གང་བློ་མ། (བསྟན་འགྱུར་དུ་བཞུགས་པ།)

གང་བློ་མ། (བསྟན་འགྱུར་དུ་བཞུགས་པ།)

རྒྱ་གར་སྐད་དུ། ཤྲཱི་ཛྙཱཌ་གུཎ་ཕལ་ནཱམ་སྟུཏིཿ། བོད་སྐད་དུ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ།

བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ།། ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།། གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི།། འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌།།

འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌།། མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།། གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་སྐུ།། བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་ཁྱོད་ལ་འདུད།།

གང་ཞིག་ལྷག་པའི་བསམ་པ་རྣམ་པར་དག་པས་གཅིག་དང་། བདུན་དང་། ཉི་ཤུ་རྩ་གཅིག་དང་། བརྒྱ་དང་། སྟོང་ལ་སོགས་པ་དག་ཉིན་རེ་བཞིན་དུ་སྒྲོགས་པ་དེ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ། སྒྲིབ་པ་འདག་པ་དང་། ཐོས་པ་འཛིན་པ་དང་། སྤོབས་པ་དང་། མི་བརྗེད་པའི་གཟུངས་དང་། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པའི་ཤེས་རབ་ཀྱི་དབང་པོ་དང་སྟོབས་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ།། གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པ་བྱེད་པ་དེ་ནི་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པས་ཤེས་རབ་དང་སྙིང་རྗེའི་མདངས་རྣམས་རིམ་གྱིས་བགྲོད་པ། གོང་ནས་གོང་དུ་ཆེས་ཆེར་འཕགས་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས་འགྲོ་བ་མ་ལུས་པ་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་རོ།། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་རྫོགས་སོ།། རྒྱ་གར་གྱི་པཎྜིཏ་འབུམ་ཕྲག་གསུམ་པ་དང་། བོད་ཀྱི་རྔོག་ལོ་ཙཱ་བས་བསྒྱུར་བའོ།། །། (འདི་ནི་སྡེ་དགེ་བསྟན་འགྱུར། རྒྱུད། ནུ། ༧༨བ༤ ནས་ ༧༩ན༣ པར་གསལ།)

 

གང་བློ་མ། (ཡོངས་གྲགས།)

༄༅།། བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས།། ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱིས་ཐུགས་ཀར་གླེགས་བམ་འཛིན།། གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི།། འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌།།

འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌།། མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།། གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།། བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད།།

ཨོཾ་ཨ་ར་པ་ཙ་ན་དྷཱིཿ

བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱིས།། བདག་བློའི་གཏི་མུག་མུན་པ་རབ་བསལ་ནས།།

བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།། བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།།

 

༈ གང་བློ་མའི་བཀའ་ཁྲིད།

༄༅།། བོད་དུ་ཡོངས་གྲགས་གང་བློ་མ་ཞེས་པ་ལ་བཤད་པ་བྱེད་དགོས་ཞེས་གསུངས་པ་རེད། བསྟོད་པ་གང་བློ་མ་ནི་འཇམ་དབྱངས་སྐུ་མདོག་ཕྱག་མཚན་མང་པོ་ཡོད་པའི་ནང་ནས་བོད་དུ་ཡོངས་གྲགས་སུ་འཇམ་དབྱངས་ཨ་ར་པ་ཙ་ནའི་བསྟོད་པ་དེ་རེད། དེ་ནི་བོད་པའི་སྤྱི་ཚོགས་ནང་ཧ་ཅང་ཁྱབ་ཆེན་པོ་དང་དར་པོ་རེད། དཔེ་ཆ་དང་པོ་སློབ་དུས་ནས་འདི་བསླབ་རྒྱུ་ཞིག་རེད། ཡི་གེ་ཀློག་མི་ཤེས་མཁན་ལ་གང་བློ་མ་འདི་ཁ་བསླབ་བྱས་ནས་ངག་ཐོག་ནས་འདོན་རྒྱུ་ཡོད་རེད། ཁམས་ཀྱི་དགོན་ཁག་ནང་གྲྭ་པ་གསར་པ་ཚོས་ཐོག་མར་དཔེ་ཆ་སྦྱང་མགོ་བཙུག་ས་ནི་གང་བློ་མ་ནས་རེད། ལྷག་པར་དུ་དགོང་དྲོ་དཔེ་ཆ་སྐྱོར་བའི་སྐབས་སུ་གང་བློ་མ་དང་དེའི་མཇུག་ཏུ། གཞོན་ནུའི་ཆ་ལུགས་འཆང་བ་པོ།། ཤེས་རབ་སྒྲོན་མེས་རབ་ཏུ་གསལ།། འཇིག་རྟེན་གསུམ་ན་མུན་སེལ་བ།། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།། ཞེས་པ་དེ་གདངས་རིང་པོ་བཏང་ནས་སྐད་ཤུགས་ཆེན་པོོས་རྒྱང་འབོད་ལྟ་བུར་འདོན་སྲོལ་ཡོད།

འཇམ་དཔལ་དབྱངས་ནི་གཙོ་བོ་ཤེས་རབ་ཀྱི་ལྷ་ཡིན་ཞིང། གཞུང་ཆེན་པོ་ལ་ཐོས་བསམ་སློབ་གཉེར་གནང་བ་ལ་ཤེས་རབ་ཡག་པོ་མེད་ན་མི་ཡོང་བ་དང་། ཤེས་རབ་བསྐྱེད་པའི་ལྷ་མང་པོ་ཡོད་པའི་ནང་ནས་འཇམ་དཔལ་དབྱངས་ཁྱད་པར་དུ་འཕགས་པར་བརྩིས་ནས་ཚང་མས་བསྟེན་པ་རེད། རྗེ་བདག་ཉིད་ཆེན་པོས། སྐལ་ལྡན་ཐར་ལམ་སྒྲུབ་ལ་གཙོ་བོའི་གེགས།། སེམས་འཇོམས་རྨོངས་པ་ལུས་འཇོམས་གཤིན་རྗེ་སྟེ།། རྨོངས་འཇོམས་ཤེས་རབ་སྩོལ་ལ་འཇམ་དབྱངས་མཆོག།།འཆི་བདག་འཇོམས་པའི་ཕུལ་བྱུང་འཇིགས་བྱེད་དོ།། ཞེས་གསུངས་པ་བཞིན་སྐལ་བ་དང་ལྡན་པའི་གང་ཟག་གིས་ཐར་པའི་ལམ་སྒྲུབ་པ་ལ་གེགས་ཀྱི་གཙོ་བོ་གཉིས་ཡིན་ཞིང་། སེམས་ལས་སུ་རུང་བའི་བར་ཆད་ནི་ཤེས་རབ་ཀྱི་འགལ་ཟླ་རྨོངས་པ་དེ་ཡིན་པ་དང་། གལ་ཏེ་རྨོངས་པ་དེ་མ་འཇོམས་ན་གཞུང་ལུགས་ལ་ཐོས་བསམ་བྱེད་མི་ཐུབ། དེས་ན་ཏིང་འཛིན་བསྒོམ་རྒྱུ་མེད། ཏིང་འཛིན་བསྒོམ་མ་ཐུབ་ན་ཤེས་རབ་སྐྱེ་རྒྱུ་མེད། ཤེས་རབ་མི་སྐྱེ་ན་ཐར་པ་འཐོབ་རྒྱུའང་མེད། དེར་བརྟེན་ཐར་པའི་གོ་འཕང་བསྒྲུབ་པ་ལ་གལ་ཆེ་ཤོས་གཅིག་ནི་སེམས་ཀྱི་རྨོངས་པ་བསལ་རྒྱུ་དེ་རེད། དེ་བཞིན་དལ་འབྱོར་གྱི་མི་ལུས་ཡུན་རིང་གནས་མ་ཐུབ་ན་ཆོས་སྒྲུབ་པའི་མཐུན་རྐྱེན་གཞན་ཞིག་མི་ཚང་བར་བརྟེན། ཚེ་རིང་པོ་ཡོང་བ་ལ་ཚེའི་ལྷ་གཤིན་རྗེ་གཤེད་འཇིགས་བྱེད་སོགས་ཉམས་ལེན་བྱེད་ན་ཐར་པ་བདེ་བླག་ཏུ་ཐོབ། དེས་ན་ཐར་པ་དོན་གཉེར་ཅན་གྱི་གང་ཟག་ཅིག་ཡིན་ན་ཤེས་རབ་བསྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེང་སང་སྤྱི་ཚོགས་ནང་ཐར་པ་དོན་གཉེར་བྱེད་མཁན་ཉིན་མོའི་སྐར་མ་རེད། དེ་དག་གིས་དོན་དུ་གཉེར་བྱ་ནི་ཚེ་འདིའི་བདེ་སྐྱིད་རེད། ལར་ནས་ཐར་པ་དོན་དུ་མི་གཉེར་བ་རྣམས་ལའང་ཤེས་རབ་དགོས་ཀྱི་ཡོད། ཚེ་འདིའི་འཇིག་རྟེན་གྱི་བྱ་བ་ལྟོ་གོས་བཙལ་བ་ལའང་ཤེས་རབ་ཡག་པོ་མེད་ན་མི་ཡོང་ཞིང་། དཔེར་ན་རྒྱུགས་སྤྲོད་ལྟ་བུ་ལ་ཤེས་རབ་ཡག་པོ་མེད་ན་མི་འཁྱོལ་ན་ངག་ལས་ཀ་ཡག་པོ་ཞིག་ཀྱང་མི་རག་པ་རེད། དེས་ན་ཚེ་འདིའི་བདེ་སྐྱིད་སྒྲུབ་པ་ལའང་ཤེས་རབ་གལ་ཆེན་པོ་ཡིན་པར་བརྟེན། ཤེས་རབ་ལ་དོན་གཉེར་ཡོད་པ་རྣམས་ཤེས་རབ་ཀྱི་ལྷ་ཞིག་བསྟེན་དགོས། ཤེས་རབ་ཀྱི་ལྷ་མང་པོ་ཡོད་པའི་ནང་ནས་འཇམ་དབྱངས་ཨ་ར་པ་ཙ་ནའི་བསྟོད་པ་འདི་གྲགས་ཆེན་པོ་དང་ཤློཀ་གཉིས་ཙམ་རེད། ངའི་ཕ་ཡུལ་དུའང་ཡིག་གཟུགས་ཚུགས་རིང་ནས་ཚུགས་ཐུང་ལ་ཕབ་སྐབས་དང་། དེ་བཞིན་ཚུགས་ཐུང་ནས་ཚུགས་མ་ཁྱུག་ལ་ཕབ་སྐབས་ཐོག་མའི་འབྲི་གཞི་གང་བློ་མ་རེད། དེ་ནི་ཡིག་གཟུགས་སྦྱོང་བ་དང་ཆབས་ཅིག་ཏུ་འཇམ་དབྱངས་ཀྱི་བསྟོད་པ་བྲིས་པ་དང་འདོན་པའི་ཕན་ཡོན་ཐོབ་པ་རེད། དེ་ནི་བྱིན་རླབས་མྱུར་བ་དང་སྒྲུབ་ཐབས་མྱུར་བ་ཡོད་ཅེས་གསུངས་པ་རེད།

བསྟན་འགྱུར་ནང་གང་བློ་མའི་བསྟོད་པའི་མཚན་ལ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་ཞེས་གསལ་ཅིང་། གང་བློ་མ་ཞེས་པ་ནི་བསྟོད་པའི་མགོར་གང་གི་བློ་གྲོས་ཞེས་ཡོད་པར་བརྟེན་བོད་པས་བཏགས་པ་ཞིག་རེད། འདིའི་རྩོམ་པ་པོ་སུ་ཡིན་ངེས་པ་མེད་རུང་། བསྟན་འགྱུར་ཁྲོད་ཀྱི་མཇུག་བྱང་དུ་སློབ་དཔོན་རྡོ་རྗེ་མཚོན་ཆ་ཡིན་པར་གྲགས་ཞེས་གསལ་འདུག་ཀྱང་། དེ་ནི་རྒྱ་གར་གྱི་མཁས་པའི་ནང་ཡོངས་སུ་གྲགས་པའི་མཚན་ཞིག་མིན། ཡོངས་གྲགས་སུ་པཎྜིཏ་མང་པོ་ཞིག་གིས་འཇམ་དབྱངས་ཀྱི་བསྟོད་པ་བརྩམས་ཀྱང་མཐར་བསྡུར་སྐབས་ཚང་མ་གཅིག་གྱུར་བྱུང་བར་བརྟེན་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་བརྩི་ཚུལ་ཞིག་ཀྱང་ཡོད་འདུག འདིར་དྭང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པས་བཀྲམས་པ་དེའི་ནང་ནཱལནྡཱའི་མཁན་པོ་སྒྲ་གཅན་འཛིན་བཟང་པོས་དབྱར་གནས་སྐབས་པཎ་གྲུབ་རྣམས་ལ་རྩོམ་པར་བསྐུལ་ཏེ་བརྩམས་པའི་བསྟོད་ཚིག་རྣམས་མགྲིན་དབྱངས་གཅིག་གི་བདག་ཉིད་དུ་གྲུབ་པའི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་ཞེས་གསལ་འདུག རིན་འབྱུང་བརྒྱ་རྩའི་ནང་ཨ་ར་པ་ཙ་ནའི་རྗེས་གནང་ཞིག་ཡོད། དེ་ནི་བོད་དུ་ང་ཆུང་ཆུང་སྐབས་སུ་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་རིན་འབྱུང་བརྒྱ་རྩའི་རྗེས་གནང་སྩལ་བ་དང་། དེའི་ནང་གི་ཨ་ར་པ་ཙ་ནའི་གང་བློ་མའི་བསྟོད་པའི་བཤད་ལུང་སྐབས་རྒྱ་གར་གྱི་རྒྱལ་པོ་ཞིག་གིས་པཎྜིཏ་ལྔ་བརྒྱ་ལ་འཇམ་དབྱངས་ཀྱི་བསྟོད་པ་རེ་བརྩམས་ཏེ་སང་ཉིན་བསྣམ་དགོས་པ་དང་། ལེགས་ཤོས་ལ་བྱ་དགའ་གཟེངས་བསྟོད་བྱ་རྒྱུ་ཡིན་ཞེས་བཀའ་གནང་བར་བརྟེན། པཎྜིཏ་ལྔ་བརྒྱ་པོས་རང་ཤག་ཏུ་རྗེ་བཙུན་འཇམ་དབྱངས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་བསྟོད་པ་བརྩམས་ཤིང་། སང་ཉིན་ཚང་མས་རྒྱལ་པོ་ལ་འབུལ་སྐབས་པཎྜིཏ་ལྔ་བརྒྱ་པོས་བརྩམས་པ་རྣམས་གཅིག་གྱུར་བྱུང་ཚུལ་ཡོད་ཅེས་གསུངས་སོང་། དེ་ནི་རིན་འབྱུང་གི་རྗེས་གནང་གི་དབང་ཆོག་གི་ཕྱག་དཔེ་ཏཱ་ར་ནཱ་ཐས་བརྩམས་པའི་པོ་ཏི་ཆེན་པོ་གཉིས་ཡོད། གཅིག་བྱས་ན་དབང་ཆོག་དེའི་ནང་ཏཱ་ར་ནཱ་ཐས་བྲིས་ཡོད་དམ། ཡང་ན་༧སྐྱབས་རྗེ་རྡོ་རྗེ་འཆང་གིས་ཐད་ཀར་གསུངས་པ་ཡིན་ཤེས་མ་སོང་། ངས་དབང་ཆོག་དེ་ཀློག་མྱོང་མེད། གང་ལྟར་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་སྐབས་བྱུང་ཡོད་ནའང་རེད། རྒྱལ་པོ་ཞིག་གི་སྐབས་སུ་བྱུང་ཡོད་ནའང་རེད། པཎྜིཏ་མང་པོ་ཞིག་གིས་ལོགས་སུ་བརྩམས་པ་རྗེས་སུ་བསྡུས་པ་ན་གཅིག་གྱུར་བྱུང་བའི་བསྟོད་པ་ཞིག་ཡིན་པར་བརྟེན། འཇམ་དཔལ་དབྱངས་རང་ཉིད་ཀྱིས་བྱིན་གྱིས་བརླབས་ནས་གྲུབ་པ་ཞིག་ཡིན་པ་བཤད་མ་དགོས་པ་རེད། དེ་ལྟར་འཇམ་དཔལ་དབྱངས་རང་གིས་རྒྱུད་བསྐུལ་ནས་བྱུང་བའི་ཚིག་ཡིན་ཙང་བྱིན་རླབས་ཅན་དུ་གྱུར།

བསྟན་འགྱུར་དུ་གང་བློ་མའི་མཚན་ལ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་ཞེས་གསལ་ཅིང། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ནི་འཇམ་དཔལ་དབྱངས་ཀྱི་མཚན་གྱི་རྣམ་གྲངས་ཤིག་ལ་གོ་ཆོག

ལོ་ཙཱ་བའི་འགྱུར་ཕྱག་གམ་མཆོད་བརྗོད་དུ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།། ཞེས་ཡོད་འདུག  ཡིན་ནའང་བོད་དུ་ཡོངས་གྲགས་སུ་བླ་མ་དང་མགོན་པོ་རྗེ་བཙུན་འཇམ་དབྱངས་ལ་ཕྱག་འཚལ་ལོ་ཞེས་པ་དེ་ཐོག་མར་བརྗོད་ཀྱི་རེད། འདིིར་བཀྲམས་པའི་ཕྱག་དཔེའི་ནང་བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ་ཞེས་གསལ་བ་ལས། རྗེ་བཙུན་ཞེས་པ་དེ་མི་འདུག  ཡིན་ནའང་དེ་ནི་བསྟོད་པའི་ཡན་ལག་མིན་པར་རྗེས་སུ་བསྣན་པའི་འགྱུར་ཕྱག་ལྟ་བུ་ཞིག་རེད། ལར་ནས་བསྟོད་པ་ལ་མཆོད་བརྗོད་དགོས་ངེས་ཀྱང་མིན། གང་ལྟར་དེ་གསུམ་ལས་གང་བརྗོད་ཀྱང་འགྲིགས།

སྤྱིར་བསྟོད་པ་མང་ཆེ་བའི་ནང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་བསྟོད་པ་ཕུལ་བའི་སྲོལ་ཡོད། རྗེ་བདག་ཉིད་ཆེན་པོས་བརྩམས་པའི་འཇམ་དཔལ་དབྱངས་ཀྱི་བསྟོད་སྤྲིན་རྒྱ་མཚོ་དེའང་སྐུ་གསུང་ཐུགས་ལ་བསྟོད་པའི་སྐབས་གསུམ་དུ་ཕྱེ་བ་དང་། དེ་བཞིན་ཁ་ཤས་ནང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་སུ་ཕྱེ་ནས་བསྟོད་པའང་ཡོད། བསྟོད་པ་འདིའི་ནང་ཐུགས་ལ་བསྟོད་པ་དང་། གསུང་ལ་བསྟོད་པ། སྐུ་ལ་བསྟོད་པ་བཅས་གསུམ་དུ་ཕྱེ་ཆོག  ལེགས་སྦྱར་སྐད་དུ་མཉྫུ་ཤྲཱི་སྟེ་འཇམ་དཔལ་དང་། མཉྫུ་ཤྲཱི་གྷོཥ་སྟེ་འཇམ་དཔལ་དབྱངས། མཉྫུ་གྷོཥ་སྟེ་འཇམ་པའི་དབྱངས་ཞེས་སྣ་ཚོགས་བྱུང་རུང་། དེ་དག་དོན་གཅིག་མིང་གི་རྣམ་གྲངས་ཡིན། དེ་དག་གང་བརྗོད་ཀྱང་དོན་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡོན་ཏན་གཅིག་ཏུ་བསྡུས་པའི་ངོ་བོ་བཞིན་ལག་གི་རྣམ་པ་ཅན་དུ་ཤར་བའི་ལྷ་ཞིག་ཏུ་གོ  དེའི་ངོ་བོ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རེད། གང་ལྟར་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་བཞིན་ལག་གི་རྣམ་པ་ཅན་དུ་ལྷའི་ངོ་བོར་ཤར་བ་ལ་འཇམ་དཔལ་དབྱངས་ཞེས་བརྗོད་ཅིང་། དེ་ནི་སྐབས་རེ་སངས་རྒྱས་ཀྱི་ཚུལ་དུ་ཡོད་པ་དང་། སྐབས་རེ་བྱང་ཆུབ་སེམས་དཔའི་ཚུལ་དུ་ཡོད་པར་བརྟེན། སངས་རྒྱས་དང་བྱང་སེམས་གང་དུ་འཇོག་ནའང་ཆོག

