༈ བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད།

(ཐོག་མར་གསུང་ཆོས་ཞུ་བ་པོས་སྤོས་སྣེས་སྔུན་བསུས་བཞུགས་ཁྲིར་འཁོད་མཚམས། ཚོགས་མང་གིས་ཤེས་རབ་སྙིང་པོ་དང་སེང་གདོང་མའི་བཟློག་པ་དང་བཅས་བཏོན་ཏེ། མཎྜལ་ཕུལ་རྗེས།)

༄༅།། འོ་ཡ། དེ་རིང་ཝཱ་རཱ་ཎ་སཱིའི་མཐོ་རིམ་སློབ་གྲྭའི་སློབ་ཟུར་རྣམ་པ་ཚོ་དང། ངོས་ཀྱི་ལོ་བདུན་ཅུ་དོན་ལྔ་འཁོར་བའི་སྐྱེས་སྐར་གྲ་སྒྲིག་ཚོགས་ཆུང་གིས་དུས་ཡུན་རིང་པོ་ནས་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་ཞིག་དགོས་ཞེས་གསུངས་སོང་། ཆོས་འབྲེལ་བྱེད་རྒྱུ་ནི་ལས་སླ་པོ་ཞིག་མིན། སྔ་མོ་ཡིན་ན་ངས་ཆོས་འབྲེལ་བྱེད་ཀྱི་མེད། གཞུང་ལུགས་དང་ཆོས་ཀྱི་སྐོར་བཤད་དགོས་བྱུང་ན་འཛིན་གྲྭའི་ནང་ཤེས་ཡོན་རང་གི་རྣམ་པར་གཏམ་བཤད་ཞུས་པ་མ་གཏོགས། ཆོས་འཆད་ཉན་གྱི་ངོ་བོར་བྱེད་ཀྱི་མེད། གང་ལགས་ཤེ་ན། ཆོས་འབྲེལ་བཞག་སྟེ་བླ་མ་དང་སློབ་མའི་འབྲེལ་བ་བྱུང་ན་བཤེས་གཉེན་བསྟེན་ཚུལ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེ་ལ་སྐྱོན་ཤོར་ན་བླ་སློབ་གཉིས་ཀར་གནོད་སྐྱོན་དང། ལྷག་པར་དུ་སློབ་མ་ལ་ཚེ་འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་ཉམས་ཉེན་ཡོད། ཡིན་ནའང་གདན་ས་དང་རྒྱུད་གྲྭ་ཁག་ཏུ་ཆོས་འཆད་ཉན་བྱེད་དགོས་པའི་གོ་སྐབས་བྱུང་བར་བརྟེན། ཆོས་འབྲེལ་བྱེད་ཀྱི་མིན་ཞེས་པའི་དམ་བཅའ་དེ་ ༢༠༡༤ ཕྱི་ཟླ་ ༣ ཙམ་ནས་ཤོར་བ་རེད། ཡིན་ནའང་གདན་ས་ཁག་ཡིན་ན་གནས་ཚུལ་ཐ་དད་རེད། སློབ་གྲྭ་ཁག་གི་ནང་དུ་ཆོས་འབྲེལ་ཞུ་དགོས་ན་ད་ལྟ་ཡིན་ནའང་ང་རང་འཚེར་པོ་ཡོད། ལྷག་པར་དུ་སྔོན་མ་ནས་མཉམ་དུ་གཤིབས་པའི་ལས་གྲོགས་མང་པོ་མཐོ་སློབ་ཀྱི་སློབ་ཟུར་ནང་ཡོད་དུས་ངོས་ཀྱི་སྐྱོན་དང་ཡོན་ཏན་ཐམས་ཅད་མཐོང་བསྡད་ཡོད། དེ་ལྟ་བུའི་སྐྱོན་རྟོག་གི་བློ་ཡོད་བཞིན་དུ་ད་དུང་བླ་མར་བསྟེན་ན་བྱབ་མེད། དེར་བརྟེན་ཐོག་མར་ཞུ་རྒྱུ་ནི་འདིར་ཆོས་གྲལ་དུ་བསྡད་པ་ཙམ་དང་སྐད་ཆ་ཉན་པ་ཙམ་གྱིས་བླ་སློབ་ཏུ་མི་འགྱུར། བསམ་བློའི་ནང་བླ་མའི་འདུ་ཤེས་བཞག་སྟེ་མ་ཉན་ན་འཛིན་གྲྭ་དང་གཅིག་པ་རེད། ཁྱོད་ཚོ་ཁ་ཤས་སློབ་ཕྲུག་དང་ལས་བྱེད་ཚང་མ་འགྲོ་གི་འདུག  ང་གཅིག་པུ་མ་ཕྱིན་ན་ཁྱད་མཚར་འདུག་སྙམ་སྟེ་ཡོང་བའང་ཡོད་སྲིད། དེས་ན་བླ་སློབ་ཀྱི་འདུ་ཤེས་བཟུང་སྟེ་ཉན་ནམ། ཡང་ན་གཏམ་བཤད་བྱེད་མཁན་ཞིག་གི་ངོ་བོར་བཟུང་ནས་ཉན་མིན་སོ་སོས་ཐག་གཅད་རྒྱུ་རེད། ཉེན་ཁ་ཆུང་ཤོས་དེ་གང་རེད་ཅེ་ན། གཏམ་བཤད་བྱེད་མཁན་ཞིག་ལ་ཉན་དུ་ཡོང་བ་དེ་རེད། ངས་ཆོས་ཞུས་མེད་ཅེས་མི་ལ་དྲིལ་བསྒྲགས་མ་བྱས་ཀྱང། སོ་སོའི་བསམ་བློའི་ནང་དུ་གསལ་བོ་ཞིག་ཡོད་ན། རྗེས་སུ་སྐྱོན་རྟོག་དང་སྐྱོན་བརྗོད་བྱེད་དགོས་བྱུང་ན་གནད་འགག་གང་ཡང་མེད། དེས་ན་དེ་རིང་འདིར་ཡོད་པ་ཚང་མ་ངའི་ངོས་ནས་དམིགས་བསལ་ཕུད་ཀྱི་ཡོད། ཁྱེད་རང་ཚོའི་ངོས་ནས་བླ་མ་དང་སློབ་མའི་འདུ་ཤེས་འཇོག་དང་མི་འཇོག་སོ་སོས་གདམ་ག་བྱེད་རྒྱུ་རེད། འདི་གསལ་བོ་མ་བཟོས་ན། ཐེངས་གཅིག་བླ་སློབ་ཀྱི་འབྲེལ་བ་བྱུང་རྗེས་གཅད་རྒྱུ་མེད་ཙང་དམ་ཚིག་ཉམས་ན་ཡག་པོ་མེད། དེ་ཐུགས་ལ་འཇགས་རོགས་གནང། (བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན།)

དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌།། བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ།། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་གསུང་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག།།འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ།། ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན།། སྤུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས།། ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པ་དགོས།། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།། ཞེས་གསུངས་པ་བཞིན་ད་ལྟའི་ང་ཚོའི་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་དལ་འབྱོར་གྱི་ལུས་རྟེན་འདི་ནི་ཡིད་བཞིན་གྱི་ནོར་བུ་བརྒྱ་ཕྲག་མང་པོ་རྙེད་པ་ལས་ཀྱང་ལྷག་པའི་དོན་ཆེན་པོ་ཞིག་ཡིན། གང་ལགས་ཤེ་ན། ཡིད་བཞིན་གྱི་ནོར་བུ་བརྒྱ་ཕྲག་མང་པོ་ཞིག་རྙེད་པ་ཡིན་ནའང། དེ་ལ་བརྟེན་ནས་ཧ་ལས་ན་ཚེ་འདིའི་ལྟོ་གོས་གཏམ་གསུམ་དང་། དཔལ་འབྱོར་ལོངས་སྤྱོད། སྟོབས་གོ་ས་ཙམ་ཞིག་སྒྲུབ་ཐུབ་པ་མ་གཏོགས། དེ་ལས་སྤྲོས་ཏེ་སྐྱེ་བ་ཕྱི་མ་ངན་སོང་དུ་འགྲོ་མི་དགོས་པར་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པ་ཙམ་ཡང་བྱེད་མི་ཐུབ། ཡིད་བཞིན་ནོར་བུ་ཞེས་པ་ནི་སྙན་ངག་གི་ནང་དུ་ཡོང་བའི་སྔ་མོའི་ཚིག་ཅིག་རེད། གལ་ཏེ་ཡིད་བཞིན་ནོར་བུ་མ་ཤེས་པའི་དབང་དུ་བཏང་ན། དེང་སང་རྩ་ཆེན་པོར་བརྩི་བའི་ཌོ་ལར་ (ཨ་སྒོར་) ས་ཡ་མང་པོ་ཡོད་ནའང། ཚེ་འདིའི་དགོས་མཁོ་ཙམ་སྒྲུབ་ཐུབ་པ་མ་གཏོགས། ཕྱི་མ་ཕན་ཆད་ལ་ཕན་པ་གང་ཡང་སྒྲུབ་མི་ཐུབ། ཚེ་འདིའི་དགོས་མཁོའང་ལུས་ལ་བརྟེན་པའི་དགོས་མཁོ་མ་གཏོགས། སེམས་མི་སྐྱིད་པ་སྐྱིད་པོ་ཡོང་ཐབས་བྱེད་མི་ཐུབ། དཔེར་ན། སེམས་ལ་མི་ཤེས་པའི་རྨོངས་པ་ཡི་གེ་འབྲི་ཀློག་མི་ཤེས་པ་ལྟ་བུ་ཡོད་ནའང་སོ་སོས་སྦྱང་ན་མ་གཏོགས་ཌོ་ལར་གྱིས་ཉོ་རྒྱུ་མེད། དེས་ན་ཕྱིའི་མཐུན་རྐྱེན་དཔལ་འབྱོར་ཇི་ཙམ་ཡོད་ནའང། དེས་གནས་སྐབས་ཀྱི་བདེ་བ་ཕྲན་བུ་ལས་བསྐྲུན་མི་ཐུབ། དཔེར་ན། དེང་སང་འབྱོར་ལྡན་ཌོ་ལར་དུང་ཕྱུར་མང་པོ་ཡོད་པ་དེ་འདྲའང་སེམས་པ་མ་སྐྱིད་པར་རང་ཤི་བརྒྱབས་པ་དང་། སྨྱོན་པའི་སྨན་ཁང་དུ་བསྡད་དགོས་པ་སོགས་མཐོང་རྒྱུ་ཡོད། དེས་ག་རེ་མཚོན་གྱི་ཡོད་ཅེ་ན། དངུལ་དང་ཡིད་བཞིན་ནོར་བུ་ཇི་ཙམ་ཡོད་ནའང། ཕྱི་མ་ཕན་ཆད་ཀྱི་བདེ་སྐྱིད་སྒྲུབ་མི་ནུས་པ་ཙམ་མ་ཟད། ཚེ་འདིའི་བདེ་སྐྱིད་ཀྱང་ཆ་ཚང་སྒྲུབ་མི་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་རེད།

ཚེ་འདིའི་ལྟོ་གྲོད་ཁོག་གང་དང་། ལུས་མ་འཁྱག་ཙམ། བསྡད་སའི་ཁང་པའམ་ཚང་སོགས་ནི་བྱ་དང་བྱེའུ། ཕྱུགས་དང་དུད་འགྲོས་ཀྱང་བྱེད་ཐུབ། གལ་ཏེ་ཟས་གོས་གནས་མལ་ཙམ་ཞིག་བསྒྲུབ་རྒྱུ་སྐྱེས་བུའི་འདོད་དོན་ཡིན་བསམ་ན་མི་དང་དུད་འགྲོ་ལ་དབྱེ་བ་གང་ཡང་མ་བྱུང། བྱེའུ་ཆུང་ཆུང་ཞིག་ཡིན་ནའང་རེད། ཙི་ཙི་ཆུང་ཆུང་ཞིག་ཡིན་ནའང་རེད། ལྟོ་གྲོད་ཁོག་གང་བཙལ་བ་མ་ཟད། འབྱུང་འགྱུར་གྱི་ཆེད་དུ་གསོག་འཇོག་ཀྱང་བྱེད་ཤེས། དཔེར་ན། འབུ་གྲོག་མ་དང་སྦྲང་མ་ལྟ་བུ་ལ་མཚོན་ནའང། རང་གི་དོན་དང་། རང་དང་མཉམ་དུ་ཡོད་པའི་སྤྱི་ཚོགས་ཀྱི་དོན་དུ་ལྟོ་གོས་འཚོལ་བ། ཚང་བཟོ་བ། ཕྲུ་གུ་གསོ་སྐྱོང་སོགས་བྱེད་ཀྱི་ཡོད། དེ་ལྟ་བུ་དུད་འགྲོ་དང་གཅིག་པ་བྱས་ཏེ་མི་ཚེ་བསྐྱལ་བ་ཡིན་ན་མི་ལ་སྐྱེ་གོ་མ་ཆོད་པ་ཡིན། བཀའ་གདམས་པ་གོང་མ་ཚོས་ད་རེས་ཕྱུགས་དང་བྱེ་བྲག་འབྱེད་པའི་དུས་ཡིན་ཞེས་གསུངས་པ་དེ་དངོས་ཡོད་ཀྱི་གནས་སྟངས་རེད། ད་རེས་དངོས་གནས་མི་ཞིག་ཡིན་ན། དུད་འགྲོ་ལས་ཁྱད་པར་རྒྱུགས་པ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྐྱེ་རྒྱུ་མི་ལ་སྐྱེ། དེ་བཞིན་སྨྲ་ཤེས་དོན་གོ་མ་ཟད། སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ཆོས་ཀྱི་རྣམ་བཞག་སྟོན་མཁན་ཡོད་པ་དང་། རང་གིས་ཤེས་པའི་ནུས་པའང་ཡོད་པའི་སྐབས་འདིར་ལས་སྟངས་དང་མི་ཚེ་སྐྱེལ་སྟངས་དུད་འགྲོ་ལྟ་བུ་ལས་མ་བྱུང་ན། ཕྱུགས་དང་བྱེ་བྲག་མ་ཕྱེ་བ་ཡིན་པས་ཧ་ཅང་ཕངས་པོ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས།། ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ཀྱང་།། གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས།། བགྱིས་པ་དེ་ནི་ཆེས་རབ་བླུན་པ་ལགས།། ཞེས་གསུངས་པ་ལྟར། མི་ཞིག་གིས་གསེར་གྱིས་བརྡུངས་པའི་སྣོད་ཆས་ཧ་ཅང་རིན་ཐང་ཅན་རིན་ཆེན་མང་པོའི་ཕྲས་བརྒྱན་པ་དེ་གད་སྙིགས་དང་བཙོག་པ་གཤོས་པ་ལ་བེད་སྤྱོད་བཏང་ན། མི་དེ་ནི་བླུན་པོའོ་ཞེས་བརྗོད་ཀྱི་རེད། འོན་ཀྱང་གསེར་སྣོད་ཀྱིས་གད་སྙིགས་གཤོས་པ་སོགས་བེད་སྤྱོད་གང་དུ་བཏང་ཡང་ཁྱད་པར་ཆེན་པོ་མེད། གང་ལྟར་དེ་ལྟ་བུའི་རིན་ཐང་ཅན་གྱི་གསེར་སྣོད་དེ་ཤི་བའི་ཉིན་མོར་བཞག་ནས་འགྲོ་བ་མ་གཏོགས། དེའི་ཆ་ཤས་ཙམ་ཡང་འཁྱེར་དབང་མེད། འོན་ཀྱང་མི་ལ་སྐྱེས་ནས་དགེ་བའི་ལས་མ་སྒྲུབ་པ་དང་སྐྱེ་བ་ཕྱི་མའི་དོན་མ་སྒྲུབ་པར་ལུས་ན། དེ་ནི་ཧ་ཅང་བླུན་ཚབས་ཆེ། བཀའ་གདམས་པ་གོང་མ་ཚོས། ཟླ་གཅིག་ཟླ་གཉིས་མ་ཤི་ན་སྐྱེ་བ་ཕྱི་མའི་དོན་འགྲུབ་པ་དང། ལོ་གཅིག་ལོ་གཉིས་མ་ཤི་ན་སྐྱེ་བ་གཏན་གྱི་འདུན་མ་འགྲུབ་པ་ཞིག་བྱེད་དགོས། ཞེས་གསུངས་པ་བཞིན་མ་བྱུང་ན་མི་ལ་སྐྱེ་བའི་དོན་གོ་མ་ཆོད། དེས་ན་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པའི་དལ་བརྒྱད་འབྱོར་བཅུ་ཚང་བའི་མིའི་ལུས་རྟེན་འདི་འདྲ་ཞིག་ཐོབ་པའི་སྐབས་སུ་གཏན་གྱི་འདུན་མ་ཞིག་སྒྲུབ་མ་ཐུབ་ན། དལ་འབྱོར་གྱི་ལུས་རྟེན་འདི་ཡང་ཡང་ཧ་ཅང་རྙེད་དཀའ། མིའི་ལུས་རྟེན་ཙམ་པོ་བ་ཞིག་ཐོབ་པ་ལའང་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་སྲུང་དགོས། དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་ལས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད།། ཅེས་གསུངས་པ་ལྟར། ཚུལ་ཁྲིམས་རྣམ་པར་དག་པས་གཞི་མ་བཟུང་བར་མངོན་མཐོ་ལྷ་དང་མིའི་གོ་འཕང་ཕལ་པ་ཙམ་ཡང་ཐོབ་ཐབས་མེད། ལྷག་པར་དུ་མངོན་མཐོའི་ནང་ནས་མངལ་སྐྱེས་ཁམས་དྲུག་ལྡན་གྱི་མི། མིའི་མི་ཁོམ་པ་བཞི་དང་མི་མ་ཡིན་པའི་མི་ཁོམ་བཞི་དང་བྲལ་བའི་དལ་བ་བརྒྱད་ཚང་བ་དང་། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སོགས་འབྱོར་པ་བཅུ་ཚང་བའི་ལུས་རྟེན་ཞིག་ཐོབ་པ་ལ། ཚུལ་ཁྲིམས་ཙམ་པོ་བས་མི་ཕན། ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་ཞིག་མ་བྱུང་ན། དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཐོབ་རྒྱུ་ཧ་ཅང་ཁག་པོ་རེད།

