༈ རྟེན་འབྲེལ་ཡན་ལག་བཅུ་གཉིས།

༄༅།། ད་རིང་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྐོར་བཤད་རྒྱུ་རེད། འདིར་དགུན་ཆོས་ཀྱི་བརྗོད་གཞི་ཁག་འདེམས་སྟངས་ནི་ཐེག་པ་ཐུན་མོང་བའི་སྐོར་དང་། ལྷག་པར་དུ་དེང་སང་འཛམ་གླིང་གི་ནང་པ་སྤྱི་ཡོངས་ཀྱིས་ཤེས་དགོས་པ་རྣམས་རེད། དེ་འདེམས་དགོས་པ་དེ་གང་ཡིན་ཞེ་ན། ང་ཚོ་བོད་པ་ཚོའི་ནང་དུ་སྤྱིར་བཏང་ནང་པའི་ཆོས་དང་རིག་གཞུང་དེ་ཤུགས་ཆེན་པོ་ཡོད་ཀྱང་། དེང་སང་འཛམ་གླིང་སྤྱི་ཡོངས་ཀྱི་ནང་པའི་སྤྱི་ཚོགས་ནང་འདྲེས་པའི་སྐབས་སུ་སྐབས་རེ་ནང་པའི་གཞི་རིམ་གྱི་གནས་ཚུལ་རྣམས་མ་ཤེས་པར་ངོ་ཚ་པོ་བྱེད་མཁན་མང་པོ་རེད། གལ་ཏེ་བོད་པའི་ཁྱིམ་པ་ཞིག་ཐ་ཡི་ལེན་ (Thailand) དང་ཤྲཱི་ལངྐཱ་ (Sri Lanka) ལྟ་བུར་ཕྱིན་ན་ཡུལ་ལུང་དེ་ཚོའི་ནང་པའི་ཁྱིམ་པ་ཞིག་ནང་བཞིན་རྩ་བ་ནས་བྱེད་ཤེས་ཀྱི་མ་རེད། གཞན་དག་ལྟ་ཞོག སྐྱབས་འགྲོ་དང་བསླབ་སྡོམ་ཞུ་བའི་གསོལ་འདེབས་ཙམ་ཡང་འདོན་ཤེས་ཀྱི་མ་རེད། པཱ་ལིའི་སྐད་དུ་འདོན་མ་ཤེས་པ་ལ་ངོ་ཚ་དགོས་པ་མེད་ཀྱང་། བོད་སྐད་དུ་འདོན་ཤོག་ཟེར་ནའང་འདོན་ཤེས་ཀྱི་མ་རེད། World Fellowship of Buddhists ཚོགས་འདུའི་ནང་བོད་པ་དང་། སོག་པོ། འབྲུག་པ་སོགས་ཐེག་ཆེན་པའི་རྒྱལ་ཁབ་ནས་ཕེབས་པའི་ནང་པ་ཁྱིམ་པ་རྣམས་ཀྱིས་བོད་སྐད་དུ་སྐྱབས་སྡོམ་གནང་བའི་ཉིན་མོར་ནམ་རྒྱུན་འདོན་པའི་ལུགས་སྲོལ་མེད་ཙང་རྗེས་ཟློས་བྱ་རྒྱུ་ཙམ་རེད། དེ་བཞིན་འཆར་ཅན་བཤད་པའི་སྡེ་སྣོད་གསུམ་དང་། བསླབ་པ་གསུམ། བདེན་པ་བཞི། རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་ཀྱི་རྣམ་གཞག་རྣམས་སྲ་ཐག་ཐག་ཅིག་གཞན་དག་གིས་བཤད་དུས་ཕར་བཤད་རྒྱུ་ཁག་པོ་ཆགས་བསྡད་པ་ལྟ་བུ་ཡོད།
དེས་ན་ཁྱེད་རང་ཚོས་ད་ལྟ་བསམ་བློ་གཏོང་དགོས་པ་ཞིག་ལ། ང་ཚོ་ནང་པའི་སྤྱི་ཚོགས་ནང་ཡོད་པ་ཡིན་ཙང་ནང་པའི་སྤྱི་ཚོགས་གང་དུ་སླེབས་ཀྱང་ནང་པའི་སྤྱི་ཚོགས་དེ་དང་མཐུན་པའི་བྱ་བ་དེ་དག་བྱེད་ཤེས་པ་དང་། ནང་པས་འཆར་ཅན་བཤད་པའི་གཞི་རིམ་གྱི་སྐད་ཆ་རྣམས་བཤད་ཤེས་པ་དགོས། སྤྱིར་བཏང་ནང་པའི་སྤྱི་ཚོགས་ནང་གཞི་རིམ་གྱི་སྐད་ཆ་བཤད་རྒྱུའི་ནང་པའི་ཆོས་ཀྱི་རྣམ་གཞག་ནང་སྐྱབས་གསུམ་དང་། བདེན་བཞི། རྟེན་འབྲེལ། སྡེ་སྣོད་གསུམ། བསླབ་པ་གསུམ་བཅས་མང་ཤོས་རེད། དེ་ནས་མཛད་པ་བཅུ་གཉིས་ལ་སོགས་པ་དང་། ཐེག་པ་ཐུན་མོང་བའི་མདོ་སྡེ་གང་དང་གང་ཡོད་པ་རྣམས་མ་ཤེས་ན་ནང་པ་ཡིན་ཞེ་ན་ཡ་མཚན་པོ་ཆགས་རྒྱུ་རེད། ནང་པའི་རབ་བྱུང་ཡིན་ན་དགེ་ཚུལ་གྱི་བླང་འདས་སོ་དྲུག་སོགས་དང་། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་རྣམ་གཞག་རྣམས་མ་ཤེས་ན་དགེ་སློང་གཞན་དང་མཉམ་དུ་འགྲོ་དུས་ངོ་ཚ་པོ་ཡོད་རེད། ཐེག་ཆེན་པའི་དགེ་སློང་འདུལ་བ་ལ་སློབ་གཉེར་བྱས་པ་ཞིག་ཐེག་དམན་གྱི་དགེ་སློང་དང་མཉམ་དུ་འགྲོ་ན་ཁོང་ཚོའི་འདུལ་བའི་ཤེས་ཚད་ལས་ང་ཚོའི་འདུལ་བའི་ཤེས་ཚད་མཐོ་བ་རེད། འདུལ་བའི་སློབ་གཉེར་མ་བྱས་པའི་ང་ཚོའི་དགེ་སློང་ཞིག་ཡིན་ན་ཁོང་ཚོས་འདུལ་བ་བཤད་སྐབས་ང་ཚོས་ཏག་ཏག་ཕར་བཤད་རྒྱུ་མེད་ན། བོད་ལ་འདུལ་བ་མེད་པ་དང་། བོད་པའི་གྲྭ་པས་འདུལ་བ་མི་ཤེས་པ། བོད་ཀྱི་སྡོམ་རྒྱུན་དེ་རྣམ་དག་མིན་ཞེས་པ་སོགས་མང་པོ་ཞིག་ཡོང་བ་རེད། དེང་སང་བོད་ཀྱི་པཎ་ཆེན་སྡོམ་རྒྱུན་དང་བླ་ཆེན་སྡོམ་རྒྱུན་གཉིས་ནས་བླ་ཆེན་གྱི་སྡོམ་རྒྱུན་དེ་རྣམ་དག་མ་ཡིན་པའི་འདོད་པ་ཤུགས་ཆེན་པོ་བཤད་ཀྱི་ཡོད། གཙོ་བོ་ནི་རྒྱ་དམར་གྱིས་བར་ལམ་ཆེད་དུ་མངགས་ནས་དྲིལ་བསྒྲགས་བྱས་པ་ཞིག་ཡིན་སྲིད། དེ་བཞིན་ཐེག་དམན་གྱི་ལུང་པ་མང་པོའི་ནང་པཎ་ཆེན་གྱི་སྡོམ་རྒྱུན་ཡོད་པ་དེ་མ་ཤེས་པར་བླ་ཆེན་གྱི་སྡོམ་རྒྱུན་ནང་དགེ་སློང་གྲངས་མ་ཚང་བ་སོགས་ཀྱི་སྐྱོན་བཏགས་ནས་རྣམ་དག་མིན་པ་བཤད་ཀྱི་ཡོད།
གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་རྒྱུན་འཛིན་གྱི་སྡོམ་རྒྱུན་ཡོད་པ་དེ་ང་ཚོ་བོད་པ་དང་སོག་པོ་མ་གཏོགས་མེད། དེའི་ནང་ལ་དྭགས་དང་། འབྲས་ལྗོངས། འབྲུག་ཡུལ་བཅས་གཏོགས་པ་རེད། ཉི་ཧོང་ནང་ཐེག་ཆེན་ཡོད་ཟེར་ཡང་སྡོམ་རྒྱུན་ནི་མེད། རྒྱ་ནག་གི་ནང་དེང་སང་གསོལ་བ་དང་གཞིའི་ལས་ཀྱི་སྒོ་ནས་བསྙེན་པར་རྫོགས་པའི་ཉེས་མེད་ཕུན་ཚོགས་ཀྱི་དགེ་སློང་གི་སྡོམ་རྒྱུན་ཡོད་མེད་དྭོགས་གཞི་རེད། དེར་བརྟེན་དེ་ཚོའི་ནང་པའི་སྤྱི་ཚོགས་དང་འདྲེས་དགོས་དུས་ནང་པའི་སྤྱི་ཚོགས་ཀྱིས་འཆར་ཅན་བཤད་རྒྱུའི་སྐད་ཆ་རྣམས་ཤེས་དགོས། ཐེག་དམན་གྱི་ལུང་པའི་ནང་ཁོང་ཚོས་མང་ཤོས་བཤད་རྒྱུ་ནི་བྱང་ཕྱོགས་སོ་བདུན་དེ་རེད། དེས་ན་བྱང་ཕྱོགས་སོ་བདུན་གྱི་རྣམ་གཞག་དང་། དེའི་ཐོག་ཏུ་སེམས་དང་སེམས་བྱུང་གི་རྣམ་གཞག ལས་འབྲས་ཀྱི་རྣམ་གཞག་བཅས་ཤེས་ན་དེང་སང་མཁས་པ་ཆེན་པོ་ཡིན་ཟེར་མཁན་གྱི་མི་དང་མཉམ་དུ་འདྲ་མཉམ་བྱས་ནས་སྐད་ཆ་བཤད་ཆོག་གི་རེད། དཔེར་ན། གདན་ས་ཁག་ཏུ་ལོ་གཉིས་གསུམ་ཞིག་དཔེ་ཆ་བལྟས་ནས་སེམས་དང་སེམས་བྱུང་ཨའུ་ཙམ་ཤེས་པ་དང་། དེ་ནས་མཛོད་ཕྲན་བུ་ཤེས་པ། བྱང་ཕྱོགས་སོ་བདུན་གྱི་གྲངས་འདྲེན་རྣམས་བློ་ལ་ཡོད་པ་བཅས་བྱུང་ན་ཐེག་དམན་གྱི་ལུང་པ་ལ་མཁས་པ་ཆེན་པོ་ཆགས་ཚར་བ་རེད།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་དེ་ཐེག་པ་ཐུན་མོང་བའི་ནང་གལ་ཆེ་ཤོས་ཤིག་རེད། ང་ཚོ་བོད་པ་དང་བོད་རིགས་ཀྱི་ནང་པ་དཔེ་ཆ་ལྟ་མཁན་ཞིག་ཡིན་ན་དྲག་གི་རེད། འོན་ཀྱང་གཞུང་ཆེན་མོ་ལ་སློབ་སྦྱོང་བྱེད་མཁན་ཞིག་མིན་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གྲངས་ཀའང་སྐྱོར་རྒྱུ་མེད་པ་ཡོང་གི་ཡོད། རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་སྤྱིར་བཏང་ཧ་ཅང་རྒྱ་ཆེན་པོ་རེད། ང་ཚོ་གྲྭ་སར་དཔེ་ཆ་བལྟས་པའི་སྐབས་སུ་དེའི་སྐོར་གཙོ་ཆེ་བ་མངོན་རྟོགས་རྒྱན་སྐབས་ལྔ་པའི་སྐབས་སུ་ལྟ་བ་རེད། གཞུང་དེ་ལས་སླ་པོ་ཞིག་མེད། ཁྱེད་རང་ཚོ་འཛིན་གྲྭའི་ནང་བསླབས་པ་རྣམས་མདོར་བསྡུས་ནས་ངེས་བདེ་བ་བྱས་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གྲངས་དང་ངོ་བོ། དེ་དག་ཡན་ལག་གི་སྒོ་ནས་སྡུད་སྟངས། ངོ་བོའི་སྒོ་ནས་སྡུད་སྟངས། ཚེ་ཇི་ཙམ་ལ་རྫོགས་པ་རྣམས་ཤེས་དགོས།