རྗེ་བཙུན་འཇམ་དཔལ་དབྱངས་ལ་འཇམ་ཞེས་པ་ནི་ཤེས་རྒྱུད་འཇམ་པ་རེད། དེ་ནི་དུག་གསུམ་གང་རུང་གིས་བསླད་པའི་ཉོན་མོངས་ཀྱིས་འབགས་པའི་སེམས་མ་རུང་བའམ་རྩུབ་རེག་གི་དྲི་མ་ཐམས་ཅད་དག་པའི་སྐབས་སུ་ཤེས་རྒྱུད་འཇམ་པར་གྱུར། དཔེར་ན་རྡོ་རྩུབ་པོ་བརྡར་ནས་འཇམ་པོར་གྱུར་པ་བཞིན་ཤེས་རྒྱུད་ཀྱི་མ་རུང་བའི་དྲི་མ་རྣམས་ལམ་གྱིས་སྦྱངས་ནས་དྲི་མ་ཐམས་ཅད་སྤངས་པ་ན་འཇམ་པའི་ཡོན་ཏན་དང་ལྡན་པའམ་དྲི་མ་དང་བྲལ་བའི་དག་པའི་ཡོན་ཏན་དང་ལྡན་པ་ཞིག་ལ་འཇམ་ཞེས་བརྗོད། ཤེས་རྒྱུད་ཀྱི་ཉོན་མོངས་པའི་དྲི་མ་ཐམས་ཅད་སྤངས་ནས་འཇམ་པོར་གྱུར་པ་ན་དེའི་དགོས་པ་ནི་ཤེས་བྱ་ཐམས་ཅད་ཇི་བཞིན་དུ་གཟིགས་པའི་ཡོན་ཏན་དེ་ཐོབ། དཔེར་ན་མེ་ལོང་དྲི་མ་ཅན་ནང་གཟུགས་བརྙན་གསལ་པོ་མི་ཤར་བ་དང་། འོན་ཀྱང་མེ་ལོང་དེ་ཕྱི་བདར་བཏང་ནས་དྲི་མ་ཡོངས་སུ་དག་པ་ན་ཕྱིའི་གཟུགས་ཀྱི་དངོས་པོ་རྣམས་ཀྱི་གཟུགས་བརྙན་ཇི་བཞིན་ཤར་བ་ལྟ་བུ་རེད། ཆོས་ཐམས་ཅད་མངོན་སུམ་དུ་མཐོང་མི་ཐུབ་པ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པས་གཡོགས་པ་དེའི་དབང་གིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མཐོང་མི་ཐུབ། ཤེས་པའི་ཐོག་ཏུ་སྒྲིབ་གཉིས་ཀྱི་ཡོལ་བ་མེད་པ་ན་བློ་དང་ཡུལ་གཉིས་ཀྱི་བར་དུ་སྒྲིབ་གཡོག་གང་ཡང་མེད་པར་བརྟེན་ཤེས་བྱ་ཡོངས་རྫོགས་རྩོལ་བ་མེད་པར་རང་བཞིན་གྱིས་བློ་ལ་ཤར་བ་ཡིན། དེས་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པ་དེ་ཤེས་བྱ་རེ་རེ་བཞིན་སྦྱངས་ནས་མཁྱེན་པ་མིན་ཞིང་། དེ་ལྟ་ན་ཤེས་བྱ་ལ་མཐའ་མེད་པར་བརྟེན་སྦྱངས་ཚར་རྒྱུ་མེད། ཡིན་ནའང་བློའི་སྟེང་གི་སྒྲིབ་བྱེད་ཀྱི་སྒྲིབ་པ་ཡོངས་སུ་རྫོགས་པ་མེད་པར་གྱུར་པ་ན་ཤེས་བྱ་ཡོངས་སུ་རྫོགས་པ་རང་བཞིན་གྱིས་འཆར་བ་རེད། དེས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་པ་དེ་ཡོང་རྒྱུ་ཡོད་པ་ཞིག་རེད། གང་ལྟར་ཤེས་བྱ་ཤེས་པ་ལ་གེགས་བྱེད་ཀྱི་དྲི་མ་མེད་པར་ཆགས་པ་ན་ཤེས་བྱ་ཡོངས་སུ་རྫོགས་པ་ཤེས་པ་རེད། ཤེས་བྱ་ཐམས་ཅད་མཁྱེན་པའི་དགོས་མཁོ་གང་ཡོད་ཅེ་ན། འབད་མེད་ལྷུན་གྲུབ་ཏུ་བྱུང་བའི་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་ཆད་པ་དེ་རེད། དེ་ནི་ཆོས་གསུངས་པའི་དབང་གིས་བྱུང་ཞིང་། གཙོ་བོ་ཆོས་གསུངས་པ་ལས་གཞན་པའི་གདུལ་བྱའི་དོན་མཛད་ཚུལ་མང་པོ་མེད། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད།། ཅེས་གསུངས་པ་བཞིན་སངས་རྒྱས་ཀྱིས་ཐོག་མ་ཐུགས་བསྐྱེད་སྐབས་ནས་སེམས་ཅན་ཐམས་ཅད་འཁོར་བ་དང་ཞི་བའི་འཇིགས་པ་ལས་གྲོལ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཆེད་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་། དེ་བཞིན་སངས་རྒྱས་པ་ན་མཛད་པ་མཛད་རྒྱུ་ཉག་གཅིག་པོ་ནི་སེམས་ཅན་རྣམས་གྲོལ་བའི་ཆེད་དུ་རེད། དེ་ཡང་སངས་རྒྱས་ཀྱིས་སེམས་ཅན་གྱི་སྡིག་པ་རྣམས་ཆུ་ཡིས་འཁྲུ་བའམ་སྡུག་བསྔལ་ཕྱག་གིས་བསལ་རྒྱུ་མེད་ལ། སངས་རྒྱས་ཀྱི་རྟོགས་པ་སེམས་ཅན་ལ་སྤོ་རྒྱུའང་མེད། དེས་ན་གང་གནང་རྒྱུ་ཡོད་ཅེ་ན། སེམས་ཅན་ལ་ཆོས་བསྟན་པའི་སྒོ་ནས་དོན་མཛད་རྒྱུ་དེ་རེད། དེ་ཡང་གསུང་ངམ་དབྱངས་ཀྱི་མཛད་པའི་སྒོ་ནས་བསྟན་རྒྱུ་རེད། འདིར་དབྱངས་ཞེས་པ་ནི་དབྱངས་དང་གསལ་བྱེད་གཉིས་སུ་ཕྱེ་བའི་དབྱངས་ཀྱི་དོན་དུ་མིན་པར་སྒྲའམ་གསུང་གི་དོན་རེད། དེ་ནི་འཇམ་པའི་དཔལ་ལས་བྱུང་བའི་གསུང་ངམ་འཇམ་པའི་དཔལ་དང་ལྡན་པའི་གསུང་ཞིག་རེད། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་གང་ཟག་གིས་གང་གསུངས་པ་དེ་དོན་མེད་པ་གཅིག་ཀྱང་མེད། དེས་གདུལ་བྱའི་ཁམས་དང་དབང་པོ་དང་བསམ་པ་དང་བག་ལ་ཉལ་སོགས་ཇི་ལྟ་བ་བཞིན་དུ་གཟིགས་པའི་ཐོག་ནས་གསུངས་པ་ཡིན་ཙང་དོན་མེད་དུ་འགྲོ་བ་གཅིག་ཀྱང་མེད། དེས་ན་སོ་སོ་སྐྱེ་བོས་ཆོས་བསྟན་པ་དེ་ཕལ་ཆེར་དོན་མེད་དང་། བྱང་སེམས་འཕགས་པས་ཆོས་བསྟན་པ་དེ་ཕལ་ཆེར་དོན་ལྡན། སངས་རྒྱས་ཀྱིས་ཆོས་བསྟན་པ་དེ་རྣམ་པ་ཐམས་ཅད་དུ་དོན་དང་ལྡན་པ་ཡིན་ཞེས་མདོ་སྡེ་རྒྱན་དུ་གསུངས། སོ་སོ་སྐྱེ་བོས་ཆོས་བསྟན་པ་ཕལ་ཆེར་དོན་མེད་དུ་འགྲོ་བ་གང་རེད་ཅེ་ན། དེས་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་སོགས་ཇི་ལྟ་བ་བཞིན་དུ་མ་རྟོགས་པ་དང་གཅིག  རང་ཉིད་ཀྱིས་ཆོས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མ་རྟོགས་པ་བཅས་མི་ཤེས་པའི་སྒྲིབ་པ་གཉིས་ཡོད་པའི་དབང་གིས་རེད། སྟབས་ཡག་ན་དོན་དུ་གྱུར་པ་མ་གཏོགས་ཕལ་ཆེ་བ་དོན་མེད་དུ་འགྲོ་བ་རེད། བྱང་སེམས་འཕགས་པས་རང་གིས་ཆོས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས་པ་དང་། དེ་བཞིན་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་སོགས་གང་ལ་གང་འཚམས་གཟིགས་ནས་ཆོས་བསྟན་པ་ཡིན་ཙང་ཕལ་ཆེ་བ་དོན་དང་ལྡན་པར་གྱུར་པ་རེད། སངས་རྒྱས་ཀྱིས་ཆོས་ཀྱི་གནས་ལུགས་ཡོངས་སུ་རྫོགས་པ་གཟིགས་པ་མ་ཟད། གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་སོགས་ཡོངས་སུ་རྫོགས་པ་གཟིགས་ནས་གསུངས་པར་བརྟེན་དོན་དུ་མི་གྱུར་པ་གཅིག་ཀྱང་མེད། དེས་ན་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབྱངས་ཞེས་པའི་ཚིག་སྦྱར་དགོས་པ་ནི་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་ཆོས་སྟོན་པའི་འཕྲིན་ལས་མི་མཛད་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་དོན་མེད་ལྟ་བུ་རེད། འོན་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ཙམ་གྱིས་འབད་མེད་ལྷུན་གྲུབ་ཏུ་ཆོས་སྟོན་ཐུབ་པའི་འཕྲིན་ལས་བརྙེས་པ་ཡིིན་ཙང་དེ་ནི་དབྱངས་ཀྱི་ངོ་བོར་གྲུབ་པར་བཤད་པ་བརྒྱབ་ནའང་མི་འགྲིགས་པ་མེད། ལྷག་པར་དུ་འཇམ་དཔལ་དབྱངས་ཀྱི་དབྱངས་ལ་དབྱངས་ཞེས་བརྗོད་དགོས་པའི་རྒྱུ་མཚན་སྔགས་ཀྱི་ཐོག་ནས་མང་པོ་བཤད་རྒྱུ་ཡོད་རུང་། དཔེ་མཚོན་ཙམ་ཞུ་ན། འཇམ་དཔལ་མཚན་བརྗོད་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག།།དོན་ཆེན་ཡི་གེ་དམ་པ་ཡིན།། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག།།ཅེས་གསུངས་པ་མདོར་བསྡུས་ན། གཞི་དུས་ཀྱི་གནས་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་དང་སེམས་ཀྱི་རྒྱུན་དེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ན་སངས་རྒྱས་ཀྱི་སྐུའི་ངོ་བོར་འགྲོ་བའི་ཉེར་ལེན་གྱི་རྒྱུ་རེད། ཕར་ཕྱིན་ཐེག་པའི་སྐབས་སུ་སངས་རྒྱས་ཀྱི་ཆོས་སྐུ་འགྲུབ་པའི་ཉེར་ལེན་གྱི་རྒྱུ་རགས་པ་ཙམ་གསུངས་ཡོད་ཀྱང་། གཟུགས་སྐུ་འགྲུབ་པའི་ཉེར་ལེན་གྱི་རྒྱུ་རྩ་བ་ནས་གསུངས་ཀྱི་མེད། དེས་ན་ཕར་ཕྱིན་ཐེག་པའི་ལམ་གྱི་ཐོག་ཏུ་སྔགས་ལམ་གྱི་སྣོན་པ་མ་བཏབ་ན་སངས་རྒྱས་ཀྱི་གོ་འཕང་མི་ཐོབ་ཅེས་གསང་སྔགས་ཀྱི་གཞུང་དུ་རྒྱུ་མཚན་དེ་དྲངས་པ་རེད། ཕར་ཕྱིན་ཐེག་པའི་སྐབས་སུ་སེམས་རགས་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ཅིག་གསུངས་ཀྱི་ཡོད་ཅིང་། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཡེ་ཤེས་དེས་སྟོང་ཉིད་གཉིས་སྣང་བྲལ་བའི་ཚུལ་གྱིས་རྟོགས་པ་ཡིན་ཙང་། དེའི་རིགས་རྒྱུན་སངས་རྒྱས་ཀྱི་རྣམ་མཁྱེན་གྱི་ངོ་བོར་འགྱུར་བའི་རྒྱུ་རགས་པ་ཙམ་ཆགས་ཀྱི་ཡོད། ཡིན་ནའང་སངས་རྒྱས་ཀྱི་ཐུགས་ཀྱི་ངོ་བོར་འགྲོ་བའི་ཤིན་ཏུ་ཕྲ་བའི་སེམས་ཀྱིས་སྟོང་ཉིད་རྟོགས་པའི་ཐབས་ཚུལ་དེ་ཕར་ཕྱིན་ཐེག་པའི་སྐབས་སུ་གསུངས་མེད། དེ་བཞིན་ཕར་ཕྱིན་ཐེག་པ་ནས་གཟུགས་སྐུའི་རྒྱུར་བསོད་ནམས་ཀྱི་ཚོགས་གསོག་རྒྱུ་ཙམ་ལས་གསུངས་མེད། བསོད་ནམས་ཀྱི་ཚོགས་དེ་གཟུགས་སྐུ་འགྲུབ་པའི་ལྷན་ཅིག་བྱེད་རྐྱེན་ཙམ་མ་གཏོགས། དེ་ནི་ཉེར་ལེན་གྱི་རྒྱུ་བྱས་ནས་གཟུགས་སྐུའི་ངོ་བོར་འགྱུར་རྒྱུ་མེད། དེས་ན་ད་ལྟའི་གནས་སྐབས་ཀྱི་སངས་རྒྱས་ཀྱི་གཟུགས་སྐུའི་ངོ་བོར་འགྲོ་བའི་ཉེར་ལེན་གྱི་རྒྱུ་དེ་སློབ་པ་ལམ་གྱི་སྐབས་སུ་ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་པ་དེ་གཅིག་པུ་མ་གཏོགས། གཞན་གཟུགས་ཕུང་གི་ཆ་ཤས་ཡོངས་སུ་རྫོགས་པ་དེ་ལས་ཉོན་གྱིས་འཕངས་པའི་ཟག་བཅས་ཡིན། སྔགས་ཀྱི་སྐབས་སུ་བཤད་པའི་ཤིན་ཏུ་ཕྲ་བའི་རླུང་རང་བཞིན་གྱིས་དག་པའམ་འོད་གསལ་བ་དེ་ཟག་བཅས་དང་ལས་ཉོན་གྱི་འབྲས་བུ་ཡིན་ཞེས་མི་བཤད་ཅིང། དེ་མིན་ཕུང་པོའི་ཆ་ཤས་ཡོངས་སུ་རྫོགས་པ་དེ་ལས་ཉོན་གྱི་འབྲས་བུ་ཡིན་ཙང་ཟག་བཅས་དང་སྤང་བྱ་རེད། དེ་ཟད་པ་མ་གཏོགས་སངས་རྒྱས་ཀྱི་སར་འགྲོ་རྒྱུ་མེད། རྒྱུན་མ་ཆད་པར་སངས་རྒྱས་ཀྱི་སར་གཟུགས་སྐུའི་ངོ་བོར་འགྲོ་བའི་ཉེར་ལེན་གྱི་རྒྱུ་ནི་ཤིན་ཏུ་ཕྲ་བའི་རླུང་དེ་རེད། ཤིན་ཏུ་ཕྲ་བའི་སེམས་དེ་རྣམ་མཁྱེན་གྱི་ངོ་བོར་འགྲོ་བ་དང་། ཤིན་ཏུ་ཕྲ་བའི་རླུང་དེ་འོག་མིན་སྟུག་པོའི་བཀོད་པའི་ཞིང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་སུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་འགྲུབ་པའི་ཉེར་ལེན་གྱི་རྒྱུ་ཐུན་མོང་མ་ཡིན་པ་དེ་རེད། སྤྱིར་རླུང་ཐམས་ཅད་ནུས་པ་དང་སྒྲའི་ངོ་བོར་གནས་པ་རེད། རླུང་གི་རང་བཞིན་ནི་ཡང་ཞིང་གཡོ་བ་རེད། གཡོ་བ་ཞེ་ན་གནས་གཅིག་ལ་མ་བསྡད་པར་རྒྱུ་བ་རེད། དེང་སང་ཚན་རིག་པས་ནུས་པ་དང་རྒྱུ་བའི་དོན་དུ་བཤད། དེ་ལྟ་བུའི་འགྲོ་བ་དང་གཡོ་འགུལ་གྱི་རྣམ་པ་ཅན་དུ་ཡོད་པའི་གཟུགས་ཡིན་ཕྱིན་དེའི་ཆ་ཤས་སུ་སྒྲ་གདངས་ཤིག་ཡོད་དགོས། ལར་ནས་གཟུགས་ཅན་རྣམས་གཞན་ལ་རེག་པའམ་བརྡབ་པའི་སྐབས་སུ་རང་གདངས་ཤིག་ཡོད། དེས་ན་ཤིན་ཏུ་ཕྲ་བའི་རླུང་གི་རང་གདངས་ནི་ཨའི་གདངས་རེད། ཤེར་ཕྱིན་ཡི་གེ་གཅིག་མའི་ནང་ཨ་གཅིག་པུ་མ་གཏོགས་མེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་ཡོངས་སུ་རྫོགས་པ་ཤེར་ཕྱིན་ཡི་གེ་གཅིག་གི་ནང་བསྡུས་ན་ཨའི་གདངས་སུ་གསུངས་པ་རེད། ཨའི་གདངས་དེ་ལེགས་སྦྱར་གྱི་སྐད་དུ་དགག་སྒྲ་ཡིན་པའི་དབང་གིས་སྟོང་ཉིད་སྟོན་པའི་ཚིག་ཏུ་ཕར་ཕྱིན་ཐེག་པའི་སྐབས་སུ་གསུངས་པ་དང་། སྔགས་ཀྱི་ནང་དེ་ནི་ཤིན་ཏུ་ཕྲ་བའི་རླུང་གི་རང་བཞིན་གྱི་སྒྲ་གདངས་དེ་རེད། དེ་ལྟ་བུའི་ཤིན་ཏུ་ཕྲ་བའི་རླུང་གི་ངོ་བོ་དེ་གདངས་སམ་དབྱངས་ཀྱི་རྣམ་པ་ཅན་དུ་གནས་པ་ཡིན་ཙང་དེའི་དབང་གིས་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབྱངས་ཞེས་པའི་སྒྲ་བརྗོད་དགོས་པ་ནི་ཕར་ཕྱིན་ཐེག་པའི་སྐབས་ཆོས་སྟོན་པའི་ཡོན་ཏན་ལ་ལྟོས་ཏེ་བྱུང་བ་དང་། དེ་བཞིན་སྔགས་ཀྱི་དབང་དུ་བྱས་ན་ཨའི་རང་གདངས་སུ་གནས་པའི་རླུང་དེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་འགྱུར་བ་དེའི་སྐབས་སུ་རྣམ་པ་ཐམས་ཅད་མཁྱེན་པའི་སྒྲའི་རང་བཞིན་དུ་གནས་པ་རེད་བརྗོད་ནའང་འགྲིགས། དེས་ན་གོང་གི་འཇམ་དཔལ་མཚན་བརྗོད་ཀྱི་ཚིགས་བཅད་རྣམས་ཤིན་ཏུ་ཕྲ་བའི་རླུང་གི་ཐོག་ནས་འགྲེལ་དགོས། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་འཇམ་པའི་ཡོན་ཏན་དང་ལྡན་པ་དང་། དཔལ་དང་ལྡན་པ། དབྱངས་དང་ལྡན་པ་ཡིན་ཙང་། དེ་ལ་འཇམ་དཔལ་དབྱངས་ཞེས་པའི་མཚན་ཐོགས།

སྤྱིར་གང་བློ་མའི་བཤད་པ་བྱེད་དགོས་ན་ཉུང་མཐར་ཟླ་བ་གཅིག་གཉིས་ཀྱི་དུས་ཚོད་མ་བཏང་ན་ཟིན་ཐབས་མེད། འདིིའི་ནང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་སྦྱར་ནས་གསུངས་པ་བཞིན་རེ་རེ་མཐའ་དཔྱད་ནས་བཤད་ན་དུས་ཚོད་མང་པོ་འགོར་རྒྱུ་རེད། དེས་ན་འདིར་ཆོས་ཐུན་གཅིག་ལ་མདོ་ཙམ་བཤད་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན།