ད་ལྟ་སའི་གོ་ལ་འདིའི་སྟེང་དུ་མིའི་གྲངས་འབོར་ཁྲག་ཁྲིག་ཆེན་པོ་བདུན་ཡོད་ཅེས་ཟེར། དེའི་ནང་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་མི་ཇི་ཙམ་ཡོད་མིན་ནི་མཛུབ་མོའི་སྒང་ལ་གྲངས་ཀ་ཐེབས་ཐུབ། དེ་ནས་མིའི་ལུས་ལ་སྐྱེས་པ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བའི་ངེས་པ་མེད་ལ། རང་ངོས་ནས་བླང་དོར་གྱི་གནས་ལ་དོ་སྣང་བྱེད་པའི་ངེས་པ་མེད། དེ་བཞིན་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་འཕྲད་པའི་ངེས་པའང་མེད་པར་བརྟེན། དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བ་ནི་ད་ལྟ་ཡོད་པའི་མིའི་ནང་ཧ་ཅང་ཉུང་ངུ་རེད། ཞིབ་ཚགས་པོས་བལྟས་ན་ཆོས་རྭ་འདིའི་ནང་ཡོད་པའི་མི་བརྒྱ་ཕྲག་ཁ་ཤས་ཀྱི་ནང་དུའང་དངོས་གནས་ཆོས་བྱེད་པའི་གོ་སྐབས་སྒྲུབ་ཐུབ་མཁན་ཇི་ཙམ་ཡོད་མེད་བཙལ་ན། ཧ་ཅང་ཉུང་ངུ་ཡིན། དེས་ན་དལ་འབྱོར་གྱི་ལུས་རྟེན་འདི་ཧ་ཅང་རྙེད་དཀའ་བ་རེད། དེའི་རྒྱུ་མཚན་གང་རེད་ཅེ་ན། རྒྱུ་སྒྲུབ་དཀའ་བ་ཡིན། གལ་ཏེ་རྒྱུ་སྒྲུབ་སླ་བ་ཡོད་ན་ཡང་ཡང་རྙེད་རྒྱུའི་རེ་བ་ཡོད་ཆོག  དེ་ནི་ཉུང་མཐར་ཡང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡང་དག་པ་ཞིག་སྲུང་མ་ཐུབ་ན། སྐྱེ་བ་ཕྱི་མ་མངོན་མཐོའི་ལུས་རྟེན་དུ་སྐྱེ་བའི་རེ་བ་མེད།

ང་ཚོས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་ཐུབ་མིན་སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་སྒོ་གསུམ་གྱི་སྤྱོད་པ་ལ་བལྟས་ན་ཧ་གོ་དོན་གསལ་རེད། མངོན་གསལ་དོད་པོས་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ། འདོད་པར་ལོག་པར་གཡེམ་པ་རྣམས་བྱེད་ཀྱི་མེད་ཤས་ཆེ། ཡིན་ནའང་འགྲོ་ཞོར་འདུག་ཞོར་དང་། ཟ་ཞོར་འཐུང་ཞོར་དུ་སྲོག་མང་པོར་སྐྱོན་གཏོང་གི་ཡོད། གལ་སྲིད་དངོས་སུ་གསད་པའི་བྱ་བར་མ་ཞུགས་ནའང། རང་གི་དགྲ་བོའམ་མི་དགའ་བ་ཞིག་གསད་པའམ་ཤི་བ་གོ་ན་འགྲིག་འདུག་སྙམ་པའི་བསམ་བློ་འཁོར་སྲིད། ལྷག་པར་དུ་མ་བྱིན་ལེན་སྲུང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། ད་ལྟའི་གོ་ལ་གཅིག་བསྒྱུར་གྱི་གོ་སྐབས་འདིའི་ནང་ང་ཚོས་དངོས་པོ་ཕལ་ཆེ་བ་རང་གི་དབང་ཚད་ལས་བརྒལ་ནས་བེད་སྤྱོད་གཏོང་གི་ཡོད། བདག་ཉིད་ཆེན་པོ་གཱཾདྡྷཱིས་སོ་སོའི་དགོས་མཁོ་ལས་བརྒལ་ནས་བེད་སྤྱོད་བཏང་ན། མི་གཞན་ཞིག་གི་ཐོབ་སྐལ་འཕྲོག་པ་ཡིན་ཞེས་གསུངས་པ་དེ་རྒྱུ་མཚན་མེད་པ་མིན། དེ་ནི་དངོས་ཡོད་ཀྱི་གནས་སྟངས་རེད། བསྐལ་བ་བཟང་པོའི་སྐབས་སུ་བདག་ཏུ་བཟུང་བའི་དངོས་པོ་ཧ་ཅང་ཉུང་ཉུང་རེད། དེང་སང་བདག་ཏུ་མ་བཟུང་བའི་དངོས་པོ་ཧ་ཅང་དཀོན་པོ་རེད། ལར་ནས་བདག་ཏུ་མ་བཟུང་བའི་དངོས་པོ་དེ་དག་ཀྱང་བེད་སྤྱོད་བཏང་མི་ལོ་བ་ཤ་སྟག་རེད། དཔེར་ན། བདག་ཏུ་མ་བཟུང་བའི་ཆུ་ནི་མིས་བཙོག་པ་བཟོས་ནས་འཐུང་ཆོག་མེད། གང་ལྟར་ཆུ་ཞིག་འཐུང་ནའང་མིས་བདག་ཏུ་བཟུང་བ་ཞིག་བཏུང་དགོས་ཀྱི་ཡོད། དེ་བཞིན་བར་སྣང་སྟོང་པ་འདི་ཡང་བདག་ཏུ་བཟུང་བ་ཆགས་ཟིན། དཔེར་ན། འདི་རྒྱ་གར་གྱི་བར་སྣང་རེད། འདི་པ་ཀི་སི་ཐན་གྱི་བར་སྣང་རེད། འདི་ནས་ཕར་འགྲོ་ཆོག་གི་མ་རེད། དེ་ནས་ཚུར་ཡོང་ཆོག་གི་མ་རེད་ཅེས་པ་ལྟ་བུ་ཡིན། མདོར་ན་སེམས་ཅན་སྤྱི་ལ་དབང་བའི་འབྱུང་བ་དེ་ཚོ་ཡང་ད་ལྟ་སྒེར་བདག་ཆགས་ཟིན། ཐ་ན་བྲིས་པའི་ཚིག་ཁ་ཤས་ཡོད་ནའང་གཞན་ཞིག་གིས་ལུང་དྲངས་ན་འདྲ་བཤུས་ཀྱི་ཐོབ་ཐང་བརྐུས་པའི་ཉེས་འཛུགས་བྱུང་། དེར་བརྟེན་ད་ལྟའི་གོ་ལ་གཅིག་བསྒྱུར་གྱི་སྐབས་འདི་ལ་བདག་ཏུ་མ་བཟུང་བའི་དངོས་པོ་རག་རྒྱུ་ཧ་ཅང་ཁག་པོ་རེད། འོན་ཀྱང་བདག་ཏུ་མ་བཟུང་བའི་དངོས་པོ་ཡིན་བསམས་ནས་མང་པོ་བེད་སྤྱོད་གཏོང་བཞིན་པ་རེད། དེས་ན་མ་བྱིན་ལེན་སྤོང་རྒྱུ་ཡང་ཁག་པོ་ཆགས་ཡོད།

ངག་གི་ཉེས་པའི་ནང་གི་རྫུན་དེ་སྐད་ཆ་བཤད་རྒྱུའི་ཆ་རྐྱེན་ཡག་ཤོས་ལྟ་བུ་རེད། དོན་ཡོད་རུང་མེད་རུང་རྫུན་བཤད་རྐྱང་རེད། འཇིག་རྟེན་མཐུན་འཇུག་གི་དོན་དུའང་རྫུན་བཤད་ཀྱི་ཡོད། ཉིན་གཅིག་གི་སྐད་ཆའི་ནང་རྫུན་ཇི་ཙམ་འདྲེས་མིན་ཞུ་དག་ཅིག་བཏང་ན། སྔ་དྲོ་ལངས་པ་ནས་མཚན་མོ་མ་ཉལ་གྱི་བར་དུ་ངས་རྫུན་ཚིག་གཅིག་བཤད་མེད་ཅེས་བརྗོད་ཐུབ་རྒྱུ་ཁག་པོ་རེད། གཤེ་གཤེ་བཏང་བའི་སྐབས་སུའང་རྫུན་བཤད་ཀྱི་རེད། མི་ཞིག་ཐུག་པའི་སྐབས་སུའང་བསམ་བློའི་ནང་སུན་སྣང་ཡོད་ཀྱང་འཇིག་རྟེན་གྱི་འགྲོ་སྟངས་ལྟར་ཁ་ནས་ཡར་ཕེབས་རོགས་གནང། ཁྱེད་རང་ཕེབས་པར་དགའ་པོ་བྱུང་ཞེས་བརྗོད་ཀྱི་རེད། གང་ལྟར་ཁ་ཞེ་མི་མཐུན་པར་འདུ་ཤེས་བསྒྱུར་ནས་བཤད་དགོས་པ་ཚང་མ་རྫུན་རེད། ངག་འཁྱལ་ནི་ཁ་འགུལ་ཚད་ཕལ་མོ་ཆེ་ངག་འཁྱལ་དུ་འགྲོ་ཉེན་ཡོད། ཕྲ་མ་དང་ཚིག་རྩུབ་ཀྱང་སྤོང་སླ་པོ་མེད།

ཡིད་ཀྱི་ལས་ལ་བརྣབ་སེམས་དང་གནོད་སེམས་ཀྱང་འབྱུང་སླ་པོ་རེད། གང་ཟག་གཞན་གྱི་ཕུན་སུམ་ཚོགས་པ་ཞིག་མཐོང་ན། ང་ཚོའི་བག་ཆགས་ངན་པའི་དབང་གིས་ལམ་སེང་བརྣབ་སེམས་ཡོང་ཉེན་ཡོད། དཔེར་ན། གཞན་གྱི་ཀམ་པུ་ཊར་དང་ལག་ཐོགས་ཁ་པར་སྙིང་རྗེ་པོ་མཐོང་ན་ལམ་སེང་ང་ལའང་དེ་འདྲ་ཞིག་བྱུང་ན་སྙམ་པ་བསམ་བློའི་ནང་འཁོར་སྲིད། གནོད་སེམས་ཀྱང་དེ་མཚུངས་རེད། ལོག་ལྟ་དེ་གཅིག་བྱས་ན་ཡོང་ཉུང་བ་ཡིན་སྲིད། འོན་ཀྱང་བསམ་བློའི་ནང་དཀོན་མཆོག་དང་ལས་རྒྱུ་འབྲས་ཨེ་ཡོད་སྙམ་སྐབས་རེ་དྭོགས་པ་བྱེད་པའང་ལོག་ལྟའི་སྡེར་གཏོགས་ཡིན།