སྤྱིེར་བཏང་རྟེན་འབྲེལ་ཞེས་པ་ཐེག་ཆེན་གྱི་ལུགས་ལ། དབུ་མ་རྩ་ཤེས་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་།། འགག་པ་མེད་པ་སྐྱེ་མེད་པ།། ཞེས་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་ཞེས་པ་དེ་ལྟོས་པའམ་བརྟེན་ནས་གྲུབ་པ་ལ་བཤད་པ་ན། ཡན་ལག་བཅུ་གཉིས་དེ་རྒྱ་ཆུང་ཆུང་ཆགས་པ་རེད། དེ་ནི་འཁོར་བར་འཇུག་པ་དང་ལྡོག་པའི་རིམ་པའི་དབང་དུ་བྱས་པ་རེད། སྤྱིར་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་ཞེས་བརྗོད་སྐབས་ཡན་ལག་བཅུ་གཉིས་ལ་ལམ་སེང་གོ་མི་ཐུབ། བརྟེན་ནས་བཏགས་པའམ་བརྟེན་ནས་གྲུབ་པ་ཞིག་ལ་རྟེན་འབྲེལ་ཞེས་བརྗོད་པ་ན། རང་གི་ངོ་བོའི་སྒོ་ནས་ཚུགས་ཐུབ་ཏུ་མ་གྲུབ་པ་རེད། གྲུབ་མཐའ་འོག་མའི་ལུགས་ལ་ཆོས་ཐམས་ཅད་རྟེན་འབྲེལ་མ་ཡིན་པའི་དབང་དུ་བཏང་ནའང་། རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་འདུས་བྱས་རྣམས་རྟེན་འབྲེལ་དུ་གྱུར། དེས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་གཞན་པའི་རྟེན་འབྲེལ་མང་པོ་བཤད་རྒྱུ་ཡོད། འཕགས་པ་གནས་བརྟན་སྡེ་པའི་ལུང་པའི་ནང་རྟེན་འབྲེལ་ཞེ་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་ལམ་སེང་གོ་བ་མ་གཏོགས། དེ་ལས་གཞན་པའི་རྟེན་འབྲེལ་འདུས་བྱས་ཐམས་ཅད་ཀྱི་སྟེང་དུ་སྦྱར་ནས་རྒྱ་ཆེན་པོ་ཞིག་བཤད་རྒྱུ་ཡོད་པ་དང་། བརྟེན་ནས་གྲུབ་ཚུལ་དང་ལྟོས་ནས་གྲུབ་ཚུལ་གྱི་རྣམ་གཞག་རྣམས་གྲགས་ཆེ་བ་མེད།
རྟེན་འབྲེལ་ཡན་ལག་བཅུ་གཉིས་སྐོར་མདོར་བསྡུས་ནས་བཤད་པ་ལ་ཐོག་མར་ཡན་ལག་བཅུ་གཉིས་པོ་དེ་གང་ཡིན་ཞེ་ན། མ་རིག་པ་དང་། འདུ་བྱེད་ཀྱི་ལས། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་བཅས་ཡིན།
མ་རིག་པ་ནི་འཁོར་བའི་རྩ་བར་གྱུར་པ་དེ་རེད། དེ་ནི་གོ་བ་རགས་པ་ཙམ་བྱས་ན། དངོས་པོའི་གནས་ལུགས་མཐོང་བ་ལ་སྒྲིབ་པར་བྱེད་མཁན་དེ་རེད། ཡུལ་གྱི་དངོས་པོ་གསལ་དུ་མི་འཇུག་མཁན་གྱི་མུན་པ་དང་མཚུངས་པ་དེ་མ་རིག་པ་རེད། མ་རིག་པ་ལ་དབྱེ་ན། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་བཅས་གཉིས་རེད། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་ནི་རགས་པ་ཞིག་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ནི་དེ་ལས་ཕྲན་བུ་ཕྲ་བ་ཞིག་རེད། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་ལ་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཡོད། དེ་བཞིན་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ལའང་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཡོད། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་ལྷན་སྐྱེས་དེ་ཇི་ལྟར་