བོད་པས་བླ་མ་ཞེས་པ་དེ་མཉམ་དུ་སྦྱར་བ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གདམས་ངག་ཁྱད་པར་ཅན་ཞིག་གི་གྲས་རེད། བོད་ཀྱི་གདམས་ངག་ཅེས་པ་དེ་རྒྱ་གར་ནས་མ་བྱུང་བ་ཞིག་ལ་ཟེར་གྱི་མེད། རྒྱ་གར་ནང་ཧ་ཅང་གསང་བ་དམ་པོས་ཞལ་ནས་ཞལ་དང་སྙན་ནས་སྙན་དུ་བརྒྱུད་པ་མ་གཏོགས། སྔགས་ཀྱི་ཉམས་ལེན་རྣམས་སྤྱི་ཚོགས་ནང་ཡོངས་གྲགས་ཡོང་གི་མེད། འོན་ཀྱང་བོད་དུ་སྔགས་ཀྱི་བསྟན་པ་ཧ་ཅང་རྒྱ་ཆེན་པོ་དར་བར་བརྟེན་སྔགས་ཀྱི་ནང་ལུས་ལ་གནད་དུ་བསྣུན་པའི་ཆ་ནས་ཟབ་ཁྱད་འདོན་སྟངས་དང་། དེ་བཞིན་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་ལ་བཀོལ་ནས་ཟབ་ཁྱད་འདོན་སྟངས་བཅས་ཀྱིས་སྔགས་ཀྱི་ལམ་དེ་ཕ་རོལ་ཏུ་ཕྱིན་པའི་ལམ་ལས་ཧ་ཅང་མྱུར་བའི་གནད་འགག་ཐུག་ས་གཙོ་བོ་ནི་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་པ་དེ་རེད། བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ནས་ཡི་དམ་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་ན་ལོ་གསུམ་དང་ཕྱོགས་གསུམ་ནང་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ནུས་ཞེས་པ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྔགས་ཀྱི་མན་ངག་གི་གསང་བའི་གནད་མཐར་ཐུག་པ་དེ་རེད། གང་ལྟར་ཆོས་ཐམས་ཅད་བླ་མའི་རྣལ་འབྱོར་གྱི་ཁོང་ནས་བྱས་པ་རེད། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྦྱིན་སོགས་ཕར་ཕྱིན་གྱི་ཉམས་ལེན་ཡིན་ནའང་རེད། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་མཐར་ཐུག་པ་བསྐྱེད་རིམ་དང་རྫོགས་རིམ་གྱི་ཉམས་ལེན་ཡིན་ནའང་རེད། དེའི་ཉམས་སུ་ལེན་སྟངས་དེ་བླ་མའི་རྣལ་འབྱོར་གཙོ་བོར་བཞག་ནས་དེའི་ཁོང་ནས་ཉམས་ལེན་བྱེད་པ་རེད། བཀའ་གདམས་པའི་དགེ་བཤེས་ཤིག་ལ་ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས་པ་ན། འཇམ་དཔལ་དབྱངས་སེར་ནའང་སེར། ཕྱག་ན་རྡོ་རྗེ་སྔོ་ནའང་སྔོ་། རྡོ་རྗེ་ཕག་མོ་དམར་ནའང་དམར། ང་ལ་བསྒོམ་རྒྱུ་བླ་མ་མ་གཏོགས་མེད། ཚེ་གཙིག་གི་ཟུང་འཇུག་ཟེར་བ་དེའང་ཡོང་ཡོང་འདྲ་ཞེས་གསུངས་པའི་བྱུང་བ་ཡོད། དེས་ན་ཡོན་ཏན་ཐམས་ཅད་བླ་མ་ལ་བརྟེན་ནས་བྱུང་བ་དང་། ཉམས་ལེན་ཐམས་ཅད་བླ་མའི་རྣལ་འབྱོར་གྱི་ཁོང་ནས་བྱས་པ་དེ་བོད་ཀྱི་ཆོས་བརྒྱུད་ཚང་མས་དམིགས་ཀྱིས་བཀར་བའི་གསུང་སྟངས་ཤིག་རེད། དེར་བརྟེན་འཇམ་དབྱངས་ལ་ཕྱག་འཚལ་བའི་སྐབས་སུ་བླ་མ་དང་དབྱེར་མེད་པའི་མགོན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ་ཞེས་གསུངས། རྗེ་རིན་པོ་ཆེས་བརྩམས་པའི་གཞུང་ལུགས་ཆེ་བ་མང་ཆེ་བའི་དབུར་ནམོ་གུརུ་མཉྫུགྷོཥཱཡ་ཞེས་པ་དེ་ཡོད། བླ་མ་མཉམ་དུ་སྦྱར་དགོས་པའི་རྒྱུ་མཚན་དེ་ལྟར་རེད།

བསྟོད་པ་དངོས་གཞི་ལ་ཐུགས་ལ་བསྟོད་པ་དང་། གསུང་ལ་བསྟོད་པ། སྐུ་ལ་བསྟོད་པ་བཅས་ས་བཅད་གསུམ་དུ་ཕྱེ་ཞིང་། སྤྱིར་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་སངས་རྒྱས་ཀྱི་སར་ཐམས་ཅད་འདྲེས་པ་མ་གཏོགས། དེ་དག་ལོགས་སུ་དབྱེ་རྒྱུ་མེད་ཅིང་། སྐུའི་ཡོན་ཏན་དེ་གསུང་དང་ཐུགས་ཀྱི་ཡོན་ཏན་ཡིན་པ་དང་། གསུང་གི་ཡོན་ཏན་དེ་སྐུ་དང་ཐུགས་ཀྱི་ཡོན་ཏན་ཡིན་པ། ཐུགས་ཀྱི་ཡོན་ཏན་དེ་སྐུ་དང་གསུང་གི་ཡོན་ཏན་ཡིན། སངས་རྒྱས་ཀྱི་སྐུ་ཡི་བ་སྤུའི་ཁུང་བུ་རེ་རེས་ཆོས་ཐམས་ཅད་མཁྱེན་པ་དང། དེ་བཞིན་བ་སྤུའི་ཁུང་བུ་རེ་རེའང་སངས་རྒྱས་ཡིན་ཞེས་བརྗོད། དེས་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཆ་ཤས་ལ་སངས་རྒྱས་མ་ཡིན་པ་ཞིག་མེད། འོན་ཀྱང་གདུལ་བྱའི་བློ་ངོར་འཆར་བདེ་བའི་ཆེད་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་ལྡོག་ཆའི་ཆ་ནས་ལོགས་སུ་ཕྱེ་བ་རེད།

གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས།། ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱིས་ཐུགས་ཀར་གླེགས་བམ་འཛིན།། གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི།།འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་་་་་།། ཞེས་པ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད། སངས་རྒྱས་ཀྱི་ཐུགས་ཀྱིི་ཡོན་ཏན་རྣམས་བསྡུས་ན་མཁྱེན་པ་དང་བརྩེ་བའི་ཡོན་ཏན་གཉིས་སུ་འདུས་ཤིང་། ཚིགས་རྐང་དང་པོ་གཉིས་ཀྱིས་མཁྱེན་པའི་ཡོན་ཏན་དང་། ལྷག་མ་ཚིགས་བཅད་གཅིག་དང་ཕྱེད་ཀྱིས་བརྩེ་བའི་ཡོན་ཏན་བསྟན། ཚིག་འགྲེལ་མདོར་བསྡུས་བྱེད་ན། རྗེ་བཙུན་འཇམ་དཔལ་དབྱངས་གང་གི་ཐུགས་སམ་བློ་གྲོས་དེ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་སྤྲིན་དང་བྲལ་བའི་ཉི་མ་ལྟར་ཡིན་པ་དང་། འདིར་སྒྲིབ་པ་གཉིས་སྤྲིན་གྱི་གཟུགས་སུ་བཀོད་པ་དང་། དེ་ལྟ་བུའི་སྒྲིབ་པ་གཉིས་དག་པ་དེ་ཉི་མའི་གཟུགས་སུ་བཀོད། སྒྲིབ་གཉིས་འཇོག་སྟངས་ནང་པའི་གྲུབ་མཐའ་གོང་འོག་སོ་སོའི་བཞེད་ཚུལ་མི་འདྲ་བ་ཡོད་ཀྱང་། འདིར་སྤྱིར་བཏང་རགས་པ་ཙམ་བཤད་ན། རྩ་བའི་ཉོན་མོངས་པ་དྲུག་དང་ཉེ་བའི་ཉོན་མོངས་པ་ཉི་ཤུ་སོགས་ཉོན་སྒྲིབ་དང་། དེ་ལྟ་བུའི་ཉོན་མོངས་པའི་བག་ཆགས་ཀྱིས་བཞག་པའི་ཤེས་བྱ་མཐོང་བ་ལ་ནུས་པས་མ་འདེང་བ་དེ་ཤེས་སྒྲིབ་རེད། བདེན་འཛིན་ཉོན་སྒྲིབ་ལ་བཞག་པའི་ལུགས་སུ་བྱས་པའི་དབུ་མ་པ་ཐལ་འགྱུར་བ་ལྟར་བཤད་ན་བདེན་འཛིན་གྱི་བག་ཆགས་དེ་ཤེས་སྒྲིབ་རེད། དེ་ལྟར་ཉོན་མོངས་པའི་ཆར་གཏོགས་ཀྱི་སྒྲིབ་པ་ལ་ཉོན་མོངས་པའི་སྒྲིབ་པ་དང་། ཉན་རང་དགྲ་བཅོམ་པས་ཀྱང་མ་སྤངས་པའི་ཤེས་བྱའམ་ཆོས་ཐམས་ཅད་ལ་སྒྲིབ་པའི་སྒྲིབ་པ་དང་། བདེན་འཛིན་གྱི་བག་ཆགས། གཉིས་སྣང་གི་འཁྲུལ་པའི་བག་ཆགས་ལ་ཤེས་བྱའི་སྒྲིབ་པ་ཞེས་བརྗོད། དེས་ན་འཇམ་དཔལ་དབྱངས་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་སྒྲིབ་པ་གཉིས་སྤྲིན་གྱི་གཟུགས་སུ་བཀོད་དེ། སྤྲིན་གྱིས་ཉིན་མའི་འོད་ཟེར་སྒྲིབ་པ་བཞིན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་གང་ཟག་གི་བློ་སྒྲིབ་པ་དེ་མཚུངས་ཆོས་སུ་སྦྱར་བ་རེད། དེ་ལྟ་བུའི་སྤྲིན་གྱི་སྒྲིབ་པ་མེད་པར་གྱུར་པ་ན་ཐུགས་ཉི་མ་ལྟ་བུ་དེ་རང་བཞིན་གྱིས་གསལ་བར་བརྟེན་རབ་ཏུ་གསལ་བ་རེད། རབ་ཏུ་གསལ་བ་དེས་བྱ་བ་གང་བྱེད་ཀྱི་ཡོད་ཅེ་ན། ཇི་སྙེད་པ་ཀུན་རྫོབ་པའི་ཆོས་ཐམས་ཅད་ཇི་བཞིན་དུ་གཟིགས་པ་རེད། དེས་མཁྱེན་པའི་ཡོན་ཏན་དེ་བསྟན། ཇི་སྙེད་པ་ཞེ་ན། ཀུན་རྫོབ་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ལས་འདས་པ་ལའོ།། ཇི་ལྟ་བའམ་ཇི་བཞིན་པ་ཞེ་ན། ཀུན་རྫོབ་ཀྱི་ཆོས་དེ་དག་སྟེང་གི་དོན་དམ་བདེན་པའམ་སྟོང་ཉིད་ལའོ།། དེ་ནི་ཆོས་ཅན་ཡོངས་སུ་རྫོགས་པ་དེའི་སྟེང་གི་ཆོས་དབྱིངས་ལའོ།། འདིར་ཇི་སྙེད་ཅེས་པ་ནི་ཀུན་རྫོབ་དང་། ཇི་བཞིན་ཞེས་པ་ནི་ཇི་ལྟ་བའམ་སྟོང་ཉིད་ལ་སྦྱར་ནས་བཤད་ཀྱི་ཡོད། གང་ལྟར་ཀུན་རྫོབ་ཀྱི་ཆོས་དང་དོན་དམ་གྱི་ཆོས་རྣམས་མངོན་སུམ་དུ་གཟིགས་པའི་དོན་རེད། འགྲེལ་པ་འགའ་ཤས་ནང་དུ་ཀུན་རྫོབ་དང་དོན་དམ་ལ་སྦྱར་ན་མི་འགྲིགས་ཞེས་གསུངས་པའང་འདུག  དེ་ལྟར་བྱས་ན་སྐབས་འདིར་ཇི་སྙེད་ཅེས་པ་ཀུན་རྗོབ་དང་དོན་དམ་ཕྱོགས་གཅིག་ཏུ་བསྡོམས་པའི་ཤེས་བྱའི་ཆོས་ཡོངས་སུ་རྫོགས་པ་དང་། དེའི་སྟེང་གི་དོན་མཐའ་དག་མ་ནོར་བའམ་མ་འདྲེས་པ་ཇི་མ་ཇི་བཞིན་དུ་གཟིགས་པའི་དོན་དུ་འགྲོ་ཆོག  སྟབས་བདེ་པོས་བཤད་ན། ཤེས་བྱའི་ནང་སྲིད་དོ་ཅོག་གི་ཀུན་རྫོབ་དང་དོན་དམ་གྱི་ཆོས་ཡོངས་སུ་རྫོགས་པའི་དོན་མ་འདྲེས་པ་དང་མ་ནོར་བ་གསལ་པོ་གཟིགས་པ་ཡིན་ཙང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཁྱེན་པ་མཐར་ཐུག་པ་དེ་བརྙེས་པ་རེད། དེ་ལྟ་བུའི་མཁྱེན་པའི་ཡོན་ཏན་མཐར་ཐུག་པ་བརྙེས་པ་དེ་མཚོན་པའི་ཕྱིར་དུ་ཐུགས་ཀར་གླེགས་བམ་འཛིན་པ་བསྟན།

གོང་དུ་ཞུས་པའི་འཇམ་དབྱངས་ཨ་ར་པ་ཙ་ན་ནི་པདྨའི་གདན་ལ་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་དང་། ཕྱག་གཡས་པས་སྡིགས་མཛུབ་ཀྱིས་རལ་གྲི་ནམ་མཁའ་ལ་གདེངས་པ། ཕྱག་གཡོན་པའི་སྡིགས་མཛུབ་ནང་ཤེར་ཕྱིན་གྱི་གླེགས་བམ་ཐུགས་ཀར་བསྣམས་པ་རེད། ཡོངས་གྲགས་ཀྱི་འཇམ་དབྱངས་ཀྱི་སྐུ་གཞན་ནི་ཕྱག་གཡོན་མའི་མཐེབ་མཛུབ་བར་དུ་པདྨའི་ཡུ་བ་བཟུང་ནས་པདྨ་དེ་སྙན་གྱི་ཐད་དུ་ཁ་ཕྱེ་བའི་ཐོག་ཤེར་ཕྱིན་གྱི་གླེགས་བམ་བསྣམས་ཡོད། འདིར་པདྨ་མེད་པར་གླེགས་བམ་ཕྱག་གི་ནང་བཟུང་ཡོད་པར་བརྟེན། ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན་ཞེས་གསུངས། འགའ་ཞིག་གིས་ཐུགས་ཀར་ཡུ་བ་བཟུང་བའི་པདྨའི་ཐོག་གླེགས་བམ་བཟུང་བ་ལ་འགྲེལ་བ་ཡོད་ཀྱང་མི་འགྲིགས་པ་ཨེ་ཡོད། འོན་ཀྱང་གང་བློ་མའི་མཉམ་དུ་ཡོང་བའི་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་ནང་ཡོད་པའི་འཇམ་དཔལ་དབྱངས་ཀྱི་སྐུ་མདོག་ཕྱག་མཚན་ལ་ཐུགས་ཀར་སྡིགས་མཛུབ་ནང་གླེགས་བམ་འཛིན་པ་དེ་རེད།