དེ་དག་ལ་ཞིབ་ཚགས་པོས་བལྟས་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཙམ་ཡང་སྲུང་སླ་པོ་མེད་པ་རྭ་འཕྲོད་པ་ན་མ་འོངས་པར་དལ་འབྱོར་རྙེད་རྒྱུའི་རེ་བ་འདུག་གམ་མི་འདུག་ལས་སླ་པོས་མཁྱེན་ཐུབ། ཕྱི་མར་གར་འགྲོ་ད་ལྟའི་སེམས་ལ་ལྟོས།། ཞེས་གསུངས་པ་ལྟར་སྐྱེ་བ་ཕྱི་མ་གང་དུ་འགྲོ་མིན་ད་ལྟའི་ང་ཚོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་འཁྱེར་སྟངས་ལ་ལྟོས་པ་ཡིན། དེས་ན་རྒྱུ་སྒྲུབ་དཀའ་བའི་སྒོ་ནས་དལ་འབྱོར་རྙེད་དཀའ་བ། ངོ་བོ་འཛོམས་དཀའ་བའི་སྒོ་ནས་དལ་འབྱོར་རྙེད་དཀའ་བ། དཔེ་སྲིད་དཀའ་བ་བཅས་ཀྱི་སྒོ་ནས་རྙེད་དཀའ་བར་བརྟེན། ད་ལྟ་རང་ལག་ཏུ་དལ་འབྱོར་ཐོབ་བཞིན་པའི་སྐབས་འདིར་སྐྱེ་བ་ཕྱི་མའི་འདུན་མ་འགྲུབ་ན། མ་འོངས་པར་བྱེད་ཆོག  མ་འོངས་པར་བྱེད་པར་ཤོག་ཅེས་སྨོན་ལམ་བརྒྱབས་པས་གང་ཡང་མི་ཕན། མི་དབུལ་བོ་བཟའ་བཏུང་མེད་པར་ལྟོགས་སྐོམ་གྱིས་མནར་བ་ལ་ཌོ་ལར་ཁྲི་ཁ་ཤས་ཐོབ་ན། ལམ་སེང་ལྟོ་གོས་གནས་མལ་གྱི་དགོས་མཁོ་མ་སྒྲུབ་པར། གང་རག་པ་རྣམས་ཆུའི་ནང་དུ་གཡུགས་ཏེ་སང་ཉིན་དེ་ལས་མང་བ་ཐོབ་པར་ཤོག་ཅེས་སྨོན་ལམ་བརྒྱབ་ན་དེ་ལས་ལྐུགས་ཚབས་ཆེ་བ་མེད། དེ་བཞིན་ད་ལྟ་ཡོད་བཞིན་པའི་དལ་འབྱོར་གྱི་ལུས་རྟེན་འདིའི་སྟེང་ནས་སྙིང་པོ་མ་བླངས་པར། ཐོག་མཐའ་མ་ལས། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ།། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཡི།། སྐྱེ་གནས་རྣམས་སུ་ནམ་ཡང་མི་སྐྱེ་ཞིང།། དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག།།ཅེས་སྨོན་ལམ་བརྒྱབ་ན་ཕན་ཐོགས་མེད། དེ་ལྟར་དལ་འབྱོར་རྙེད་དཀའི་ངང་ཚུལ་བསམས་ཏེ། ད་ལྟའི་ལུས་རྟེན་འདི་ལ་སྙིང་པོ་ལེན་པར་ཐག་གཅད་དགོས། སྙིང་པོ་དེ་ཡང་ད་ལྟ་ཉིད་ནས་མ་བླངས་ན། རྙེད་དཀའ་བ་ཡིན་པ་མ་ཟད། འཇིག་སླ་བའང་ཡིན། དེ་ནི་ཉིན་གཅིག་གམ་ཟླ་གཅིག ལོ་གཅིག་སོགས་ཇི་ཙམ་སྡོད་མིན་ཧ་མི་གོ་བ་ཤ་སྟག་རེད། དཔེར་ན། ང་ཚོ་སོ་སོའི་མི་ཚེ་ལ་བལྟས་ན། ཕལ་ཆེ་བ་མི་ཚེ་ཕྱེད་ལྷག་སོང་ཟིན་པ་རྐྱང་རེད། ལོ་གཞོན་པའི་སློབ་ཕྲུག་ཚོ་ཡང་ལོ་བཅོ་ལྔ་དང་ཉི་ཤུ་སོང་ཟིན་པར་བརྟེན་མི་ཚེའི་བཞི་ཆ་གཅིག་རྫོགས་ཟིན། ལྷག་མ་ཡོད་པ་དེའི་ནང་ཆོས་བྱེད་རྒྱུའི་གོ་སྐབས་བཙལ་ན་ཧ་ཅང་ཉུང་ཉུང་རེད། ད་དུང་ལོ་ཇི་ཙམ་བསྡད་མིན་སུས་ཀྱང་ཚོད་མི་ཐིག  ལར་ནས་འཆི་བ་ཇི་ཙམ་ངེས་པ་བཞིན་ནམ་འཆི་དེ་ཙམ་མ་ངེས་པ་ཡིན། གུང་ཐང་བསྟན་པའི་སྒྲོན་མེས་མི་རྟག་པ་སྒོམ་ཚུལ་གྱི་བསླབ་བྱ་ལས། ཆོས་བྱེད་ཀྱི་སང་ཉིན་འཆར་གྱི་བར།། འཆི་དུས་ཀྱི་དེ་རིང་སླེབས་ཉེན་ཆེ།། ད་རང་མགོ་རང་གིས་མ་བསྐོར་བར།། ཆོས་བྱེད་ན་དེ་རིང་ཉིད་ནས་གྱིས།། ཞེས་གསུངས་པ་ནི་དངོས་ཡོད་གནས་ཚུལ་རེད། ང་ཚོས་སང་ཉིན་བྱེད་ཀྱི་ཡིན་ཞེས་ཕུད་རྒྱག་བཏང་བའི་སང་ཉིན་དེ་མ་སླེབས་གོང་དེ་རིང་གི་འཆི་བ་དེ་ཡོང་ཉེན་ཆེ། དཔེར་ན། ནམ་མཁའི་གློག་ཡུད་ཙམ་ནས་ཡལ་བ་བཞིན་ང་ཚོའི་ལུས་རྟེན་འདི་ཡང་ཡུད་ཙམ་ནས་འཇིག་པས། ཚེ་འདི་སྣང་གི་ལྟོ་གོས་གཏམ་གསུམ་གྱི་དོན་མེད་ཀྱི་བྱ་བ་རྣམས་འབྲུ་བཏོན་ཟིན་པའི་སྤུན་པ་འཕྱར་བ་བཞིན་སྙིང་བོ་མེད་པར་མཐོང་ནས་ཉིན་དང་མཚན་ཐམས་ཅད་དུ་སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་དགོས་པ་དེ་གལ་ཆེ། རྣལ་འབྱོར་ངས་ཉམས་ལེན་དེ་ལྟར་བྱས་པ་ཡིན་ལ། ཐར་འདོད་ཁྱེད་ཚོས་ཀྱང་ཉམས་ལེན་དེ་ལྟར་བྱ་དགོས་ཞེས་གསུངས།

དེ་ལྟ་བུའི་དལ་བའི་རྟེན་ལ་སྙིང་པོ་ཞིག་བླང་དགོས་ན། སྙིང་པོ་ཇི་ལྟར་ལེན་དགོས་སམ་ཞེ་ན། ང་ཚོའི་ལུས་རྟེན་འདིའི་ཐོག་ནས་སྒྲུབ་ཐུབ་པ་ཧ་ཅང་མང་པོ་ཡོད་པ་ལས། དོན་ཆེ་ཤོས་དེ་སྒྲུབ་དགོས། དེ་ལས་དོན་ཆུང་ཤོས་དེ་དག་སྒྲུབ་ཀྱིན་བསྡད་ན་རྣམ་དཔྱོད་མེད་པའི་བྱེད་སྟངས་རེད། དཔེར་ན། རང་ལ་ཡོད་པའི་མ་རྩ་དེས་དངོས་པོ་ཕན་ཐོགས་ཅན་མ་ཉོས་པར་རྩེད་ཆས་ལྟ་བུ་ཉོས་ཏེ་ཆུད་ཟོས་བཏང་ན། མཁས་པ་མ་ཡིན་པ་དང་བློ་མི་མཛངས་པའི་རྟགས་རེད། ད་ལྟའི་ང་ཚོའི་ལུས་རྟེན་འདིའི་སྟེང་ནས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་ནའང་འགྲུབ་པའི་ནུས་པ་ཡོད་པས། དོན་ཆེ་ཤོས་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུའི་ཐབས་ཤེས་བྱས་ན་དལ་བའི་རྟེན་ལ་སྙིང་བོ་ལེན་ཚུལ་གྱི་གནད་འགག་དེ་ཤེས་པ་རེད།

སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་ཐོག་མར་ཐེག་ཆེན་གྱི་འཇུག་སྒོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྤྱོད་པ་སྦྱིན་སོགས་ཕ་རོལ་ཕྱིན་ལ་བསླབས་ཏེ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསག་དགོས། བྱང་ཆུབ་ཀྱི་སེམས་ཡང་དག་པ་ཞིག་རྒྱུད་ལ་སྐྱེ་བ་ལ་ཐོག་མར་རང་ཉིད་སྡུག་བསྔལ་གྱིས་མནར་བའི་ཚུལ་ལ་ངེས་པ་རྙེད་པའི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་ཞིག་རྒྱུད་ལ་མེད་ན། རང་སྡུག་བསྔལ་གྱིས་མནར་བའི་ཚུལ་ལ་བ་སྤུ་གཡོ་འགུལ་ཙམ་ཡང་མེད་པར་གཞན་སྡུག་བསྔལ་གྱིས་མནར་བ་ལ་སྙིང་རྗེ་སྐྱེ་བ་ནི་རྣ་བར་མི་འགྲོ་བའི་གཏམ་ཡིན། དེས་ན་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་ཞིག་སྔོན་དུ་མ་སོང་བར་བྱང་ཆུབ་ཀྱི་སེམས་མཚན་ཉིད་དང་ལྡན་པ་སྐྱེ་ཁག་པོ་ཡིན་ཙང། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པར་བློ་སྦྱངས་ནས་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་རྣམས་བསམ་དགོས། ལྷག་པར་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཞིབ་ཏུ་བསམས་ནས་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་ཞིག་རྒྱུད་ལ་སྐྱེ་དགོས། འཁོར་བའི་སྡུག་བསྔལ་ལ་འཇིག་པའི་ངེས་འབྱུང་གི་བསམ་པ་ཚད་དང་ལྡན་པ་ཡོང་བ་ལ་དེའི་སྔོན་དུ་ཚེ་འདིའི་སྣང་ཤས་ལྡོག་པ་དང། ཕྱི་མའི་སྣང་ཤས་ལྡོག་པའི་ངེས་འབྱུང་དགོས། ལམ་གཙོ་རྣམ་གསུམ་ལས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།། ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག།།ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས།། ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག།།ཅེས་གསུངས་པ་བཞིན་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ནས་མགོ་བཙུགས་ཏེ་རིམ་པར་འགྲོ་དགོས། ས་ལམ་གྱི་རིམ་པ་ཆ་ཚང་ལ་གོ་རིམ་མ་འཁྲུགས་པར་ཉམས་སུ་མ་བླང་ན་དོན་ཆེན་པོ་ལེན་ཐུབ་ཐབས་མེད། དེའི་ཕྱིར་དལ་བའི་རྟེན་ལ་སྙིང་པོ་ལེན་ཆེད་དལ་འབྱོར་དོན་ཆེ་རྙེད་དཀའ། འཆི་བ་མི་རྟག སྐྱེ་བ་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བའི་བདེ་སྡུག་བསམ་པ་བཅས་ཀྱི་ཐོག་ནས་ཕྱི་མ་མངོན་མཐོའི་དོན་གཉེར་གྱི་བློ་བསྐྱེད། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་རྣམ་པར་དག་པ་རྒྱུད་ལ་བསྐྱེད། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་ཀྱི་སྒོ་ནས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པར་བློ་འབྱོངས་ངེས་ཤེས་པ་བྱེད་དགོས། དེའི་རྗེས་སུ་ཚེ་འདིའི་སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་ཚུལ་བཞིན་བྱས་ཏེ་སྐྱེ་བ་ཕྱི་མ་མངོན་མཐོ་ལྷ་མིའི་གོ་འཕང་ཞིག་ཐོབ་ནའང། དེ་ནི་རིང་དུ་མི་གནས་པར་འཇིག་པ་དང། འཇིག་པའི་ཚེ་བསྐྱར་དུ་མངོན་མཐོའི་གོ་འཕང་ཐོབ་མིན་མི་ཤེས་པ། མངོན་མཐོའི་གོ་འཕང་ཐོབ་པའི་སྐབས་སུའང་ལྷ་མིའི་གོ་འཕང་ཐོབ་ཀྱང་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ། ལྷག་པར་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གཏན་དུ་སྤངས་པའི་བྲལ་བ་ཞིག་མ་ཐོབ་ན། འགྱུར་བའི་སྡུག་བསྔལ་ལས་ཡིད་འབྱུང་བ་ཕྱི་རོལ་པ་ལའང་ཡོད་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ལས་ཐར་ཐབས་བྱེད་པ་ནི་དུད་འགྲོ་ལ་ཡང་ཡོད། དེས་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་ཐར་ནའང་རང་ཉིད་གཅིག་པུ་འཁོར་བའི་སྡུག་བསྔལ་ལས་ཐར་བ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྐྱེ་འཆི་འཕོས་པས་ངོ་མི་ཤེས་པ་མ་གཏོགས་དོན་དུ་རང་གི་མ་མ་བྱས་པ་དང་དྲིན་གྱིས་མ་བསྐྱངས་པ་མེད་པས། ངེས་པར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཆེད་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ་དེ་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་གྱུར་པ་དང་ཆ་ཚང་བ་ཡིན། ཚེ་འདིར་མ་བྱུང་ནའང་སྐྱེ་བ་ཁ་ཤས་ཀྱི་ནང་གཏན་གྱི་འདུན་མ་འགྲུབ་ཐུབ་པ་ཞིག་ཡོང་རྒྱུ་གཏན་འཁེལ་བར་བརྟེན། དལ་བའི་རྟེན་ལ་སྙིང་པོ་ལེན་ཕྱིར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་ཚུལ་བཞིན་དུ་བསླབ། ལྷག་པར་དུ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པར་བསླབས་ནས་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ཞིག་རྒྱུད་ལ་བསྐྱེད། དེའི་ཆེད་དུ་གསན་བྱའི་ཆོས་འདི་ལྟ་བུ་གསན་སྙམ་པའི་ཀུན་སློང་ཀུན་སྤྱོད་གྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་འབྱུང་བ་ལྟར་གསལ་བཏབ་ནས་གསན་དགོས། ཀུན་སློང་ཀུན་སྤྱོད་ཀྱི་རིམ་པའང་མདོར་བསྡུས་ན། སློབ་དཔོན་འཕགས་པ་ལྷས་བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ།། ཉན་པོ་སྣོད་ཅེས་བྱ་བར་བཤད།། ཅེས་གསུངས་པ་བཞིན་སྣོད་དྲི་མ་ཅན་ལྟ་བུ་མ་ཡིན་པས་བློ་གཟུ་བོར་གནས་པ། སྣོད་ཞབས་བརྡོལ་བ་ལྟ་བུ་མ་ཡིན་པས་བློ་གྲོས་དང་ལྡན་པ། སྣོད་ཁ་སྦུབས་པ་ལྟ་བུ་མ་ཡིན་པས་དོན་གཉེར་དང་ལྡན་པ་བཅས་སྣོད་ཀྱི་སྐྱོན་གསུམ་སྤངས། མཐུན་རྐྱེན་འདུ་ཤེས་དྲུག་བསྟེན་དགོས་པ་ཡིན།