ཡིན་ཞེ་ན། ང་ཚོ་ཚང་མའི་རྒྱུད་ལ་ལས་འབྲས་ཀྱི་རྣམ་གཞག་ལ་གོ་བ་ཙམ་ཆགས་ནའང་། ལས་འབྲས་ཀྱི་རྣམ་གཞག་ཡག་པོ་རྟོགས་མེད་པར་བརྟེན། ལས་འབྲས་ལ་དེ་ཙམ་བརྩི་པོ་མེད། དེ་ནི་ལས་འབྲས་ལ་རྨོངས་པའི་མ་རིག་པ་ལྷན་སྐྱེས་ཡོད་པའི་རྟགས་རེད། འོན་ཀྱང་ང་ཚོ་ལ་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་ཀུན་བཏགས་དེ་མེད་པའི་རེ་བ་ཡོད་རེད། ཀུན་བཏགས་ནི་གྲུབ་མཐས་སྒྲོ་བཏགས་པའི་ལས་རྒྱུ་འབྲས་མེད་པར་འདོད་པ་དེ་རེད། དེ་མིན་ངམ་ངམ་ཤུགས་ཤུགས་ཀྱིས་སྐྱེ་བའི་ལས་རྒྱུ་འབྲས་ལ་རྨོངས་པ་དེ་མ་རིག་པ་ལྷན་སྐྱེས་དེ་རེད། དེའི་རྟགས་མཚན་ནི་བཀའ་གདམས་པ་གོང་མ་ཚོས་དེང་སང་གི་མི་ལ་སངས་རྒྱས་ལས་ཀྱང་མོ་མ་ཞིག་གཙོ་ཆེ་ཞེས་གསུངས་པ་དེ་རེད། མོ་མ་དེ་ཚོས་འདི་ལོ་འཚུབ་པོ་འདུག སྒྲོལ་མ་སྟོང་ཚར་འདོན་དགོས་ཞེས་བཤད་ན་ལམ་སེང་དེ་འདོན་ཐབས་བྱས་པ་རེད། འོན་ཀྱང་སངས་རྒྱས་ཀྱིས་དགེ་བ་སྒྲུབ་ན་བདེ་བ་ཡོང་བ་དང་། མི་དགེ་བ་བྱེད་ན་སྡུག་བསྔལ་ཡོང་ཞེས་ལུང་བསྟན་ཐོག་མ་ནས་བརྒྱབས་ཟིན་ཡང་། ལུང་བསྟན་དེ་ལ་ང་ཚོ་སེམས་ཁྲལ་ཙམ་ཡང་བྱེད་ཀྱི་མེད། དེས་ན་ང་ཚོ་ལ་སངས་རྒྱས་ཀྱི་གསུང་དེ་ལས་མོ་མ་དེས་ལབ་པ་དེ་རྩ་ཆེ་བ་དང་ཛ་དྲག་པ་ཡོད། དེ་ནི་ང་ཚོ་ལ་ལས་འབྲས་ལ་རྨོངས་པའི་མ་རིག་པ་ཡོད་པའི་རྟགས་རེད། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ནི་གཞིའི་གནས་ལུགས་ཇི་ལྟ་བ་མ་མཐོང་བ་དེ་རེད། དེ་ནི་ཇི་ལྟར་ཡོད་པ་བཞིན་ངོ་མ་འཕྲོད་པ་རེད། གང་ལྟར་སྒྲོ་བཏགས་པའམ་སྐུར་བ་འདེབས་པ་ཅི་རིགས་ཐོག་ནས་འགྲོ་བ་རེད། དེ་ལྟ་བུའི་མ་རིག་པ་དེས་ལས་བསགས་ཤིང་། མ་རིག་པ་དེའི་དབང་གིས་རང་ཕྱོགས་པ་ཆགས་པ་དང་། ཡིད་དུ་འོང་བ་ལ་འོང་ཚད་ལས་འདས་པའི་སྒྲོ་བཏགས་ནས་དེ་ལ་ཆགས་པ། ཡིད་དུ་མི་འོང་བ་ལ་ཚད་ལས་འདས་པའི་སྒྲོ་བཏགས་ནས་དེ་ལ་སྡང་བ། ཡོད་པ་ལ་མེད་པའི་སྐུར་བ་བཏབ་ནས་དེ་ལ་ལོག་ལྟ། མེད་པ་ལ་ཡོད་པའི་སྒྲོ་བཏགས་ནས་དེ་ལ་ལོག་ལྟ་སྐྱེ་བ་སོགས་ཀྱི་ཐོག་ནས་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་མང་པོ་བསགས་པ་རེད།
དེ་ལྟ་བུའི་མ་རིག་པས་ཀུན་ནས་བསླངས་ཏེ་བསགས་པའི་ལས་ལ་གཉིས་པ་འདུ་བྱེད་ཀྱི་ལས་ཟེར། རྩ་བའི་ལས་ལ་སངས་རྒྱས་ཀྱི་འཕྲིན་ལས་ཀྱང་ཡོད་རེད། དེ་དག་ནི་མ་རིག་པས་ཀུན་ནས་མི་བསླངས་པ་ཡིན་ཙང་། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་འདུ་བྱེད་ཀྱི་ལས་དེ་མི་ཆགས། མ་རིག་པའི་གཞན་དབང་དུ་སོང་བའི་གང་ཟག་གིས་དགེ་བ་བྱེད་ནའང་དགེ་བའི་ལས་ཀྱི་ལམ་དེ་འདུ་བྱེད་ཀྱི་ལས་དེ་རེད་ལ། མི་དགེ་བ་བྱེད་ནའང་མི་དགེ་བའི་ལས་ཀྱི་ལམ་དེའང་འདུ་བྱེད་ཀྱི་ལས་དེ་རེད། འདུ་བྱེད་ཀྱི་ལས་ལ་དབྱེ་ན། བསོད་ནམས་ཀྱི་ལས་དང་བསོད་ནམས་མ་ཡིན་པའི་ལས་གཉིེས་སམ། མི་གཡོ་བའི་ལས་དང་བཅས་གསུམ་དུ་དབྱེ་བ་དང་། ཡང་ན་དགེ་བའི་ལས་དང་མི་དགེ་བའི་ལས་གཉིས་རེད། ལས་ཀྱི་མཐར་ཐུག་གྲུབ་དུས་བསགས་པ་ཟེར། དཔེར་ན། སྲོག་གཅོད་པ་ཡིིན་ན་ཕ་རོལ་པོའི་སྲོག་གི་དབང་པོ་འགགས་པ་ན་ལས་བསགས་ཟིན་པ་རེད། དེ་བཞིན་དགེ་བ་བྱེད་པ་དཔེར་ན་སྦྱིན་པ་བཏང་ན་དགེ་བའི་བྱ་བ་རྫོགས་པའི་སྐབས་སུ་ལས་ཀྱི་མཐར་ཐུག་གྲུབ་པ་རེད། ཡིན་ནའང་དེ་ལ་ལམ་སེང་འབྲས་བུ་མི་སྨིན། གང་ལྟར་ལས་ཀྱི་ངོ་བོ་གྲུབ་ནས་འབྲས་བུ་མ་སྨིན་གྱི་བར་དུ་དེ་གང་དུ་བསྡད་ཀྱི་རེད་ཅེ་ན། དེ་ནི་རྣམ་ཤེས་ཀྱི་སྟེང་དུ་བསྡད་པ་རེད།
རྣམ་ཤེས་ཞེས་པ་སྐབས་འདིར་གཙོ་ཆེ་ཤོས་ནི་ལས་འབྲས་ཀྱི་རྟེན་གཞིར་གྱུར་པའི་བདག་དེ་རེད། དེ་ནི་ཐལ་འགྱུར་བ་ལྟར་ན་ང་ཙམ་དེ་རེད། ཀུན་གཞི་འདོད་པའི་ལུགས་ལྟར་ན་སྐབས་འདིའི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རྣམ་ཤེས་དེ་ཀུན་གཞི་ལ་འཇོག་དགོས། ཀུན་གཞི་མི་འདོད་པའི་ལུགས་ལྟར་ན་མཚན་གཞི་ཡིད་ཀྱི་རྣམ་ཤེས་སམ་དྲུག་པ་ཡིད་ཀྱི་རྣམ་ཤེས་དེ་རེད། དེ་ནི་ཚེ་འདི་ནས་སྐྱེ་བ་ཕྱི་མར་འགྲོ་མཁན་དང་། ཚེ་སྔ་མ་ནས་སྐྱེ་བ་འདིར་ཡོང་མཁན། སྐྱེ་བ་སྔ་ཕྱི་བར་གསུམ་དུ་ཁྱབ་པའི་གང་ཟག་གི་མཚན་གཞིར་གྱུར་པའི་བདག་དེ་ལ་དབུ་མ་རང་རྒྱུད་པས་མཚན་གཞི་ཡིད་ཀྱི་རྣམ་ཤེས་ཟེར། དེ་ལྟ་བུའི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་ཇི་ལྟར་བཞག་ཅེ་ན། ལས་ཀྱི་ངོ་བོ་རྫོགས་པ་དང་མཉམ་དུ་ལས་དེའི་འབྲས་བུ་འབྱིན་པའི་ནུས་པ་དེ་ཤོག་བུ་ལ་སྣུམ་ཐིམས་ན་ཤོག་བུ་དང་སྣུམ་ལ་དབྱེ་བ་ཕྱེ་རྒྱུ་མེད་པ་བཞིན་རྣམ་ཤེས་ཀྱི་སྟེང་དུ་བཞག་པ་རེད། དེ་ལྟ་བུའི་གཞག་ས་དེ་ལ་རྣམ་ཤེས་ཟེར། རྣམ་ཤེས་དེ་མེད་ན་ལས་འགགས་ནས་འབྲས་བུ་མ་སྨིན་བར་དུ་མཚམས་སྦྱོར་མཁན་མེད་པར་གྱུར། ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་གཉིས་གང་ཟག་གཅིག་གི་ཐོག་འབབ་དགོས་པ་དེ་རྣམ་ཤེས་དེའི་དབང་གིས་རེད། རྣམ་ཤེས་དེ་ལ་རྒྱུ་དུས་ཀྱི་རྣམ་ཤེས་དང་འབྲས་དུས་ཀྱི་རྣམ་ཤེས་བཅས་གཉིས་ཡོད། རྒྱུ་དུས་ཀྱི་རྣམ་ཤེས་ནི་ད་ལྟ་ང་ཚོ་ལས་བསགས་ནས་བག་ཆགས་བཞག་པའི་སྐབས་ཀྱི་རྣམ་ཤེེས་དེ་རེད། འབྲས་དུས་ཀྱི་རྣམ་ཤེས་ནི་བག་ཆགས་བཞག་པའི་ལས་དེའི་འབྲས་བུ་མྱོང་བའི་སྐབས་སུ་ཡོད་པའི་རྣམ་ཤེས་དེ་རེད། དེ་གཉིས་ནི་གང་ཟག་གཅིག་རེད། དེས་ན་གཞན་གྱིས་བསགས་པ་ལ་གཞན་གྱིས་བཟའ་བའི་ཉེས་པ་དེ་ཡོང་གི་མེད།
དེ་ནས་མིང་གཟུགས་རེད། མིང་ཞེས་པ་ནི་གཟུགས་ཕུང་མིན་པའི་ཕུང་པོ་བཞི་པོ་དེ་རེད། གཟུགས་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་དེ་རེད། ཕུང་པོ་ལྔ་པོ་གྲུབ་པའི་སྐབས་སུ་ཤེས་པའི་ཆ་ལ་མིང་དང་། གཟུགས་ཀྱི་ཆ་ལ་གཟུགས་བཞག་པ་རེད། དེས་ན་གཟུགས་མེད་ལ་སྐྱེ་བ་ལེན་པའི་སྐབས་སུ་མིང་གཟུགས་མེད་དམ་ཞེ་ན། གཟུགས་མེད་ལ་གཟུགས་ཀྱི་ཕུང་པོ་མེད་ཀྱང་། གཟུགས་ཀྱི་ས་བོན་ཡོད་ཅིང་། རྗེས་སུ་འདོད་པ་ལ་སྐྱེ་སྐབས་གཟུགས་འགྲུབ་པའི་ནུས་པ་དེ་ལ་མིང་གཟུགས་ཀྱི་ཆ་ཤས་སུ་གྱུར་པའི་གཟུགས་དེ་འཇོག
