༈ ཇར་མན་དུ་ནང་ཆོས་དང་ཚན་རིན་གི་བགྲོ་གླེང་ཐོག་གནང་བའི་དྲིས་ལན་ཁག

༄༅།། འདུས་བྱུང་ཕུན་ཚོགས་ཚེ་རིང། ཚན་རིག་པས་གཞི་དངོས་པོའི་གནས་ཚུལ་གཏིང་ཟབ་མོ་བརྟག་དཔྱད་བྱེད་ཀྱི་ཡོད། ལྷག་པར་དུ་དབང་རྩ་རིག་པ་དང་ཚད་རྡུལ་ཉིལ་རིག་སྨྲ་བ་དེ་ཚོས་གནས་ཚུལ་མང་པོ་ཞིག་ལ་ཤེས་རྟོགས་ཡོང་གིན་ཡོད་སྟབས། ཚན་རིག་པས་གཏིང་ཟབ་མོས་བརྟག་དཔྱད་བྱས་ནས་གནས་ཚུལ་ཞིག་ཤེས་པ་དེ་གང་འཚམས་ནས་ང་ཚོའི་ནང་པའི་ལྟ་གྲུབ་དང་བློ་ཉེ་རུ་འགྲོ་གི་ཡོད་པའི་དགོངས་ཚུལ་ཞིག་ཡོད་དམ།

རིན་པོ་ཆེ། དེང་རབས་ཀྱི་ཚན་རིག་པས་ནང་པའི་ལྟ་གྲུབ་ཀྱི་ཕྱོགས་སུ་དོ་སྣང་སྔོན་མ་ལས་ཆེ་རུ་འགྲོ་བཞིན་པ་ནི་དངོས་ཡོད་གནས་ཚུལ་རེད། དཔེར་ན། ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པ་དང་ཉི་ཤུ་པའི་མགོ་སྟོད་ལ་མཚོན་ན། དེང་རབས་ཀྱི་ཚན་རིག་པས་ཆོས་དང་འབྲེལ་བའི་རིག་གཞུང་དང་ལེགས་བྱང་གང་ལའང་ཚན་རིག་གི་ཐོག་ནས་བརྟག་དཔྱད་བྱེད་པའི་སྐབས་སུ་དངོས་དོན་གྱི་གནས་ཚུལ་ལ་གནས་མི་ཐུབ་པ་དང་འགལ་བ་ཞིག་ཡིན་པར་བསམ་བློ་འཁོར་གྱི་ཡོད། དེར་བརྟེན་ཚན་རིག་པ་ཚོས་ཆོས་དང་ལྟ་གྲུབ་གཉིས་ཀ་ནས་ཐག་རིང་པོར་སྡོད་པའི་གོ་སྐབས་བྱུང་བ་རེད། འོན་ཀྱང་དུས་རབས་བཅུ་དགུ་པའི་མཇུག་ཙམ་ནས་ཚན་རིག་པ་དང་ནང་པའི་དབར་ཐོག་མར་འབྲེལ་བ་ཡོང་ས་དེ་ཤྲཱི་ལངྐཱ་དང་རྒྱ་ནག་གི་ཕྱོགས་སུ་རེད། དེར་འབྲེལ་བ་ཕྲན་བུ་བྱུང་བའི་སྐབས་སུ་ཚན་རིག་པ་ཚོས་ཆོས་ལུགས་གཞན་དང་མི་འདྲ་བར་ནང་ཆོས་ནང་ནས་ཁོང་ཚོར་ལེགས་ཆ་ཕྲན་བུ་བླང་རྒྱུ་མེད་འགྲོ་བསམས་པ་བྱུང་བ་རེད། བརྒྱ་ཕྲག་ཉི་ཤུ་པའི་མགོ་སྟོད་དུ་ནུབ་ཕྱོགས་ཀྱི་ཚན་རིག་པ་འགའ་ཤས་ཀྱིས་ནང་པའི་ཆོས་ལ་དོ་སྣང་བྱས་ནས་དེབ་ཁག་བྲིས་ཡོད། དེ་ཡང་ཐོག་མར་ཕི་རི་ཇོཕ་ཀེཔ་ར་ (Fritjof Capra) ཟེར་བ་དེས་ The Tao of Physics ཟེར་བའི་དེབ་ཅིག་བྲིས་པ་རེད། དེའི་ནང་གི་ལེ་ཚན་ཞིག་ནང་པའི་ཆོས་ལུགས་ནས་བཤད་པའི་གཞི་དངོས་པའི་གནས་ལུགས་དང་། ལྷག་པར་དུ་སེམས་ཀྱི་ཚན་རིག་གི་ཐོག་ལ་ཚན་རིག་པས་ལེགས་ཆ་བླང་རྒྱུ་ཡོད་པའི་སྐོར་བྲིས་ཡོད། དེ་ནས་ཌེ་ཝིཌ་བྷོམ་ (David Bohm) དང་ང་ཚོ་ནང་པ་ཁ་ཤས་འབྲེལ་བ་བྱུང་བ་རེད། ལྷག་པར་དུ་ཌེ་ཝིཌ་བྷོམ་ནི་ཇི་དྡཱུ་ཀྲྀཥྞམཱུརྟི་ (Jiddu krishnamurti) དང་ཐག་ཉེ་བར་བརྟེན། ཤར་ཕྱོགས་པའི་ལྟ་གྲུབ་དང་འབྲེལ་བ་གང་འཚམས་བྱུང་བ་རེད། རྗེས་སུ་ཌེ་ཝིཌ་བྷོམ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་བ་རེད། དེ་བཞིན་ནུབ་ཕྱོགས་ཀྱི་ཚན་རིག་པ་མང་པོ་༧གོང་ས་མཆོག་དང་མཇལ་འཕྲད་བྱུང་བའི་རྗེས་སུ་༧གོང་ས་མཆོག་གིས་དམིགས་བསལ་གྱི་དགོས་པ་དང་དགག་བྱ་མང་པོ་ལ་གཟིགས་ཏེ་ནུབ་ཕྱོགས་པའི་དེང་རབས་ཀྱི་ཚན་རིག་པ་ཚོར་ཐུགས་བརྩེ་ཆེན་པོའི་ཐོག་ནས་དུས་ཚོད་མང་པོ་གནང་སྟེ་ཕན་ཚུན་བགྲོ་གླེང་མང་པོ་བྱུང་བ་རེད། བརྒྱུད་རིམ་དེའི་ནང་སེམས་དང་སྲོག་གི་ཚོགས་ཆེན་མང་པོ་འཚོགས་པའི་ཉེར་ལེན་ལ་བརྟེན་ནས་ད་ལྟ་སེམས་དང་སྲོག་གི་གནས་ཚུལ་ཐོག་ཨ་རིར་སྒྲིག་འཛུགས་ཚད་ལྡན་ཆགས་ཡོད་པ་རེད་ལ། དེའི་ཡན་ལག་ཡོ་རོབ་ནང་ཉེ་ཆར་བཙུགས་པ་དང་། རྒྱ་གར་ནང་དུའང་འཛུགས་རྒྱུའི་འཆར་གཞི་སྒྲིག་བཞིན་པ་རེད།

ཁོང་ཚོའི་ཚན་རིག་གི་སྡེ་ཚན་མང་པོས་ནང་པའི་གཞུང་ནས་བཤད་པའི་ཚན་རིག་གིས་ཁོང་ཚོར་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་མཐོང་གི་ཡོད། དེ་མེད་ན་འདས་པའི་ལོ་སུམ་ཅུ་སོ་གྲངས་རིང་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་འབྲེལ་ལམ་དང་བགྲོ་གླེང་དེ་དག་མུ་མཐུད་ཀྱི་མ་རེད། ལྷག་པར་དུ་དེང་སང་སྒྲིག་འཛུགས་དང་ལྡན་པ་འཆར་ཅན་བྱས་པ་དེས་གང་མཚོན་གྱི་ཡོད་ཅེ་ན། ནུབ་ཕྱོགས་ཀྱི་ཚན་རིག་པ་ཚོས་ཏན་ཏན་ནང་ཆོས་ནས་ལེགས་ཆ་བླང་རྒྱུ་ཡོད་པ་དང་། གོ་སྐབས་ཡོད་པ་མཐོང་གི་ཡོད། དེར་བརྟེན་མ་འོངས་པར་ནང་པའི་ཚན་རིག་གམ་ནང་པའི་ལྟ་གྲུབ་དང་། ནུབ་ཕྱོགས་པའི་དེང་རབས་ཀྱི་ཚན་རིག་དབར་ཏན་ཏན་འབྲེལ་ལམ་ཤུགས་ཆེ་རུ་འགྲོ་རྒྱུ་དང་། ལྷག་པར་དུ་ནང་ཆོས་ནས་དེང་རབས་ཀྱི་ཚན་རིག་པ་ཚོར་བློ་བསྐྱེད་དང་ཁེ་ཕན་མང་པོ་ཡོང་གི་ཡོད་པར་བརྟེན། ཁོང་ཚོས་ཀྱང་དེ་མུ་མཐུད་ནས་ལེན་གྱི་རེད་བསམས་ཀྱི་ཡོད།

འདུས་བྱུང་ཕུན་ཚོགས་ཚེ་རིང་། ནང་པའི་གཞུང་དང་རང་བྱུང་ཚན་རིག་དབར་མི་འདྲ་བའི་ཆ་ཆེ་ཤོས་ཤིག་ནི་ནང་པའི་གཞུང་ནས་འདོད་པའི་རྣམ་ཤེས་ཟེར་བ་དེ་ཚན་རིག་པས་ད་ལྟ་བར་དུ་ཁས་ལེན་གྱི་མེད་པར་བརྟེན། མ་འོངས་པར་ཁས་ལེན་པའི་ཉི་མ་ཞིག་ཤར་གྱི་རེད་དགོངས་ཀྱི་ཡོད་དམ།

རིན་པོ་ཆེ། དེ་ནི་ཚན་རིག་གི་ཡར་རྒྱས་ཇི་ཙམ་འགྲོ་མིན་ལ་རག་ལུས་པ་རེད། ཚན་རིག་ཡར་རྒྱས་ཕྱིན་ན་ཁོང་ཚོས་ཏན་ཏན་དཔོག་ཐུབ་ཀྱི་རེད། གལ་ཏེ་དཔོག་ཐུབ་པ་ཡིན་ན་ངེས་པར་དུ་ཁས་ལེན་གྱི་རེད་བསམས་ཀྱི་འདུག  སྤྱིར་བཏང་རྒྱ་གར་ནང་ཆ་མཚོན་ན། བདག་ཉིད་ཆེན་པོ་གཱཾདྷཱིས་ (Gandhi) དེང་རབས་ཀྱི་ཚན་རིག་ལ་ཐུགས་སྣང་མ་གནང་བ་ཙམ་དུ་མ་ཟད། དེང་རབས་ཀྱི་ཚན་རིག་ལ་ཧ་ཅང་དགག་བྱ་གནང་བ་རེད། འོན་ཀྱང་ཁོང་གི་སློབ་མའི་གཙོ་བོ་ལྟ་བུ་ཨཱཅཱརྱ་བིནོབཱ་བྷཱ་བེ་ (Acharya Vinoba Bhave) ཚན་རིག་ལ་ཐུགས་མཉེས་པོ་གནང་མཁན་ཞིག་རེད། ཁོང་གིས་ཚན་རིག་དང་ནང་དོན་རིག་པ་གཉིས་ཉིན་ཞིག་ཕན་ཚུན་ཐུག་འཕྲད་ཡོང་བའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད་ཅེས་ཐེངས་མང་གསུངས་ཡོད། དེ་ཡང་ད་ལྟ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དེང་རབས་ཀྱི་ཚན་རིག་པ་ཚོའི་དབར་གྱི་འབྲེལ་བ་དེའི་བརྒྱུད་ནས་གནས་ཚུལ་ཧ་ཅང་མང་པོ་གསར་པ་འཐོན་གྱི་ཡོད་པ་དེ་དག་ལ་བལྟས་ན། ནང་པའི་སེམས་ཀྱི་ཚན་རིག་གི་ཐོག་ནས་ནུབ་ཕྱོགས་པ་ལ་བློ་བསྐྱེད་མང་པོ་ཞིག་ཡོང་གི་ཡོད་པ་མཐོང་ཐུབ། སྤྱིར་བཏང་དེང་རབས་ཀྱི་ཚན་རིག་གི་སློབ་སྦྱོང་ནང་ལ་ཁོང་ཚོའི་ས་མཚམས་དང་འགག་རྩ་མང་པོ་ཞིག་ཡོད་པ་དེ་དག་རིམ་པས་བསལ་ནས་ཁོང་ཚོའི་སློབ་སྦྱོང་དེ་མུ་མཐུད་ཡར་རྒྱས་ཕྱིན་ན་རྣམ་ཤེས་ཀྱི་རྣམ་གཞག་དེ་ཚོའང་ངེས་པར་དུ་ཁས་ལེན་གྱི་རེད་བསམས་ཀྱི་འདུག

དཔེར་ན་ད་ལྟ་ནས་བརྩིས་པའི་ལོ་ལྔ་དྲུག་གི་སྔོན་དུ་སེམས་ཀྱི་ཚན་རིག་པ་ཚོས་སེམས་དང་ཀླད་པ་གཉིས་པོ་གཅིག་མ་གཏོགས། ཀླད་པ་ལས་ལོགས་སུ་སེམས་ཟེར་བ་ཞིག་ཡོད་པ་སུས་ཀྱང་ཁས་ལེན་གྱི་མེད། དེང་སང་སེམས་དང་ཀླད་པ་གཉིས་པོ་གཅིག་པ་མིན་པ་ཙམ་དུ་མ་ཟད། ཀླད་པ་ཆ་ཚང་ཤི་བའི་རྗེས་སུའང་སེམས་ཀྱི་བྱ་བ་ཡོད་པ་དེ་ཁོང་ཚོས་ཚན་རིག་གི་བརྟག་དཔྱད་ཀྱི་ཐོག་ནས་ཕྲན་བུ་མཐོང་བའི་མགོ་ཚུགས་ཀྱི་ཡོད།