ཐུགས་ཀར་གླེགས་བམ་འཛིན་པ་དེས་གང་མཚོན་གྱི་ཡོད་ཅེ་ན། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་མཚོན་པ་རེད། གླེགས་བམ་དེ་ཤེར་ཕྱིན་གྱི་གླེགས་བམ་རེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ནང་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཡོངས་སུ་རྫོགས་པ་བསྟན་པ་དང་། གང་ལྟར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཡོངས་སུ་རྫོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ནང་བསྟན་པར་བརྟེན། དེའི་གླེགས་བམ་འཛིན་པ་ཡིན་ཙང་ཟབ་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་མཚོན།

དེ་ལྟ་བུའི་རྗེ་བཙུན་འཇམ་དཔལ་དབྱངས་ལ་མཁྱེན་པའི་ཡོན་ཏན་མངའ་བ་ཙམ་དུ་མ་ཟད། སེམས་ཅན་གང་དག་སྲིད་པའམ་འཁོར་བའི་བཙོན་རའི་ནང་མ་རིག་པའི་མུན་པས་འཐོམས་པ་དང་སྡུག་བསྔལ་གསུམ་གྱིས་གཟིར་བའི་འགྲོ་བའི་ཚོགས་ཐམས་ཅད་ལ་མ་ལ་བུ་གཅིག་པ་ལྟར་བརྩེ་བའི་བདག་ཉིད་དང་ཡང་ལྡན་པ་རེད་ཅེས་བརྩེ་བའི་ཡོན་ཏན་བསྟན་པ་རེད། འདིས་བརྩེ་བ་སྙིང་རྗེ་ཆེན་པོའི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་རྣམས་འགྲོ་ཚོགས་ཀུན་ལ་ཞེས་པས་བསྟན། དེ་ནས་བུ་གཅིག་ལྟར་བརྩེ་ཞེས་པས་བརྩེ་བའི་རྣམ་པ་བསྟན། སྲིད་པ་དེ་བཙོན་ར་དང་མཚུངས་ཚུལ་ནི་སྲིད་པའི་རྩ་བ་མ་གཅོད་ན་ཐར་ཐབས་མེད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འགྲོ་སྟངས་ལ་གཟིགས་ན་ཡན་ལག་གཅིག་གི་འབྲས་བུའི་རྟེན་འབྲེལ་གྱི་གནས་སྐབས་སུ་ཡན་ལག་གཞན་གྱི་རྒྱུའི་རྟེན་འབྲེལ་གྲངས་ལས་འདས་པ་གསོག་པ་ཡིན་ཙང་། འཁོར་བ་ནི་མཐའ་མེད་པའི་བཙོན་ར་ལྟ་བུ་རེད། བཙོན་ར་དེའི་ནང་ཅིའི་ཕྱིར་གནས་སམ་ཞེ་ན། མ་རིག་པ་མ་སྤངས་པར་བརྟེན་དེའི་མུན་པའི་དབང་གིས་རེད། མ་རིག་པའི་དབང་གིས་ལས་བསགས་པ་དང། ལས་ཀྱི་དབང་གིས་གཞི་དུས་ཀྱི་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག་སྟེ་སླར་ཡང་སྐྱེ་བ་བླང་དགོས་པ་བཅས་འཁོར་ལོ་དེ་རྒྱུན་མ་ཆད་པར་འཁོར་བ་རེད། དེའི་ནང་འཁོར་བ་ན་སྡུག་བསྔལ་གྱི་རང་བཞིན་མ་གཏོགས་བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད། སྡུག་བསྔལ་ལའང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མ་ཁྱབ་པའི་འཁོར་བའི་གནས་མེད། དེ་ཡང་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་སྡུག་བསྔལ་ནི་ཚོར་བ་སྡུག་བསྔལ་རང་བཞིན་གྱི་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཚོར་བ་བཏང་སྙོམས་དང་བདེ་བའི་རང་བཞིན་གྱི་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་ཀྱི་གཞི་རྩར་གྱུར་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་གྱིས་དུས་རྟག་ཏུ་གཟིར་བའི་འགྲོ་བའི་ཚོགས་ལ་མས་བུ་གཅིག་པུ་ལ་བརྩེ་བ་ལྟ་བུའི་བརྩེ་བ་སྙིང་རྗེ་ཆེན་པོ་འཇམ་དཔལ་དབྱངས་ལ་མངའ་བ་ཡིན། དེ་ཡན་གྱིས་བརྩེ་བའི་ཡོན་ཏན་ལ་བསྟོད་པ་བསྟན།

་་་་་་་་་་་་་་་་་་་་་་་་་ ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌།། འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌།། མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།། ཞེས་པ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གསུང་གི་ཡོན་ཏན་ལ་བསྟོད་པ་བསྟན། འགྲོ་བ་ཀུན་ལ་བུ་གཅིག་པ་ལྟར་བརྩེ་བ་ཐུགས་རྗེ་ཆེན་པོ་དེས་དྲངས་པའི་འཕྲིན་ལས་དེ་གང་གི་སྒོ་ནས་གནང་གི་ཡོད་ཅེ་ན། གསུང་དབྱངས་ཡན་ལག་དྲུག་ཅུའི་སྒོ་ནས་གནང་བ་རེད། དེ་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི་ཞེས་གསུང་སྟངས་མི་འདྲ་བ་གཉིས་རེད། རྗེ་རིན་པོ་ཆེས་མཛད་པའི་འཇམ་དཔལ་དབྱངས་ཀྱི་བསྟོད་སྤྲིན་རྒྱ་མཚོ་དང་། གུང་ཐང་འཇམ་དཔལ་དབྱངས་ཀྱིས་མཛད་པའི་འཇམ་དབྱངས་དཀར་པོའི་བསྟོད་སྤྲིན་རྒྱ་མཚོའི་ནང་གསུང་དབྱངས་ཡན་ལག་དྲུག་ཅུའམ་དྲུག་ཅུ་རྩ་བཞི་སོ་སོའི་ཁྱད་ཆོས་སོགས་བསྟན་ཡོད་པ་དེར་གཟིགས་དགོས། དེའི་ནང་ནས་སྙན་པ་དང་། འཇམ་པ། ཆེ་བ། ཡིད་དུ་འོང་བ། ཡིད་དུ་འཐད་པ་བཅས་གཙོ་བོ་རེད། དེ་ཡང་དེ་བཞིན་གཤེགས་པའི་གསུང་སུས་ཐོས་ཀྱང་མི་སྙན་པ་མེད་པ་དང་། ཉོན་མོངས་མི་སྐྱེ་བས་འཇམ་པ། ཉེ་རིང་ཇི་ཙམ་ལ་བསྡད་ཀྱང་གསལ་བར་གོ་ནུས་པས་ཆེ་བ། གདུལ་བྱ་སོ་སོའི་རང་རང་གི་སྐད་དུ་གོ་བ་རེད། མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་ཀྱིས་ཆོས་སྟོན་པའི་སྐབས་སུ་གསུང་སྒྱུར་མི་དགོས་ཤིང་། ལྷ་དང་། གནོད་སྦྱིན། དྲི་ཟ། གྲུལ་བུམ་སོགས་ཀྱིས་སོ་སོའི་སྐད་དུ་གོ་ཐུབ། དེར་བརྟེན་བྱུང་རབས་སྨྲ་བ་ཚོས་སངས་རྒྱས་ཀྱིས་པཱ་ལིའི་སྐད་དུ་གསུངས་ཞེས་དང་། ལེགས་སྦྱར་སྐད་དུ་གསུངས་ཞེས་སོགས་རྩོད་པ་མང་པོ་བྱེད་ཀྱི་ཡོད། གལ་ཏེ་དངོས་གནས་སངས་རྒྱས་ཀྱི་གསུང་གི་ཡོན་ཏན་ཤེས་མཁན་ཡིན་ན་དེའི་ཐོག་རྩོད་པ་མི་དགོས་པ་ལྟ་བུ་རེད། རྗེ་ཙོང་ཁ་པས། འཇིག་རྟེན་ཀུན་གྱི་སེམས་ཅན་ཐམས་ཅད་ཀྱིས།། དུས་གཅིག་ཉིད་དུ་ཐེ་ཚོམ་དོན་ཞུས་ཀྱང་།། དེ་དག་རེ་རེའི་མདུན་དུའང་དེ་སྙེད་ཀྱི།། སྐུ་དང་གསུང་གི་བཀོད་པས་དུས་གཅིག་ཏུ།། མཛད་པ་མཛད་ཀྱང་རྟོག་པ་ཉེར་ཞི་བ།། ཞེས་གསུངས་པ་བཞིན་སངས་རྒྱས་ཀྱིས་གདུལ་བྱ་སྟོང་ཕྲག་མང་པོར་ཆོས་གསུངས་པའི་སྐབས་སུ་དེ་དག་གིས་ཉེ་རིང་མེད་པར་གོ་ཐུབ་པ་རེད། རྒྱུད་ལས། གསུང་གཅིག་ཉིད་དུ་གསུངས་གྱུར་ཀྱང།། དུ་མ་ཉིད་དུ་སོ་སོར་སྣང་།། ཞེས་སངས་རྒྱས་ཀྱིས་གསུང་གཅིག་ཉིད་དུ་གསུངས་ཀྱང་གདུལ་བྱ་སོ་སོའི་སྐད་དུ་ཐ་དད་དུ་གོ་བ་རེད། དེ་དག་ནི་གསུང་དབྱངས་ཡན་ལག་དྲུག་ཅུའི་ནང་གི་གཙོ་ཆེ་བ་རྣམས་རེད། གསུང་དབྱངས་ཡན་ལག་དྲུག་ཅུའི་ནང་སེངྒེའི་སྒྲ་དང་། གླང་ཆེན་གྱི་སྒྲ། འབྲུག་གི་སྒྲ་སོགས་ཡོད་ཅིང་། འདིར་འབྲུག་ལྟར་ཆེར་སྒྲོགས་པ་ལས་སེམས་ཅན་ཉོན་མོངས་པའི་གཉིད་མཐུག་པོར་ཡུར་བ་ལས་སློང་བ་དང་། དེར་བརྟེན་སྲིད་པར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་ལས་འགྲོལ་བར་མཛད་པ་རེད། དེ་བཞིན་གཤེགས་པའི་གསུང་གི་ཡོན་ཏན་དེ་ལ་བརྟེན་ནས་གདུལ་བྱ་རྣམས་འཁོར་བ་དང་ཞི་བའི་འཇིགས་པ་ལས་ཐར་བར་མཛད་ཅིང་། ལས་ཀྱི་ཀུན་འབྱུང་མ་ཟད་བར་འཁོར་བའི་སྐྱེ་བ་མི་ལྡོག་ཅིང་། ཉོན་མོངས་པའི་ཀུན་འབྱུང་མ་ལྡོག་བར་ལས་ཀྱི་ཀུན་འབྱུང་མི་ལྡོག  ཉོན་མོངས་སྐྱེ་བའི་རྒྱུ་ཐོག་མའི་མ་རིག་པ་མ་སྤངས་བར་ཉོན་མོངས་མི་ལྡོག  དེའི་ཕྱིར་མ་རིག་པ་མུན་པའི་གཟུགས་སུ་བཀོད་ཅིང་། ཉོན་མོངས་གཉིད་ཀྱི་གཟུགས་སུ་བཀོད་པ་དང་། ལས་ལྕགས་སྒྲོགས་ཀྱི་གཟུགས་སུ་བཀོད་པ་རེད། དེས་ན་འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པ་ལས་འགྲོལ་བར་མཛད་མཁན་གྱི་ཡན་ལག་དྲུག་ཅུ་ལྡན་པའི་གསུང་དེ་འཇམ་དཔལ་དབྱངས་ལ་མངའ་བ་རེད། ཉོན་མོངས་པའི་གཉིད་ལས་སློང་སྟངས་དང་། ལས་ཀྱི་ལྕགས་སྒྲོག་ལས་ཇི་ལྟར་འགྲོལ་བ་ཡིན་ཞེ་ན། ལས་ཉོན་ཐམས་ཅད་ཀྱི་རྩ་བ་རྨོངས་པ་མ་རིག་པའི་མུན་པ་དེ་མ་བསལ་བར་དུ་ཉོན་མོངས་པའི་གཉིད་ལས་སློང་མི་ཐུབ་ལ། ལས་ཀྱི་ལྕགས་སྒྲོག་ལས་འགྲོལ་མི་ཐུབ། དེས་ན་མ་རིག་པའི་མུན་པ་དེ་སེལ་བའི་སྐབས་སུ་འདུ་བྱེད་འགག་པ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམས་རིམ་བཞིན་འགགས་པར་བརྟེན། ལས་དང་ཉོན་མོངས་པའི་འཆིང་བ་ལས་འགྲོལ་བར་མཛད་པ་ཡིན། དེ་ནས་ལས་ཉོན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་མྱུ་གུ་ཇི་སྙེད་པ་རྣམས་ཤེས་རབ་ཀྱི་རལ་གྲིས་གཅོད་པར་མཛད་པ་ཡིན་ཙང་ཕྱག་གཡས་པར་དེའི་མཚོན་དོན་དུ་རལ་གྲི་བསྣམས་པ་རེད། གང་ལྟར་ཡན་ལག་དྲུག་ཅུའི་གསུང་དབྱངས་དེས་ཉོན་མོངས་པའི་གཉིད་ལས་སློང་བ་དང་། ལས་ཀྱི་ལྕགས་སྒྲོག་ལས་སྒྲོལ་བ། དེ་གཉིས་ཀྱི་རྩ་བ་མ་རིག་པའི་མུན་པ་སེལ་བ་ཡིན། དེ་དག་མཚོན་པའི་ཕྱིར་དུ་རལ་གྲི་བསྣམས་པ་བསྟན། དེ་ཡན་གྱིས་གསུང་གི་ཡོན་ཏན་དང་དེའི་འབྲས་བུ་དང་བཅས་པ་བསྟན།

གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།། བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲསབདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད།། ཅེས་པ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་ལ་བསྟོད་པ་བསྟན། གདོད་ནས་དག་ཅིང་ཞེས་པ་ལ་བཤད་པ་བྱེད་སྟངས་མི་འདྲ་བ་སྣ་ཚོགས་རེད། རྗེ་བཙུན་འཇམ་དཔལ་དབྱངས་དེ་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་སངས་རྒྱས་ཟིན་པ་དང་། བློ་བཟང་རྒྱལ་བསྟན་མ་ལས། རྒྱལ་བ་མ་ལུས་སྐྱེད་པའི་ཡབ་གྱུར་ཀྱང་།། ཞེས་གསུངས་པ་བཞིན་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡབ་གདོད་མའི་སངས་རྒྱས་ཀྱི་ངོ་བོར་གནས་པའི་བཤད་ཚུལ་ཞིག་དང་། ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ནམ་ཡང་དྲི་མས་མ་གོས་པར་གདོད་མ་ནས་དག་པ་དེ་ལ་གློ་བུར་གྱི་དྲི་མས་གོས་པ་རྣམས་ས་དང་ལམ་གྱི་ཉམས་ལེན་ལ་བརྟེན་ནས་རིམ་པས་སྤང་བྱ་རྣམས་སྤངས་ཏེ་ས་བཅུའི་མཐར་སོན་ནས་ཡོན་ཏན་གྱི་སྐུ་ལུས་ཡོངས་སུ་རྫོགས་པའི་རྒྱལ་སྲས་ཀྱི་ཐུ་བོའི་སྐུ་ལ་བཞེངས་པ་རེད། དོན་དུ་སངས་རྒྱས་ཟིན་པ་ཡིན་རུང་རྣམ་པ་ལ་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བ་ཡིན། དེ་ལྟ་བུའི་རྒྱལ་སྲས་ཐུ་བོའི་སྐུ་དེ་ཇི་ལྟར་ཡོད་ཅེ་ན། བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི་རྒྱན་དང་ལྡན་པ་རེད། དེ་ནི་མཚན་བཟང་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་གསུངས་ཤིང་། དེ་གཉིས་བསྡོམས་ན་བརྒྱ་དང་བཅུ་གཉིས་རེད། མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་རེ་རེ་ནས་ཤེས་འདོད་ཡོད་ན་མངོན་རྟོགས་རྒྱན་སྐབས་བརྒྱད་པའམ་དོན་རྣམ་པར་ངེས་པའི་མདོ་སོགས་སུ་གཟིགས་དགོས། ད་ལྟ་རེ་རེ་བཞིན་ཞུ་རྒྱུར་དུས་ཀྱིས་མི་ལྕོགས། དེ་ལྟ་བུའི་མཚན་བཟང་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའི་བདག་གི་བློའི་མུན་པ་སེལ་བར་བྱེད་མཁན་རྗེ་བཙུན་འཇམ་དཔལ་དབྱངས་ལ་སྒོ་གསུམ་གུས་པས་འདུད་པ་ཡིན།

ས་བཅུའི་རྣམ་གཞག་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་བཤད་ཚུལ་རེད། ཉན་རང་ལ་ས་བརྒྱད་ཀྱི་རྣམ་གཞག་བཤད་ཀྱང་གྲགས་ཆེ་བ་མེད། ཕ་རོལ་ཏུ་ཕྱིན་པའི་བགྲོད་ཚུལ་དེ་ས་བཅུའི་སྒོ་ནས་དང་། སྔགས་ཀྱི་ནང་ས་བཅུ་གསུམ་གྱི་སྒོ་ནས་བགྲོད་ཚུལ་བཤད། དེས་ན་ས་བཅུའི་མཐར་སོན་ཞེས་པ་ནི་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་དང་ས་བཅུ་རྒྱུན་མཐའ་ལ་གནས་པ་ལ་གོ་བ་དང། དེ་བཞིན་སངས་རྒྱས་ལ་སྦྱར་ནའང་རུང་ཞིང་། དེ་ནི་ས་བཅུའི་མཐར་སོན་ནས་མི་སློབ་པའི་ས་མངོན་དུ་བྱས་པ་རེད། གང་ལྟར་ས་བཅུའི་མཐར་སོན་ཞེས་པ་ནི་སངས་རྒྱས་དང་བྱང་སེམས་གཉིས་ཀ་ལ་སྦྱར་ཆོག  དེས་ན་འཇམ་དཔལ་དབྱངས་དོན་དུ་སངས་རྒྱས་ཡིན་ནའང་བྱང་ཆུབ་སེམས་དཔའི་རྣམ་པ་བསྟན་པ་ཡིན་ཙང་རྒྱལ་སྲས་ཞེས་བརྗོད། མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལ་དངོས་དང་རྗེས་མཐུན་པ་གཉིས་རེ་འཇོག  དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལའང་མཚན་བཟང་སོ་གཉིས་དང་དཔེ་བྱད་བཟང་པོ་ཡོད་ཀྱང་དེ་དག་ནི་གསལ་ལ་ཡོངས་སུ་མ་རྫོགས་པས་རྗེས་མཐུན་པ་ཡིན། དེས་ན་མཚན་དང་དཔེ་བྱད་ཡོད་པ་ཙམ་ལ་སངས་རྒྱས་ཀྱི་སྐུ་ཡིན་པའི་ཁྱབ་པ་མེད། གང་ལྟར་མཚན་དང་དཔེ་བྱད་གསལ་ལ་རྫོགས་པ་དེ་སངས་རྒྱས་ལ་མ་གཏོགས་མེད། གལ་ཏེ་རྗེ་བཙུན་འཇམ་དཔལ་དབྱངས་སངས་རྒྱས་ཀྱི་ངོ་བོ་ལ་བལྟས་ན་མཚན་བཟང་ཡོངས་སུ་རྫོགས་པས་སྤྲས་པ་དང་། བྱང་སེམས་ས་བཅུ་པ་བའི་ངོ་བོར་བལྟས་ན་མཚན་བཟང་དང་དཔེ་བྱད་རྗེས་མཐུན་པས་སྤྲས་པ་ཞེས་བརྗོད་ཆོག  འཇམ་དཔལ་དབྱངས་སངས་རྒྱས་ཡིན་པ་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་བཤད་ཚུལ་དང་། བྱང་ཆུབ་སེམས་དཔའ་ཡིན་པ་ནི་ཐུན་མོང་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལུགས་ཀྱི་བཤད་ཚུལ་རེད། ང་ཚོ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཁས་ལེན་མཁན་ཡིན་ཙང་འཇམ་དཔལ་དབྱངས་སངས་རྒྱས་ཀྱི་ངོ་བོར་བྱས་ནའང་འགྲིགས་ཤིང་། ལྷག་པར་དུ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ལྷར་ཤར་བ་ཡིན་ཙང་སངས་རྒྱས་ཐམས་ཅད་དང་རིགས་གཅིག་ཡིན་ཞེས་བརྗོད་ནའང་མི་འགྲིགས་པ་མེད། དེས་ན་བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱིས་སྤྲས་པ་དེ་མཚན་བཟང་གསལ་ལ་རྫོགས་པས་སྤྲས་པ་ལ་བརྗོད་ཆོག  དེ་ལྟ་ན་རྒྱལ་སྲས་ཞེས་པ་ལས་རྒྱལ་བ་ཞེས་བརྗོད་མི་འདུག་ཅེ་ན། རྒྱལ་སྲས་ཀྱི་སྐུར་བཞེངས་པ་ལས་དོན་དུ་སངས་རྒྱས་ཡིན་ཞེས་བཤད་ཆོག  བློ་བཟང་རྒྱལ་བསྟན་མ་ལས། རྒྱལ་བ་མ་ལུས་སྐྱེད་པའི་ཡབ་གྱུར་ཀྱང་།། རྒྱལ་སྲས་ཚུལ་གྱིས་ཞིང་ཁམས་རབ་འབྱམས་སུ།། ཞེས་གསུངས་པ་བཞིན་རྒྱལ་བ་མ་ལུས་སྐྱེད་པའི་ཡབ་དེ་རྒྱལ་བ་རང་ཡིན་དགོས་མ་གཏོགས། རྒྱས་སྲས་ཤིག་གིས་རྒྱལ་བ་སྐྱེད་མི་ནུས། དེར་བརྟེན་རྒྱལ་བ་མ་ལུས་སྐྱེད་པའི་ཡབ་ཡིན་ཙང་འཇམ་དཔལ་དབྱངས་སངས་རྒྱས་ཡིན་པ་བཤད་མ་དགོས། ཡིན་ནའང་རྒྱལ་སྲས་ཀྱིས་ཚུལ་བཟུང་བ་རེད།

སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་ཐེག་ཆེན་གྱི་ཆོས་གསུང་ས་གཙོ་བོ་ནི་ཉེ་བའི་སྲས་ཆེན་བརྒྱད་དང་། དེའི་ནང་ནས་འཇམ་དཔལ་དབྱངས་དང་བྱམས་པ་མགོན་པོ་གཙོ་བོ་རེད། སྤྲུལ་སྐུའི་རྣམ་པ་ཅན་གྱི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བཞེངས་པའི་སྐབས་སུ་གཡས་གཡོན་ལ་ཤཱ་རིའི་བུ་དང་མོདྒལ་གྱི་བུ་གཉིས་ཀྱི་སྐུ་བཞེངས་པའི་སྲོལ་ཡོད་པ་བཞིན་བྱམས་མགོན་དང་འཇམ་དབྱངས་གཉིས་ཀྱང་ལྷའི་བུའི་རྣམ་པ་ཅན་དུ་སངས་རྒྱས་ཀྱི་སྐུའི་གཡས་གཡོན་ལ་བཞེངས་སྲོལ་ཡོད། ཉེ་བའི་སྲས་ཆེན་བརྒྱད་པོ་རྣམས་སངས་རྒྱས་ཀྱིས་ཐེག་ཆེན་གྱི་ཆོས་འཁོར་བསྐོར་བའི་སྐབས་སུ་དྲི་བ་ཞུ་མཁན་དང་བགྲོ་གླེང་གནང་མཁན་གཙོ་བོ་དེ་རེད། དེའི་ནང་ནས་འཇམ་དཔལ་དབྱངས་དང་བྱམས་པ་མགོན་པོ་དམིགས་བསལ་གྱིས་གལ་ཆེན་པོ་བརྩི་དགོས་པ་གང་རེད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་འཇམ་དཔལ་དབྱངས་ནས་བརྒྱུད་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་བྱམས་མགོན་ནས་བརྒྱུད་པ་རེད། འཕགས་པ་ཀླུ་སྒྲུབ་ཀྱིས་རྗེ་བཙུན་འཇམ་དབྱངས་ལ་བརྟེན་ནས་ཟབ་མོ་ལམ་གྱི་རིམ་པའི་ཤིང་རྟའི་སྲོལ་ཕྱེ་བ་དང་། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་ལ་བརྟེན་ནས་རྒྱ་ཆེ་བའི་ལམ་གྱི་རིམ་པའི་ཤིང་རྟའི་སྲོལ་ཕྱེ་བ་རེད། དེས་ན་འཇམ་དཔལ་དབྱངས་ཀྱིས་རྒྱལ་སྲས་ཀྱི་ཚུལ་བཟུང་བ་རེད།

བོད་དུ་གང་བློ་མའི་ཚིགས་བཅད་གཉིས་པ་དེའི་རྗེས་སུ། གཞོན་ནུའི་ཆ་ལུགས་འཆང་བ་པོ།། ཤེས་རབ་སྒྲོན་མེ་རབ་ཏུ་གསལ།། འཇིག་རྟེན་གསུམ་གྱི་ མུན་སེལ་བ།། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།། ཞེས་པ་དེ་འཆར་ཅན་འདོན་པ་རེད།

འཇམ་དཔལ་དབྱངས་ཀྱི་མཚན་གཞན་ཞིག་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བརྗོད་ཅིང་། གཞོན་ནུ་དང་གྱུར་པ་ཞེས་པའི་ཚིག་གི་གོ་དོན་ལེགས་པར་ཤེས་དགོས། གཞོན་ནུ་ཞེས་པ་དེ་རྫོགས་ཆེན་དང་ཕྱག་ཆེན་གྱི་ནང་ཟུང་འཇུག་གི་སྐུ་ཐོག་མར་བརྙེས་པ་ན་གཞོན་ནུ་བུམ་སྐུ་ཞེས་བརྗོད་སྲོལ་ཡོད།

ཨོཾ་ཨ་ར་པ་ཙ་ན་དྷཱིཿ ནི་འཇམ་དཔལ་གྱི་མཚན་སྔགས་རེད། དེ་ལ་དྷཱིཿ ནི་འཇམ་དཔལ་གྱི་ས་བོན་རེད། མཚན་སྔགས་དེ་མང་པོ་འདོན་ན་ཤེས་རབ་ཆེ་བ་དང་། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། ཤེས་རབ་ཟབ་པ་བཅས་འགྲུབ་པ་དང་། དེ་བཞིན་འཆད་པ་དང་། རྩོད་པ། རྩོམ་པ་བཅས་ཀྱི་ཤེས་རབ་འགྲུབ་ཐུབ། ལྷག་པར་དུ་དྷཱིཿརྐྱང་པ་ཟུར་དུ་བསགས་པ་དེས་མི་བརྗེད་པའི་གཟུངས་འགྲུབ་པ་རེད། ང་ཚོ་སྤྱིར་བཏང་ནས་ཤེས་རབ་ཞན་པོ་རེད་ལ། ཤེས་རབ་ཕྲན་བུ་ཡོད་པ་ཚོའང་བརྗེད་ངས་ཀྱི་དབང་དུ་སོང་བ་མང་བ་རེད། འཇམ་དབྱངས་ཞི་ཁྲོ་དྲག་སྒྲུབ་ཀྱི་ཐོག་ནས་མི་བརྗེད་པའི་གཟུངས་སྒྲུབ་ཚུལ་མང་པོ་ཡོད། རྒྱུན་དུ་ཨ་ར་པ་ཙ་ན་འདོན་པ་ཡིན་ན་ཤེས་རབ་འཕེལ་བ་ཡིན་ལ། ལྷག་པར་དུ་དྷཱིཿགྲངས་གསོག་གནང་ན་མི་བརྗེད་པའི་གཟུངས་ཐོབ་པ་རེད།

བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱིས།། བདག་བློའི་གཏི་མུག་མུན་པ་རབ་བསལ་ནས།། བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།། བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།། ཞེས་པ་ནི་མཚན་སྔགས་འདོན་པའི་རྗེས་ཀྱི་གསོལ་འདེབས་དེ་རེད། དེ་ཡང་བརྩེ་བའི་ཡོན་ཏན་དང་ལྡན་པའི་འཇམ་དཔལ་དབྱངས་ཁྱོད་ཀྱི་མཁྱེན་རབ་ཀྱི་འོད་ཟེར་ལ་བརྟེན་ནས་སྒྲུབ་པ་པོ་བདག་གི་བློའི་སྟེང་གི་གཏི་མུག་གི་མུན་པ་ཐམས་ཅད་རབ་ཏུ་བསལ་ནས་བཀའམ་སངས་རྒྱས་ཀྱི་གསུང་དང་བསྟན་བཅོས་སམ་སངས་རྒྱས་ཀྱི་གསུང་གི་འགྲེལ་པ་བཅས་གཞུང་ལུགས་ཀྱི་དོན་རྟོགས་པའི་བློ་གྲོས་ཀྱི་སྤོབས་པའི་སྣང་བ་དེ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པ་རེད།

བཀའ་དང་བསྟན་བཅོས་ཀྱི་དོན་རྒྱ་ཆེན་པོ་ཤེས་མཁན་ཚོས་ཀྱང་ཐ་སྙད་ཀྱི་རིག་གནས་ཡོངས་སུ་རྫོགས་པ་ཤེས་པའི་ངེས་པ་མེད། ཤེས་རབ་ལ་མི་འདྲ་བ་སྣ་ཚོགས་དང་། ཤེས་རབ་འཆལ་བ་དེའང་ཤེས་རབ་ལྟ་བུ་ཞིག་རེད། བསོད་ནམས་མེད་པ་དང་ཤེས་རབ་ཡོད་པ་རྣམས་ཤེས་རབ་འཆལ་བ་ན་རྟོག་གེའི་རིགས་པ་ལ་མཐའ་མེད་པར་བརྟེན་གཟུང་ས་རྩ་བ་ནས་མེད་པར་གྱུར་པ་རེད། ཆད་མཐའ་ལ་ལྷུང་བ་རྣམས་ཤེས་རབ་ཡོད་ཀྱང་བསོད་ནམས་ཀྱིས་རྒྱབ་མ་འཁྱོག་པར་ཤེས་རབ་དེ་འཆལ་བ་རེད། དེས་ན་ཚན་རིག་དང་འཕྲུལ་ལས་ཤེས་མཁན་ཐམས་ཅད་ལ་ངས་ཤེས་རབ་ཅན་ཞེས་བརྗོད་ཀྱི་མེད། དེ་དག་གི་ཤེས་རབ་དོན་ལོག་པ་ལ་འཆལ་བ་རེད། དཔེར་ན་རྡུལ་ཕྲན་མཚོན་ཆ་བཟོ་མཁན་རྣམས་ལ་ཤེས་རབ་ཅན་ཞེས་མི་བརྗོད། ཉི་ཧོང་གི་ཧི་རོ་ཤི་མ་དང་ན་ག་ས་ཀིའི་ནང་བྱུང་བ་དེ་མི་ཤེས་རབ་ཅན་གྱིས་བྱས་པའི་ལས་ཀའི་འབྲས་བུ་རེད་འདུག  ཡང་ན་མི་ཤེས་རབ་འཆལ་བ་ཞིག་གིས་བྱས་པའི་ལས་ཀའི་འབྲས་བུ་རེད་འདུག་ཧ་ཅང་ལས་སླ་པོས་ཤེས་ཐུབ། དེས་ན་ཤེས་རབ་ངོས་ཟིན་དགོས་པ་དེ་གལ་ཆེན་པོ་རེད། བླང་དོར་གྱི་གནས་རང་སྟོབས་ཀྱིས་མ་ནོར་བ་འབྱེད་ཐུབ་པ་ལ་ཤེས་རབ་ཆེ་བ་ཟེར། དེ་ནི་གཞན་ལ་མ་ལྟོས་པར་འོས་དང་འོས་མིན། རུང་དང་མི་རུང་། བླང་བྱ་དང་སྤང་བྱ་གང་ཡིན་དབྱེ་བ་ཕྱེ་ཐུབ་མཁན་གྱི་རྣམ་དཔྱོད་དེ་ལ་ཤེས་རབ་ཆེ་བ་ཞེས་བརྗོད། གསུང་རབ་ཀྱི་དོན་རྣམས་མ་འདྲེས་པར་ཕྲ་ཞིང་ཕྲ་བ་ཤེས་ཐུབ་པ་ལ་ཤེས་རབ་གསལ་བ་ཞེས་བརྗོད། མ་རྟོགས་པ་དང་ལོག་པར་རྟོག་པ་ཐེ་ཚོམས་ལ་སོགས་པ་བྱུང་མ་ཐག་ཏུ་འགོག་ནུས་པ་ལ་ཤེས་རབ་མྱུར་བ་ཞེས་བརྗོད། སྟོང་ཉིད་ཀྱི་དོན་དང་དེ་བཞིན་ལྟ་བའི་གནད་གསང་གཏིང་ཟབ་རྣམས་ལ་ཇི་ཙམ་དྲིས་ཀྱང་ད་དུང་ཇེ་ཟབ་ཏུ་འགྲོ་བའི་བློ་ལ་ཤེས་རབ་ཟབ་པ་ཞེས་བརྗོད། དེ་ལྟ་བུའི་ཤེས་རབ་བཞི་པོ་ཚང་ན་སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལ་ཐོས་བསམ་སྒོམ་གསུམ་རྣམ་པར་དག་པ་ཞིག་ཡོང་ཐུབ། དེ་མིན་ཕྱིའི་གནས་ཚུལ་ཕྲན་ཚེགས་རྣམས་ཤེས་པ་ལ་ཤེས་རབ་མི་དགོས། དེ་ཚོ་ལ་གཅིག་བྱས་ན་མ་རིག་པའི་མུན་པ་དེས་ཕན་ནུས་ཆེ་བ་ཡོང་སྲིད། དེས་ན་ཤེས་རབ་ཡོང་ན་གཞུང་ལུགས་ཀྱི་དོན་ཤེས་པ་ཙམ་མིན་པར། དོན་དེ་ཉམས་ལེན་གྱིས་རྒྱུད་ལ་སྦྱར་ཐུབ་པ་ཡོང་གི་རེད། དེར་བརྟེན་་ཤེས་རབ་ཀྱི་ལྷ་ལ་བརྟེན་ནས་ཤེས་རབ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་ལྟར་ཤེས་རབ་ཀྱི་ལྷ་ལ་བརྟེན་ནས་ཤེས་རབ་སྒྲུབ་སྟངས་ཤིག་དང་། གཞུང་ཆེན་མོ་ལ་དཔྱད་སྒོམ་ཐོག་ནས་ཤེས་རབ་སྒྲུབ་སྟངས་ཤིག་ཡོད་པ་དེ་གཉིས་མཉམ་དུ་འགྲོ་དགོས། བོད་དུ་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་འཇམ་དབྱངས་དཀར་པོའི་རྗེས་གནང་སྩལ་བའི་རྗེས་སུ་ཁྱེད་ཚོས་དགེ་འཕེལ་རི་ཁྲོད་དུ་ཟླ་བ་ལྔ་དྲུག་རིང་འཇམ་དབྱངས་དཀར་པོའི་མཚམས་བསྡད་པ་ལས་ཟླ་བ་ལྔ་དྲུག་རིང་ཆོས་རྭར་རྩོད་པ་ཡག་པོ་རྩོད་ན་དེ་ལྡབ་གཅིག་གིས་ཤེས་རབ་འཕེལ་ཆེ་བ་ལ་ཕན་ཐོགས་ཆེ་བ་རེད་ཅེས་གསུངས་སོང་། དེས་ན་ཤེས་རབ་འཕེལ་བའི་ཐབས་གཞན་ནི་བགྲོ་གླེང་དང་དཔྱད་པ་བྱ་རྒྱུ་བཅས་དཔྱད་སྒོམ་དེ་རེད། དཔྱད་སྒོམ་མེད་ན་སྔགས་རྐྱང་པ་བགྲངས་ནས་ཤེས་རབ་འཕེལ་ཁག་པོ་རེད། དེས་ན་འཇམ་དབྱངས་སྒྲུབ་མཁན་ཚོས་ཤེས་རབ་འཕེལ་བའི་ཐབས་དེ་ཇི་ལྟར་བྱེད་དགོས་ཤེ་ན། དཔེ་ཆ་ཀློག་པ་དང་། དཔེ་ཆ་འཁྲིད་པ། དཔེ་ཆའི་ཐོག་བསམ་བློ་བཏང་བ་དེ་ངེས་པར་དུ་གཞི་རྩ་ལ་དགོས་པ་རེད་མ་གཏོགས། སྔགས་རྐྱང་པ་འདོན་པ་དང་བསྟོད་པ་ཤ་སྟག་སྐྱོར་བ་ལ་བརྟེན་ནས་འཇམ་དཔལ་དབྱངས་ཀྱིས་ཤེས་རབ་རྡོག་རྡོག་གམ་རིལ་བུ་ལྟ་བུ་གནང་རྒྱུ་ཞིག་མེད། སོ་སོས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱེད་པའི་ཐོག་ཏུ་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་ན་གཞི་ནས་ཤེས་རབ་འཕེལ་རྒྱུ་རེད།

རྗེ་རིན་པོ་ཆེས་དབུ་མའི་ཟབ་གནད་ཁ་ཤས་ཐུགས་ལ་གསལ་པོ་མ་བྱུང་བས་སྐུ་མཉེལ་པོ་ཡོད་པའི་སྐབས་སུ་རྒྱ་གར་དུ་ཕེབས་ནས་གྲུབ་ཆེན་ཁག་མཇལ་འདུན་བྱུང་བ་དང་། སྐབས་དེར་བླ་མ་དབུ་མ་པ་དང་འཇམ་དཔལ་དབྱངས་ཀྱིས་བཀག་པ། དེ་བཞིན་ལྟ་བའི་གནད་མང་པོ་བླ་མ་དབུ་མ་པའི་བརྒྱུད་ནས་འཇམ་དབྱངས་ལ་བཀའ་འདྲི་གནང་བ། རྗེས་སུ་རྗེ་རིན་པོ་ཆེས་ཐད་ཀར་འཇམ་དབྱངས་ལ་དངོས་སུ་བཀའ་འདྲི་གནང་བ་སོགས་ཀྱི་སྐབས་སུ་འཇམ་དཔལ་དབྱངས་ཀྱི་བཀའ་ལན་མང་པོ་ཞིག་རྗེ་རིན་པོ་ཆེའི་ཐུགས་ལ་མ་འཆར་བའི་ཚུལ་བསྟན་པའི་སྐབས་སུ། འཇམ་དཔལ་དབྱངས་ཀྱིས་ཞར་ལ་ཚོགས་གསོག། ཞར་ལ་སྒྲིབ་པ་སྦྱོངས། གཞུང་ཆེན་མོ་ལ་ལྟ་རྟོག་མུ་མཐུད་བྱོས། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་གསོལ་བ་བཏབ་པ་བཅས་བྱེད་ན་ཉིན་ཞིག་དོན་གོ་བ་འོང་ཞེས་གསུངས་པ་ལ་བརྟེན་ནས། རྗེ་རིན་པོ་ཆེ་འོལ་ཁར་བྱ་བྲལ་དུ་ཕེབས་ནས་དཀའ་སྤྱད་ཆེན་པོས་ཚོགས་བསགས་སྒྲིབ་སྦྱངས་དང་གཞུང་ཆེན་མོ་ལ་གཟིགས་རྟོག་སོགས་གནང་ནས་ཐུགས་རབ་འཕེལ་བ་རེད། དེས་ན་དཔེ་ཆ་རྐྱང་པ་བལྟས་པས་ཕན་ཐོགས་མེད་ལ། ལྷ་རྐྱང་པ་བསྒྲུབས་པས་ཕན་ཐོགས་མེད། དེ་ནི་ལྷ་དང་བླ་མ་ལ་གསོལ་བ་བཏབ་རྒྱུ་དང་། བླ་མའི་རྣལ་འབྱོར་གྱི་ཁོང་ནས་འཇམ་དཔལ་དབྱངས་བསྒྲུབ་རྒྱུ་དང་ཨ་ར་པ་ཙ་ནའི་སྔགས་འདོན་པ་དང་ཆབས་ཅིག་ཏུ་གཞུང་ཆེན་མོ་ལ་མུ་མཐུད་ལྟ་རྟོག་བྱ་དགོས། གཞུང་ཆེན་མོ་ལ་ལྟ་རྟོག་ཀྱང་རང་གིས་དཔེ་ཆ་བལྟ་རྒྱུ་དང་། དགེ་རྒན་ས་ནས་དཔེ་ཁྲིད་ཞུ་རྒྱུ། རྩོད་པ་རྩོད་རྒྱུ། བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་ཀྱི་ཐོག་ནས་དཔྱད་སྒོམ་མུ་མཐུད་བྱེད་ན་དེ་ནི་ཤེས་རབ་འཕེལ་བའི་ཉེར་ལེན་རེད། ལྷའི་བྱིན་རླབས་ནི་ཤེས་རབ་འཕེལ་བའི་ལྷན་ཅིག་བྱེད་རྐྱེན་རེད། གལ་ཏེ་ས་བོན་མེད་ན་ཆུ་ལུད་ཙམ་གྱིས་མྱུ་གུ་སྐྱེ་མི་ཐུབ། ས་བོན་སྐམ་པོ་ཞིག་ཡོད་པ་དེ་སྐྱེ་བ་ལ་ཐོག་མར་ས་ལ་བཙུག་པ་དང་། ཆུ་ལུད་བླུག་པ། ཉི་མར་བསྟན་པ། རླུང་ཕོག་པ་སོགས་མཐུན་རྐྱེན་མང་པོ་འཛོམས་དགོས། ས་བོན་མེད་པ་ལ་ཆུ་ལུད་སོགས་མཐུན་རྐྱེན་གང་སྦྱར་ཡང་མྱུ་གུ་སྐྱེ་རྒྱུ་མེད། ང་ཚོའི་ཤེས་རབ་སྐྱེ་བའི་ས་བོན་ལྟ་བུ་དེ་སོ་སོས་སློབ་སྦྱོང་བྱ་རྒྱུ་དེ་རེད། དེ་ནི་རང་གིས་འཇོན་དགོས་པ་ཞིག་རེད། དེ་ལ་ཕྱིའི་མཐུན་རྐྱེན་ནི་བླ་མ་དང་ལྷག་པ་ལྷའི་བྱིན་རླབས་དང་འཇམ་དབྱངས་ཀྱི་སྔགས་འདོན་རྒྱུ་སོགས་རེད།