སྐྱེ་མཆེད་ནི་མིག་སོགས་སྐྱེ་མཆེད་དྲུག་པོ་དེ་རེད། དེ་ནི་སྐྱེ་ཞིང་འཕེལ་བར་བྱེད་པའི་ངོ་བོ་ཅན་གྱི་ཆོས་ཤིག་ཡིན་ཙང་སྐྱེ་མཆེད་ཅེས་བརྗོད། རེག་པ་ནི་ཡུལ་དང་དབང་པོ་རྣམ་ཤེས་གསུམ་འདུས་ནས་ཡིད་དུ་འོང་དང་མི་འོང་བར་མ་བཅས་ཡོངས་སུ་སྤྱོད་པར་བྱེད་པ་དེ་ལ་རེག་པ་ཟེར། ཡུལ་དབང་རྣམ་ཤེས་གསུམ་ནི་མིག་ཤེས་ལྟ་བུར་མཚོན་ན། ཡུལ་ནི་གཟུགས་དང་། དབང་པོ་ནི་མིག་གི་དབང་པོ། རྣམ་ཤེས་ནི་དེ་ལ་བརྟེན་པའི་ཤེས་པ་བཅས་གསུམ་པོ་འདུས་ཏེ་རེག་པ་ན་ཚོར་བ་སྐྱེ། གང་ལྟར་རེག་པ་དེས་ཚོར་བ་དྲངས་པ་རེད། དེས་ན་ཡིད་དུ་མི་འོང་བ་ལ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་དང་། ཡིད་དུ་འོང་བ་ལ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ། བར་མ་ལ་རེག་པ་ལས་བྱུང་བའི་ཚོར་བ་བཏང་སྙོམས་བྱུང་། ཚོར་བ་དེས་སྲེད་པ་དྲངས་ཤིང་། སྲེད་པ་ནི་བརྐམ་པའམ་ཆགས་པ་རེད། སྲེད་པ་ནི་ཡིད་དུ་འོང་བ་ལ་མི་འབྲལ་བར་འདོད་པ་དང་། ཡིད་དུ་མི་འོང་བ་ལ་འབྲལ་བར་འདོད་པ་རེད། སྲེད་པ་ལ་དབྱེ་ན་འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ། གཟུགས་མེད་ཀྱི་སྲེད་པ་བཅས་ཁམས་གསུམ་གྱི་སྲེད་པ་གསུམ་རེད། དེ་ནས་ལེན་པ་རེད། དེ་ནི་ཆགས་པའི་ངོ་བོ་ཞིག་རེད། དེ་ནི་ཡུལ་རྣམ་པ་བཞི་ལ་ཀུན་ནས་ཆགས་པ་རེད། སྲེད་པ་དེ་བརྐམ་པ་རེད། ལེན་པ་ནི་འཐོབ་པར་བྱེེད་པའི་འདུན་པ་དེ་རེད། དེ་ལ་འདོད་པ་ཉེར་ལེན་དང་། ལྟ་བ་ཉེར་ལེན། ཚུལ་ཁྲིམས་བརྟུལ་ཞུགས་ཉེར་ལེན། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཅས་བཞི་རེད། དེ་ལས་ཕལ་མོ་ཆེ་ནི་འདོད་པ་ཉེ་བར་ལེན་པ་རེད། གཞན་རྣམས་ནི་གྲུབ་མཐའ་ལ་བློ་ཁ་ཕྱོགས་པ་དང་། ཁམས་གོང་མའི་གནས་སྐབས་ཀྱི་སྐད་ཆ་རེད། གང་ལྟར་ལེན་པ་ཞེས་པ་ནི་སྲེད་པ་དེས་གང་འདོད་པ་དང་མི་འདོད་པ་ཐ་དད་འབྱེད་པ་དེ་ཉེ་བར་ལེན་པའི་ཐབས་ཤེས་བྱེད་མཁན་གྱི་བློ་དེ་ལ་ཟེར། དེ་ལྟར་ལེན་པ་དེ་ལ་བརྟེན་ནས་སྲིད་པ་གྲུབ་པ་རེད། དེ་ནི་འབྲས་བུའི་མིང་རྒྱུ་ལ་བཏགས་པ་རེད། གང་ལགས་ཤེ་ན། གཉིས་པ་འདུ་བྱེད་ཀྱི་ལས་ཀྱིས་རྣམ་ཤེས་ཀྱི་སྟེང་དུ་བཞག་པའི་བག་ཆགས་ལ་སྲེད་པ་དང་ལེན་པས་གསོས་བཏབ་ནས་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ནུས་པ་མཐུ་ཅན་དུ་ཆགས་པ་དེ་ལ་སྲིད་པ་ཟེར། དེ་ལ་བརྟེན་ནས་སྐྱེ་བ་ལ་ཉིང་མཚམས་སྦྱར་བ་དེ་ལ་སྐྱེ་བ་ཟེར། ཉིང་མཚམས་སྦྱར་བ་ཞེ་ན་སྐྱེ་བའི་གནས་གང་ཡང་རུང་བ་ཞིག་གི་ནང་ཞུགས་པ་དེ་རེད། དཔེར་ན། མངལ་སྐྱེས་ཡིན་ན་ཕ་མའི་ཁུ་ཁྲག་འདུས་པའི་དབུས་སུ་རྣམ་ཤེས་ཞུགས་པ་དང་། དེ་ནི་བར་སྲིད་འགགས་ནས་སྐྱེ་བའི་སྲིད་པ་ལ་ཞུགས་པ་རེད། དེ་བཞིན་གཟུགས་དང་གཟུགས་མེད་ཀྱི་སྐྱེ་བ་ཡིན་ན། གལ་ཏེ་བརྫུས་སྐྱེས་ཡིན་ན་སྐྱེ་སྲིད་དེའི་ནང་འཛུལ་ནས་ཕུང་པོ་གྲུབ་པ་དང་། སྒོང་སྐྱེས་ཡིན་ན་སྒོ་ངའི་ནང་ཞུགས་པ། དྲོད་སྐྱེས་ཡིན་ན་དྲོད་ལ་བརྟེན་ནས་ཕུང་པོ་གྲུབ་པ་བཅས་རེད། སྤྱིར་སྐྱེ་གནས་ལ་བརྫུས་སྐྱེས་དང་། སྒོང་སྐྱེས། མངལ་སྐྱེས། དྲོད་སྐྱེས་བཅས་བཞི་རེད། བརྫུས་ཏེ་སྐྱེས་པ་ནི་ལྷ་དང་། དམྱལ་བ། འཇིག་རྟེན་གྱི་ཡི་དྭགས་མང་པོ། གཟུགས་ཀྱི་ཁམས་ཀྱི་གང་ཟག