དེར་བརྟེན་ཁྱེད་ཀྱི་དྲི་བ་རྣམ་ཤེས་ཁས་ལེན་གྱི་རེད་དམ་གསུངས་པ་དེ་ཚན་རིག་པས་དྲང་པོའི་ཐོག་ནས་བརྟག་དཔྱད་བྱེད་པའི་སློབ་སྦྱོང་དེ་མུ་མཐུད་ཡར་རྒྱས་ཕྱིན་ན་ཉིན་ཞིག་ངོ་འཕྲོད་པའི་སྐབས་སུ་ཏན་ཏན་ཁས་ལེན་གྱི་རེད།

འདུས་བྱུང་ཕུན་ཚོགས་ཚེ་རིང་། ༢༠༠༣ ཕྱི་ཟླ་ ༣ པའི་ནང་དྷ་ཤོད་བོད་ཁྱིམ་ནང་ཚན་རིག་ཟབ་སྦྱོང་གི་ཚོགས་འདུ་ཞིག་ལ་བཀའ་མོལ་འདི་འདྲ་ཞིག་གནང་འདུག དེ་ལུང་འདྲེན་བྱེད་ཆོག་པ་ཞུ། “འཇིག་རྟེན་ནང་རྨོངས་དད་དེ་མིའི་འགྲོ་བར་ཧ་ཅང་གནོད་པ་བྱེད་མཁན་ཞིག་རེད། ཆོས་ལུགས་ཀྱི་རྨོངས་དད་གང་ལ་གང་འཚམས་སྤེལ་ཡོད་རེད། འོན་ཀྱང་ཚན་རིག་པས་རྨོངས་དད་སྤེལ་བ་དེ་འདྲ་ཆོས་ལུགས་ཀྱིས་ནམ་ཡང་སྤེལ་མེད། དེས་ན་འཛམ་གླིང་ནང་རྨོངས་དད་ཆེ་ཤོས་ཚན་རིག་པས་སྤེལ་ཡོད།”ཅེས་གསུངས་འདུག  རིན་པོ་ཆེས་ད་ལྟའང་དེ་རང་དགོངས་ཀྱི་ཡོད་དམ།

རིན་པོ་ཆེ། བསམ་ཚུལ་དེ་རང་ད་ལྟའང་བསྡད་ཡོད་པ་ཙམ་དུ་མ་ཟད། སྐབས་དེ་ལས་ད་ལྟ་བསམ་ཚུལ་དེ་ཤུགས་ཆེ་རུ་ཕྱིན་ཡོད་པའི་ཉེན་ཁ་ཡོད། ཚན་རིག་པ་དང་ནང་དོན་རིག་པ་གཉིས་ཀྱི་དབར་ལ་གཞི་རིམ་གྱི་ཁྱད་པར་ཁ་ཤས་ཤིག་ཡོད། དེའི་ནང་ནས་ཁྱད་པར་ཆེ་ཤོས་ཤིག་ནི་ཚན་རིག་པས་ཡུལ་ཅན་བློའི་ནུས་ཚད་གོང་མཐོར་སྤེལ་རྒྱུ་ཡོད་པ་ཞིག་རྩ་བ་ནས་བསམ་བློ་གཏོང་གི་མེད། ཡུལ་ཅན་བློ་དང་བློའི་འཇུག་ས་དབང་པོ་རྣམས་ཐ་མལ་པ་རང་འཇགས་བཞག་པའི་ཐོག་ནས་ཕྱིའི་འཕྲུལ་ཆས་དང་བརྟག་དཔྱད་ཀྱི་ལག་ཆས་ལ་བརྟེན་ནས་གཞི་དངོས་པོའི་གནས་ཚུལ་ལ་བརྟག་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད།

ནང་དོན་རིག་པའི་བ་ཚོས་ཕྱི་དངོས་པོའི་གནས་ལུགས་ལ་བརྟག་དཔྱད་བྱེད་པའི་སྐབས་སུ་འཕྲུལ་ཆས་རྐྱང་པར་བརྟེན་པ་མ་ཡིན་པར། ནང་སེམས་ཀྱི་ནུས་ཤུགས་སམ་ཡུལ་ཅན་སེམས་ཀྱི་ནུས་ཤུགས་གོང་མཐོར་གཏོང་རྒྱུའི་ཐབས་ཚུལ་ལ་བསམ་བློ་གཏོང་གི་ཡོད། དེར་བརྟེན་ཇི་ཙམ་གྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་མཐོར་ཕྱིན་པ་བཞིན་ཤེས་རབ་དེས་ཕྱིའི་ཡུལ་ལ་བརྟག་དཔྱད་བྱེད་པའི་ནུས་པ་དེའང་ཆེ་རུ་འགྲོ་བ་རེད། ནང་དོན་རིག་པ་བའི་གཞི་རིམ་གྱི་བསམ་བློའི་ནང་ད་ལྟ་ང་ཚོས་མངོན་སུམ་གྱིས་མཐོང་མ་ཐུབ་པ་དང་། ད་ལྟ་རྗེས་དཔག་གིས་གཞལ་མ་ཐུབ་པའི་གནས་ཚུལ་མང་པོ་ཡོད་པ་རྣམས་ང་ཚོའི་སེམས་ཀྱི་ནུས་པ་གོང་མཐོར་ཕྱིན་པ་དང་མཉམ་དུ་རིམ་པས་མ་འོངས་པར་མཐོང་ཐུབ་རྒྱུ་དང་། ད་ལྟ་མ་དཔོག་པ་དེ་ཚོ་མ་འོངས་པར་དཔོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་ད་ལྟ་མ་མཐོང་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཡོད་མ་རེད་ཅེས་པ་དེ་ནམ་ཡང་ཟེར་གྱི་མེད། ཚན་རིག་པས་དེ་ལས་ལྡོག་སྟེ་ད་ལྟ་ཁོང་ཚོས་བརྟག་དཔྱད་བྱེད་པའི་སྐབས་སུ་མ་མཐོང་ན། ཚན་རིག་པ་མང་ཆེ་བས་ང་ཚོས་བརྟག་དཔྱད་བྱེད་དུས་མ་མཐོང་བར་བརྟེན་དེ་ནི་མེད་ཅེས་བཤད། གལ་ཏེ་ཚན་རིག་པ་ཕྲན་བུ་བློ་དྲང་བ་ཡོད་ན། དེ་དག་མེད་ཅེས་མ་བཤད་རུང་། ཡོད་ཅེས་ཀྱང་བཤད་ཐུབ་ཀྱི་མེད། ཁོང་ཚོས་ད་ལྟ་ཚན་རིག་གི་ཐོག་ནས་ངེས་པ་རྙེད་ཀྱི་མི་འདུག་ཅེས་བཤད་ཀྱི་ཡོད། དེར་བརྟེན་དཔོག་ནུས་པ་དང་མཐོང་ནུས་པའི་གནས་ཚུལ་མང་པོ་ལ་ཚན་རིག་པ་ཚོས་རང་ཐག་བཅད་དེ། ངས་མ་མཐོང་བ་ཡིན་སྟབས་མི་གཞན་གྱིས་མཐོང་ཐུབ་ཀྱི་མ་རེད་ཅེས་པའི་བསམ་ཚུལ་ཐོག་ལ་འགྲོ་བཞིན་ཡོད། དེ་ནི་ཚན་རིག་པའི་ནང་དུ་ཡོད་པའི་རྨོངས་དད་གཙོ་བོ་ཞིག་རེད།

དེ་ལས་གཞན་ཚན་རིག་པ་ཁ་ཤས་ཀྱིས་བརྟག་དཔྱད་བྱས་ནས་ཐག་ཆོད་པ་དེ་ཚོ་ལོ་གྲངས་མང་པོའི་རིང་ལ་དེ་རང་ཡིན་པར་ཆ་བཞག་ནས་འགྲོ་གི་ཡོད། དེ་ཡང་ཚན་རིག་ལས་བྱུང་བའི་རྨོངས་དད་གཞན་ཞིག་རེད། ཚན་རིག་པས་བརྟག་དཔྱད་བྱས་ཏེ་ཐག་གཅོད་ཇི་ལྟར་བྱེད་ཀྱི་ཡོད་ཅེ་ན། ཁོང་ཚོས་ནང་དོན་རིག་པ་ལྟར་ཆོས་ཉིད་ཀྱི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། ལྟོས་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ་སོགས་ཀྱི་སྒོ་ནས་བརྟག་དཔྱད་བྱེད་ཤེས་ཀྱི་མེད་པར་བརྟེན། མིག་གིས་གང་མཐོང་ཐུབ་པ་དང་། རྣ་བས་གང་ཐོས་ཐུབ་པ། ལག་པས་གང་རེག་ཐུབ་པ་བཅས་དངོས་པོའི་གནས་ལུགས་བཙལ་བའི་ཐབས་ལམ་དེ་མ་གཏོགས་མེད། གང་ལྟར་ག་ཚོད་བཟོས་ནའང་རྒྱང་ཤེལ་དང་ཆེ་ཤེལ་གྱི་ནུས་པ་ཆེ་རུ་བཏང་ནས་ཐག་རིང་པོ་མཐོང་ཐུབ་པ་དང་། གཟུགས་ཕྲ་བ་དེ་ཚོ་ཆེན་པོ་མཐོང་ཐུབ་པ་དེ་ཙམ་མ་གཏོགས། རྒྱང་ཤེལ་དང་ཆེ་ཤེལ་ལ་མ་བརྟེན་པར་མིག་གི་དབང་པོ་དང་མིག་གི་ཤེས་པ་ཡར་རྒྱས་གཏོང་རྒྱུ་ཡོད་པ་དེ་ཤེས་ཀྱི་མེད། རྒྱུ་མཚན་དེ་ལྟ་བུའི་ཐོག་ནས་བརྟག་དཔྱད་བྱས་ཏེ་དཔྱད་མཐར་རྙེད་པ་དེ་ལ། མི་གཞན་ཞིག་གིས་དེ་མ་ཡིན་པ་མ་མཐོང་བར་དུ་དེ་རང་ཡིན་པར་ཆ་བཞག་ནས་འགྲོ་བ་རེད། དཔེར་ན། མིའི་འགྲོ་བ་བྱུང་སྟངས་ལ་ཆ་བཞག་ནའང་། དེང་སང་འདས་པའི་ལོ་བཅོ་ལྔ་ཙམ་ནང་འགྲོ་བ་མི་རིགས་བྱུང་སྟངས་སྐོར་གནས་ཚུལ་གསར་པ་མང་པོ་རྙེད་པ་མ་གཏོགས། ད་ལྟའི་བར་དུ་སྤྲེའུ་ཡར་རྒྱས་ཕྱིན་ནས་མིའི་གཟུགས་རྟེན་གྲུབ་པ་ཌར་ཝིན་ (Darwin) གྱིས་བཤད་པ་དེ་རང་ལ་ཆ་བཞག་ནས་འགྲོ་མུས་རེད། དེ་ནི་ཆ་བཞག་པ་མ་གཏོགས་སོ་སོ་གང་ཡང་ཤེས་ཀྱི་མེད། ཉེ་ཆར་ང་མིའིི་རིགས་ཀྱི་འགྲེམས་སྟོན་ཁང་གྲགས་ཅན་ཞིག་ཏུ་ཕྱིན་པ་ཡིན། དེའི་སྒོ་འགྲམ་དུ་ཌར་ཝིན་གྱི་ལྟ་གྲུབ་ཀྱི་མི་ཆགས་སྟངས་སྐོར་པར་མང་པོ་བྲིས་ནས་བཞག་འདུག  དེ་ནས་འགྲེལ་བཤད་རྒྱག་མཁན་དེས་དེ་དག་གི་སྐོར་ལ་འགྲེལ་བཤད་མང་པོ་རྒྱག་གི་འདུག  ངས་ཁོང་ལ་དེ་ཚོ་ཁྱེད་ཀྱིས་མཁྱེན་གྱི་ཡོད་དམ། ཡང་ན་ཌར་ཝིན་གྱིས་བཤད་པར་ཆ་བཞག་ནས་གསུངས་ཀྱི་ཡོད་ཅེས་དྲིས་པར། ཁོང་གིས་དེ་ཚོ་ངས་ཤེས་ཀྱི་ཡོད།  ཌར་ཝིན་གྱིས་ཐབས་ལམ་མང་པོའི་ཐོག་ནས་བརྟག་དཔྱད་བྱས་ཏེ་ངེས་པ་རྙེད་ཡོད་ཅེས་གསུང་གི་འདུག  དེ་ནས་ངས་དེས་ན་ད་ལྟ་ཡོད་པའི་སྤྲེའུ་དེ་ཚོས་ཉེས་པ་ག་རེ་བསགས་པ་ཡིན་ནམ། དེ་ཚོ་ཅིའི་ཕྱིར་མི་མ་ཆགས་པ་རེད་ཅེས་དྲིས་དུས། ཁོང་གིས་དེའི་ཐོག་ལ་བརྟག་དཔྱད་བྱས་ཡོད་པ་མ་རེད་ཅེས་གསུང་གི་འདུག  དེས་ན་སྤྲེའུ་ཁ་ཤས་མིར་ཆགས་ཐུབ་པ་དང་། སྤྲེའུ་ཁ་ཤས་མིར་ཆགས་མ་ཐུབ་པ་ད་དུང་ཡང་ལུས་པ་དེ་དག་ལ་ཚན་རིག་གི་ཐོག་ནས་འགྲེལ་བཤད་ཅིག་རྒྱག་དགོས་ཀྱི་རེད། ཉིན་ཞིག་དེ་ལ་འགྲེལ་བཤད་རྒྱག་པའི་གོ་སྐབས་བྱུང་བའི་སྐབས་སུ་ད་ལྟ་ཡོད་པའི་ཁོང་ཚོའི་རྣམ་གཞག་དེའང་བརྗེ་པོ་རྒྱག་འགྲོ་རྒྱུ་རེད། ལར་ནས་ད་ལྟའང་བརྗེ་པོ་གང་འཚམས་ཐེབས་ཀྱང་ཟིན་པ་རེད། ཡིན་ནའང་རྒྱ་གར་ལྟ་བུ་ཡིན་ན། ཉེ་ལམ་འདས་པའི་ལོ་བཅུ་གྲངས་ནང་བྱུང་བའི་གནས་ཚུལ་གསར་པ་རྙེད་པ་དེ་ཚོ་ད་ལྟ་རྒྱ་གར་ནང་སླེབས་མི་འདུག  སྔ་མའི་གནས་སྟངས་ཁོ་ནར་ཆ་བཞག་སྟེ་གནས་ཡོད།

དེ་ལས་ཧ་ཅང་གལ་གནད་ཆེ་བ་དང་ཉེན་ཚབས་ཆེ་བའི་གནས་ཚུལ་ནི་སྨན་གྱི་ནང་ཡོང་གི་ཡོད། ཚན་རིག་པས་བརྟག་དཔྱད་བྱས་ནས་རྩ་བ་ཆེན་པོ་དང་ཧ་ཅང་ཕན་པོ་ཡོད་ཅེས་བཤད་པའི་སྨན་མང་པོ་ལོ་མང་པོ་བེད་སྤྱོད་བཏང་ནས་མི་མང་པོའི་སྲོག་འཕྲོགས་པའི་རྗེས་སུ་དེང་སང་སྨན་དེ་བེད་སྤྱོད་བཏང་ན་འགྲིག་གི་མི་འདུག  དེས་གནོད་ཀྱི་འདུག་ཅེས་གཞི་ནས་གསར་པ་མཐོང་བའི་སྐབས་སུ་ད་ལྟའི་བར་དུ་ཕན་གྱི་ཡོད་བསམས་པ་ཚང་མ་རྨོངས་དད་རེད། དེ་ནི་ཆ་བཞག་པ་རེད།

འཇིག་རྟེན་འདི་ཆགས་ཚུལ་གྱི་དབང་དུ་བྱས་ནའང་འབར་གས་ཆེན་པོ་ཞིག་བྱུང་བ་ལ་བརྟེན་ནས་རེད་ཅེས་བཤད་ཀྱི་ཡོད། འོན་ཀྱང་འབར་གས་ཆེན་པོ་བྱུང་ཚུལ་དང་སྐད་ཆེན་པོ་བརྒྱབས་ཏེ་ཇི་ལྟར་ཆགས་ཚུལ་དེ་ཤེས་ཀྱི་ཡོད་དམ་ཞེ་ན། དེང་རབས་ཀྱི་ཚན་རིག་པ་ཚོས་ཤེས་ཀྱི་མེད། གང་ལྟར་ཚན་རིག་པ་ཡིན་ཟེར་བའི་མི་ཞིག་གིས་བཤད་པ་དེ་ཚོ་ཡིན་ཤག་གིས་ད་ལྟའི་བར་དུ་རྨོངས་དད་ཀྱི་ནང་ནས་ཡོང་བསྡད་པ་རེད། དེ་དང་ཕྱོགས་མཚུངས་ཚན་རིག་གིས་བཤད་པའི་རྨོངས་དད་ཧ་ཅང་མང་པོ་རེད།

ལར་ནས་དེང་རབས་ཀྱི་ཚན་རིག་པས་དེང་སང་གསར་པ་རྙེད་པ་ཡིན་ཞེས་སྐད་གྲགས་བྱེད་པ་མང་པོ་ནང་དོན་རིག་པའི་གཞུང་ལུགས་ནང་གནའ་སྔ་མོ་ནས་ཡོད་མུས་རེད། དཔེར་ན་དཔལ་ནཱ་ལནྡཱའི་ནང་པའི་མཁས་པ་ཆེན་པོ་ཨཱརྱ་བྷཊྚ་ (Arya Bhatt) མཆོག་གིས་ཉི་མ་དང་ཟླ་བ་མི་འགྲོ་བ་དང་། སའི་གོ་ལ་རིལ་རིལ་ཡིན་པ། སའི་གོ་ལ་སྐོར་བ་རྒྱག་གི་ཡོད་པ་དེ་དག་ཕྱི་ལོ་བརྒྱ་ཕྲག་ལྔ་པའི་ནང་གསུངས་ཟིན་པ་རེད། འོན་ཀྱང་དེང་རབས་ཀྱི་ཚན་རིག་པས་གནས་ཚུལ་དེ་རྗེས་སུ་མ་གཏོགས་ཤེས་མེད། རྗེས་སུ་ཤེས་དུས་ཁོང་ཚོས་གསར་པ་ཞིག་རྙེད་སོང་བསམས་ཀྱི་ཡོད་ཀྱང་། ནང་དོན་རིག་པའི་གཞུང་ནང་གནའ་སྔ་མོ་ནས་ཡོད་མུས་རེད། དེ་དང་ཕྱོགས་མཚུངས་ས་ལ་འཐེན་ཤུགས་ཡོད་མེད་སྐོར་དེ་རེད། དེའི་སྐོར་དེང་རབས་ཀྱི་ཚན་རིག་པས་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་བཅུ་བཞི་ཙམ་ནང་གཞི་ནས་ཤེས་རྟོགས་བྱུང་བ་རེད། ཁོང་ཚོས་ཧ་ཅང་གསར་པ་ཞིག་རྙེད་པ་ཡིན་བསམས་ཀྱི་ཡོད་ཀྱང་། ཕྱི་ལོ་བརྒྱ་ཕྲག་དང་པོ་དང་གཉིས་པ་ཙམ་ནང་བྱུང་བའི་ནང་པའི་སློབ་དཔོན་འཕགས་པ་ལྷས་རང་གི་བསྟན་བཅོས་ཀྱི་ནང་ཆུ་ཐུར་ལ་བབས་པ་དང་། རྡོ་ཐུར་ལ་འགྲིལ་བ་དེ་ཚོ་སའི་འཐེན་ཤུགས་དབང་གིས་རེད་ཅེས་དེ་དུས་ནས་གསུངས་ཟིན་པ་རེད། ཁོང་ཚོས་ཚན་རིག་པ་ཞིག་གི་མགོ་བོར་ཤིང་ཏོག་ཅིག་ཟག་པ་དང་དེ་ནས་འཐེན་ཤུགས་ཀྱི་རྣམ་གཞག་དེ་ཤེས་ཚུལ་བཤད་ཀྱི་ཡོད། དེ་ཚོ་གཅིག་བྱས་དུས་ཕྲུ་གུའི་རྩེད་མོ་ལྟ་བུ་དང་། གཅིག་བྱས་དུས་འུ་ཐུག་པོ་འདྲ་ཞིག་རེད། དེ་ལྟ་བུར་ཆ་བཞག་ཚར་དུས་དེ་རང་བསྐྱར་ལྡབ་ཡང་ལྡབ་བྱས་ནས་སོ་སོས་བརྟག་དཔྱད་བྱེད་མི་དགོས་པར་འགྲོ་བསྡད་པ་རེད།

ལར་ནས་ཤེས་པ་དང་ཆ་བཞག་པ་གཉིས་གནས་ཚུལ་ཐ་དད་རེད། ཤེས་པ་ཟེར་བ་དེ་རང་གིས་བརྟག་དཔྱད་བྱས་ནས་ཤེས་དགོས། སྟོན་པ་ཐུབ་པའི་དབང་པོས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་སངས་རྒྱས་ལ་དད་པ་ཡོད་པའི་རྒྱུ་མཚན་གྱིས་ངས་བཤད་པ་དེར་ཆ་མ་ཞོག་ཅེས་གསུངས་ཡོད། དེ་གསུངས་དགོས་པ་དེ་གང་རེད་ཅེ་ན། ཆ་བཞག་ན་ཤེས་ཀྱི་མ་རེད། ཆ་མ་བཞག་པར་ཤེས་པའི་དོན་དུ་སོ་སོས་བརྟག་དཔྱད་བྱེད་དགོས་པ་དེ་ནང་དོན་རིག་པའི་རྣམ་གཞག་ཡིན་སྟབས་དེའི་ནང་ནས་རྨོངས་དད་ཡོང་བའི་གོ་སྐབས་དེ་ཧ་ཅང་ཆུང་དུ་འགྲོ་རྒྱུ་རེད། སོ་སོས་མ་ཤེས་པར་ཆ་བཞག་ནས་ཕྱིན་པ་དེའི་ནང་རྨོངས་དད་ཡོང་བའི་གོ་སྐབས་ཧ་ཅང་མང་བ་རེད། དེང་སང་ཚན་རིག་པ་ཁ་ཤས་ཀྱིས་སོ་སོར་དངོས་སུ་བྱུང་བའི་ཉམས་མྱོང་དེ་ཚོའང་བཤད་མ་ནུས་པར་བསྡད་ཀྱི་ཡོད། གལ་ཏེ་བཤད་པ་ཡིན་ན། ཚན་རིག་པའི་གྲལ་ནས་བུད་འགྲོ་དྭོགས་ཡོད། དེ་ནི་སོ་སོའི་ཚན་རིག་པའི་གོ་གནས་དེ་མ་བརླག་པའི་ཆེད་དུ་རེད། གང་ལྟར་དེ་ཚོ་ཚང་མ་རྨོངས་དད་ཀྱི་གྲུབ་འབྲས་རེད་མ་གཏོགས། དེ་ལས་གཞན་པའི་གནས་སྟངས་གང་ཡང་མེད།

འདུས་བྱུང་ཕུན་ཚོགས་ཚེ་རིང་། ད་ལྟའི་བར་དུ་ང་ཚོའི་སྤྱི་ཚོགས་ནང་ལ་ཡིན་ནའང་རེད། ད་ལྟའི་བར་དུ་ནུབ་ཕྱོགས་ཀྱི་ལྟ་བ་ཐོག་ནས་གཏན་ལ་ཕབ་པའི་ཚན་རིག་གི་བཤད་སྟངས་ཤིག་ཡོད་པ་རེད། རིན་པོ་ཆེས་བཀའ་གནང་བ་བཞིན་འཐེན་ཤུགས་སྐོར་སོགས་ཁོང་ཚོས་གསར་པ་རྙེད་པ་ཡིན་ཞེས་སྤོབས་པའི་ཐོག་ནས་བཤད་ཀྱི་ཡོད། དངོས་གནས་བསམ་བློ་བཏང་བ་ཡིན་ན། ལྟ་གྲུབ་དེ་ནི་དེའི་སྔོན་དུ་ཡོད་པ་ཞིག་རེད། འོན་ཀྱང་ནུབ་ཕྱོགས་པའི་ལྟ་བ་དེ་ཤུགས་ཆེ་རུ་ཆགས་པའམ་ནུབ་ཕྱོགས་པའི་ལྟ་བ་འཁྱེར་ཕྱོགས་དེ་ཧམ་པ་ཆེན་པོ་བྱེད་ནའང་། དེ་ལ་རྒྱུ་མཚན་ཞིག་དགོས་པར་བརྟེན། རིན་པོ་ཆེས་རྒྱུ་མཚན་དེ་གང་གཟིགས་ཀྱི་ཡོད་དམ།