གང་གསན་པར་བྱ་བའི་ཆོས་ནི་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཤད་ལུང་མདོར་བསྡུས་འབུལ་རྒྱུ་ཡིན། ཐེག་པ་ཆེན་པོའི་ལམ་གྱི་འཇུག་སྒོ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་ལ་རྗེ་བཙུན་འཇམ་དབྱངས་ནས་མགོན་པོ་ཀླུ་སྒྲུབ་སོགས་ལ་བརྒྱུད་པའི་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང། མགོན་པོ་བྱམས་པ་ནས་འཕགས་པ་ཐོགས་མེད་ལ་བརྒྱུད་པའི་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཅས་བློ་སྦྱོང་བའི་ཐབས་རིམ་པ་མི་འདྲ་བ་གཉིས་གསུངས། ཡོངས་གྲགས་སུ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོས་ཉམས་སུ་ལེན་པའི་རིམ་པར་མན་ངག་རྒྱུ་འབྲས་བདུན་དང། བྱང་ཆུབ་སེམས་དཔའ་དབང་རྣོན་གྱིས་ཉམས་སུ་ལེན་པའི་རིམ་པར་བདག་གཞན་མཉམ་བརྗེ་ཞེས་གསུངས། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཉམས་སུ་ལེན་པའི་རིམ་པའི་ནང་མན་ངག་རྒྱུ་འབྲས་བདུན་གྱི་རིམ་པ་རྣམས་ཚུད་ཡོད། མན་ངག་རྒྱུ་འབྲས་མན་ངག་བདུན་གྱི་རིམ་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་ནང་བདག་གཞན་མཉམ་བརྗེའི་མན་ངག་ཡོངས་རྫོགས་ཚུད་མེད། དཔལ་མཉམ་མེད་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་འདིའི་ནང་མན་ངག་རྒྱུ་འབྲས་བདུན་དང་བདག་གཞན་མཉམ་བརྗེའི་གདམས་ངག་གཉིས་ཀ་གཅིག་ཏུ་དྲིལ་ནས་མན་ངག་རྒྱུ་འབྲས་བཅུ་གཅིག་དང་། བཅུ་གཉིས། བཅུ་གསུམ། བཅུ་བཞི་སོགས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་བཞུགས་ཡོད།

དེ་རིང་འཆད་ཉན་ཞུ་བྱའི་བློ་སྦྱོང་ཚིགས་བརྒྱད་མ་འདི་གཙོ་བོ་བདག་གཞན་མཉམ་བརྗེ་དང་གཏོང་ལེན་གྱི་ཉམས་ལེན་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་ཡིན་ཞིང་། མགོན་པོ་ཀླུ་སྒྲུབ་དང་རྒྱལ་སྲས་ཞི་བ་ལྷ་ནས་བརྒྱུད་པའི་མན་ངག་དེ་གཙོ་བོར་བཏོན་ནས་གསུང། བློ་སྦྱོང་ཚིགས་བརྒྱད་མ་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ནང་རྒྱས་པར་གསུངས་པའི་ཉམས་ལེན་རྣམས་ཀྱི་གནད་བསྡུས་ཏེ་ཚིགས་བཅད་ཉུང་ངུའི་ནང་གསུངས་པའི་གདམས་ངག་ཁྱད་པར་ཅན་ཞིག་ཡིན། གདམས་ངག་འདིའི་ཚིགས་བཅད་རེ་རེའི་དོན་མ་ཞུས་གོང་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་དང་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་གྱི་ས་བཅད་ལྟ་བུ་ཞིག་མཁྱེན་དགོས་པ་གལ་ཆེན་པོ་རེད།

མན་ངག་རྒྱུ་འབྲས་བདུན་ནི་ཡོངས་གྲགས་ལ་མར་ཤེས་དང་། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ་བཅས་དྲུག་ནི་རྒྱུ་དང་། བྱང་ཆུབ་ཀྱི་སེམས་འབྲས་བུར་བཤད། ཡིན་ནའང་རྗེ་བདག་ཉིད་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེ་ཆུང་ནང་མན་ངག་རྒྱུ་འབྲས་བདུན་གྱི་གྲངས་འདྲེན་དང་རྒྱུ་འབྲས་བརྩི་སྟངས་དེ་མི་འདྲ་བ་ཞིག་གསུངས་ཡོད། དེ་ལ་ཧ་ཅང་གནད་འགག་ཡོད། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེ་ཆུང་ནང་གཞུང་གི་ས་བཅད་བཀྲམ་སྟངས་ཀྱི་ཐོག་ནས་ལམ་གྱི་གནད་ལ་གོ་བ་ཆེན་པོ་རྙེད་པའི་གནས་ཚུལ་མང་པོ་ཡོད་པ་སློབ་གཉེར་དང་ཉམས་བཞེས་གནང་མཁན་ཚོས་མཁྱེན་དགོས། མན་ངག་རྒྱུ་འབྲས་བདུན་ལ་མཚོན་ནའང། རྒྱུ་དྲུག་དང་འབྲས་བུ་གཅིག་ཅེས་མ་བགྲང་བར། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྙིང་རྗེ་ཆེན་པོ་ཡིན་པ་དང་། སྙིང་རྗེ་ཆེན་པོ་དེ་སྐྱེ་བ་ལ་བཏང་སྙོམས་ནས་དྲིན་གཟོའི་བར་གྱི་དམིགས་རིམ་དེ་དག་རྒྱུ་དང། ལྷག་བསམ་དང་བྱང་ཆུབ་ཀྱི་སེམས་གཉིས་སྙིང་རྗེ་ཆེན་པོའི་འབྲས་བུར་གསུངས། གང་ལྟར་སྙིང་རྗེ་ཆེན་པོ་ཐེག་ཆེན་ལམ་གྱི་རྩ་བ་ཡིན་པ་མ་ཟད། ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ན་ས་བོན་དང་འདྲ་བ། བར་དུ་སྤྱོད་པ་ལ་སློབ་པ་ན་ཆུ་ལུད་དང་འདྲ་བ། མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ན་འབྲས་བུ་སྨིན་པ་དང་འདྲ་བ་སྟེ། དབུ་མ་འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི།། ས་བོན་དག་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ།། ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ།། དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།། ཞེས་གསུངས་པ་ལྟར། ཐོག་མཐའ་བར་གསུམ་དུ་གལ་ཆེ་བའི་སྙིང་རྗེ་དེ་དཀྱིལ་དུ་བཞག་སྟེ། མར་ཤེས་དང་། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ་བཞི་སྙིང་རྗེའི་རྒྱུ་དང། ལྷག་བསམ་དང་སེམས་བསྐྱེད་གཉིས་སྙིང་རྗེའི་འབྲས་བུར་འགྲོ་བ་དེ་མན་ངག་རྒྱུ་འབྲས་བདུན་གྱི་བློ་སྦྱོང་བའི་རིམ་པ་ཡིན།

རྒྱུ་འབྲས་མན་ངག་བདུན་ལ་དངོས་སུ་བློ་སྦྱོང་བ་ན་མར་ཤེས་ཀྱི་སྔོན་དུ་བཏང་སྙོམས་ཚད་མེད་བསྒོམ་དགོས། དེ་ལྟར་ན་རྒྱུ་འབྲས་བརྒྱད་དུ་འགྱུར། བཏང་སྙོམས་ཀྱི་རྗེས་སུ་སེམས་ཅན་ཐམས་ཅད་རང་གི་མ་མ་བྱས་པ་གཅིག་ཀྱང་མེད་ཅིང་། སྐྱེ་བ་སྔ་ཕྱིའི་ཐོག་མ་མེད་པའི་གནས་ཚུལ་མཁྱེན་ནས་སེམས་ཅན་ཐམས་ཅད་རང་གི་མར་ཤེས་པ་ནི་མར་ཤེས། མ་བྱས་པའི་སྐབས་སུ་ཧ་ཅང་དྲིན་ཆེན་པོ་ཡིན་པ་བསམ་པ་ནི་དྲིན་དྲན། དྲིན་དེ་གསབ་དགོས་པ་དང་གཟོ་དགོས་བསམ་པའི་བློ་སྐྱེ་བ་ནི་དྲིན་གཟོ། དྲིན་གཟོ་སྐྱེས་པ་ན་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཡིད་འོང་གི་བྱམས་པ་སྐྱེ། ཡིད་འོང་གི་བྱམས་པ་ནི་སེམས་ཅན་ལ་བྱེ་བྲག་མ་ཕྱེ་ཞིང་། གང་ལྟར་ཁ་ཤས་ལ་བྱམས་པ་དང། ཁ་ཤས་ལ་བྱམས་པ་མེད་པ་མ་ཡིན་པར། སེམས་ཅན་ཡོད་དོ་ཅོག་ལ་བྱམས་པའི་འདུ་ཤེས་ཡོད་པ་ལ་བྱམས་པ་ཚད་མེད་དམ་བྱམས་པ་ཆེན་པོ་ཟེར། དེས་སྙིང་རྗེ་དྲངས་ཤིང་། སྙིང་རྗེ་ནི་སྡུག་བསྔལ་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་བློ་ཡིན། སྡུག་བསྔལ་ལས་བྲལ་འདོད་ཀྱི་བློ་དེ་ཡང་བྲལ་ན་བསམ་པའི་སྨོན་པ་ཙམ་དུ་མ་བཞག་པར་བྲལ་བར་བདག་གིས་བྱའོ་སྙམ་པ་ནི་ལྷག་བསམ་ཡིན། འོན་ཀྱང་ད་ལྟ་རང་ལ་ནུས་པ་མེད་ཅིང་། དེ་ལྟ་བུའི་གཞན་དོན་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་དེ་སུ་ལ་ཡོད་དམ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་མཁྱེན་བརྩེ་གཉིས་ལྡན་གྱི་སངས་རྒྱས་ལ་ཡོད་པར་བརྟེན།་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད། དེ་ཡང་སངས་རྒྱས་ཀྱི་གོ་འཕང་ལ་དགའ་བ་ཙམ་གྱིས་མིན་པར། དམིགས་ཡུལ་གཙོ་བོ་གཞན་དོན་ལ་བཞག་ནས་ཐོབ་འདོད་བསྐྱེད་དགོས། ལར་ནས་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཀྱང་གཞན་དོན་དུ་རྫོགས་བྱང་ལ་དམིགས་པ་ཞེས་གཞན་དོན་དམིགས་སུ་བཀར་ནས་རྩལ་དུ་བཏོན་ཡོད། གལ་ཏེ་རང་དོན་དུ་རྫོགས་བྱང་ལ་དམིགས་ན་ཐེག་ཆེན་སེམས་བསྐྱེད་མིན། དེས་ན་བྱང་ཆུབ་སེམས་དཔའི་དམིགས་ཡུལ་གཙོ་བོ་གཞན་དོན་ཡིན་པ་དང་། གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་གཞན་དོན་ཡོངས་རྫོགས་སྒྲུབ་པའི་ནུས་པ་མ་ཚང་བར་བརྟེན། ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་ར་ར་བཞག་པ་བཞིན་དུ་མངོན་སུམ་དུ་མི་མཐོང། དེས་ན་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་བ་རྣམས་མི་ཤེས། སངས་རྒྱས་ཀྱི་གོ་འཕང་ཐོབ་ན་མཁྱེན་བརྩེའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡིན་པས་སེམས་ཅན་གྱི་དོན་བྱེད་ཚུལ་མཐའ་དག་གཟིགས་པ་མ་ཟད། རྩོལ་བ་མི་དགོས་པར་འབད་མེད་ལྷུན་གྲུབ་རྒྱུན་མི་ཆད་པའི་འཕྲིན་ལས་མངའ་བར་བརྟེན། སངས་རྒྱས་ཀྱི་གོ་འཕང་དེ་གཞན་དོན་སྒྲུབ་པའི་ཡན་ལག་མེད་ཐབས་མེད་པ་དེ་ཐོབ་དགོས་སྙམ་པའི་བློ་དེ་ལ་བྱང་ཆུབ་སེམས་ཞེས་བྱ་བ་ཡིན།

བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བ་ན་བཏང་སྙོམས་སྔོན་དུ་འགྲོ་དགོས་པ་ནི་གཅིག་པ་ཡིན། བཏང་སྙོམས་ཀྱི་རྗེས་སུ་བདག་གཞན་མཉམ་པ་དང་པོར་བསམ་དགོས། བླ་མ་མཆོད་པའི་ཆོ་ག་ལས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང།། བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི།། བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས།། གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས།། ཞེས་གསུངས་པ་ལྟར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་སེམས་ཅན་ཐམས་ཅད་མཚུངས་པ་ཡིན་ཙང་བདག་གཞན་མཉམ་པ་དང། རང་ངོས་ནས་ཀྱང་བདག་ལ་ཕན་བཏགས་དང་མ་བཏགས་པ་ཚང་མ་མཉམ་པ་ཡིན་པས་བདག་གཞན་མཉམ་པའི་བློ་བསྒོམ་དགོས། བདག་གཞན་མཉམ་པའི་རྗེས་སུ་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པ་སྟེ། བླ་མ་མཆོད་པའི་ཆོ་ག་ལས། རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི།། མི་འདོད་སྡུག་བསྔལ་སྐྱེད་པའི་རྒྱུར་མཐོང་ནས།། ལེ་ལན་བདས་ལ་ཁོན་དུ་བཟུང་བྱས་ཏེ།། བདག་འཛིན་གདོན་ཆེན་འཇོམས་པར་བྱིན་གྱིས་རློབས།། ཞེས་གསུངས་པ་ལྟར་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་དགོས། བླ་མ་མཆོད་པའི་ཆོ་ག་ལས། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། དེ་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ།། ཉམས་ལེན་སྙིང་པོར་བྱེད་པར་བྱིན་གྱིས་རློབས།། ཞེས་གསུངས་པ་ལྟར་བདག་གཞན་བརྗེ་བ་དེ་གཏོང་ལེན་གྱི་ཉམས་ལེན་ལ་བརྟེན་ནས་བློ་སྦྱོང་དགོས། དེ་དག་ནི་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་ཡིན།