གཟུགས་མེད་ཀྱི་ཁམས་ཀྱི་གང་ཟག་བཅས་རེད། དེ་དག་སྐྱེ་བ་བླངས་པ་དང་ཆབས་ཅིག་ཏུ་ཕུང་པོ་ཡོངས་སུ་རྫོགས་པ་གྲུབ་པ་རེད། གང་ལྟར་རིམ་པ་བཞིན་བརྒྱུད་མི་དགོས་པར་ཧོབ་སྟེ་གྲུབ་པ་ཡིན། དེ་ནས་རྒ་ཤི་ནང་རྒ་བ་དང་ཤི་བ་ཞེས་དོན་གཉིས་ཡོད་ཀྱང་། གཉིས་ཀ་འཇིག་པའི་ཆོས་ཅན་ཡིན་ཙང་འདིར་གཅིག་ཏུ་བགྲངས། རྒ་བ་ནི་གང་བླངས་པའི་ཕུང་པོ་འགྱུར་བ་དེ་རེད། དཔེར་ན། སྐྱེ་གནས་ལ་ཉིང་མཚམས་སྦྱར་བའི་སྐབས་སུ་བླངས་པའི་ཕུང་པོ་དེ་སྐད་ཅིག་གཉིས་པ་ཇི་མ་ཇི་བཞིན་མི་གནས་པར་སྐད་ཅིག་རེ་རེ་བཞིན་འགྱུར་བ་ཡིན་ཙང་རྒ་བ་རེད། ཤི་བ་ནི་རིགས་འདྲའི་ཕུང་པོའི་རྒྱུན་འདོར་བ་ལ་ཟེར། ད་ལྟ་ང་ཚོས་མིའི་ཕུང་པོ་བླངས་པ་དེའི་རྒྱུན་མ་འདོར་གྱི་བར་དུ་ག་ལེར་རྒས་པར་བརྟེན་རྒ་བ་དང་། མིའི་ཕུང་པོ་དེའི་རྒྱུན་དོར་ནས་རྣམ་ཤེས་འཕོ་བའི་སྐབས་སུ་ཤི་བ་རེད།
དེ་ལྟ་བུའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་གྲུབ་པའི་རིམ་པ་ཇི་ལྟར་ཡིན་ཞེ་ན། ཐོག་མ་མ་རིག་པས་ཀུན་ནས་བསླངས་ཏེ་གཉིས་པ་འདུ་བྱེད་ཀྱི་ལས་བསགས། གཉིས་པ་འདུ་བྱེད་ཀྱི་ལས་བསགས་པ་དེ་གསུམ་པ་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག་པ་རེད། གསུམ་པོ་དེའི་བར་དུ་རྒྱུ་ཆའམ་ས་བོན་ལྟ་བུ་དེ་གྲུབ་པ་རེད། དེ་ལྟར་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག་པའི་ལས་དེ་ལ་འཆི་ཁར་བརྒྱད་པ་སྲེད་པ་དང། དགུ་པ་ལེན་པ། བཅུ་པ་སྲིད་པ་གསུམ་གྱིས་གསོས་བཏབ་ནས་སྐྱེ་བ་བླང་ཆོག་བཟོས་པ་རེད། དེ་ལྟ་བུའི་སྲེད་ལེན་སྲིད་པ་གསུམ་གྱིས་གསོས་བཏབ་པའི་ལས་དེས་སྐྱེ་བ་ཞིག་འཕངས་ནས་བཅིུག་པ་སྐྱེ་སྲིད་ལ་ཉིང་མཚམས་སྦྱར་བ་རེད། སྐྱེ་སྲིད་ལ་ཉིང་མཚམས་སྦྱར་བའི་སྐབས་སུ་དང་པོ་མིང་གཟུགས་གྲུབ་པ་དང། མངལ་སྐྱེས་ལྟ་བུ་ཡིན་ན་ཐོག་མར་མིང་གཟུགས་གྲུབ་པའི་སྐབས་སུ་གཟུགས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱི་ཕུང་པོ་མ་གཏོགས་མེད། ཚོར་བ་དང་། འདུ་ཤེས། འདུ་བྱེད་བཅས་རྗེས་སུ་རིམ་པས་ཡོང་བ་རེད། དེ་ལྟར་སྐྱེ་བའི་རྗེས་སུ་བཞི་པ་མིང་གཟུགས་དེ་གྲུབ་པ་དང་། དེའི་རྗེས་སུ་ལྔ་པ་སྐྱེ་མཆེད་གྲུབ་པ་རེད། གལ་ཏེ་བརྫུས་སྐྱེས་ཡིན་ན་མིང་གཟུགས་དང་སྐྱེ་མཆེད་གཉིས་མཉམ་དུ་གྲུབ་པ་རེད། དེ་ནས་སྐྱེ་མཆེད་དྲུག་ལ་བརྟེན་པའི་དྲུག་པ་རེག་པ་དེ་གྲུབ་པ་རེད། དེ་རྗེས་རེག་པ་དེ་ལ་བརྟེན་པའི་བདུན་པ་ཚོར་བ་དེ་སྐྱེས་པ་རེད། དེ་ནས་བཅུ་གཉིས་པ་རྒ་ཤི་བཅས་བྱུང་སྟངས་དེ་ལྟར་རེད། ཡང་ན་ཉིང་མཚམས་སྦྱར་བ་ལ་སྐྱེ་བ་མ་བཞག་པར་སྐྱེ་བ་དེ་མའི་མངལ་ནས་ཕྱི་རོལ་ཏུ་བྱུང་བར་བསམ་བློ་གཏོང་ན་མིང་གཟུགས་དང་། སྐྱེ་མཆེད། རེག་པ། ཚོར་བ། སྐྱེ་བ། རྒ་ཤི་བཅས་བྱེད་ནའང་འགྲིགས། དེས་ན་སྐྱེ་བ་དེ་ཉིང་མཚམས་སྦྱར་བ་ལ་བསམས་ནས་མིང་གཟུགས་ཀྱི་སྔོན་དུ་བཏང་ནའང་འགྲིགས། ཡང་ན་མའི་མངལ་ནས་ཕྱི་རོལ་ཏུ་ཐོན་པ་ལ་བསམས་ནས་གཤམ་དུ་འཇོག་ནའང་འགྲིགས།