རིན་པོ་ཆེ། དེ་ལ་རྒྱུ་མཚན་ཡོད་ན་འཐད་པ་བསྒྲུབ་རྒྱུ་ཞིག་ཡོད། འོན་ཀྱང་དེ་ལ་རྒྱུ་མཚན་གང་ཡང་མེད། དེ་ནི་ཧམ་པ་ཆེ་ཆུང་དང་སྤོབས་པ་མཐོ་ལོད་ཀྱི་སྐད་ཆ་རེད། དེར་བརྟེན་བདག་ཉིད་ཆེན་པོ་གཱཾདྡྷཱིས་དེང་རབས་ཀྱི་ཚན་རིག་པ་དང་ཚན་རིག་ལ་དགག་པ་གནང་བའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཚན་རིག་གི་གྲུབ་དོན་དེ་འགྲིག་གི་མི་འདུག་ཅེས་གསུངས་ཀྱི་མེད། བདག་ཉིད་ཆེན་པོས་ཚན་རིག་གི་གྲུབ་དོན་མ་འགྲིགས་པ་ཡོད་སྲིད་ཀྱང་། གཙོ་ཆེ་ཤོས་ཤིག་ནི་ཚན་རིག་པ་ཚོའི་ང་རྒྱལ་དང་ཀུན་སློང་ཡག་པོ་མི་འདུག  ཁོང་ཚོའི་ཀུན་སློང་ནི་འབྱུང་བ་ལ་དབང་བསྒྱུར་དང་ཐོན་སྐྱེད་ལ་དབང་སྒྱུར་བྱ་རྒྱུ། གང་ལྟར་རང་དོན་སྒྲུབ་པའི་བསམ་བློ་མ་གཏོགས་གཞན་ཕན་སྒྲུབ་པའི་བསམ་བློ་ཞིག་གི་ཐོག་ནས་བཙལ་མེད་པ། དེ་བཞིན་ཚན་རིག་པས་ང་ཚོས་བཙལ་བ་དེ་མཐའ་མ་དང་། དེ་ལས་ལྷག་པ་རྙེད་རྒྱུ་མེད་བསམས་པའི་ང་རྒྱལ་ཡོད་པ། དེ་ལྟ་བུའི་ང་རྒྱལ་དང་ཀུན་སློང་གཉིས་པོ་དེའི་དབང་གིས་ཚན་རིག་པ་ཚོས་གནས་ཚུལ་ཡག་པོ་ཞིག་ཤེས་ཡོད་ནའང་དེའི་རིན་ཐང་དེ་ཆུང་དུ་འགྲོ་རྒྱུ། ཐོག་མར་ཁོང་ཚོས་བརྟག་དཔྱད་བྱེད་པའི་སྐབས་སུའང་དངུལ་བཟོ་རྒྱུ་དང་། སྐད་གྲགས་ཡོང་ཐབས། ཡང་ན་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་སྒྲུབ་ཐབས་ཙམ་དམིགས་ཡུལ་བཟུང་ནས་བཙལ་གྱི་ཡོད་པ། བཙལ་ནས་རྙེད་པའི་རྗེས་སུ་དེ་ལ་ནོར་འཁྲུལ་རྩ་བ་ནས་མེད་སྙམ་པའི་སྤོབས་པ་དེ་གཉིས་ཀྱི་དབང་གིས་ཚན་རིག་གི་གྲུབ་དོན་རྣམས་རིན་ཐང་ཆུང་དུ་ཕྱིན་པ་རེད་ཅེས་གསུངས་པ་དེ་ཧ་ཅང་བདེན་པ་རེད། དེར་བརྟེན་ཚན་རིག་པ་ཚོས་སོ་སོའི་གྲུབ་དོན་གཏན་ལ་འཁེལ་ཟིན་པ་དེ་ཤེས་རུང་མ་ཤེས་རུང་། དེ་ནི་དེ་རང་རེད་ཅེས་ལྐུགས་པ་ཨུ་ཚུགས་ཀྱིས་བཤད་རྒྱུའི་སྤོབས་པ་ཡོད་ལ་གཤིས་ཀའང་ཡོད་པ་རེད། དེ་ནི་ཁོང་ཚོའི་ཞན་ཆ་ཆེ་ཤོས་ཤིག་རེད།

འདུས་བྱུང་ཕུན་ཚོགས་ཚེ་རིང་། ད་ལྟ་འདིར་བརྗོད་གཞི་གཉིས་ཡོད་པའི་ནང་རིན་པོ་ཆེས་ད་ལྟ་མཇུག་ཏུ་བཀའ་ལན་གནང་བ་དེ་དང་ནང་དོན་ཆ་འདྲ་ཞིག་རེད་འདུག  དེ་ནི་ནུབ་ཕྱོགས་ཀྱི་ལྟ་གྲུབ་དང་ཤར་ཕྱོགས་ཀྱི་ལྟ་གྲུབ་དབར་ཁྱད་པར་གང་ཡོད་དམ།

རིན་པོ་ཆེ། ནུབ་ཕྱོགས་པའི་ལྟ་གྲུབ་དང་ཤར་ཕྱོགས་ཀྱི་ལྟ་གྲུབ་དབར་གྱི་ཁྱད་པར་ངས་བཤད་ཤེས་ཀྱི་མེད། གང་ལགས་ཤེ་ན། ངས་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྦྱངས་མེད། ནང་པའི་གཞུང་ལུགས་ཀྱི་ནང་ནུབ་ཕྱོགས་པའི་ལྟ་གྲུབ་སླེབས་མེད། གང་ལགས་ཤེ་ན། ཤར་ནུབ་ཀྱི་འབྲེལ་བ་དེ་ཕྱི་ལོ་བརྒྱ་ཕྲག་བཅུ་གཉིས་བཅུ་གསུམ་གྱི་གོང་དུ་མ་བྱུང་བ་ཡིན་སྟབས་ནང་པའི་གཞུང་ལུགས་ནང་རྒྱ་གར་གྱི་ནང་པ་མ་ཡིན་པའི་ཕྱི་རོལ་པའི་ལྟ་གྲུབ་ཚང་མ་ཕྱོགས་སྔའི་ཚུལ་དུ་བཀོད་ཡོད་དུས་ང་ཚོས་རོབ་ཙམ་ཤེས་ཀྱི་ཡོད་པ་མ་གཏོགས། ནུབ་ཕྱོགས་ཀྱི་ལྟ་གྲུབ་དེ་ཚོ་ང་ཚོས་ཤེས་ཀྱི་ཡོད་པ་མ་རེད། ནུབ་ཕྱོགས་པའི་ལྟ་གྲུབ་ང་ཚོས་གོ་ཐོས་ཡོད་པ་དེ་སྤྱིར་བཏང་ཤེས་བྱའི་གནས་སྟངས་ཤིག་རེད་མ་གཏོགས། དེ་ལ་ཆེད་དུ་གཉེར་ནས་སྦྱངས་ཡོད་པ་མ་རེད།

འོན་ཀྱང་ནུབ་ཕྱོགས་པའི་ལྟ་གྲུབ་དང་ཤར་ཕྱོགས་ཀྱི་ལྟ་གྲུབ་ཀྱི་གཞི་རྩའི་ལམ་ཕྱོགས་མི་འདྲ་བ་འགྲོ་ས་དེ་རྒྱབ་ལྗོངས་གང་གི་ཐོག་ནས་ལྟ་གྲུབ་དེ་འཚོལ་མིན་ཐོག་ནས་དབྱེ་བ་ཆེན་པོ་ཞིག་འགྲོ་གི་ཡོད། ཤར་ཕྱོགས་ཀྱི་ལྟ་གྲུབ་སྤྱི་དང་། ལྷག་པར་དུ་རྒྱ་གར་ནང་ལྟ་གྲུབ་མི་འདྲ་བ་མང་པོ་ཡོང་དགོས་པ་ནི་འགྲོ་བ་མི་དང་། ཡང་ན་སེམས་ཅན་གྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་མཐོང་བ་དང་། སྡུག་བསྔལ་དེ་ལས་གྲོལ་བའི་ཐར་པ་ཞིག་ཡོད་དམ་མེད། ཐར་པ་ཞིག་ཡོད་ན་དེ་ཐོབ་པའི་ཐབས་ལམ་གང་འདྲ་ཞིག་ཡོད་མེད་དེ་འཚོལ་བའི་བརྒྱུད་རིམ་གྱི་ནང་ལྟ་གྲུབ་དེ་ཚོ་བྱུང་བ་རེད། དཔེར་ན་ཕྱི་རོལ་པའི་རྟོག་གེ་སྡེ་ལྔ་ལ་སོགས་པའི་ནང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མེད། སྡུག་བསྔལ་ལས་འགྲོལ་བའི་ཐབས་ལམ་མེད་ཅེས་བཤད་མཁན་རྒྱང་འཕེན་པ་གཅིག་པུ་མ་གཏོགས་མེད། ཕྱི་རོལ་རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པར་བརྟེན། ཚེ་འདིའི་བདེ་སྐྱིད་མ་གཏོགས་དེ་ལས་གཞན་པའི་ཐར་པ་དང་སྐྱེ་བ་ཕྱི་མའི་སྐད་ཆ་མི་བཤད་པ་དེའི་དབང་གིས་རྒྱང་འཕེན་པའི་ལྟ་གྲུབ་དེ་ཤར་ཕྱོགས་པའི་ལྟ་གྲུབ་ཀྱི་ཁོངས་སུ་ཆ་ཚང་ཚུད་ཀྱི་མེད། གཞན་རྟོག་གེ་སྡེ་ལྔ་ཚང་མས་སྡུག་བསྔལ་དང་། སྡུག་བསྔལ་དེ་ལས་གྲོལ་བའི་ཐར་པ། ཐར་པ་དེ་ཐོབ་པའི་ཐབས་ལམ་གྱི་ཆེད་དུ་གཞི་དངོས་པོ་གཏན་ལ་ཕབ་པའི་གནས་སྟངས་ཤིག་བཤད་ཀྱི་ཡོད། དེའི་ཐོག་ནས་ལྟ་གྲུབ་མི་འདྲ་བ་མང་པོ་བྱུང་བ་རེད།

ནུབ་ཕྱོགས་པའི་ལྟ་གྲུབ་ནང་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་བཅས་རིང་ལུགས་གཉིས་གཙོ་བོ་བཤད་ཀྱི་ཡོད། དེ་གཉིས་ཀས་རང་བཞིན་གྱི་མིའི་རྣམ་དཔྱོད་བེད་སྤྱོད་བཏང་བའི་ཐོག་ནས་གཞི་དངོས་པོའི་གནས་ལུགས་ལ་བལྟས་པ་མ་གཏོགས། སྡུག་བསྔལ་གྱི་གནས་ཚུལ་དང་། སྡུག་བསྔལ་ལས་འགྲོལ་བའི་ཐར་པའི་གནས་ཚུལ་ལམ་བཅིངས་བཀྲོལ་གྱི་རྣམ་གཞག་ལ་བརྟེན་ནས་ལྟ་གྲུབ་དེ་ཚོ་བཙལ་མེད། དཔེར་ན་སོ་ཀེ་རེ་ཊིས་ (Socrates) དང་། པེ་ལེ་ཊོ། (Plato) ཨ་རེས་ཊོ་ཊལ་ (Aristotle) སོགས་ཀྱི་ཐོག་མའི་ལྟ་གྲུབ་བྱུང་སྟངས་ལ་བལྟས་ན། རང་བཞིན་གྱི་དྲི་བ་དང་ཉམས་ཞིབ་བྱེད་པའི་ཀུན་སློང་ཞིག་གི་ཐོག་ནས་བཙལ་བ་མ་གཏོགས། སྡུག་བསྔལ་གྱི་རང་བཞིན་མཐོང་བ་དང་། སྡུག་བསྔལ་དེ་ལས་གྲོལ་འདོད་བསྐྱེད་པ། དེ་ལས་གྲོལ་བའི་ཐར་པ་ཡོད་མེད་སོགས། གང་ལྟར་འཁོར་འདས་ཀྱི་རྣམ་གཞག་དང་། ནང་པའི་བཤད་སྟངས་ལྟར་ན། གཞི་དངོས་པོའི་གནས་སྟངས། ལམ་བགྲོད་པའི་རིམ་པ། འབྲས་བུ་ཐར་པའི་གོ་འཕང་གི་རྣམ་གཞག་ཅིག་བཙལ་རྒྱུའི་ཆེད་དུ་ལྟ་གྲུབ་དེ་བཟོས་མེད། དེས་ན་ཅིའི་ཕྱིར་ལྟ་གྲུབ་དེ་བཟོས་པ་རེད་ཅེ་ན། ཚེ་འདིའི་བདེ་སྐྱིད་ཁོ་ནའི་ཆེད་དུ་ལྟ་གྲུབ་དེ་ཚོ་བཙལ་བ་ཞིག་རེད། གཞི་རིམ་གྱི་མི་འདྲ་བ་འགྲོ་ས་དེ་དེའི་ཐོག་ནས་འགྲོ་བ་རེད།

འོན་ཀྱང་བར་ལམ་མཁས་པ་ཁ་ཤས་ཀྱིས་ནུབ་ཕྱོགས་པའི་སེམས་གཙོ་སྨྲ་བའི་ལྟ་གྲུབ་དང་། ནང་པའི་སེམས་ཙམ་པའི་ལྟ་གྲུབ་གཉིས་པོ་དེ་ཐག་ཉེ་པོ་དང་འདྲ་པོ་ཡོད་ཚུལ་བཤད་མཁན་ཡོད། འོན་ཀྱང་དེ་ནི་བདེན་པ་མ་རེད། གང་ལགས་ཤེ་ན། སེམས་གཙོ་སྨྲ་བའི་རིང་ལུགས་ཀྱི་སེམས་གཙོ་བཤད་སྟངས་དང་། སེམས་ཙམ་པའི་སེམས་གཙོ་བཤད་སྟངས་གཉིས་རྦད་དེ་ཐ་དད་རེད། དེ་ངས་གསལ་པོ་ཤེས་ཀྱི་ཡོད།

འདུས་བྱུང་ཕུན་ཚོགས་ཚེ་རིང་། མང་ཚོགས་ནང་དྲི་བ་གནང་མཁན་ཡོད་ན་གྲྭ་སྒྲིག་གནང་རོགས། རྗེས་སུ་དུས་ཚོད་འབུལ་རྒྱུ་ཡིན། དེ་ནས་དྲི་བ་གཞན་ཞིག་ནི། འགྲན་རྩོད་ཟེར་བའི་ཚིག་དེ་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་ཁྱབ་ཆེན་པོ་དང་ནུས་པ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད། ལྷག་པར་དུ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལྟ་སྟངས་དེའི་ཐོག་ནས་ཐ་སྙད་དང་གོ་དོན་དེ་གལ་ཆེན་པོ་ཞིག་ཆགས་ཡོད། འོན་ཀྱང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ཐ་སྙད་དེ་དང་། ཡང་ན་དེ་དང་འབྲེལ་བའི་གོ་དོན་ཞིག་ཡོད་དུས་དེ་དགོས་མཁོ་ཡོད་པ་ཞིག་ལ་གཟིགས་ཀྱི་ཡོད་དམ།