བདག་གཞན་མཉམ་བརྗེ་དང་མན་ངག་རྒྱུ་འབྲས་བདུན་ཕྱོགས་གཅིག་ཏུ་བསྡོམས་ནས་ཉམས་ལེན་བྱེད་ན། ཐོག་མར་བཏང་སྙོམས་དང་། དེ་རྗེས་མར་ཤེས་ནས་སྙིང་རྗེའི་བར་གྱི་རིམ་པ་རྣམས་གཅིག་པ་ཡིན། དེ་ནས་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པ། གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ་པ། བདག་གཞན་བརྗེ་བ་དངོས་བཅས་མན་ངག་རྒྱུ་འབྲས་བཅུ་གཅིག་གི་སྒོ་ནས་རིམ་པར་བསྒོམ་དགོས། བློ་སྦྱོང་ཞེས་པའི་ཚིག་ལ་གོ་བ་མི་འདྲ་བ་གཉིས་བླང་རྒྱུ་ཡོད། སྦྱོང་ཞེས་པ་དེ་སྦྱོང་བརྡར་བྱས་ཏེ་རང་གི་བློ་དེའི་ངོ་བོར་གོམས་པའི་ཐབས་ཤེས་བྱེད་པ་དང། ཡང་བློ་དྲི་མས་སྦགས་པའམ་མ་དག་པ་དེ་དག་པའི་དོན་དུའང་གོ  ལེགས་སྦྱར་སྐད་དུ་སྦྱོང་ལ་ཨབྷྱཱས་དང་ཤོདྷན་ཞེས་ཚིག་གཉིས་བྱུང། ཨབྷྱཱས་ནི་སྦྱོང་བདར་དང་། ཤོདྷན་ནི་དག་པའི་དོན་ཡིན། འདིར་བློ་སྦྱོང་གི་སྦྱོང་ནི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ལ་བརྟེན་ནས་རྒྱུད་དག་པར་བྱེད་པ་ལ་གོ་ཆོག་ཀྱང་། གཙོ་བོ་ནི་བསམ་བློའི་ནང་སྦྱོང་བརྡར་སྤྲད་རྒྱུ་དེ་ལ་གོ་དགོས། དེ་ལྟ་བུའི་མན་ངག་རྒྱུ་འབྲས་བདུན་དང་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་གྱི་གདམས་པ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་ནང་སོ་སོར་བཞུགས་པ་དེ་བླ་མ་གསེར་གླིང་པའི་མན་ནས་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པར་གྱུར། དེ་ཡང་དཔལ་མཉམ་མེད་ཇོ་བོ་ཆེན་པོས་རྒྱ་གར་ནས་ཨིན་དོ་ནེ་ཤི་ཡའི་ནང་གསེར་གླིང་བར་ཟླ་བ་བཅུ་གསུམ་རིང་གྲུ་གཟིངས་སུ་ཕེབས་ཏེ་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པ་བསྟེན་ནས་གསན་ཞིང་། དེ་ནས་བོད་དུ་དར་ཁྱབ་བྱུང་། བླ་མ་གསེར་གླིང་པ་ནི་ལྟ་བ་སེམས་ཙམ་པ་ཡིན་ཞིང་། མངོན་རྟོགས་རྒྱན་སེམས་ཙམ་དུ་འགྲེལ་བ་བོད་སྐད་དུའང་བཞུགས། (མཚམས་འདིར་བློ་སྦྱོང་ཚིགས་བརྒྱད་མའི་ལུང་སྩལ།)

བདག་ནི་སེམས་ཅན་ཐམས་ཅད་ལ།། ཡིད་བཞིན་ནོར་བུ་ལས་ལྷག་པའི།། དོན་མཆོག་སྒྲུབ་པའི་བསམ་པ་ཡིས།། རྟག་ཏུ་གཅེས་པར་འཛིན་པར་བསླབ།། ༡

གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།། གཞན་ལ་བསམ་པ་ཐག་པ་ཡིས།། མཆོག་ཏུ་གཅེས་པར་འཛིན་པར་བསླབ།། ༢

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།། རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག། བདག་གཞན་མ་རུངས་བྱེད་པས་ན།། བཙན་ཐབས་གདོང་ནས་བཟློག་པར་བསླབ།། ༣

རང་བཞིན་ངན་པའི་སེམས་ཅན་རྣམས།། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། རིན་ཆེན་གཏེར་དང་འཕྲད་པ་བཞིན།། རྙེད་པར་དཀའ་བས་གཅེས་འཛིན་བསླབ།། ༤

བདག་ལ་གཞན་གྱིས་ཕྲག་དོག་གིས།། གཤེ་བསྐུར་ལ་སོགས་མི་རིགས་པའི།། གྱོང་ཁ་རང་གིས་ལེན་པ་དང༌།། རྒྱལ་ཁ་གཞན་ལ་འབུལ་བར་བསླབ།། ༥

གང་ལ་བདག་གིས་ཕན་བཏགས་པའི།། རེ་བ་ཆེ་བ་གང་ཞིག་གིས།། ཤིན་ཏུ་མི་རིགས་གནོད་བྱེད་ནའང༌།། བཤེས་གཉེན་དམ་པར་བལྟ་བར་བསླབ།། ༦

མདོར་ན་དངོས་སམ་བརྒྱུད་པ་ཡིས།། ཕན་བདེ་མ་རྣམས་ཀུན་ལ་འབུལ།། མ་ཡི་གནོད་དང་སྡུག་བསྔལ་ཀུན།། གསང་བས་བདག་ལ་ལེན་པར་བསླབ།། ༧

དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།། རྟོག་པའི་དྲི་མས་མ་སྦགས་ཤིང༌།། ཆོས་ཀུན་སྒྱུ་མར་ཤེས་པའི་བློས།། ཞེན་མེད་འཆིང་བ་ལས་གྲོལ་བསླབ།། ༨

བདག་ནི་སེམས་ཅན་ཐམས་ཅད་ལ།། ཡིད་བཞིན་ནོར་བུ་ལས་ལྷག་པའི།། དོན་མཆོག་སྒྲུབ་པའི་བསམ་པ་ཡིས།། རྟག་ཏུ་གཅེས་པར་འཛིན་པར་བསླབ།། ཅེས་པ་ནི། དགེ་བཤེས་གླང་རི་ཐང་པས་རྩ་གཞུང་ནང་བློ་སྦྱོང་ཡིན་ཙང་རྟག་ཏུ་གཅེས་པར་འཛིན་པར་བསླབ་ཅེས་གསལ་ཡང། ང་ཚོས་ནམ་རྒྱུན་ཁ་ཏོན་འདོན་པའི་སྐབས་སུ་རྟག་ཏུ་གཅེས་པར་འཛིན་པར་ཤོག་ཅེས་སྨོན་ལམ་གྱི་ཚུལ་དུ་བསྒྱུར་ཏེ་ཀློག་པའི་སྲོལ་འདུག  བདག་གཞན་མཉམ་བརྗེའི་བརྗེ་རྒྱུའི་དོན་གང་རེད། བདག་གཞན་དུ་འགྱུར་བ་དང་གཞན་བདག་ཏུ་འགྱུར་རྒྱུ་གང་ཡང་མེད། དེ་ནི་བདག་གཞན་གཉིས་བརྗེ་པོ་རྒྱག་པའི་དོན་མིན། བདག་གཞན་མཉམ་བརྗེ་ཞེས་པའི་བརྗེ་རྒྱུ་དེ་སེམས་ཀྱི་ཁྱད་པར་དེ་ཡིན། ད་ལྟ་ང་ཚོའི་སེམས་ཀྱི་བཀོད་པ་དེ་ཇི་ལྟར་ཡོད་ཅེ་ན། རང་གཅེས་པར་འཛིན། གཞན་ཡལ་བར་དོར་བ་ཡིན། བདག་འཛིན་མ་སྤངས་པ་དང་རང་གཅེས་འཛིན་མ་སྤངས་པ་ཚང་མའི་བློ་ལྷན་སྐྱེས་སུ་རང་ཤར་དུས་གཅེས་འཛིན་ཡོད་པ་ཞིག་ཡིན། གཞན་ཤར་དུས་གཅེས་འཛིན་གྱི་ཚབ་ཏུ་འདོད་ཆགས་སམ་ཞེ་སྡང། ཡང་ན་ཡལ་བར་བོར་བའི་བཏང་སྙོམས་ཀྱི་བློ་ཞིག་སྐྱེ་ཞིང་། རང་གཅེས་པར་འཛིན་པ་བཞིན་གཞན་གཅེས་པར་འཛིན་པའི་བློ་དེ་མི་ཡོང་། དེ་ནས་བློ་སྦྱངས་པའི་རྗེས་སུ་བྱང་ཆུབ་སེམས་དཔའི་བསམ་བློའི་འགྲོ་སྟངས་དེ་ཇི་ལྟར་ཡིན་ཞེ་ན། གཞན་གཅེས་པར་འཛིན། རང་ཡལ་བར་དོར་བ་ཡིན། གཅེས་པར་འཛིན་པའི་བློ་དེ་རང་གི་ས་ནས་གཞན་ལ་སྤོས། ཡལ་བར་དོར་བའི་བློ་དེ་གཞན་གྱི་ས་ནས་རང་ལ་སྤོ་བ་ནི་བརྗེ་བའི་དོན་ཡིན། གང་ལྟར་སེམས་ཅན་སུ་དང་སུ་མཐོང་ནའང་ཡིད་བཞིན་ནོར་བུ་ལས་ལྷག་པའི་དོན་མཆོག་སྒྲུབ་པའི་བསམ་པ་ཡིས་རྟག་ཏུ་གཅེས་པར་འཛིན་པར་ཤོག་ཅེས་པའོ།། གང་ལྟར་སེམས་ཅན་ཐམས་ཅད་གཅེས་པར་འཛིན་པ་དང་རང་ཉིད་ཡལ་བར་འདོར་བར་བསླབ་ཀྱི་ཡིན་ཞེས་པའོ།། སེམས་ཅན་དང་ཡིད་བཞིན་གྱི་ནོར་བུ་གཉིས་འདྲ་ཆོས་གཉིས་ཀྱི་སྒོ་ནས་འདྲ་བ་ཡིན་ཞེས་འགྲེལ་བ་ཁག་ཏུ་གསུངས། ཡིད་བཞིན་གྱི་ནོར་བུ་འདམ་གྱི་དཀྱིལ་དུ་བཞག་ན་རང་སྟེང་གི་འདམ་ཡང་སེལ་མི་ཐུབ་ཀྱང་། དེ་ལ་བཀྲུ་བ་གསུམ་དང་ཕྱི་བ་གསུམ་ལ་སོགས་པས་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་གསོལ་བ་བཏབ་ན་ནོར་དང་ལོངས་སྤྱོད་སྦྱིན་པ་བཞིན་སེམས་ཅན་རྣམས་ཀྱང་དེ་ལྟར་བཞག་ན་རང་གི་སྡུག་བསྔལ་སེལ་བ་དང་ཉོན་མོངས་སྤོང་བ་བྱེད་མི་ཐུབ། འོན་ཀྱང་སེམས་ཅན་དེ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའི་ཡུལ་ཞེས་གཅེས་པར་བཟུང་སྟེ་ཉམས་སུ་བླང་ན་སངས་རྒྱས་ཀྱི་གོ་འཕང་ཡང་སྟེར་ཐུབ་པའི་ནུས་པ་ཡོད། སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལས།། སངས་རྒྱས་ཆོས་འགྲུབ་འདྲ་བ་ལ།། རྒྱས་ལ་གུས་བྱེད་དེ་བཞིན་དུ།། སེམས་ཅན་ལ་མིན་ཅི་ཡི་ཚུལ།། ཞེས་གསུངས་པ་བཞིན་ཡིན། དེ་ལྟར་སེམས་ཅན་ལ་ཡིད་བཞིན་ནོར་བུ་ལས་ལྷག་པའི་དོན་མཆོག་སྒྲུབ་ནུས་སྙམ་པའི་བསམ་བློས་གཞན་གཅེས་པར་བཟུང་བ་ཡིན། དོན་མཆོག་ག་རེ་སྒྲུབ་ཐུབ་བམ་ཞེ་ན། སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཐུབ་པའོ།། གལ་ཏེ་གཞན་གཅེས་འཛིན་གྱི་ཡོན་ཏན་དང་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པའི་བློ་དེ་ཡག་པོ་འབྱོངས་ན། གཞན་གཅེས་འཛིན་ལ་བརྟེན་ནས་འདི་ཕྱིའི་ལེགས་ཚོགས་མཐའ་དག་འབྱུང་བ་དེ་མཐོང་རྒྱུ་རེད།

ད་གྲོགས་དང་འགྲོགས་པའི་ཚེ་བསམ་བློ་ཇི་ལྟར་འཁྱེར་དགོས་ཤེ་ན། གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།། གཞན་ལ་བསམ་པ་ཐག་པ་ཡིས།། མཆོག་ཏུ་གཅེས་པར་འཛིན་པར་བསླབ།། ཅེས་རང་ལས་གཞན་གཅེས་པར་འཛིན་ཚུལ་དེ་རང་དམན་པ་དང་གཞན་མཆོག་ཡིན་པར་མ་བལྟས་ན། རང་དང་གཞན་མཉམ་པར་བལྟས་པ་ཙམ་གྱིས་ཀྱང་གཞན་གཅེས་པར་འཛིན་པ་ཡོང་ཁག་པོ་རེད། ང་རྒྱལ་གྱི་ལྒང་བུ་ལ།། ཡོན་ཏན་གྱི་ཆུ་མི་ཆགས།། ཞེས་གསུངས་པ་ལྟར་དམན་ས་འཛིན་པའི་བསམ་ཚུལ་ཞིག་མེད་ན། གཞན་གཅེས་པར་འཛིན་པ་དེ་ཡོང་ཐབས་མེད། གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།། ཞེས་པ་ནི་སྤྱི་ཚོགས་ཀྱི་ནང་དང་། ལྷག་པར་དུ་མི་དང་མིའི་འབྲེལ་བ་བཞག་པའི་སྐབས་སུ་བསམ་ཚུལ་འདི་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་མིའི་སྤྱི་ཚོགས་ནང་འབྲེལ་བ་ཡག་པོ་མི་ཡོང་བའི་རྒྱུ་མཚན་གཙོ་བོ་གཅིག་ནི་འདྲ་འདྲ་ཡིན་བསམ་པ་དང་། ཡང་ན་རང་ཉིད་གཞན་ལས་ལྷག་པ་ཡིན་བསམ་པ་ཞིག་ཡོད་པས་ཡིན། འདྲ་འདྲ་ཡིན་བསམ་ན་འགྲན་བསྡུར་གྱི་བསམ་པ་སླེབས་ཤིང་། ཁོ་དང་ང་གཉིས་འདྲ་འདྲ་ཡིན། ངས་ཁོང་ལ་ཅིའི་ཕྱིར་བརྩི་དགོས་བསམ་པ་ལྟ་བུའོ།། གཅིག་བྱས་ན་ངས་ཁོ་ལས་ལྷག་པ་བྱེད་ཐུབ་སྙམ་པ་སོགས་ཀྱིས་བརྩེ་བ་དང་གུས་པའི་བསམ་པ་སྐྱེ་བར་གེགས་བྱེད་པ་མ་ཟད། ང་རྒྱལ་ནི་རང་གཅེས་འཛིན་གྱི་གྲོགས་ཡིན་པས། དེས་རང་གཅེས་འཛིན་བསྐྱེད་པ་མ་ཟད། བརྟན་པར་བྱེད་པའང་ཡིན། དེ་མེད་པ་བཟོ་བར་བདག་ཉིད་ཀུན་ལས་དམན་པར་བལྟ་དགོས། གཞན་ལ་བསམ་པ་ཐག་པ་ཡིས།། ཞེས་པས་བློ་འབྱོངས་པའི་རྗེས་སུ་གཞན་མཐོང་བ་ཙམ་གྱིས་རང་ལས་མཆོག་ཡིན་པ་བདེ་བླག་ཏུ་མཐོང་ཐུབ་པའི་རྟག་ཏུ་གཅེས་པར་འཛིན་པར་ཤོག་ཅེས་པའོ།།

