས་མེད། ནང་པའི་ཆོས་དང་རིག་གཞུང་གི་གནས་སྟངས་དང་། ལྷག་པར་དུ་ནང་པའི་ལྟ་གྲུབ་དང་ནང་པའི་ཚན་རིག་གི་གནས་སྟངས་དེ་ད་ལྟ་འཇིག་རྟེན་ཁྱོན་ཡོངས་ཀྱི་རེ་བའི་མིག་འབུར་གཏོད་ས་ལྟ་བུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེས་ན་དེ་ཚོ་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཞབས་འདེགས་ཆེད་དུ་སྲུང་སྐྱོབ་བྱེད་དགོས་པ་དང་བྱེད་འོས་པ་ཞིག་ཆགས་པ་སྨོས་མེད་རེད། ལེགས་སྦྱར་གྱི་སྐད་ཡིག་ནི་འཇིག་རྟེན་གྱི་སྐད་ཡིག་ཚང་མའི་ནང་ནས་མཐོ་ཤོས་དང་ཕྱུག་ཤོས་སུ་བརྩི་བ་རེད། ཀམ་པུའུ་ཀྲར་ནང་ལས་གཞི་བཟོ་བའི་སྐབས་སུ་ལེགས་སྦྱར་གྱི་སྐད་དེ་ཡག་ཤོས་ཡོང་གི་འདུག་ཅེས་བཤད་ཀྱི་ཡོད། གང་ལྟར་ལེགས་སྦྱར་གྱི་སྐད་ཤེས་མཁན་མེད་པ་མ་གཏོགས། ཚན་རིག་དང་མཐུན་པའི་སྐད་ཡིག་ཅིག་ཡིན་ཙང་སྟབས་བདེ་ཤོས་ཆགས་ཀྱི་ཡོད་རེད། ལེགས་སྦྱར་གྱི་སྐད་ཡིག་ནང་ཇི་ཙམ་བསྟན་ཐུབ་པའི་བརྗོད་དོན་ཡོངས་སུ་རྫོགས་པ་སྟོན་ཐུབ་མཁན་གྱི་སྐད་ཡིག་གཉིས་པ་དེ་བོད་སྐད་མ་གཏོགས་མེད། རྒྱ་གར་གྱི་སྐད་རིགས་གཞན་དག་དང་བསྡུར་ནའང་བོད་སྐད་དེ་ལེགས་སྦྱར་གྱི་སྐད་དང་ཐག་ཉེ་བ་ཡོད། དེར་བརྟེན་ནང་པ་ཙམ་མ་ཡིན་པའི་ནང་པ་ལས་གཞན་པའི་རྒྱ་གར་གྱི་ལྟ་གྲུབ་གཞན་དག་མང་པོ་བོད་སྐད་ནང་བཙལ་ན་མ་གཏོགས་གཞན་དུ་མི་རྙེད་པའང་ཡོད། རྒྱ་གར་གྱི་བྱུང་རབས་ལོ་རྒྱུས་ལྟ་བུར་མཚོན་ནའང་བར་ལམ་བསྐྱར་གསོ་བྱས་པ་རྣམས་ཏཱ་རཱ་ནཱ་ཐའི་ཆོས་འབྱུང་དང་བུ་སྟོན་ཆོས་འབྱུང་ནས་རྙེད་པ་མང་པོ་རེད། དེས་ན་ངེས་པར་དུ་འགྲོ་བ་མི་རིགས་སྤྱི་ཡོངས་ལ་རིན་ཐང་ཡོད་པའི་སྐད་ཡིག་ཅིག་ཡིན་པ་དང་། སྐད་ཡིག་དེ་ངའི་ཕ་སྐད་ཡིན་ཙང་ངས་ཇི་ཙམ་སྲུང་སྐྱོབ་ཐུབ་པ་ནང་བཞིན་གཞན་གྱིས་བྱེད་མི་ཐུབ། དེ་ཡང་བོད་པ་རྐྱང་པའི་དོན་དུ་མིན། སྤྱིར་བོད་པའི་དོན་ཡང་དེར་ཚུད་ཡོད། གང་ལགས་ཤེ་ན། བོད་མི་རིགས་ཞེས་པའི་ངོས་འཛིན་དེ་སྐད་ཡིག་ཐོག་ནས་