རིན་པོ་ཆེ། འགྲན་བསྡུར་དེ་དགོས་མཁོ་རྩ་བ་ནས་མེད་པ་ཞིག་ལ་མཐོང་གི་ཡོད། དེའི་ཐོག་ནས་དགོས་མཁོ་གང་ཡང་སྒྲུབ་ཐུབ་ཀྱི་མེད། སྤྱིར་འགྲོ་བ་མིའི་གཞི་རིམ་གྱི་ལྟ་སྟངས་ལ་རང་ལས་གཞན་གཙོ་ཆེ་བའི་ལྟ་སྟངས་དང་། རང་དང་གཞན་མཉམ་པའི་ལྟ་སྟངས། གཞན་ལས་རང་གཙོ་ཆེ་བའི་ལྟ་སྟངས་བཅས་མི་འདྲ་བ་གསུམ་རེད། དེང་སང་གཞན་ལས་རང་གཙོ་ཆེ་བ་མ་གཏོགས། རང་གཞན་མཉམ་པ་དང་། རང་ལས་གཞན་གཙོ་ཆེ་བ་ལྟ་མཁན་ཧ་ཅང་དཀོན་པོ་རེད། ནང་ཆོས་ཉམས་ལེན་བྱེད་མཁན་རེ་ཟུང་གིས་བལྟ་ཐུབ་ཀྱི་ཡོད་ན་མ་གཏོགས། མང་ཆེ་བས་བལྟ་ཐུབ་ཀྱི་མེད། དཔེར་ན་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་ཁག་གི་འབོད་སྒྲའི་ནང་རང་ལས་གཞན་གཙོ་ཞེས་པ་དེ་རྩིག་པ་དང་ཤོག་བུ་སོགས་ཀྱི་སྟེང་དུ་བྲིས་ཡོད། འོན་ཀྱང་དེ་དངོས་གནས་ལག་ལེན་དུ་བསྟར་ཐུབ་ཀྱི་ཡོད་དམ་ཞེ་ན། གལ་ཏེ་དེ་ལག་ལེན་དུ་བསྟར་ན། འགྲན་བསྡུར་ཡོང་ཐབས་མེད། འགྲན་བསྡུར་ནི་རང་རྒྱལ་གཞན་ཕམ་གྱི་དོན་དུ་བྱེད་པ་མ་གཏོགས། གཞན་རྒྱལ་རང་ཕམ་པའི་ཆེད་དུ་འགྲན་བསྡུར་བྱེད་མཁན་མེད། དེས་ན་ནུབ་ཕྱོགས་པའི་དྲང་བདེན་དང་གུ་ཡངས་ཀྱི་ཐོག་ནས་འགྲན་བསྡུར་ཟེར་བ་དེ་རྫུན་གཏམ་རེད། འགྲན་བསྡུར་བྱེད་པའི་ཐོག་ནས་དྲང་བདེན་ཇི་ལྟར་བྱེད་དགོས་སམ། གུ་ཡངས་ཇི་ལྟར་བྱེད་དགོས། འགྲན་བསྡུར་བྱེད་པའི་སྐབས་སུ་མཐའ་མ་རང་ཉིད་རྒྱལ་བའི་དོན་མ་གཏོགས། རང་ཉིད་ཕམ་པའི་ཆེད་དུ་བྱེད་ཀྱི་མེད། དེར་བརྟེན་རང་རྒྱལ་གཞན་ཕམ་གྱི་བསམ་བློ་དེ་སླེབས་དུས་གུ་ཡངས་ཡོང་ཐབས་མེད་ལ། དྲང་བདེན་ཡོང་ཐབས་མེད། གུ་ཡངས་དང་དྲང་བདེན་གཉིས་པོ་ཐོག་མའི་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཁོ་རང་གིས་བཀག་ཚར་བ་རེད།

མཚུངས་བསྡུར་དང་འགྲན་བསྡུར་ཟེར་བ་དེ་འགྲོ་བ་མིའི་འདོད་རྔམས་གོང་འཕེལ་གཏོང་བའི་ལག་ཆ་ཡག་ཤོས་ཤིག་ཆགས་ཡོད། དཔེར་ན་ད་ལྟ་ནས་བརྩིས་པའི་ལོ་ཉིས་བརྒྱའམ་ལོ་ཉིས་བརྒྱ་ལྔ་བཅུ་ཡས་མས་སུ་འཕྲུལ་ལས་ཅན་དུ་མ་བསྒྱུར་བའི་གོང་དུ་མིའི་སྤྱི་ཚོགས་ནང་དགོས་མཁོ་གང་ཡོད་པ་དེ་འདང་ངེས་ཤིག་ཐོན་སྐྱེད་བྱེད་ཀྱི་ཡོད། དགོས་མཁོ་ལས་ལྷག་པའི་ཐོན་སྐྱེད་བྱེད་ཀྱི་མེད། གང་ལྟར་དགོས་མཁོ་ལས་ལྷག་པའི་ཐོན་སྐྱེད་མ་བྱས་པ་ཡིན་སྟབས། མི་ཚང་མ་ལ་དགོས་མཁོ་གང་ཡིན་པ་དེ་འདང་ངེས་ཤིག་ཐོབ་ཀྱི་ཡོད་ལ། དེ་ལས་སླ་པོས་ཕར་ཚུར་བརྗེ་པོ་རྒྱག་ཐུབ་ཀྱི་ཡོད། འོན་ཀྱང་འཕྲུལ་ལས་ཅན་དུ་བསྒྱུར་བ་ནས་བཟུང་མིའི་དགོས་མཁོ་ལས་ཧ་ཅང་ལྷག་པ་ཐོན་སྐྱེད་བྱས་པ་རེད། དཔེར་ན་སྤྱི་ཚོགས་ཤིག་གི་ནང་མི་ལྔ་བརྒྱ་ཡོད་ན། ལྷམ་ཆ་ལྔ་བརྒྱས་མ་འདང་བ་མེད། དེང་སང་འཕྲུལ་ལས་ལ་བརྟེན་ནས་ལྷམ་སྟོང་ཕྲག་མང་པོ་ཉིན་རེའི་ནང་བཟོ་བཞིན་པ་རེད། དེ་ནས་བེད་སྤྱོད་གཏོང་བའི་ཚབ་ཏུ་བག་མེད་ལོངས་སྤྱོད་བྱེད་པའི་གནས་སྟངས་དེ་མ་བཟོས་པ་ཡིན་ན་ཁོང་ཚོའི་ཐོན་སྐྱེད་དེ་ཚོང་ཐུབ་ཀྱི་མེད། ཁོང་ཚོའི་ཐོན་སྐྱེད་དེ་དག་ཚོང་བའི་ཆེད་དུ་ངེས་པར་དུ་ཁྲོམ་རྭ་དགོས་ཀྱི་ཡོད། དེ་ལྟ་བུའི་ཁྲོམ་རྭའི་ནང་ནས་ཉོ་བའི་ཆེད་དུ་མི་ཚོ་ལ་འདོད་རྔམས་སྤེལ་དགོས་ཀྱི་ཡོད། གང་ལྟར་འདོད་རྔམས་དང་བག་མེད་ལོངས་སྤྱོད་ཀྱི་གནས་སྟངས་མ་བྱུང་བར་དུ་ཐོན་སྐྱེད་དེ་ཚོ་ཚང་མ་འཚོང་ཐུབ་ཐབས་མེད། དེར་བརྟེན་མིའི་འདོད་རྔམས་སྤེལ་བའི་དོན་དུ་ཞིབ་ཚགས་པོས་ཉམས་ཞིབ་ཐོག་ནས་བལྟས་པའི་སྐབས་སུ་མཚུངས་བསྡུར་དང་འགྲན་བསྡུར་གྱི་ཐབས་ལམ་དེ་རྙེད་པ་རེད། དེ་ནས་མཚུངས་བསྡུར་དང་འགྲན་བསྡུར་བྱེད་པའི་སྐབས་སུ་སོ་སོའི་དགོས་མཁོ་གང་ཡིན་པ་དེ་བརྗེད་འགྲོ་གི་ཡོད། དེ་ཡང་སོ་སོའི་ཁྱིམ་མཚེས་སོགས་མི་གཞན་ལ་ཅ་ལག་ཅིག་ཡོད་པ་མཐོང་ན། དེ་ནི་ང་ལའང་དགོས་ཀྱི་འདུག་དྲན་པ་མ་གཏོགས། ཅ་ལག་དེ་ང་ལ་དགོས་མཁོ་ཡོད་མེད་ཀྱང་བསམ་ཐུབ་ཀྱི་མེད། དེ་ཡང་མཚུངས་བསྡུར་དང་འགྲན་བསྡུར་གྱི་བསམ་བློ་དང་དྲིལ་བསྒྲགས་ཀྱི་བརྒྱུད་ནས་ང་ཚོའི་བསམ་བློའི་རང་དབང་དེ་འཕྲོགས་ཟིན་པ་རེད། དེར་བརྟེན་མཚུངས་བསྡུར་དང་འགྲན་བསྡུར་ཟེར་བ་དེའི་ནང་ཡང་དག་པའི་ཆ་ཞིག་ཡོང་རྒྱུ་མེད་ཅེས་ཐག་བཅད་ནས་བཤད་ཀྱི་ཡོད།

འདུས་བྱུང་ཕུན་ཚོགས་ཚེ་རིང། བོད་མི་མང་ཚོགས་ནང་ནས་དྲི་བ་ཡོད་དམ།

བོད་མི་ཞིག་གིས། ནང་ཆོས་ཀྱི་ཐོག་ནས་བཀའ་འདྲི་ཞིག་ཞུ་དགོས་བསམས་སོང་། ཕྱི་ཟླ་ ༢ པའི་ནང་འཇར་མན་ནང་ནང་པ་ཚོགས་པའི་ཚགས་པར་ཤིག་བཀྲམས་ཀྱི་ཡོད། དེའི་ནང་པཱ་ལིའི་ནང་ཆོས་དང་སཾསྐྲྀཏའི་ནང་ཆོས་ཞེས་དབྱེ་བ་གཉིས་ཕྱེ་འདུག  འབྲི་མཁན་དེས་གང་འདྲ་ཞིག་ནོར་བ་ཡིན་ནམ། ཡང་ན་ལྟ་བ་གང་འདྲ་ཞིག་འཁྱེར་ཡོད་མེད་ཤེས་མ་སོང་། དེ་སྔོན་འཇར་མན་ནང་ཐེག་དམན་ནམ་པཱ་ལིའི་ནང་ཆོས་དེ་ཤུགས་ཆེན་པོ་དར་ཡོད་པ་འདྲ། དེའི་ལྟ་བ་དེ་ཤུགས་ཆེན་པོ་ཞིག་འཁྱེར་ནས་ཁོང་ཚོས་ད་ལྟ་བོད་ལ་དར་བའི་གསང་སྔགས་ཀྱི་ཆོས་དེ་ཧིནྡཱུའི་ཆོས་དང་ཤུགས་ཆེན་པོ་འདྲེས་འདུག  དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཡང་དག་པ་ཞིག་རྩ་བ་ནས་རེད་མི་འདུག་ཅེས་དགག་པ་བརྒྱབས་འདུག  དེའི་ཐོག་ལ་ང་རང་གིས་དེབ་མང་པོ་ཞིག་བལྟས་པ་ཡིན།  ཌོཀ་ཊར་རཱ་དྷཱ་ཀྲྀཥྞན་ (Dr. Radhakrishnan) གྱིས་རྒྱ་གར་གྱི་ལྟ་གྲུབ་ཅེས་པའི་དེབ་ཕྲེང་དང་པོའི་ (Indian Philosophy Volume 1) ནང་ནང་ཆོས་དེ་ཧིནྡཱུ་ཡིན་ཚུལ་བྲིས་འདུག དེ་ལ་ སློབ་དཔོན་ཆེན་པོ་མཱུརྟི་ (Professor Murty) ནས་དགག་པ་གནང་སྟེ་ཌོཀ་ཊར་རཱ་དྷཱ་ཀྲྀཥྞན་གྱིས་བྲིས་པ་དེ་ནོར་བ་རེད་ཅེས་གསུངས་འདུག  མཐར་ང་ལ་ཌོག་ཊར་ཇམནཱ་དཱས་ (Dr. K. Jamanadas) ཀྱིས་བྲིས་པའི་ཏིརུཔཏི་བཱལཱཇཱི་ནི་ནང་པའི་ལྷ་ཁང་རེད་ (Tirupati Balaji was buddhist shrine) ཅེས་པའི་དེབ་དེ་ཐོབ་སོང་། སྤྱིར་བོད་ནང་དུ་དར་བའི་གསང་སྔགས་ཀྱི་ཆོས་དེ་ད་བར་རྒྱ་གར་བྱང་ཕྱོགས་ནས་དར་བ་ཞིག་བཤད་ཀྱི་ཡོད་རུང་།  དེབ་དེ་ཀློག་དུས་གསང་སྔགས་ཀྱི་ཆོས་དེ་རྒྱ་གར་ལྷོ་ཕྱོགས་ནས་དར་བ་དང་། གཙོ་ཆེ་ཤོས་ཨམ་རཱ་བཏི་ཕྱོགས་ནས་ཡིན་ཚུལ། ད་ལྟ་བཱ་ལཱ་ཇཱི་དེ་བིཥྞུ་རྩ་བ་ནས་མིན་པ། དེ་ནི་རཱམཱནུཇ་ཡིས་བིཥྞུ་བཟོས་ཚུལ།  བཱ་ལཱ་ཇཱི་ནི་སྤྱན་རས་གཟིགས་ཡིན་ཚུལ། ཏི་རུ་མལ་རི་ (Tirumala Hill) དེ་པོ་ཏཱ་ལ་ཡིན་ཚུལ་སོགས་གསུངས་འདུག དེ་གང་འདྲ་ཡིན་མིན་བཀའ་འདྲི་ཞུ་རྒྱུ་ཡིན།