ཚིགས་བཅད་དང་པོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་ཀྱི་ངོ་བོར་རྟག་ཏུ་རང་ལས་གཅེས་པར་འཛིན་པ་དེ་སྦྱང་དགོས་པར་གསུངས། འོན་ཀྱང་སེམས་ཅན་ཐམས་ཅད་ལ་འགྲོགས་པ་དང་འབྲེལ་བ་བྱེད་པ་ཡོང་མི་སྲིད་པས། བསམ་བློ་གཏོང་བའི་སྐབས་སུ་སྤྱི་ཡོངས་སུ་་བསམ་བློ་བཏང། ལས་ལ་སྦྱར་བའི་སྐབས་སུ་བྱེ་བྲག་པ་དང་སྦྱར་ནས་འགྲོ་བ་ཡིན། ནུབ་ཕྱོགས་པས་ཀྱང་བསམ་བློ་དེ་ས་ཡི་གོ་ལར་ཁྱབ་པ་དང་། ལས་ཀ་དེ་ས་གནས་ནས་བྱེད་དགོས་ཞེས་པའི་གཏམ་དཔེ་ཡོད། སེམས་ཅན་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་བསམ་པ་ཁྱེར་ནས་བློ་སྦྱོང་བ་ན་རིམ་པ་ཇི་ལྟར་འགྲོ་དགོས་ཤེ་ན། གནས་སྐབས་རང་ཉིད་སུ་དང་འགྲོགས་ནའང་འགྲོགས་ཡུལ་གྱི་སྐྱེ་བོ་དེ་རང་ལས་མཆོག་ཏུ་གྱུར་པ་དང་། རང་ལས་བཟང་བ། རང་ལས་མཁས་པ། གནས་ཚུལ་མང་པོའི་ཐད་རང་ལས་ལྷག་པ་ཡིན་པའི་བསམ་བློ་དེ་སྦྱང་རྒྱུའི་ཐབས་ཤེས་བྱེད་དགོས། བདག་ཉིད་ཀུན་ལས་དམན་པར་བལྟ་བའི་སྐབས་སུ་འབྲེལ་བ་ལ་སྐྱོན་ཡོང་གི་མེད། མིས་བརྙས་བཅོས་དང་མཐོང་ཆུང་བྱས་པ་ཡིན་ནའང། གཞན་དེ་རང་ལས་མཆོག་ཏུ་མཐོང་བ་ཡིན་ཙང་དཀའ་ངལ་མེད། སྔོན་བོད་དུ་དགེ་རྒན་གྱིས་དགེ་ཕྲུག་ལ་བཀའ་བཀྱོན་གནང་ན་དགེ་ཕྲུག་གིས་ཡིན་ཤག་མ་གཏོགས་སྣང་བ་མི་གཏོང་། དེའི་རྒྱུ་མཚན་ནི་བསམ་བློའི་ཕུགས་སུ་རང་ཉིད་དགེ་ཕྲུག་ཡིན་པ་དང་། དགེ་རྒན་མཆོག་ཡིན་པ་བསམ་བློའི་ནང་བག་ཆགས་བརྟན་པོ་ཡོད་པས་ཡིན། རང་ཉིད་དགེ་རྒན་ལས་དམན་པར་བལྟ་བའི་བློ་ལ་གོམས་པ་ཡིན་ཙང་ཕན་ཚུན་བར་གྱི་འབྲེལ་བ་ལ་སྐྱོན་ཤོར་གྱི་མེད། དེ་འདྲའི་བློ་སྦྱོང་བྱེད་པའི་སྐབས་སུ་དཀའ་ངལ་ག་དུས་འཕྲད་ཀྱི་ཡོད་ཅེ་ན། རང་གི་སེམས་ལ་ཉོན་མོངས་རགས་པ་མངོན་གྱུར་བ་སྐྱེ་བའི་སྐབས་སུ་དཀའ་ངལ་འཕྲད་ཀྱི་ཡོད། རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་སོགས་ཉོན་མོངས་ཀྱི་རྣམ་དབྱེ་རྣམས་བསྡུས་པའི་་འདོད་སྡང་རྨོངས་གསུམ་ལྟ་བུར་ཆ་བཞག་ན། འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་སྐྱེས་པ་ན་ཁ་ཐུག་ལ་ངོས་ཟིན་གྱི་མེད། དེ་ལྟར་ངོས་མ་ཟིན་ན། དེས་གཉེན་པོ་བསྟེན་ཐུབ་ཀྱི་མེད། དེ་ནས་བསམ་བློའི་ནང་ཉོན་མོངས་ཀྱི་རྩ་བ་ཚུགས་ཏེ་ཇེ་ཆེར་འགྲོ་བ་ཡིན། གལ་ཏེ་ཉོན་མོངས་དང་པོར་སྐྱེས་མ་ཐག་པ་ནས་བཀག་ཐུབ་ན། ཉོན་མོངས་མངོན་གྱུར་བ་མགོ་ནོན་སླ་བ་ཡིན། ཁོང་ཁྲོ་ལྟ་བུ་ཞིག་སྐྱེ་གྲབས་ཡོད་དུས་ལམ་སེང་གཉེན་པོ་བསྟེན་ནས་བཀག་ཐུབ་ན་འགོག་སླ། འོན་ཀྱང་ཁོང་ཁྲོ་ཤུགས་དྲག་པོ་ཆགས་ན་གཉེན་པོ་བསྟེན་དཀའ། སྔོན་གྱི་སྐྱེས་བུ་དམ་པ་ཚོས་ཉོན་མོངས་རགས་པ་མངོན་གྱུར་བ་མི་སྐྱེ་བའི་ཆེད་དུ་དབང་པོའི་སྒོ་བསྡམ་པ་ཞེས་གསུངས། དེ་ནི་འདོད་ཆགས་དང་ཁོང་ཁྲོ་སྐྱེ་བའི་ཡུལ་ལ་མི་བལྟ་བ་དང་། ཐོག་མ་ནས་བློ་འཕྲོ་མ་བཅུག་པར་སྔོན་འགོག་ལྟ་བུ་བྱེད་ཀྱི་ཡོད།

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།། རྟོག་ཅིང་ཉོན་མོངས་སྐྱེས་མ་ཐགབདག་གཞན་མ་རུངས་བྱེད་པས་ན།། བཙན་ཐབས་གདོང་ནས་བཟློག་པར་བསླབ ཅེས་སྤྱོད་ལམ་ཀུན་ཏུ་ཞེ་ན། དཔེ་ཆའི་ནང་འགྲོ་བ་དང་། འཆག་པ། ཉལ་བ། འདུག་པ་བཅས་ལ་སྤྱོད་ལམ་བཞིར་གསུངས། དེ་ཡང་ཕར་ཚུར་ཕྱིན་པ་དང་། འཆམ་འཆམ་དུ་ཕྱིན་པ། ཉལ་བ། བསྡད་པའི་སྐབས་ཞེས་བཤད་ནའང་འགྲིག་ལ། ཡང་ན་སྤྱོད་ལམ་ཀུན་ཞེས་པ་ནི་ལུས་ཀྱི་སྤྱོད་ལམ་དང་། ངག་གི་སྤྱོད་ལམ། ཡིད་ཀྱི་སྤྱོད་ལམ་ཞེས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་བྱེད་པའི་སྐབས་སུ་རང་གི་བསམ་བློ་ལ་བརྟག་དཔྱད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། རང་གི་བསམ་བློ་ལ་བརྟག་དཔྱད་མ་བྱས་ན་ཉོན་མོངས་ཀྱི་དབང་དུ་སྤྱོད་ལམ་རྣམས་ནོར་ནས་མི་དགེ་བར་འགྲོ་ཉེན་ཡོད། བཀའ་གདམས་པ་གོང་མ་ཚོས། ང་ནི་སེམས་ཀྱི་མཁར་སྒོ་ན་གཉེན་པོའི་མདུང་ཐུང་ཞིག་ཁྱེར་ནས་བསྡད་པ་ལས་བྱ་བ་གཞན་མེད་ཅེས་གསུངས་པ་བཞིན་རེད། བསམ་བློའི་ནང་བློའི་འགྱེར་བག་གང་འདྲ་ཡོང་གི་འདུག་རྟག་ཏུ་བལྟས་ན། སྐྱེ་གྲབས་ཡོད་པ་ནའང་ངོས་ཟིན་ཐུབ་པར་བརྟེན། སྤྱོད་ལམ་ཀུན་ཏུ་བསམ་བློའི་ནང་ཀུན་སློང་ལ་བལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། གོམ་པ་ཁ་ཤས་བརྒྱབས་ནས་འགྲོ་ན། གང་དུ་འགྲོ་བ་དང་། ཅིའི་ཕྱིར་འགྲོ་བ། དེའི་རྒྱབ་ཀྱི་ཀུན་སློང་བཟང་ངན་གང་རེད་ཅེས་བརྟག་ན། གལ་ཏེ་བྱ་བ་ངན་པ་ཞིག་གི་དོན་དུ་འགྲོ་ན་ལམ་སེང་འགོག་ནུས་པའི་ཁྱད་ཡོད།

་་་་་ ཉོན་མོངས་སྐྱེས་མ་ཐག།།བདག་གཞན་མ་རུངས་བྱེད་པས་ན།། ཞེས་པ་ནི་རྒྱུ་མཚན་དེ་གསུངས། ཉོན་མོངས་བཀག་མ་ཐུབ་ཚེ་དེས་གང་བྱེད་ཀྱི་རེད་ཅེ་ན། རང་ལ་གནོད་པ་དང་། གཞན་ལའང་གནོད་པ་ཡིན། དཔེར་ན། ཁོང་ཁྲོ་ཤུགས་དྲག་པོ་སྐྱེ་ན། ཁོང་ཁྲོ་དེས་རང་རྒྱུད་ཀྱི་དགེ་རྩ་འཇོམས་པ་སོགས་པ་རང་ཉིད་མ་རུང་བར་བྱེད་པ་བཤད་མ་དགོས། ཁོང་ཁྲོ་སྐྱེ་ན་གྱོང་ཆེ་ཤོས་ནི་ཁོང་ཁྲོ་སྐྱེ་ཡུལ་ལ་མིན་པར་ཁོང་ཁྲོ་ལངས་མཁན་ལ་རག་པ་ཡིན། དབུ་མ་འཇུག་པ་ལས། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་དཀྲི།། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་།། མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད།། ཅེས་གསུངས་པ་ལྟར་ཁོང་ཁྲོ་སྐྱེ་ན། སོ་སོའི་གདོང་སྐྱོ་པོ་ཆགས་པའམ་གདོང་གི་རྣམ་འགྱུར་ལོག་པ་དང་། སྐྱེས་བུ་དམ་པ་མིན་པའི་གྲས་སུ་ཚུད་པ། བྱེད་འོས་དང་མི་འོས་རྣམ་དབྱེ་འབྱེད་པའི་ཤེས་རབ་མེད་པར་ཆགས་པ། མཐའ་མར་ངན་འགྲོར་ལྷུང་བ་ཡིན།

བཙན་ཐབས་གདོང་ནས་བཟློག་པ་བསླབ།། ཅེས་ཁོང་ཁྲོ་སྐྱེ་བ་ན་རིམ་ཅན་མིན་པར། དེ་མ་ཐག་ཤུགས་དྲག་པོའི་སྒོ་ནས་གདོང་ནས་བཟློག་ཐུབ་པར་བྱེད་དགོས་གསུངས། ཉམས་ལེན་བྱེད་མཁན་ཞིག་ཡིན་ན་འདི་ཧ་ཅང་བང་འགྲིག་པོ་ཡོད། དེ་ཡང་ཐོག་མར་སྤྱི་ཡོངས་སེམས་ཅན་ཐམས་ཅད་ལ་བསམ་པ་འཇོག་སྟངས་དེ་བཤད། དེ་ནས་གང་ཟག་བྱེ་བྲག་པ་རང་དང་འབྲེལ་བ་ཡོད་པ་ཚོར་འགྲོགས་པའི་སྐབས་སུ་བདག་ཉིད་ཀུན་ལས་དམན་པར་ལྟ་ཚུལ་དེ་བཤད། རང་ལ་ཀུན་ལས་དམན་པར་བལྟ་བའི་བསམ་བློ་ཐབས་ཆག་ཅིག་ཡོད་ནའང། ཁོང་ཁྲོ་དང་འདོད་ཆགས་སྐྱེ་བའི་སྐབས་སུ་བརླག་འགྲོ་གི་ཡོད་སྟབས། དེ་མི་བརླག་པའི་དོན་དུ་རང་གི་སེམས་ལ་བརྟག་དཔྱད་བྱས་ཏེ། གལ་ཏེ་ཉོན་མོངས་ཀྱི་བློ་སྐྱེ་གི་འདུག་ན། བློ་ངན་པ་འདིས་ད་ལྟའི་བར་ང་ཕུང་ལ་སྦྱར་བ་དང་། འདིས་ང་ལ་འཁོར་བའི་སྡུག་བསྔལ་མྱོང་དུ་བཅུག་པ་ཡིན་པར་བརྟེན། དུས་དང་རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་པར་མི་བྱ་ཞེས་བཙན་ཐབས་གདོང་ནས་བཟློག་པ་དེ་རིམ་པ་གསུམ་པ་ཡིན།