འཆར་ཅན་གང་བློ་མ་བཏོན་ནས་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས་མཁན་ཞིག་ཡིན་ན། གང་བློ་མའི་མགོར་སྐྱབས་འགྲོ་དང་སེམས་བསྐྱེད་བྱེད་ན་ཆ་ཚང་བ་ཡོང་རྒྱུ་རེད། སྐྱབས་འགྲོ་མེད་ན་ནང་པའི་ཆོས་སུ་མི་འགྲོ་བ་དང་། སེམས་བསྐྱེད་མེད་ན་ཐེག་པ་ཆེན་པོའི་ཆོས་སུ་མི་འགྲོ་བ་རེད། རྗེ་བཙུན་འཇམ་དབྱངས་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་མཐར་ཐུག་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལྷག་པའི་ལྷ་ཞིག་རེད། ཡང་ན་ཐེག་པ་ཆེན་པོ་ནས་བཤད་པའི་བྱང་ཆུབ་སེམས་དཔའ་ཞིག་རེད། དེར་བརྟེན་དེ་ནི་ཐེག་པ་ཆེན་པོའི་ཞག་རྩི་ཡོད་པ་ཞིག་གིས་བསྒྲུབ་ན་འགྲུབ་རྒྱུ་མ་གཏོགས། ནང་པའང་མིན་ལ་ཐེག་ཆེན་པའི་གྲས་སུ་མི་ཚུད་པ་ཞིག་གིས་སྒྲུབ་ཐབས་མེད། དེར་བརྟེན་སྟབས་བདེ་པོ་བྱས་ན། ཐོག་མར་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་བཏོན་ནས་སྐྱབས་འགྲོ་དང་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་ཤེས་པ་ཞིག་བྱེད་ཐུབ་ན་བསྟོད་པ་འདོན་པ་དེ་ཕན་ཐོགས་ཆེ་བ་ཡོང་རྒྱུ་རེད།

སྐྱབས་སུ་འགྲོ་བ་ལ་ཐོག་མར་རྒྱུ་གཉིས་ཚང་དགོས་ཤིང་། དེ་ནི་སྲིད་ཞིའི་མཐའ་ལ་འཇིགས་པ་དང་། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པའི་ཡིད་ཆེས་གཉིས་པོ་རེད། ཡིད་ཆེས་ཡོང་བ་ལ་སྐྱབས་གནས་ངོས་གཟུང་དགོས། དེ་ནི་སངས་རྒྱས་སྐྱབས་སྟོན་པ་པོ་དང་། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་ངོ་ཤེས་ནས་དེ་ལ་ཡིད་ཆེས་བརྟན་པོས་བློ་ལིང་འགེལ་བྱས་པ་ལ་སྐྱབས་འགྲོ་ཟེར། ནད་པ་ཚབས་ཆེན་ནད་ལས་གྲོལ་བ་ལ་ནད་ངོས་བཟུང་ནས་སྨན་སྤྲོད་མཁན་གྱི་སྨན་པ་དང་། ནད་ལ་དངོས་སུ་ཕན་པའི་སྨན། སྨན་དེ་དུས་ཐོག་ཏུ་ཟ་རུ་འཇུག་མཁན་གྱི་ནད་གཡོག་བཅས་གསུམ་པོ་འཛོམས་ན་ནད་ལས་གྲོལ་ཐུབ་པ་བཞིན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་གཟིར་བའི་གང་ཟག་ལ་ཆོས་སྟོན་པ་པོ་སངས་རྒྱས་དང་། སྲིད་པ་དང་ཞི་བའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་དངོས་ཆོས་དཀོན་མཆོག  དེ་ལྟ་བུའི་སྐྱབས་སྒྲུབ་པ་ལ་གྲོགས་བྱེད་མཁན་དགེ་འདུན་དཀོན་མཆོག་རེད། དེ་ལྟར་སྐྱབས་སུ་འགྲོ་བའི་རྒྱུ་གཉིས་ཚང་བའི་སྒོ་ནས་མཆོག་གསུམ་ལ་བློ་ལིང་གིས་བཀལ་ནས་སྐྱབས་འགྲོའི་བསླབ་བྱ་རྣམས་བསྲུང་ན་ནང་པའི་གྲས་སུ་ཚུད་པ་དང། ཆོས་བྱེད་པ་དེ་ཆོས་སུ་འགྲོ་བ་རེད།

དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་ཐེག་པ་ཆེན་པོའི་གཞུང་ལུགས་ལ་སློབ་གཉེར་བྱེད་དགོས་པ་དང་། དེ་ལ་ཤེས་རབ་བཟང་པོ་མེད་ན་བྱེད་མི་ཐུབ་ཅིང། ཤེས་རབ་བཟང་པོ་ཡོང་བའི་ཆེད་དུ་རྗེ་བཙུན་འཇམ་དཔལ་དབྱངས་བསྒྲུབ་རྒྱུ་ཡིན་བསམ་པའི་སེམས་བསྐྱེད་ཀྱི་བློ་སྔོན་དུ་གཏང་དགོས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། ཞེས་པ་ནི་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་བྱེད་སྟངས་རེད། དེ་ནི་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་དང་། དེ་ཡང་འཁོར་བའི་འཇིགས་པ་ཙམ་མིན་པར་ཞི་བའི་འཇིགས་པ་ལའང་འཇིགས་ནས་སྲིད་ཞིའི་འཇིགས་པ་གཉིས་ཀ་ལས་གྲོལ་བའི་ཆེད་དུ་མཆོག་གསུམ་ལ་སྐྱབས་སུ་འཛིན་པ་རེད། བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།།ཅེས་འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་དུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་པ་དང་། དེའི་ཆེད་དུ་སྦྱིན་སོགས་ཕར་ཕྱིན་གྱི་ཉམས་ལེན་དང་། ལྷག་པར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་པ་དང་བསྟོད་པ་འདོན་པའི་དགེ་བའི་ཚོགས་ལ་བརྟེན་ནས་ངས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་རྒྱུ་ཡིན་སྙམ་པའི་སྨོན་འཇུག་གི་སེམས་བཅོས་མ་ཚུན་ཆད་བསྐྱེད་ནས་གང་བློ་མ་འདོན་དགོས། བསྟན་འགྱུར་ནང་གང་བློ་མ་འདིའི་མཇུག་ཏུ་ཚར་གཅིག་དང་། བདུན། ཉི་ཤུ་རྩ་གཅིག  བརྒྱ། སྟོང་ལ་སོགས་པ་འདོན་ན་དེའི་ཕན་ཡོན་མི་འདྲ་བ་གསུངས་ཡོད། བྱུང་ན་ཉིན་རེར་ལན་ཉེར་གཅིག་རེ་འདོན་ནས་ཨ་ར་པ་ཙ་ནའི་སྔགས་གསོག་པ་སོགས་བྱེད་ན་ཤེས་རབ་འཕེལ་བའི་ཁྱད་ཡོད། གལ་ཏེ་འདོན་མཁན་ཞིག་ཡིན་ན་ང་ཚོའི་ཁ་ལ་གོ་སྐབས་མང་པོ་ཡོད་ཅིང་། ཕར་ཚུར་འགྲོ་བ་དང་། ཁྲུས་བྱེད་པ། འཁྱམ་འཁྱམ་སོགས་ཀྱི་སྐབས་སུ་འདོན་ཆོག་རེད། དེ་བཞིན་གཞན་དང་ངག་འཁྱལ་བཤད་བསྡད་པ་ལས་གང་བློ་མ་ཞིག་འདོན་ན་དོན་དང་ལྡན་པ་རེད། མང་པོ་ཞིག་གིས་ཞལ་འདོན་གནང་སྐབས་ལུས་གནད་བཅོས་པ་དང་། མཆོད་པ་འབུལ་བ། སྤོས་བདུག་པ་སོགས་མེད་ན་མི་འགྲིགས་པའི་བསམ་ཚུལ་ཡོད་ཀྱང་། དེ་ནི་འགྲོ་འཆག་ཉལ་གསུམ་གྱི་སྤྱོད་ལམ་ཐམས་ཅད་ནང་བྱེད་རུང་།

དྭང་བླངས་སྤྱི་ཚོགས་ཞབས་འདེགས་ཚོགས་ཆུང་གིས་གང་བློ་མ་དང་ཨ་ར་པ་ཙའི་སྐོར་ལ་ཆོས་འབྲེལ་ཞིག་བྱེད་དགོས་ཞེས་གསུངས་སོང་། ངས་ཆོས་འབྲེལ་བྱེད་ཀྱི་མིན་ཞེས་ཞུས་པ་ཡིན། ཁོང་ཚོས་འཛིན་གྲྭའི་ནང་བཤད་པ་བཞིན་བྱེད་ན་འགྲིགས་ཀྱི་འདུག་ཅེས་གསུངས་པ་རེད། སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱིས་དེའི་ཐོག་ཏུ་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་བསྣན་དགོས་གསུངས་པར་བརྟེན། ད་རེས་དེ་ཚོའི་ཐོག་ཏུ་རྩལ་བཤད་མདོར་བསྡུས་རེ་ཞུས་པ་དེ་གཏམ་བཤད་རང་ཡིན། ང་རང་སྔ་མོ་ཆོས་ཉམས་ལེན་བྱེད་རྒྱུ་དང་། དེ་མ་བྱུང་ནའང་སོ་སོས་ཤེས་པ་དེ་གཞན་ལ་བཤད་རྒྱུའི་འདུན་པ་ཡོད་རུང། བར་ལམ་ཆབ་སྲིད་ཀྱི་ལས་དོན་དུ་ཞུགས་པར་བརྟེན། བླ་མ་དང་དཔོན་པོ་གཉིས་ཀ་བྱེད་རྒྱུ་དེ་ཡག་པོ་མིན་པར་མཐོང་ནས་ཆོས་མི་བཤད་རྒྱུ་བྱས་པ་ཡིན། འོན་ཀྱང་ཉན་མཁན་སོ་སོས་ཆོས་ཀྱི་འདུན་པ་བཞག་ནའང་བཞག་མི་ཆོག་པ་མེད། ངའི་གང་བློ་མའི་བཤད་ལུང་དེ་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་དང་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་ཐོབ་ཡོད། གང་ལྟར་ཤེས་རབ་བཟང་པོ་ཞིག་ཡོང་བའི་ཆེད་དུ་དུས་རྒྱུན་དུ་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། ལྷག་པར་དུ་ནང་པའི་གཞུང་ལུགས་ལ་སློབ་གཉེར་གནང་མཁན་ཚོ་ལ་ཡང་དག་པའི་ཤེས་རབ་ཀྱི་རྒྱབ་རྟེན་མེད་ན་ཁག་པོ་རེད། བཟུང་ན་ཚིག་མི་ཟིན། བསམ་ན་དོན་མི་གོ  བསྒོམ་ན་རྒྱུད་ལ་མི་སྐྱེ་བའི་སྐབས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ཞེས་རྗེ་བདག་ཉིད་ཆེན་པོས་གསུངས་ཡོད། ཞིང་གི་མཐུ་ལ་བརྟེན་པ་ཞེ་ན། སོ་སོས་མ་འཇོན་པ་ན་ལྷག་པའི་ལྷའམ་ཡི་དམ་གཞན་ལ་བརྟེན་པ་དེ་རེད། དེ་ལྟ་བུའི་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་བྱས་ནས་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་ནས་བསྟོད་པ་བྱིན་རླབས་ཅན་འདི་འདོན་ན་ཕན་ཐོགས་ཡོང་རྒྱུ་རེད།

བསྟན་འགྱུར་ཁྲོད་དུ་བཞུགས་པ་དེའི་ནང་། གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་སྐུ།། བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་ཁྱེད་ལ་འདུད།། ཅེས་བྱུང་བ་བཞིན་ཚིགས་རྐང་དང་པོའི་ནང་ཐུ་བོ་ཞེས་པ་དེ་མེད་པ་དང་། དེ་བཞིན་ཚིགས་རྐང་གཉིས་པའི་ནང་འཇམ་དཔལ་དབྱངས་ཞེས་པའི་ཚབ་ཏུ་ཁྱེད་ལ་ཞེས་བྱུང་ངོ་།། དེ་ནི་ཚིགས་བཅད་འདིའི་ཚིགས་རྐང་དང་པོ་གཉིས་ལ་ཚིག་འབྲུ་བཅོ་ལྔ་རེ་ཡོད་པ་དང་མཐུན་ནོ།། །།

(སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཝཱ་ཎ་བོད་ཀྱི་དབུས་གཙུག་ལག་སློབ་ཁང་གི་ངེས་སྟོན་པའི་མཛད་ཁུར་ཅམ་བཞག་གིས་སཱར་ནཱཐ་བོད་དགོན་ཉེ་འགྲམ་དུ་སྐུ་ཞབས་ཨགྲབཱལ་གྱི་གཟིམས་ཁང་གླ་གླས་ཀྱིས་བཞུགས་བཞིན་པར། ཝཱ་ཎ་མཐོ་སློབ་དྭང་བླངས་སྤྱི་ཚོགས་ཞབས་འདེགས་ཚོགས་ཆུང་དང་ཝཱ་ཎ་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་རེ་སྐུལ་གོ་སྒྲིག་འོག་ ༢༠༠༡ ཕྱི་ཟླ་ ༤ ཚེས་ ༨ ཉིན་ཨགྲབཱལ་ཁང་པའི་མདུན་ཐང་དུ་གང་བློ་མ་དང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བཤད་པ་མདོར་བསྡུས་འདི་གནང་།)