རིན་པོ་ཆེ། ཁྱེད་རང་གི་དྲི་བ་དེ་གནད་འགག་ཆེན་པོ་རེད། འོན་ཀྱང་དུས་ཚོད་སྐར་མ་ལྔ་ལས་མི་འདུག་པས་དེའི་ནང་དེའི་ཐོག་བགྲོ་གླེང་བྱ་ཐུབ་རྒྱུ་ཁག་པོ་རེད། སྤྱིར་བཏང་པཱ་ལི་ནང་པའི་ཆོས་ལུགས་དང་ལེགས་སྦྱར་གྱི་ནང་པའི་ཆོས་ལུགས་ཟེར་བའི་ཐ་སྙད་དེ་དེང་སང་བེད་སྤྱོད་གཏོང་མཁན་གང་འཚམས་ཡོད། འོན་ཀྱང་དེའི་ཐོག་མའི་འབྱུང་ཁུངས་ཀྱི་གནས་སྟངས་དེ་ཤེས་དགོས། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱར་དེ་རང་ལ་བཀའ་བསྡུ་དང་པོ་མཛད་པ་རེད། སྐབས་དེར་དགྲ་བཅོམ་པ་ལྔ་བརྒྱ་ཡོད། དེ་ཡང་ཉན་ཐོས་ཆེན་པོ་འོད་སྲུང་དང་། འཕགས་པ་ཉེ་བར་འཁོར། གསར་དུ་དགྲ་བཅོམ་པ་ཐོབ་པའི་ཀུན་དགའ་བོ་བཅས་གསུམ་པོས་སྡེ་སྣོད་གསུམ་པོ་བསྡུས་པ་རེད། སྡེ་སྣོད་གསུམ་བསྡུས་པའི་སྐབས་སུ་ཉན་ཐོས་ཐེག་པའི་སྡེ་སྣོད་གསུམ་མ་གཏོགས་མེད། ཐེག་པ་ཆེན་པོའི་སྡེ་སྣོད་ནི་གདུལ་བྱ་ཐུན་མོང་བ་ལ་གསུངས་མེད། དེར་བརྟེན་གདུལ་བྱ་ཐུན་མོང་བ་ལ་གསུངས་པ་དེ་ཉན་ཐོས་ཐེག་པའི་སྡེ་སྣོད་གསུམ་པོ་དེ་རེད། དེ་ཡང་སྐད་ཡིག་འདྲ་མིན་སྣ་ཚོགས་ནང་བཀའ་བསྡུ་མཛད་ཡོད། གང་ཡིན་ཟེར་ན། སངས་རྒྱས་ཀྱིས་ཆོས་གསུངས་པའི་སྐབས་སུ་གསུང་སྐད་གཅིག་གི་ཐོག་ལ་གསུང་གི་མེད། དེ་ནི་གདུལ་བྱ་སོ་སོས་སྐད་གང་ཤེས་པ་དེ་ལ་དགོངས་ནས་གསུང་གི་ཡོད། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མིའི་སྐད་རྣམས་དང་།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།། ཞེས་གསུངས་པ་ནི་འགྲོ་བ་རིགས་དྲུག་སོ་སོའི་སྐད་དང་། མིའི་འགྲོ་བ་ཡིན་ན་སོ་སོའི་ལུང་པ་དང་སྐད་ཡིག་གང་ཡིན་པ་དེའི་ནང་གོ་བ་ཞིག་གསུང་དུས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ནི་སྐད་ཡིག་སྣ་ཚོགས་ནང་ཡོད་པ་ཞིག་རེད།

བཀའ་བསྡུ་དང་པོ་མཛད་དེ་དུས་ཚོད་ཕྲན་བུ་སོང་བའི་རྗེས་སུ་དགེ་སློང་གི་སོ་སོར་ཐར་པའི་མདོ་དེ་སྐད་ཡིག་སྣ་ཚོགས་ནང་འདོན་པ་རེད། དེ་ནས་པཱ་ལི་སྐད་དུ་སོ་སོར་ཐར་པའི་མདོ་འདོན་མཁན་དེ་ལ་གནས་བརྟན་སྡེ་པ་དང་། ལེགས་སྦྱར་གྱི་སྐད་དུ་སོ་སོར་ཐར་པའི་མདོ་འདོན་མཁན་དེ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། རང་བཞིན་པའི་སྐད་ལ་མདོ་འདོན་མཁན་དེ་ལ་གནས་བརྟན་ཕལ་ཆེན་པ། པི་ཤ་ཙིའི་སྐད་དུ་སོ་སོར་ཐར་པའི་མདོ་འདོན་མཁན་དེ་ལ་མང་པོས་བཀུར་བའི་སྡེ་པ་ཞེས་ཉན་ཐོས་ནང་སྡེ་པ་བཞི་ཡོང་བ་དེ་སྐད་ཡིག་གི་དབང་གིས་བྱུང་བ་རེད། དེའི་རྗེས་སུ་སྡེ་པ་བཅོ་བརྒྱད་དང་། དེ་ནས་སྡེ་པ་ཉི་ཤུ་རྩ་གསུམ་ལ་གྱེས། དེ་ལྟར་རྒྱ་གར་ནང་ཉན་ཐོས་ཐེག་པའི་སྡེ་པ་དེ་ཚོ་ཁ་མང་པོར་གྱེས་པ་དང་། སྐད་ཡིག་མི་འདྲ་བ་བཞིའི་ནང་སངས་རྒྱས་ཀྱི་གསུང་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་དེ་དག་སངས་རྒྱས་ཀྱི་གསུང་ཡིན་པ་གཅིག་པ་རེད་ལ། སངས་རྒྱས་ཀྱི་བསྟན་པ་ཡིན་པའང་གཅིག་པ་རེད། རྗེས་སུ་སྡེ་པ་བཅོ་བརྒྱད་པོའི་རྩོད་པ་དེ་ཆོས་ཕྱོགས་སུ་ཞི་བ་རེད། དེ་ཡང་སངས་རྒྱས་འོད་སྲུང་གི་སློབ་མ་རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལམ་ནང་ཤཱཀྱ་ཐུབ་པའི་བསྟན་པ་དར་བའི་སྐབས་སུ་མི་མང་པོ་རས་ཡུག་གཅིག་ལ་རྩོད་ནས་དེ་དུམ་བུ་བཅོ་བརྒྱད་ལ་བགོས་པ་དང་། མཐར་དུམ་བུ་བཅོ་བརྒྱད་རེ་རེ་བཞིན་རས་ཡུག་གཅིག་རེ་ཆ་ཚང་བྱུང་བ་རྨིས། དེའི་རྨི་ལམ་གྱི་ལུང་བསྟན་ནི་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་བྱུང་ནའང་དེ་དག་ཚང་མ་སངས་རྒྱས་ཀྱི་བསྟན་པ་ཡང་དག་པ་ཡིན་པ་དང་། དེའི་ནང་ལ་ཁྱད་པར་མེད་པའི་ལུང་བསྟན་དེ་མཐོང་ནས་སྡེ་པ་བཅོ་བརྒྱད་པོའི་རྩོད་པ་དེ་ཆོས་ཕྱོགས་སུ་ཞི་ནས་ཚང་མ་སངས་རྒྱས་ཀྱི་བསྟན་པ་ཉག་གཅིག་ཏུ་འདྲེས་པ་ཡིན་གསུངས་ཀྱི་ཡོད།

ཐེག་པ་ཆེན་པོའི་མདོ་དང་རྒྱུད་མང་ཆེ་བ་ལེགས་སྦྱར་རམ་སཾསྐྲཱྀཏ་སྐད་དུ་ཡོད། དེ་ཅིའི་ཕྱིར་ཡིན་ཞེ་ན། སྐབས་དེར་ཐེག་པ་ཆེན་པོའི་ཆོས་གསུང་སའི་གདུལ་བྱ་ནང་ལྷའི་གདུལ་བྱ་མང་བ་ཡོད་སྟབས། ལེགས་སྦྱར་ལྷའི་སྐད་ཟེར་བ་རེད། དཔེར་ན་ཤེར་ཕྱིན་གྱི་མདོ་ལྟ་བུ་ལ་མཚོན་ན། མིའི་རྟེན་ཅན་གྱི་གདུལ་བྱ་ཉུང་ཉུང་རེད། ནམ་རྒྱུན་ང་ཚོས་རྟག་ཏུ་འདོན་བཞིན་པའི་ཤེས་རབ་སྙིང་པོ་ལྟ་བུར་མཚོན་ན། ཤེས་རབ་སྙིང་པོ་གསུང་སའི་ཆེད་དུ་བྱ་བའི་གདུལ་བྱ་དེ་ཤཱ་རིའི་བུ་དང་སྤྱན་རས་གཟིགས་རེད། དེ་ཡང་ཤཱ་རི་བུ་མིའི་རྟེན་ཅན་གྱི་གདུལ་བྱ་རེད། སྤྱན་རས་གཟིགས་ལྷའི་རྟེན་ཅན་གྱི་གདུལ་བྱ་རེད། སྤྱན་རས་གཟིགས་ནི་མི་མིན་ཞིང་། དེ་ནི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ནང་ནས་གཅིག་རེད། དེ་ལྟར་ལེགས་སྦྱར་གྱི་སྐད་དུ་གསུངས་པ་ཡིན་སྟབས་ཐེག་པ་ཆེན་པའི་མདོ་རྒྱུད་མང་ཆེ་བ་ལེགས་སྦྱར་གྱི་སྐད་ནང་ཡོད་པ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བཀའ་བསྡུ་བྱེད་པའི་སྐབས་སུའང་ལྷའི་ཡུལ་དུ་སྤྱན་རས་གཟིགས་དང་བྱམས་པ་དང་ཕྱག་རྡོར་གསུམ་པོས་ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་གྱི་བཀའ་བསྡུ་མཛད་པ་རེད། རྒྱུད་ཕལ་མོ་ཆེ་ཕྱག་ན་རྡོ་རྗེས་བཀའ་བསྡུ་མཛད་པ་རེད། དེར་བརྟེན་སངས་རྒྱས་ཀྱི་གསང་སྔགས་ཀྱི་ཆོས་དེའང་སྐབས་དེ་དུས་ནས་ཡོད་པ་ཤ་སྟག་རེད་མ་གཏོགས། རྗེས་སུ་ཧིནྡཱུ་དང་འབྲེལ་བའི་སྐད་ཆ་གང་ཡང་མེད།

དེང་སང་སྐད་ཡིག་གཞན་ནང་ཡོད་པའི་མདོ་དང་བསྟན་བཅོས་མང་ཆེ་བ་བརླགས་ཚར་བ་རེད། ད་ལྟ་པཱ་ལིའི་སྐད་དུ་འཕགས་པ་གནས་བརྟན་སྡེ་པའི་སྡེ་སྣོད་གསུམ་པོ་ཆ་ཚང་བ་ཡོད། ལེགས་སྦྱར་གྱི་སྐད་དུ་ཡོད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་སྣོད་གསུམ་དང་ཐེག་པ་ཆེན་པོའི་མདོ་རྣམས་ལེགས་སྦྱར་གྱི་སྐད་དུ་ཉུང་ཉུང་ལས་ལྷག་མེད། ལྷག་པ་དེ་ཡང་བོད་སྐད་ནང་རེད། དེ་བཞིན་རྒྱ་སྐད་ནང་ཕྲན་བུ་ལྷག་ཡོད། ཐོག་མར་ལེགས་སྦྱར་གྱི་སྐད་ནས་རྒྱ་ནག་སྐད་དུ་གང་འཚམས་བསྒྱུར་བ་རེད། རྒྱ་ནག་ལས་ཧ་ཅང་མང་བ་བོད་སྐད་ནང་བསྒྱུར་བ་རེད། ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་ནི་ཐེག་པ་ཆེན་པོ་སྡེ་སྣོད་གསུམ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་འདུལ་བའི་སྡེ་སྣོད་ཆ་ཚང་ད་ལྟ་བོད་སྐད་ནང་ཡོད།