རང་བཞིན་ངན་པའི་སེམས་ཅན་རྣམས།། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། རིན་ཆེན་གཏེར་དང་འཕྲད་པ་བཞིན།། རྙེད་པར་དཀའ་བས་གཅེས་འཛིན་བསླབཅེས་པའོ།། བྱང་ཆུབ་སེམས་དཔས་འབྲེལ་བ་བྱེད་སའི་མི་དེ་རང་བཞིན་བཟང་པོ་དང་སྡུག་བསྔལ་མེད་པ་ཡིན་ན། བྱང་ཆུབ་སེམས་སྦྱོང་གི་ཉམས་ལེན་ཡར་རྒྱས་འགྲོ་བར་དེ་ཙམ་ཕན་ཐོགས་མེད། མི་བཟང་པོ་དང་། ཁོང་ཁྲོ་མི་སློང་མཁན། མཐུན་ལམ་དང་རོགས་བྱེད་མཁན། རྒྱུད་འཇམ་པོ་ཞིག་དང་ཐུག་ན། དེ་ལ་དམིགས་པའི་བཟོད་པ་དང་སྙིང་རྗེ་རྣམས་ཡར་རྒྱས་འགྲོ་རྒྱུ་གང་ཡང་མེད། དེས་ཀླན་ཀ་མི་བཙུགས་པར་བརྟེན་འགྱུར་བའང་འགྲོ་རྒྱུ་མེད། ཇོ་བོ་རྗེ་རྒྱ་གར་དུ་བཞུགས་སྐབས་སྐུ་མདུན་དུ་ཡང་ཡང་བཅར་མཁན་གྱི་ཁྱིམ་པ་སྤྱོད་པ་ངན་པ་དང་། གང་བྱུང་བྱེད་མཁན། རྟག་ཏུ་ཇོ་བོ་རྗེའི་ཐུགས་ལ་མི་བབ་པའི་ལས་ཤ་སྟག་བྱེད་མཁན་ཞིག་ཡོད་འདུག  ཇོ་བོ་རྗེའི་སློབ་མ་ཞིག་གིས་དེ་ཇོ་བོ་རྗེའི་སྐུ་མདུན་དུ་ཡོང་དུ་མ་བཅུག་ན་ཞེས་ཞུས་པར། ཇོ་བོ་རྗེས་མ་རེད། མ་རེད། ཁོ་ངའི་བཟོད་པའི་ཉམས་ལེན་གྱི་དགེ་རྒན་ཆེ་ཤོས་དེ་ཡིན་ཞེས་བཀའ་གནང་བའི་བྱུང་བ་ཡོད། དེ་ལྟ་བུ་ཇི་ཙམ་གུས་ཞབས་ཞུས་ཀྱང་དོ་སྣང་མི་བྱེད་པ། ཇི་ཙམ་ཕན་ཐོགས་བྱས་ཀྱང་དེའི་ལན་དུ་ཡག་པོ་མི་བྱེད་པ། ཁོང་ཁྲོ་ཆེ་ལ། ཕྲག་དོག་ཅན། མཐུན་ལམ་བྱེད་ཁག་པོ་ལ་རང་བཞིན་ངན་པའི་སེམས་ཅན་ཟེར།

སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། ཞེས་རང་བཞིན་ངན་པ་ཡིན་ནའང། ནད་སོགས་ཀྱིས་མནར་བ། ཟས་གོས་མེད་པས་དབུལ་བ། དབང་པོ་མ་ཚང་བ་བཅས་སྡུག་བསྔལ་གྱིས་གཟིར་བ་མཐོང་བ་ན། རིན་ཆེན་གཏེར་དང་འཕྲད་པ་བཞིན།། རྙེད་པར་དཀའ་བའི་གཅེས་འཛིན་བསླབ།། ཅེས་རིན་པོ་ཆེའི་གཏེར་ཆེན་པོ་ཞིག་རག་ན་མི་འདོད་རྔམ་ཅན་རྣམས་ཧ་ཅང་དགའ་བ་བཞིན་གཅེས་པར་འཛིན་དགོས་གསུངས། རྙེད་པར་དཀའ་བ་རྙེད་པའམ་གཅེས་པར་བཟུང་ནས་གང་བྱེད་དགོས་ཤེ་ན། སྡུག་བསྔལ་ཅན་ལ་སྡུག་བསྔལ་སེལ་བའི་ཐབས་ཤེས་བྱེད་པ། དཔེར་ན། དགེ་བཤེས་འཆད་ཁ་བ་སྐུ་ཚེ་མང་ཆེ་བ་མཛེ་ནད་ཅན་ཚོའི་མཉམ་དུ་བསྐྱལ་ཅིང་། བློ་སྦྱོང་གི་ཆོས་དེ་ལའང་མཛེ་ཆོས་ཞེས་བཏགས་པའི་སྐབས་ཀྱང་བྱུང་འདུག  མཛེ་ནད་ཕོག་པ་དེ་ཚོ་ནི་ཧ་ཅང་སྡུག་བསྔལ་དྲག་པོས་ནོན་པ་ཡིན། མཛུབ་མོ་ཆད་པ་སོགས་ལ་བརྟེན་ནས་བྱུང་བའི་ན་ཚ་ཙམ་མིན་པར། མཛེ་ནད་ཟེར་དུས་མིའི་སྤྱི་ཚོགས་ནས་ཕུད་ཅིང་། འགོས་ནད་རེད་ཅེས་བདེ་སྡུག་ལྟ་མཁན་མེད་པ་མ་ཟད། ཐ་ན་སྨན་པ་དང་སྨན་ཞབས་ཚོས་ཀྱང་བློས་བཏང་བར་བརྟེན། སྡིག་སྡུག་དྲག་པོས་ནོན་པ་ཡིན། དེའི་སྐབས་སུ་རིན་ཆེན་གཏེར་དང་འཕྲད་པ་ཇི་ལྟར་ཆགས་ཀྱི་ཡོད་ཅེ་ན། རང་བཞིན་ངན་པའི་མི་དང་ཐུག་ན་བཟོད་པ་དང་བྱམས་པའི་ཉམས་ལེན་ལ་ཧ་ཅང་ཕན་ཐོགས་ཤིང་། རང་བཞིན་ངན་པ་དེས་རྟག་ཏུ་བསུན་གཙེར་དང་བརྙས་བརྐོ་བའི་ངང་བསྡད་ན། དེ་ལ་བརྟེན་ནས་བཟོད་པའི་ཉམས་ལེན་ལ་སྦྱོང་བརྡར་བྱེད་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད། སྡིག་སྡུག་དྲག་པོས་ནོན་པ་མཐོང་ཚེ། དེ་འགོོག་པ་ལ་བསླབ་བྱ་བརྒྱབ་རྒྱུའི་གོ་སྐབས་ཀྱང་ཐོབ་པ་ཡིན། སྡུག་བསྔལ་དྲག་པོས་ནོན་པ་མཐོང་ཚེ། ནད་པ་ཡིན་ན་ནད་གཡོག་རྒྱུགས་པ། སྨན་སྦྱིན་པ། དབུལ་པོ་ཡིན་ན་བཟའ་བཏུང་སྦྱིན་པ་སོགས་དགེ་བའི་བྱ་བ་མང་པོ་བསྒྲུབ་རྒྱུའི་གོ་སྐབས་རྙེད་དཀའ་བ་དེ་གཅེས་པར་འཛིན་པར་ཤོག་ཅེས་གསུངས། དེ་དག་ནི་རྙེད་པར་དཀའ་བར་གཅེས་པར་འཛིན་ཚུལ་གྱི་སྤྱི་ཡོངས་ཀྱི་གནས་ཚུལ་ཡིན།

དེ་ལས་དཀའ་བ་ཞིག་གང་ཡོད་ཅེ་ན། བདག་ལ་གཞན་གྱིས་ཕྲག་དོག་གིས།། གཤེ་བསྐུར་ལ་སོགས་མི་རིགས་པའི།། གྱོང་ཁ་རང་གིས་ལེན་པ་དང༌།། རྒྱལ་ཁ་གཞན་ལ་འབུལ་བར་བསླབ ཅེས་རང་ལ་གཞན་གྱིས་ཕྲག་དོག་དབང་གིས་གཤེ་བ་སྟེ་གཤེ་གཤེ་བཏང་བ་དང་། བསྐུར་བའམ་ཁ་བཏང་བ། ཚིག་རྩུབ་པོ་སྨྲས་པ། དམའ་འབེབས་བཏང་བ་སོགས་དང། དེ་བཞིན་མི་རིགས་པའམ་རྒྱུ་མཚན་མེད་པ་དཔེར་ན་རྐུན་མ་མིན་བཞིན་དུ་རྐུན་མ་རེད་ཅེས་སྐྱོན་འཛུགས་བྱས་པ་སོགས་བྱུང་ཚེ། ང་རྐུན་མ་མིན་ངས་བརྐུ་རྒྱུ་མ་བྱུང་སོགས་དག་སེལ་བྱེད་ཀྱིན་མ་བསྡད་པར། ག་རེ་བཤད་ནའང་བཤད་དུ་བཅུག་སྟེ་གྱོང་ཡོད་ཚད་རང་གིས་ཁྱེར། རྒྱལ་ཁ་གང་ཡོད་རང་ལ་གཤེ་བསྐུར་བྱེད་མཁན་དེ་ལ་ཐོབ་ཏུ་འཇུག་པ་ནི་བྱང་ཆུབ་སེམས་དཔའི་ཉམས་ལེན་གནད་འགག་ཆེན་པོ་ཞིག་ཡིན།

འོན་ཀྱང་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་ཉམས་ལེན་གྱོང་ཁ་རང་གིས་ལེན་པ་དང་། རྒྱལ་ཁ་གཞན་ལ་འབུལ་བ། མི་རིགས་པའི་གཤེ་བསྐུར་སོགས་ལ་བཟོད་པ་བསྒོམས་ནས་བཞུགས་པའི་བསླབ་བྱ་འདི་ལ་དྲི་བ་ཞིག་སླེབས་ཤིང་། དེ་ནི་གང་རེད་ཅེ་ན། དྲང་བདེན་མ་ཡིན་པའི་བྱ་བ་ལ་བཟོད་པ་སྒོམ་ན་བཟོད་པ་གོ་ལོག་ཏུ་མི་འགྲོའམ། ཁྲིམས་མཐུན་མིན་པ་དང་། དྲང་བདེན་མིན་པ། རིགས་པ་མ་ཡིན་པའི་བྱ་བ་ལ་བཟོད་སྒོམ་བྱས་ན་བྱ་བ་དེར་མོས་མཐུན་བྱས་པ་མིན་ནམ། གང་ལྟར་དེ་ལ་རྗེས་སུ་ཡི་རངས་བྱས་པ་ལྟ་བུ་ཆགས་ཀྱི་མ་རེད་དམ། སྡིག་པ་བྱས་པ་ལའང་རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་འཇུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རངས་པ་བཅས་མི་འདྲ་བ་གསུམ་ཡོད་པར་བརྟེན། མི་རིགས་པ་དེ་ལ་མི་རིགས་པ་ཞེས་མ་བརྗོད་ན་འགྲིགས་ཀྱི་ཡོད་དམ།  དྲི་བ་དེ་ནི་གཱཾདྡྷཱིའི་མདུན་དུའང་ཚར་མང་པོ་སླེབས་པར་བརྟེན། དེའི་ཐོག་དགོངས་པ་རྒྱ་ཆེན་པོ་བཞེས་འདུག  ད་ལྟ་ང་ཚོས་གྱོང་ཁ་རང་གིས་ལེན་པ་དང་། རྒྱལ་ཁ་གཞན་ལ་འབུལ་བ། མི་རིགས་པ་གང་བྱས་ཀྱང་བཟོད་པ་སྒོམ་པ་ཞེས་པ་དེར་དབྱེ་བ་ཞིག་ཕྱེ་དགོས། དེ་ཡང་གང་ཟག་ལ་བཟོད་པ་སྒོམ་པ་དང་གང་ཟག་དེའི་བྱ་བ་ལ་བཟོད་པ་སྒོམ་པ་གཉིས་ལ་དབྱེ་བ་ཕྱེ་དགོས། བཞི་བརྒྱ་པ་ལས། ཐུབ་པ་ཉོན་མོངས་དགྲར་གཟིགས་ཀྱི།། ཉོན་མོངས་དང་འབྲེལ་གང་ཟག་མིན།། ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་ཁྲོ་སོགས་ཉོན་མོངས་ལ་དགྲར་གཟིགས་ཏེ་དེ་ལ་ཁ་གཏད་ཀྱིས་མེད་པ་བཟོ་བ་དང་། ཡིན་ནའང་ཉོན་མོངས་དང་འབྲེལ་བའི་གང་ཟག་ཁོང་ཁྲོ་ཅན་སོགས་ལ་སྙིང་རྗེ་སྒོམ་པ་ལས་ཁོང་ཁྲོའི་ཡུལ་དུ་འཛིན་གྱི་མེད། དེས་ན་མི་རིགས་པའི་བྱ་བ་དེ་ལ་འགྲིག་གི་མི་འདུག་ཅེས་ཁ་གཏད་གཅོག་རྒྱུ་ལས་ཉོན་མོངས་དེ་དང་ལྡན་པའི་གང་ཟག་དེ་ལ་བཟོད་པ་དང་གུས་ཞབས་ཞུས་ཏེ་ཁོང་ཁྲོའི་ཡུལ་མིན་པ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཱཾདྡྷཱིའི་གསུང་དུའང་སྡིག་པ་ལ་ཁོང་ཁྲོ་ཟ་བ་ལས་སྡིག་ཅན་ལ་ཁོང་ཁྲོ་མི་ཟ་ཞེས་ཡོད། ཁོང་གིས་སབིནཡ་ཨབཉྫཱ་སྟེ་གུས་ཞབས་དང་བཅས་ཏེ་བཀའ་ལ་མ་བརྩི་བ་ཞེས་པ་ནི་བཀའ་གནང་མཁན་དེ་གང་ཟག་ཅིག་དང་སེམས་ཅན་ཞིག་ཡིན་ཙང་གུས་ཞབས་བྱེད་དགོས། ཡིན་ནའང་བཀའ་གནང་བ་དེ་ནོར་བ་དང་དྲང་བདེན་མིན་པ་ཞིག་ཡིན་ཙང་མི་བརྩི་བ་ཡིན་ཞེས་གསུངས།