ཡོང་བ་རེད། ངོས་འཛིན་གཞན་དག་ཚང་མ་ཕྲན་བུ་ཡང་བའི་གྲས་རེད། ངོས་འཛིན་འཕྱུག་པ་མེད་པ་ཏག་ཏག་བསྡད་ཐུབ་པ་དེ་དབྱངས་གསལ་སོ་བཞི་ལ་བརྟེན་པའི་ང་ཚོའི་སྐད་ཡིག་དེ་རེད། དེས་ན་སྐད་ཡིག་དེ་མི་རིགས་ཀྱི་ངོས་འཛིན་དང་། རྒྱལ་ཁབ་ཀྱི་མཚོན་རྟགས། དེ་བཞིན་འགྲོ་བ་མི་རིགས་སྤྱི་ཡོངས་ལ་མཁོ་བའི་ཤེས་རིག་གི་ལྟེ་གནས་ཀྱང་ཡིན་པར་བརྟེན། ངས་ངེས་པར་དུ་རྒྱུན་འཛིན་བྱེད་དགོས་པའི་གནས་ཚུལ་དེ་རྭ་འཕྲོད་ན་གཞི་ནས་ཚོར་བ་ཞིག་སླེབས་རྒྱུ་རེད།

ཚོར་བ་མི་སླེབས་པའི་རྒྱུ་མཚན་གཉིས་པ་ནི་རང་གི་ཕ་སྐད་ཀྱི་ངོ་བོར་བེད་སྤྱོད་མི་གཏོང་བ་དེ་རེད། གལ་ཏེ་རང་གི་ཕ་སྐད་ཀྱི་ངོ་བོར་བེད་སྤྱོད་གཏོང་གི་ཡོད་ན་ཚོར་བ་དེ་ལྷན་སྐྱེས་སུ་སླེབས་པར་བརྟེན། བསླབ་དགོས་ཀྱི་མེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཞན་ཆ་ཆེ་ཤོས་ཤིག་ག་རེ་ཡོད་ཅེ་ན། ཕྲུ་གུ་ཨ་མའི་ཁོག་པའི་ནང་ཡོད་སྐབས་ནས་ཨིན་སྐད་བསླབ་རྒྱུ་མགོ་བཙུགས་པ་རེད། ཕྲུ་གུ་ཕྲན་བུ་འཚར་ལོངས་ཀྱིས་སྐད་དང་པོ་རྒྱག་དུས་ནས་མ་མི་དང་ཌེ་ཌི་ (Mummy, Daddy) མ་གཏོགས། ཨ་ཕ་དང་ཨ་མ་ཞེས་སློབ་ཀྱི་མེད་པར་བརྟེན། ཕྲུ་གུའི་བསམ་བློ་གཏོང་རྒྱུའི་སྐད་ཡིག་དེ་རང་གི་ཕ་སྐད་མ་ཆགས་པར་སྐད་ཡིག་གཞན་ཞིག་ཆགས་ན་ཕ་སྐད་ཀྱི་དོན་དུ་ཚོར་བ་ཡོང་སྟངས་མེད། སྐད་དང་རྟོག་པ་གཉིས་ཕན་ཚུན་འབྲེལ་བ་ཆེན་པོ་རེད། རྟོག་པ་ལ་བརྟེན་ནས་ཐ་སྙད་དེ་ཡོང་གི་ཡོད། དེ་བཞིན་ཐ་སྙད་ལ་བརྟེན་ནས་རྟོག་པ་དེ་ཡོང་གི་ཡོད། དེས་ན་བསམ་བློ་གཏོང་བའི་རིམ་པའི་ནང་བོད་སྐད་ནང་བསམ་བློ་བཏང་ནས་ཨིན་སྐད་དུ་སྐད་ཆ་བཤད་ཀྱི་ཡོད་ན་འགྲིགས་པ་རེད། དཔེར་ན་ཨིན་སྐད་ཤེས་མཁན་ཞིག་གིས་རང་གི་བསམ་བློ་དེ་བོད་སྐད་ནང་བཏང་བ་དང་། དེ་ནས་བོད་སྐད་ནང་བསམ་བློ་བཏང་བའི་དོན་དེ་ཨིན་སྐད་དུ་བསྒྱུར་ནས་བཤད་མཁན་ཞིག་ཡིན་ན་བོད་སྐད་དེ་རང་གི་ཕ་སྐད་ཆགས་ཡོད་རེད། དེ་བཞིན་བསམ་བློའང་