སངས་རྒྱས་ཀྱི་ཆོས་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་པཱ་ལིའི་ནང་ཆོས་དང་སཾསྐྲྀཏའི་ནང་ཆོས་ཞེས་བཤད་ན་ཐེ་ཚོམ་དང་ལོག་རྟོག་མང་པོ་ཡོང་ཉེན་ཡོད། དེ་ནི་ཏག་ཏག་བསྡད་མེད། ཡིན་ནའང་གང་བརྗོད་ཐུབ་ཀྱི་རེད་ཅེ་ན། ཐེག་པ་ཆེན་པོའི་མདོ་རྒྱུད་དང་། དེའི་རྗེས་སུ་རྒྱ་གར་གྱི་པཎྜིཏ་ཆེན་པོ་རྣམས་ཀྱིས་བརྩམས་པའི་བཀའི་འགྲེལ་པའི་བསྟན་བཅོས་མང་ཆེ་བ་ལེགས་སྦྱར་གྱི་སྐད་དུ་བཞུགས་ཡོད། ཐེག་པ་དམན་པའི་སྡེ་སྣོད་གསུམ་པོ་སྐད་ཡིག་གཞན་དུ་བརླགས་པ་ཡིན་སྟབས། ད་ལྟ་པཱ་ལིའི་གཅིག་པུའི་ནང་བཞུགས་ཡོད། བོད་སྐད་དང་ལེགས་སྦྱར་གྱི་སྐད་དུ་ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་དང་། ཐེག་པ་དམན་པའི་སྡེ་སྣོད་ཚང་མ་བཞུགས་ཡོད། དཔེར་ན་བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ལྟ་བུར་མཚོན་ན། ཐེག་པ་གསུམ་དང་རྒྱུད་སྡེ་བཞི་བཅས་ཚང་མའི་གཞུང་དེའི་ནང་ཚུད་ཡོད། དེར་བརྟེན་ཐེག་ཆེན་གྱི་ཆོས་ལུགས་དང་། ཉན་ཐོས་ཐེག་པའི་ཆོས་ལུགས་སམ་ཐེག་པ་དམན་པའི་ཆོས་ལུགས་ཞེས་བཤད་ན་གཞུང་དང་མཐུན་པ་རེད། དེ་མིན་པཱ་ལིའི་ཆོས་ལུགས་དང་ལེགས་སྦྱར་གྱི་ཆོས་ལུགས། ཡང་ན་ Northern Buddhism དང་ Southern Buddhism དེ་བཞིན་ Early Buddhism དང་ Later Buddhism ཞེས་པ་ཚང་མ་ནུབ་ཕྱོགས་པའི་མཁས་པ་ཚོས་ཞིབ་ཚགས་པོ་མ་ཤེས་པར་བཤད་པའི་རྣམ་གཞག་ཅིག་རེད། དེ་དག་ལ་ཆ་བཞག་དགོས་དོན་གང་ཡང་མེད། འོན་ཀྱང་པཱ་ལི་སྡེ་སྣོད་གསུམ་དང་ལེགས་སྦྱར་གྱི་སྡེ་སྣོད་གསུམ་ཞེས་པའི་ཐ་སྙད་དེ་སྐབས་རེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བེད་སྤྱོད་གནང་གི་རེད། ད་ལྟའི་གཞུང་ལུགས་སམ་ངག་གི་རང་བཞིན་མང་ཆེ་བ་དེ་ལེགས་སྦྱར་དང་པཱ་ལི་གཉིས་ནང་ཡོད། ང་ཚོ་བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ནི་མང་ཆེ་བ་ལེགས་སྦྱར་ནས་བསྒྱུར་བ་རེད། པཱ་ལི་ནས་བསྒྱུར་བ་རེ་གཉིས་ཙམ་རེད། དེར་བརྟེན་གཞུང་ལུགས་བཞུགས་སའི་སྐད་ཡིག་གི་ཆ་ནས་བཏགས་ན་མ་འགྲིགས་པ་མེད། དེས་ན་པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ཅེས་ཐ་སྙད་དེ་དེང་སང་བོད་སྤྱོད་འགྲོ་མུས་རེད།

ཌོཀ་ཊར་རཱ་དྷཱ་ཀྲྀཥྞན་ (Dr. Radhakrishnan) གྱིས་ནང་ཆོས་གང་ཡང་མཁྱེན་གྱི་མ་རེད། ལྷག་པར་དུ་རྒྱ་གར་ནང་ནང་ཆོས་ལ་སློབ་སྦྱོང་བྱེད་མཁན་ཧ་ཅང་དཀོན་པའི་སྐབས་སུ་ཌོཀ་ཊར་རཱ་དྷཱ་ཀྲྀཥྞན་བྱུང་བ་རེད། དེར་བརྟེན་མཧཱ་པཎྜིཏ་རཱ་ཧུལ་སཱཾཀྲྀཏྻཱཡན་ (Mahapandit Rahul Sankrityayan) གྱིས་རཱ་དྷཱ་ཀྲྀཥྞན་ཀཱ་ལི་པཱ་པོ་ཏི་ཞེས་བྲིས་ཡོད། ལི་པཱ་པོ་ཏཱི་ཞེ་ན། གཏིང་ཟབ་པོ་མ་མཁྱེན་པར་རྩིག་པར་ཞལ་བ་བཞིན་སྒང་སྒང་ལ་བྱུག་པ་ལྟ་བུ་ལ་ཟེར། དེ་ནི་བདེན་པའི་གསུང་ཞིག་རེད། སྤྱིར་རཱ་དྷཱ་ཀྲྀཥྞན་ནི་ནུབ་ཕྱོགས་པའི་ལྟ་གྲུབ་སྨྲ་བ་ཞིག་རེད། ཁོང་གི་སློབ་སྦྱོང་བྱེད་ས་གཙོ་བོ་དེ་ནུབ་ཕྱོགས་པའི་ Philosophy རེད། Philosophy ཟེར་བ་དེ་ལྟ་གྲུབ་ལ་ཏག་ཏག་སྡོད་ཀྱི་ཡོད་མེད་དྭོགས་པ་རེད། ཡིན་ནའང་དེང་སང་རྒྱུན་སྤྱོད་ཀྱི་སྐད་ནང་ Philosophy ཟེར་བ་དེ་རྒྱ་གར་གྱི་སྐད་དུ་དརྴན་ (Darshan) ཞེས་བརྗོད། བོད་སྐད་དུ་སྒྱུར་བའི་སྐབས་སུ་ལྟ་གྲུབ་ཅེས་ཟེར་གྱི་ཡོད། ཡིན་ནའང་དེར་བསྒྱུར་བའི་དབང་གིས་ཡོང་འཚམས་ནས་རྒྱུན་འབྱམས་སུ་ཆགས་པ་མ་གཏོགས། དངོས་གནས་ཞིབ་ཚགས་པོས་བལྟས་ན། Philosophy གོ་དོན་དང་ལྟ་གྲུབ་ཀྱི་གོ་དོན་གཉིས་ལ་ཁྱད་པར་གང་འཚམས་ཡོད། འོན་ཀྱང་དེང་སང་བེད་སྤྱོད་དེ་འདྲ་གཏོང་གི་ཡོད། དེ་ལྟར་རཱ་དྷཱ་ཀྲྀཥྞན་གྱིས་ནང་པའི་གཞུང་ལུགས་དང་ནང་པའི་ལྟ་གྲུབ་གཉིས་ཀ་མ་མཁྱེན་པར་བརྟེན། སངས་རྒྱས་ཤཱཀྱ་ཐུབ་པ་ཧིནྡཱུ་ནང་དུ་འཁྲུངས་པ་རེད། ཧིནྡཱུ་བྱས་ནས་བཞུགས་པ་རེད།ཧིནྡཱུ་བྱས་ནས་དགོངས་པ་རྫོགས་པ་རེད་ (He Born as Hindu, He lived as Hindu, He died as Hindu) ཅེས་བཤད་ཡོད། དེ་ཚོ་ཧ་ཅང་ཐལ་ཆ་ཆེན་པོ་རེད། ལར་ནས་ཧིནྡཱུའི་ནང་འཁྲུངས་པ་རེད། ཧིནྡཱུ་བྱས་ནས་བཞུགས་པ་རེད། ཧིནྡཱུ་བྱས་ནས་འདས་པ་རེད་བཤད་པ་དེ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་སུ་ཧིནྡཱུ་ཟེར་བའི་ཚིག་ཙམ་ཡང་མེད། སྐབས་དེར་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག ཡང་ན་གཡུང་དྲུང་གི་ཆོས་དང་གསར་པའི་ཆོས། ཡང་ན་གྲངས་ཅན་པ། རིག་བྱེད་པ། བྱེ་བྲག་པ། གཅེར་བུ་བ་སོགས་ཀྱི་དབྱེ་བ་མ་གཏོགས། ཧིནྡཱུ་ཟེར་བའི་ཚིག་དེ་ཧ་ཅང་རྗེས་སུ་བྱུང་བ་རེད། དེ་ཚོ་རྩ་བ་ནས་མ་མཁྱེན་པའི་སྐད་ཆ་རེད། དེའི་ཐོག་ཏུ་འགྲོ་དགོས་པ་གང་ཡང་མི་འདུག

སྔགས་ཀྱི་གཞུང་ལུགས་རྣམས་ཧིནྡཱུ་ནས་ཤུགས་ནུས་ཐེབས་པ་རེད་ཅེས་ཟེར་དགོས་དོན་ནི་ཧིནྡཱུའམ་ཕྱི་རོལ་པའི་སྔགས་ཀྱི་གཞུང་ལུགས་དང་ནང་པའི་སྔགས་ཀྱི་གཞུང་ལུགས་གཉིས་ནང་ཚིག་འདྲ་པོ་མང་པོ་ཡོད་པའི་དབང་གིས་རེད། སྤྱིར་སྔགས་ཞེས་པ་དེ་གང་བརྗོད་ཀྱི་ཡོད་ཅེ་ན། ཚིག་གམ་སྒྲ་ཡི་ནུས་པར་བརྟེན་ནས་བགྲང་རྒྱུའི་སྔགས་དེ་བཟོས་ནས་དེའི་ཐོག་ནས་འགྲོ་བ་དེ་ལ་སྔགས་ཅེས་ཟེར་གྱི་ཡོད། དེར་བརྟེན་སྔགས་ཀྱི་རྒྱུད་སྡེའི་ནང་ངག་ནས་སྨྲ་བརྗོད་བྱེད་པའི་སྔགས་ཚིག་མང་པོ་ཞིག་བཤད་ཀྱི་ཡོད། དེ་ནི་སྔགས་ཀྱི་ཡན་ལག་ལྟ་བུ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཙང་། ཕྱི་རོལ་པའི་གཞུང་ལུགས་ནས་བཤད་པའི་བགྲང་རྒྱུའི་སྔགས་དང་ནང་པའི་རྒྱུད་ནས་བྱུང་བའི་བགྲང་རྒྱུའི་སྔགས་ཀྱི་ནང་ཚིག་འདྲ་པོ་མང་པོ་རེད། དཔེར་ན་ཡོངས་གྲགས་སུ་སྔགས་ཤིག་ཡིན་ཕྱིན་ཆད་ཨཱོཾ་ནས་མགོ་བཙུགས་པ་དང་། མཐའ་བསྡོམས་སུ་ཧཱུྃ་དང་ཕཊ་དང་སྭཱཧཱ་སོགས་གང་རུང་ཡོང་བ་དེ་ཕྱི་རོལ་པ་དང་ནང་པའི་ནང་ཧ་ཅང་འདྲ་པོ་ཡོད། དེ་ལ་བརྟེན་ནས་སློབ་སྦྱོང་གཏིང་ཟབ་མེད་པ་རྣམས་ལ་གཅིག་པ་མིན་འགྲོ་བསམས་པ་ཡོང་སྲིད། ཡིན་ནའང་ཕྱི་རོལ་པའི་སྔགས་དང་ནང་པའི་སྔགས་ཀྱི་ཁྱད་པར་ཇི་ལྟར་ཕྱེ་དགོས་པ་དེ་ཐོག་མར་ཤེས་དགོས། དེ་ནི་ཕྱི་རོལ་པ་ནས་ཡོང་མིན་ནི་སྔགས་ཀྱི་རྒྱུད་ནས་བཤད་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་བལྟ་དགོས། དེ་ཡང་སྔགས་ཀྱི་རྒྱུད་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཐབས་ལམ་བསྟན་གྱི་ཡོད། དེས་ན་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་པ་ནི་ནང་པའི་སྐད་ཆ་རེད་མ་གཏོགས། ཕྱི་རོལ་པའི་ལྟ་གྲུབ་གང་གི་ནང་དུའང་སངས་རྒྱས་ཀྱི་གོ་འཕང་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་པ་རྩ་བ་ནས་མེད། དེ་བཞིན་ནང་པའི་སྔགས་སུ་ལམ་སྒོམ་པའི་སྐབས་ལའང་སྟོང་ཉིད་དང་སྙིང་རྗེ་གཉིས་ཟུང་འབྲེལ་དགོས་པར་གསུངས་ཡོད། དེ་ཡང་སྟོང་པ་ཉིད་ཀྱི་དོན་བསྒོམ་རྒྱུ་དང་། སྟོང་པ་ཉིད་ཀྱི་དོན་སྒོམ་པའི་བློ་དེའང་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་སློང་བ་ཞིག་དགོས་པ་བཤད་ཀྱི་ཡོད། འོན་ཀྱང་ཕྱི་རོལ་པའི་ལམ་གྱི་རྣམ་གཞག་ནང་སྟོང་ཉིད་ཀྱི་སྐད་ཆ་མེད། ཁོང་ཚོ་ནི་མང་ཆེ་བ་བདག་འདོད་མཁན་གྱི་ཕྱི་རོལ་པ་རེད། གལ་ཏེ་བདག་མི་འདོད་པའི་ཕྱི་རོལ་པས་ཀྱང་ནང་པས་བཤད་པའི་སྟོང་པ་ཉིད་ཀྱི་སྐད་ཆ་བཤད་ཀྱི་མེད། སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ནི་དེ་བས་ཀྱང་བཤད་ཀྱི་མེད། གང་ལྟར་སངས་རྒྱས་ཀྱི་གོ་འཕང་ཁས་མ་ལེན་པའི་རྗེས་སུ་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཡོང་ཐབས་མེད། དེར་བརྟེན་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ནང་ནང་པ་ཡིན་པའི་རྒྱུད་ལ་ནང་པའི་རྒྱུད་ཅེས་བརྗོད་དགོས། དེས་ན་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ནང་སངས་རྒྱས་ཀྱི་གོ་འཕང་དང་། ཕྱིན་དྲུག་དང་བསྡུ་བཞིའི་ཉམས་ལེན། སྟོང་ཉིད་དང་སྙིང་རྗེ་བསྒོམ་རྒྱུ། བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་བཅས་མེད་པ་རྣམས་ནང་པ་མ་ཡིན་པ་དང་། དེ་དག་ཡོད་པ་རྣམས་ནང་པ་ཡིན་པར་བརྟེན། གནམ་ས་ལྟ་བུའི་ཁྱད་པར་ཧ་ཅང་གསལ་པོ་རེད། འོན་ཀྱང་ཚིག་ཁ་ཤས་འདྲ་པོ་ཡོད་པ་ཙམ་གྱིས་ཧིནྡཱུ་ནས་ཤན་ཞུགས་པའམ་གནོན་ཤུགས་སླེབས་འདུག་ཟེར་བ་ནི་དེང་སང་གི་མི་ཚོས་སློབ་སྦྱོང་བྱེད་སྟངས་ཀྱི་འགྲོས་ཤིག་རེད། དེར་སྙིང་པོ་གང་ཡང་མེད།