ང་ལ་བདག་གིས་ཕན་བཏགས་པའི།། རེ་བ་ཆེ་བ་གང་ཞིག་གིས།། ཤིན་ཏུ་མི་རིགས་གནོད་བྱེད་ནའང༌།། བཤེས་གཉེན་དམ་པར་བལྟ་བར་བསླབ ཅེས་པའོ།། སོ་སོ་དང་འབྲེལ་བ་་མེད་པ་ཞིག་གིས་རང་ལ་མ་རུང་བ་བྱས་ན་དེ་ཙམ་བློ་ཕམ་མི་ཡོང་། དེ་བཞིན་ནམ་རྒྱུན་རང་ལ་འཁོན་ཡོད་པ་ཞིག་གིས་སྡུག་པོ་ཞིག་བྱས་ཀྱང་། ང་གཉིས་དབར་ལ་འཁོན་ཡོད། ཁོས་དེ་ལྟར་བྱེད་ཀྱི་རེད་སྙམ་པ་མ་གཏོགས་ཧ་ལས་ལས་མི་བྱེད། ཡང་ངོ་མི་ཤེས་མཁན་ཞིག་གིས་སྡུག་པོ་བྱས་ན། ངས་ཁོ་ངོ་ཤེས་ཀྱི་མེད། ཁོ་ནོར་བ་ཡིན་སྲིད་ཅེས་དེ་ཙམ་ཁོང་ཁྲོ་མི་ལང། འོན་ཀྱང་སོ་སོས་རྒྱུན་རིང་པོའི་བར་དུ་ཕན་བཏགས་ས་དང་རེ་བ་བརྒྱབ་སའི་མི་ཞིག་གིས་རྒྱུ་མཚན་གང་ཡང་མེད་པར་རང་ལ་གནོད་པ་བྱས་ན། དེ་ལ་བཟོད་སྒོམ་བྱེད་རྒྱུ་ཧ་ཅང་ཁག་པོ་ཡོད། གང་ལགས་ཤེ་ན། དེའི་བྱེད་སྟངས་ཧ་ཅང་མ་རབས་ཐ་ཤལ་ཞིག་ཏུ་མཐོང་བ་ཡིན། དེ་ལྟ་བུ་ནི་མ་རབས་ཐ་ཤལ་ཡིན་དང་ཡིན། དེ་ལྟར་ཧ་ཅང་ཡག་པོ་བྱེད་ས་ཞིག་གིས་ཚུར་སྡུག་ཅག་བྱས་ཡོང་སྐབས། ཁོས་འདི་འདྲ་བྱེད་ཡོང་བསམ་པ་མེད། རྨི་ལམ་ལའང་མེད་ཅེས་ཁོང་ཁྲོ་སྐྱེས་པ་ཡིན། འོན་ཀྱང་ཉམས་ལེན་པས་དེ་ལྟ་བུ་ལ་བསླབ་བྱ་རྒྱག་མཁན་གྱི་དགེ་རྒན་ཡག་པོ་ཞིག་བྱུང་སོང། རང་གིས་གཞན་ལ་ཕན་འདོགས་སྟངས་དེ་འགྲིག་མི་འདུག་ཅེས་དགོངས་པ་ཡིན། ལར་ནས་བྱང་ཆུབ་སེམས་དཔའི་ཕན་འདོགས་སྟངས་ནི་ལན་དང་རྣམ་སྨིན་ལ་མི་རེ་བ་ཡིན། ལན་ལ་རེ་བའི་ཐོག་ནས་ཕན་བཏགས་པ་ནི་ཚོང་ལྟ་བུ་ཡིན། དཔེར་ན། ཕ་མ་ཁ་ཤས་ཀྱིས་བུ་ཕྲུག་གསོ་སྐྱོང་ཡག་པོ་བྱས་ན་མ་གཏོགས་རྗེས་སུ་རྒས་པ་ན་ཁོས་དྲིན་ལན་མཇལ་གྱི་རེད་བསམ་པ་ལྟ་བུ་ཡིན། རྣམ་སྨིན་ལ་རེ་བ་ནི་ཚུལ་ཁྲིམས་བསྲུང་ན་སྐྱེ་བ་ཕྱི་མ་བདེ་འགྲོར་སྐྱེ་སྙམ་པ་ལྟ་བུ། གང་ལྟར་འཁོར་བའི་ཟག་བཅས་ཀྱིས་བསྡུས་པའི་རྣམ་སྨིན་ལ་རེ་ན་དེ་ཡང་ཚོང་ལྟ་བུ་ཡིན། འོན་ཀྱང་དགེ་བ་བསགས་པ་དེ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་ཆེད་ཡིན་ན་དོན་དང་ལྡན་པ་རེད། དེས་ན་ལན་དང་རྣམ་སྨིན་ལ་རེ་བའི་ཐོག་ནས་དགེ་བ་བྱས་པ་དེ་ཡག་པོ་མེད་ཅེས་སློབ་མཁན་གྱི་དགེ་རྒན་ལྟ་བུ་བྱུང་སོང་སྙམ་པའི་བསམ་བློ་འཁྱེར་དགོས། དེའི་ཡན་ཆད་ཀྱིས་བློ་སྦྱོང་བའི་སྐབས་སུ་ཇི་ལྟར་བློ་སྦྱོང་དགོས་མིན་དང་། དཀའ་ངལ་གང་དག་འཕྲད་མིན། དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་ཕྱོགས་བཅས་རིམ་བཞིན་གསུངས།

མདོར་ན་དངོས་སམ་བརྒྱུད་པ་ཡིས།། ཕན་བདེ་མ་རྣམས་ཀུན་ལ་འབུལ།། མ་ཡི་གནོད་དང་སྡུག་བསྔལ་ཀུན།། གསང་བས་བདག་ལ་ལེན་པར་བསླབ། ཅེས་པ་ནི་བདག་གཞན་བརྗེ་བ་དང་གཏོང་ལེན་བྱེད་པ་དངོས་ཡིན། སྤྱོད་འཇུག་ཏུའང་། གང་ཞིག་བདག་དང་གཞན་རྣམས་ནི།། མྱུར་དུ་བསྐྱབ་པར་འདོད་པ་དེས།། བདག་དང་གཞན་དུ་བརྗེ་བྱ་བར།། གསང་བའི་དམ་པ་སྤྱད་པར་བྱ།། ཞེས་གསང་བའི་ཚིག་དེ་ཡོད། འདིར་ཡང་། གསང་བས་བདག་ལ་ལེན་པར་བསླབ།།ཅེས་གསལ། གཏོང་ལེན་གྱི་ཉམས་ལེན་གསང་བའི་སྒོ་ནས་བྱེད་དགོས་དོན་ཅི་ཡིན་ཞེ་ན། གསང་བའི་སྒོ་ནས་མ་བྱས་ན་བར་ཆད་ཡོང་བ་དང། མིང་དང་གྲགས་འདོད། ལན་དང་རྣམ་སྨིན་ལ་རེ་བའི་ཉེན་ཁ་ཡོད། དེས་ན་གསང་བའི་སྒོ་ནས་གཞན་གྱི་སྡིག་སྡུག་རང་གིས་ཚུར་བླངས་པ་དང་། རང་གི་བདེ་དགེ་གཞན་ལ་གཏོང་བ་མ་གཏོགས་ཡོངས་གྲགས་གནང་བ་མིན། མདོར་ན་དངོས་སམ་ཞེས་པ་ནི་དངོས་སུ་ཐད་ཀར། བརྒྱུད་པ་ནི་སེམས་ཅན་གཞན་ནམ་བྱ་བ་གཞན་ནས་བརྒྱུད་པ། ཡང་ན་བསམ་བློའི་ནང་རང་གི་ཕན་པ་དང་བདེ་བ་མ་རྒན་སེམས་ཅན་ལ་འབུལ་བ་དང་། མ་རྒན་སེམས་ཅན་གྱི་གནོད་པ་དང་སྡུག་བསྔལ་མཐའ་དག་རང་གིས་གསང་བའི་སྒོ་ནས་བླང་རྒྱུ་ཡིན་ཞེས་གསུངས།

དེ་ལྟ་བུའི་གཏོང་ལེན་གྱི་བྱ་བ་བསྒྲུབས་པའི་རྗེས་སུ་དོན་དམ་བྱང་ཆུབ་ཀྱི་སེམས་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་བསྔོ་བས་རྒྱས་འདེབས་པ་ནི། དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།། རྟོག་པའི་དྲི་མས་མ་སྦགས་ཤིང༌།། ཆོས་ཀུན་སྒྱུ་མར་ཤེས་པའི་བློས།། ཞེན་མེད་འཆིང་བ་ལས་གྲོལ་བསླབ ཅེས་དེ་ལྟ་བུའི་གཏོང་ལེན་གྱིས་མཚོན་པའི་ཉམས་ལེན་དེ་དག་ལ་ཆོས་བརྒྱད་ཀྱི་དྲི་མ་སྟེ། རང་ལ་ཁེ་ཕན་དང། སྙན་གྲགས། བསྟོད་བསྔགས་སོགས་ཡོང་ན་སྙམ་པ་ཡིན། བཤེས་སྤྲིངས་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་དང།། བདེ་དང་མི་བདེ་སྙན་དང་མི་སྙན་དང།། བསྟོད་སྨད་ཅེས་བྱ་འཇིག་རྟེན་ཆོས་བརྒྱད་པོ།། བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད།། ཅེས་གསུངས་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་མ་སྦགས་པ་དགོས། དེ་ལྟ་བུའི་ཆོས་བརྒྱད་ཀྱི་དྲི་མས་མ་སྦགས་པ་ནི་ཀུན་རྫོབ་ཀྱི་སྒོ་ནས་བསྔོ་བ་བྱེད་སྟངས་ཡིན། ཆོས་ཀུན་སྒྱུ་མར་ཤེས་པའི་བློས།། ཞེས་པ་ནི་དོན་དམ་གྱི་སྒོ་ནས་བསྔོ་བ་བྱེད་སྟངས་ཡིན། དེ་ཡང་དོན་དམ་གྱི་བསྔོ་བ་བྱེད་སྟངས་ནི། དབུ་མ་འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང།། འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ།། ཞེས་གསུངས་པ་བཞིན་འཁོར་གསུམ་མི་དམིགས་པའི་རྒྱས་བཏབ་པ་ཡིན། དཔེར་ན། བཟོད་པ་སོགས་དགེ་བ་གང་བྱས་ཀྱང། དགེ་བ་གསོག་མཁན་གྱི་གང་ཟག་དང་། བསགས་པའི་དགེ་བ། བསག་ཡུལ་བཅས་གསུམ་པོ་རང་ངོས་ནས་མ་གྲུབ་པར་རྟོག་པས་བཏགས་པ་ཙམ་དང་། མིང་དང་བརྡས་བཞག་པ་ཙམ་ལས་དོན་དམ་དུ་བཙལ་ན་མི་རྙེད་པ་ཤེས་པའི་བློས་བདེན་དངོས་ལ་ཞེན་པའི་འཆིང་བ་ལས་གྲོལ་བ་སྟེ། དེ་དག་མིང་རྐྱང་བཏགས་ཡོད་ཙམ་མིན་པར་རང་ངོས་ནས་གྲུབ་པ་ཡོད་པར་འཛིན་པའི་ཞེན་པའི་འཆིང་བ་ལས་གྲོལ་བར་ཤོག་ཅེས་གསུངས། དེ་ཡན་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཤད་ཁྲིད་མདོར་བསྡུས་ཤིག་ཕུལ་ཟིན་པ་ཡིན། བཤད་ཁྲིད་འདིའི་རྒྱུན་༸གོང་ས་༸སྐྱབས་མགོན་ཆེན་པོ་དང་། ༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་ཀྱི་དྲུང་ནས་ཐོབ་པ་ཡིན།

གང་ལྟར་བཀའ་གདམས་གོང་མ་ཚོས་ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག  གང་ཟག་ཐེག་པ་ཆེན་པོའི་གྲལ་དུ་ཚུད་པ་ཞིག་དགོས་ཞེས་གསུངས་པ་བཞིན། ཆོས་ཞུས་པ་དེ་ཕྱིའི་རྣམ་གྲངས་གསོག་རྒྱུ་ཙམ་དུ་མ་བཞག་པར་རང་གི་རྒྱུད་ལ་སྦྱར་ནས་བསླབ་བྱ་དེ་ཚོས་རང་ལ་ཕན་ཐོགས་ཡོད་པ་ཞིག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། བློ་སྦྱོང་ཚིགས་བརྒྱད་མ་འདི་ང་ཕྲུ་གུ་ཆུང་ཆུང་སྐབས་སུ་ངའི་རྒན་ཡོངས་འཛིན་རིན་པོ་ཆེ་དམ་པ་བཀའ་དྲིན་ཅན་དེས་ཉིན་རྟག་པར་ཞལ་འདོན་ནང་གསུངས་ཤིང་། སྔ་དྲོའི་ཞལ་འདོན་བྱིངས་རྣམས་གྲུབ་པ་དང་ཆུ་ཚོད་ཕྱེད་རིང་གཏོར་མ་བརྒྱ་རྩ་གནང་། དེའི་མཇུག་ཏུ་སྨོན་ལམ་ཁག་གསུམ་བཞིའི་ནང་ནས་བློ་སྦྱོང་ཚིགས་བརྒྱད་མ་འདི་གཅིག་ཡིན་པར་བརྟེན། ཆུང་ངུའི་སྐབས་ནས་ངའི་བློ་ལ་འཇགས་པ་ཡིན། སེམས་ལ་ཧ་ཅང་ཕན་ཐོགས་པོ་ཡོད། ཁྱེད་ཚོ་ཉམས་ལེན་གནང་མཁན་ཡིན་ན་ཉིན་ལྟར་ཞལ་ནས་གསུངས་པ་མ་ཟད། དངོས་སུ་སློབ་ནུས་པར་ཤོག་ཅེས་སྨོན་ལམ་བཏབ་ན། སྤྱོད་འཇུག་ལས། གོམས་ན་སླ་བར་མི་འགྱུར་བའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་གསུངས་པ་བཞིན་འདིའི་ནང་གི་བསླབ་བྱ་རྣམས་དངོས་སུ་ཉམས་ལེན་བྱེད་ཐུབ་པའི་གོ་སྐབས་ཡོང་སྲིད། དེ་དག་དགོངས་པ་ལ་འཇགས་རོགས་གནང་ཞུ་རྒྱུ་ཡིན། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པ་ཞིག་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང།། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།། བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག།།

(དེ་ནས་བཀའ་དྲིན་གཏང་རག་གི་མཎྜལ་ཕུལ། གངས་ལྗོངས་རྒྱལ་བསྟན་མ་དང་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞབས་བརྟན་གསོལ་འདེབས་བཏོན་རྗེས། སྤོས་སྣེས་བསུས་ཏེ་གཟིམ་ཆུང་དུ་གདན་དྲངས་པ་བཅས་སོ།།)

(བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་འདི་ནི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་འཁྲུངས་ཚེས་ ༧༥ པ་དང་སྟབས་བསྟུན་ཝཱ་ཎཱ་སློབ་ཟུར་ཚོས་གསོལ་བ་བཏབ་པ་བཞིན་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་སྔ་དྲོ་མཐོ་སློབ་ཀྱི་དུས་འཁོར་ཐང་གི་ཆོས་རྭར་བསྩལ། ཡིག་འབེབས་པ་ནི་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཡིན།)