ཨིན་སྐད་དུ་བཏང་ནས་སྐད་ཆའང་ཨིན་སྐད་དུ་བཤད་པ། དཔེར་ན། བོད་པ་ཞིག་ལ་སྐད་ཆ་བཤད་དགོས་ན་ཨིན་སྐད་ཐོག་བསམ་བློ་བཏང་བ་དེ་བོད་སྐད་ནང་ག་ལེར་ཚུར་བསྒྱུར་ནས་བཤད་དགོས་པ་ཆགས་ན་བོད་སྐད་དེ་རང་གི་ཕ་སྐད་ཆགས་མེད། དེར་བརྟེན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་འཛིན་རིམ་བཞི་པའི་གོང་དུ་བོད་སྐད་རྐྱང་པ་མ་གཏོགས་སྐད་ཡིག་གཞན་དག་མི་བསླབ་པའི་སྲིད་བྱུས་བཟུང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སོ་སོའི་སྐད་དེ་སོ་སོའི་ཕ་སྐད་དུ་ཆགས་པའི་དོན་དུ་རེད། འཛིན་གྲྭ་བཞི་པའི་བར་དུ་བོད་སྐད་རྐྱང་པ་བསླབ་ན་དེའི་ནང་གོམས་ཏེ་རྣམ་རྟོག་ནང་བསམ་བློ་དེ་བོད་སྐད་དུ་བཏང་ནས་སྐད་ཡིག་གཞན་དུ་བསྒྱུར་རྒྱུར་ཐོགས་པ་མེད་པ་ཆགས་རྒྱུ་རེད། དེས་ན་རང་སྐད་ནང་བྱུང་ན་གཞི་ནས་ཚོར་བ་སླེབས་རྒྱུ་རེད། མདོར་ན་ང་ཚོའི་སྐད་ཡིག་གི་རིན་ཐང་ཤེས་པའི་ཐོག་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཆེད་དུ་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་དེ་ང་ལ་བབས་ཀྱི་ཡོད་བསམ་པའི་འདུ་ཤེས་ཤིག་དང་། དེ་བཞིན་སྐད་དེ་ང་རང་གི་ཕ་སྐད་ཡིན་པར་བརྟེན། ངས་འདིའི་ཐོག་ནས་བསམ་བློ་བཏང་ནས་སྐད་ཡིག་གཞན་བེད་སྤྱོད་གཏོང་གི་ཡོད་བསམ་པའི་འདུ་ཤེས་གཉིས་པོ་བྱུང་ན་དགེ་རྒན་དང་ཕ་མ་སུས་ཀྱང་ཁྱེད་རང་བོད་སྐད་ལ་དོ་སྣང་བྱོས་ཞེས་བཤད་དགོས་པ་ཆགས་ཀྱི་མ་རེད། དེ་མིན་ན་རྔན་པ་སྤྲད་པའམ་ཉེས་རྡུང་བཏང་ནས་ག་ཚོད་ལབ་ཀྱང་མི་ཕན་པར་ཨིན་སྐད་རང་གི་ཐོག་ནས་འགྲོ་ཤག་རེད། ཐུགས་རྗེ་ཆེ། ཞེས་གསུངས།། །།

(༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་སེར་བྱེས་འབྲིང་རིམ་སློབ་གྲྭར་གསུང་བཤད་ཁག་བཞི་གནང་བ་ལས་བཞི་པ་ཚོགས་པ་མེད་པའི་མང་གཙོའི་རིང་ལུགས་ཀྱི་སྐྱོན་ཡོན་སྐོར་དང་། བྱེ་བྲག་ཏུ་བོད་ཀྱི་སྤྱི་ཚོགས་ལ་གང་དགེའི་སྐོར་ཡིན།)