དགེ་འདུན་ཆོས་འཕེལ་གྱིས་བོད་དུ་ཡོད་སྐབས་བྷགབཏ་གཱིཏཱ་ (Bhagvat Geeta) ནང་ནས་ཚིགས་བཅད་ཁ་ཤས་བོད་སྐད་དུ་བསྒྱུར་ཏེ་བོད་ཀྱི་མཁས་པ་ཚོར་བསྟན་ནས་འདྲི་དུས་རྒྱུད་ཀྱི་ཚིག་ཡིན་བཟོ་འདུག་ཅེས་གསུང་མཁན་བྱུང་བ་རེད། དེ་ལྟར་གསུང་དགོས་པའི་རྒྱུ་མཚན་ནི་ཚིག་འདྲ་པོ་ཡོད་པའི་དབང་གིས་རེད། དེས་ན་ཚིག་འདྲ་པོ་ཡོད་པ་ཙམ་གྱིས་གཅིག་གིས་གཅིག་ལ་ཤན་ཞུགས་པ་ཟེར་བ་དེ་རིགས་ལམ་མ་ཆགས་པ་དང་རིགས་པའི་འགྲོས་མེད་པའི་སྐད་ཆ་རེད། གང་ལྟར་འདྲ་པོ་ཡོད་མེད་དང་ཤན་ཤུགས་ཐེབས་མིན་ནི་དོན་ལ་བལྟ་དགོས། དེར་བརྟེན་གནས་ཚུལ་དེ་ཚོ་ཞིབ་ཚགས་པོས་མཁྱེན་དགོས་ན་ང་ཚོའི་གཞུང་ལུགས་ཀློག་དགོས། ད་ལྟ་འདིར་ཕྱག་དེབ་ཀྱི་མཚན་བྱང་གསུངས་པ་ཚང་མ་ཆ་མ་ཚང་བའི་གནས་ཚུལ་མ་གཏོགས། ཚང་ལ་མ་ནོར་བའི་གནས་ཚུལ་མ་རེད། ཚང་ལ་མ་ནོར་བའི་གནས་ཚུལ་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་འབྲི་མཁན་དེ་སྔོན་ཧ་ཅང་ཉུང་ཉུང་རེད།

རྒྱ་གར་གྱི་གནས་ཆེན་ཁ་ཤས་ནང་སྐུ་འདྲ་ཁ་ཤས་སྔོན་མ་སྔགས་ཀྱི་བསྟན་པ་དར་བའི་སྐབས་ཀྱི་ནང་པའི་སྐུ་འདྲ་རེད་ཅེས་པ་དེ་བྱུང་བ་རིག་པའི་ཐོག་ནས་ཡིན་པའང་སྲིད། དཔེར་ན་བ་དྲཱི་ནཱཐ་ (Badrinath) དང་ཀེ་དཱར་ནཱཐ་ (Kedarnath) ལ་ཡོད་པའི་སྐུ་དེ་ཚོ་ཁ་ཤས་སྤྱན་རས་གཟིགས་ཀྱི་སྐུ་ཆག་གྲུམ་ཕྱིན་པ་དེ་འདྲ་འདུག་ཅེས་དངོས་ཡོད་གནས་སྟངས་མཐོང་མཁན་མང་པོ་བྱུང་བ་རེད། སྤྱན་རས་གཟིགས་ལྟ་བུར་མཚོན་ན། དེ་ནི་ཕྱི་ནང་ཐུན་མོང་བའི་ལྷ་རེད། ཕྱི་པ་ཚོས་ཀྱང་འཇིག་རྟེན་དབང་ཕྱུག་ཅེས་སྤྱན་རས་གཟིགས་དང་འདྲ་བ་ལ་ཉམས་ལེན་བྱེད་མཁན་ཡོད། དེ་ལྟར་ཕྱི་ནང་ཐུང་མོང་བའི་ལྷ་མང་པོ་རེད། དཔེར་ན་ནོར་རྒྱུན་མ་དང་དབྱངས་ཅན་མའང་ཕྱི་ནང་ཐུན་མོང་བའི་ལྷ་རེད། དེ་བཞིན་ཚོགས་བདག་ལྟ་བུར་མཚོན་ན། ཕྱི་པའི་ཚོགས་བདག་གླང་སྣ་ཡོད་ལ། ནང་པའི་ཚོགས་བདག་གླང་སྣའང་ཡོད། དེ་ལྟ་བུ་ལྷའི་མཚན་དང་སྐུ་མདོག་ཕྱག་མཚན་གཅིག་པ་ཡིན་ཡང་དེའི་སྒྲུབ་ཐབས་དང་རྒྱུད་བཤད་པའི་སྐབས་སུ་རྦད་དེ་ཐ་དད་རེད། དཔེར་ན་ལྷ་མོ་དབྱངས་ཅན་མ་ལྟ་བུར་མཚོན་ན། དབྱངས་ཅན་མའམ་སརསྭཏཱི་ནི་ཕྱི་པ་དང་ནང་པ་གཉིས་ཀས་བསྟེན་པའི་ལྷ་མཚན་གཅིག་པ་རེད། གཅིག་བྱས་ན་ངོ་བོའང་གཅིག་པ་ཡིན་སྲིད། འོན་ཀྱང་སྒྲུབ་ཐབས་ཐོག་སླེབས་དུས་ཕྱི་རོལ་པས་བསྟེན་སྟངས་དང་ནང་པས་བསྟེན་སྟངས་གཉིས་རྦད་དེ་ཐ་དད་རེད། ནང་པས་དབྱངས་ཅན་མ་སྒྲུབ་པའི་སྐབས་སུ་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་འགྲོ་དགོས། དེ་ཡང་ལམ་གོལ་བ་ལས་ཁྱད་པར་དུ་འབྱེད་པའི་ཆེད་སྐྱབས་འགྲོ་དང་། ལམ་དམན་པ་ལས་ཁྱད་པར་དུ་འབྱེད་པའི་ཆེད་སེམས་བསྐྱེད་ཅེས་བརྗོད། དེ་རྗེས་གཞི་ནས་བདག་མདུན་གྱི་མཆོད་པ་སོགས་ཡོང་གི་ཡོད། འོན་ཀྱང་ཕྱི་རོལ་པ་ཡིན་ན་སྐྱབས་འགྲོ་དང་སེམས་བསྐྱེད་མེད། ལྷ་དེའི་སྔགས་དང་སྒྲུབ་ཐབས་ཙམ་རེད། དེ་བཞིན་བདག་སྐྱེད་མདུན་སྐྱེད་དང་། སྐྱེད་རིམ་རྫོགས་རིམ་བཤད་པའི་སྐབས་སུ་རྦད་དེ་ཐ་དད་རེད། དེ་ཚོ་མཚུངས་བསྡུར་བྱེད་ཐབས་མེད། དེར་བརྟེན་ང་ཚོས་ལྷ་མང་པོར་ཕྱི་ནང་ཐུན་མོང་བའི་ལྷ་ཡིན་པར་ཁས་ལེན་པ་གང་ཞིག་ལ། སྒྲུབ་པའི་སྐབས་སུ་ནང་པའི་སྒྲུབ་སྟངས་དང་ཕྱི་པའི་སྒྲུབ་སྟངས་གཉིས་རྦད་དེ་ཐ་དད་ཡིན་པ་ཤེས་དགོས། དེར་བརྟེན་ནང་པའི་ཕར་ལ་ཤན་ཤུགས་ཐེབས་པ་རེད་ཅེས་ཟེར་ཐབས་མེད་ལ། དེ་བཞིན་ཕྱི་རོལ་པས་ཚུར་ཤན་ཤུགས་ཐེབས་པ་རེད་ཅེས་ཀྱང་ཟེར་ཐབས་མེད། ཡིན་ནའང་ནང་པའི་ལྷ་ཁང་ཡིན་པ་ལ་ཕྱི་རོལ་པས་བཟུང་བ་ནི་བཱ་ལཱ་ཇཱི་ (Balaji) ཙམ་མ་ཡིན་པར་ས་གནས་གཞན་མང་པོར་དེ་འདྲ་བྱུང་ཡོད་ཚོད་འདུག  དཔེར་ན། ཝཱ་རཱ་ཎ་སཱི་ (Varanasi) ལ་ཁ་ཆེའི་དམག་སྐབས་སུ་གཏོར་བའི་སངས་རྒྱས་ཀྱི་སྐུ་འདྲ་མང་པོ་གྲོང་གསེབ་པ་ཚོས་ས་གནས་གང་སར་བཞག་སྟེ་སངས་རྒྱས་ཀྱི་སྐུ་འདྲ་དབུ་མེད་པ་སྐུ་ཆག་གྲུམ་ལ་སིནྡཱུར་ (Sindoor) བྱུགས་ནས་ཧ་ནུ་མཱན་ (Hanuman) ཡིན་ཟེར་བ་དང་། ཁ་ཤས་ལ་ཚོགས་བདག་ཡིན་ཟེར་ནས་མཆོད་འབུལ་བྱེད་བསྡད་པ་མང་པོ་རེད། དེར་བརྟེན་སྐུ་འདྲ་ཕར་ཚུར་འདྲེས་པ་དེས་སྔགས་དང་སྔགས་ཀྱི་ཉམས་ལེན་བྱེད་པའི་རྒྱུན་ལ་ཕར་ཚུར་ཤན་ཤུགས་ཐེབས་པ་དང་འདྲེས་པ་ཡོད་རེད་ཟེར་ན་རྦད་དེ་ནོར་བ་རེད། དེ་ཚོའི་རིགས་ལ་ཞིབ་ཚགས་པོས་ཞིབ་འཇུག་བྱེད་དགོས་པ་དང་གཏན་ལ་ཕབ་དགོས་པ་གལ་ཆེན་པོ་རེད། དེ་ཡང་ང་ཚོའི་ནང་པའི་གཞུང་ལུགས་ལ་བལྟས་ན་མ་གཏོགས། དེང་སང་མཁས་པ་ཡིན་ཟེར་མཁན་གྱིས་བྲིས་པའི་དེབ་ལ་བལྟས་ན་ཧ་ཅང་འཁྲུགས་ཉེན་ཡོད།

འདུས་བྱུང་ཕུན་ཚོགས་ཚེ་རིང་། རིན་པོ་ཆེས་ང་ཚོ་ལ་དུས་ཚོད་གནང་ནས་ཧ་ཅང་ཞིབ་ཚགས་པོས་འགྲེལ་བཤད་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

རིན་པོ་ཆེ། ད་རིང་འདིར་བོད་རིགས་མང་པོ་མཇལ་བར་དགའ་པོ་བྱུང་། རྒྱ་གར་ནས་ཐོན་སྐབས་བོད་རིགས་སྤྱི་ཚོགས་སུ་འགྲོ་འཆར་མེད་ལ། བོད་མི་རྣམས་མཇལ་གྱི་རེད་དྲན་མ་སོང་། འོན་ཀྱང་ད་རེས་འགྲོ་ཡུལ་ཚང་མར་བོད་མི་མང་པོ་ཕེབས་འདུག  ད་རེས་འདིར་ཁྱེད་ཚོ་མཇལ་བ་དང་། ཕྱགས་རྟགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

(༢༠༡༣ ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་ནང་ཆོས་དང་ཚན་རིག་སྐོར་གྱི་བགྲོ་གླེང་ཁོངས་ནུབ་ཕྱོགས་ཀྱི་ལྟ་གྲུབ་དང་ཤར་ཕྱོགས་ཀྱི་ལྟ་གྲུབ་གཉིས་དབར་གྱི་ཁྱད་པར་དང་། འདྲ་བའི་ཆ་མི་འདྲ་བའི་ཆ། ཡང་ན་ཐུན་མོང་དུ་གྱུར་པ་ག་ཚོད་ཡོད་མེད། ནང་པས་རང་བྱུང་ཚན་རིག་ལ་བརྟེན་དགོས་སམ་ཞེས་པའི་ཐོག་གནང་བའི་གསུང་བཤད་དང་། གནང་ཡུལ་ནི་ཇར་མན་གྱི་བོད་ཀྱི་ཁང་པ། དྲི་བ་ཞུ་མཁན་ནི་ཇར་མན་བོད་ཀྱི་ཁང་པའི་འགན་འཛིན་འདུས་བྱུང་ཕུན་ཚོགས་ཚེ་རིང་དམ་པ་དེ་ཡིན། ཡིག་འབེབས་པ་སུ་ཡིན་ཆ་མ་འཚལ་ཡང་། ཕྲན་ལ་གནང་མཁན་ནི་འདུས་བྱུང་ཕུན་ཚོགས་ཚེ་རིང་དམ་པ་དེ་ཡིན།)