མ་རིག་པ་དེས་ང་ཚོ་བསྡད་མ་བཅུག་པར་ལས་ཤིག་བསག་བཅུག་གི་ཡོད། ལས་བསགས་པ་དེ་རྒྱུན་ཆད་མི་འགྲོ་བའི་ཆེད་དེའི་ནུས་པ་རྣམ་ཤེས་ཀྱིས་ཉར་གྱི་ཡོད། རྣམ་ཤེས་ཀྱིས་ཉར་བ་དེ་གསོས་པ་བཟོ་བའི་དོན་དུ་སྲེེད་པ་དང། ལེན་པ། སྲིད་པ་གསུམ་གྱིས་ཤི་བའི་གནས་སྐབས་སུ་མངོན་དུ་གྱུར་པ་རེད། ལས་གྲུང་པོ་བཟོས་པ་དེས་སྐྱེ་བ་འདིའི་མིང་གཟུགས་འགགས་པ་དང་སྐྱེ་བ་རྗེས་མའི་མིང་གཟུགས་ཤིག་གྲུབ། སྐྱེ་བ་རྗེས་མའི་མིང་གཟུགས་དེ་རིམ་བཞིན་རྒྱས་སྐབས་སྐྱེ་མཆེད་དེ་ཡོང་། སྐྱེ་མཆེད་དེས་ལས་ཀ་བྱེད་སྐབས་ཚོར་བ་དེ་ཡོང་། ཚོར་བ་དེ་ཡོངས་སུ་རྫོགས་པ་ཆགས་དུས་སྐྱེ་བ་དེ་གྲུབ། སྐྱེས་ཟིན་པའི་རྗེས་སུ་རྒས་པ་རེད། རྒས་པའི་རྗེས་སུ་ཤི་དགོས་པ་བཅས་མ་རིག་པ་ཡོད་ཕྱིན་གཞན་རྣམས་རིམ་བཞིན་ཡོང་རྒྱུ་བཅས་སྲིད་པའི་འཁོར་ལོ་དེ་དེ་ལྟར་འཁོར་བ་རེད།
རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་བསྡུས་ན་ཡན་ལག་བཞིར་འདུས་པ་ཡིན། དེ་དག་ནི་འཕེན་བྱེད་ཀྱི་ཡན་ལག་དང་། འཕངས་པའི་ཡན་ལག མངོན་པར་འགྲུབ་བྱེད་ཀྱི་ཡན་ལག མངོན་པར་གྲུབ་པའི་ཡན་ལག་བཅས་བཞི་རེད། འཕེན་བྱེད་ཀྱི་ཡན་ལག་ནི་མ་རིག་པ་དང་། འདུ་བྱེད། རྣམ་ཤེས་བཅས་གསུམ་རེད། འཕངས་པའི་ཡན་ལག་ནི་མིང་གཟུགས་དང་། སྐྱེ་མཆེད། རིག་པ། ཚོར་བ་བཅས་བཞི་རེད། མངོན་པར་འགྲུབ་བྱེད་ཀྱི་ཡན་ལག་ནི་སྲེད་པ་དང་། ལེན་པ། སྲིད་པ་བཅས་གསུམ་རེད། མངོན་པར་གྲུབ་པའི་ཡན་ལག་ནི་སྐྱེ་བ་དང་རྒ་ཤི་བཅས་གཉིས་རེད།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ངོ་བོའི་ཆ་ནས་བསྡུས་ན། རིན་ཆེན་ཕྲེང་བ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས།། གཉིས་པ་བཅུ་པ་ལས་ཡིན་ཏེ།། ལྷག་མ་བདུན་ནི་སྡུག་བསྔལ་ལོ།། ཞེས་གསུངས་པ་བཞིན་དང་པོ་མ་རིག་པ་དང་། བརྒྱད་པ་སྲེད་པ། དགུ་པ་ལེན་པ་བཅས་ནི་ཉོན་མོངས་ཀྱི་ངོ་བོ་དང་། གཉིས་པ་འདུ་བྱེད་དང་། བཅུ་པ་སྲིད་པ་ནི་ལས་ཀྱི་ངོ་བོ། ལྷག་མ་བདུན་རྣམ་ཤེས་དང་། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྐྱེ་བ། རྒ་ཤི་བཅས་ནི་སྡུག་བསྔལ་གྱི་ངོ་བོ་རེད།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ཇི་ལྟར་རྫོགས་སམ་ཞེ་ན། ཚེ་གཉིས་ལ་རྫོགས་པ་དང་། ཚེ་གསུམ་ལ་རྫོགས་པ་བཅས་གཉིས་རེད། ཚེ་གཉིས་དང་ཚེ་གསུམ་ལ་རྫོགས་པ་ཞེ་ན། རྟེན་འབྲེལ་ཚར་གཅིག་གི་ནང་ཚན་དུ་གྱུར་པའི་ཡན་ལག་རྣམས་ཚེ་བྱེ་བྲག་པ་གཉིས་སམ་གསུམ་ནང་ཚང་གི་རེད་ཅེས་པ་མ་གཏོགས། སྐྱེ་བ་གཉིས་གསུམ་ནང་རྟེན་འབྲེལ་གྱི་ཡན་ལག་ཆ་ཚང་ཚང་གི་རེད་ཅེས་ཟེར་གྱི་མེད། དཔེར་ན་སྐྱེ་བ་གཅིག་ལ་ཡན་ལག་གཉིས་ཕྱིན་པ་དང་། དེའི་བར་དུ་སྐྱེ་བ་སྟོང་ཕྲག་མང་པོ་སྐྱེ་བ་གཞན་གྱི་ནང་དུ་ཕྱིན་པ། དེ་ནས་སླར་ཡང་ཡན་ལག་ཁ་ཤས་ཕྱིན་པ། དེ་རྗེས་ཡན་ལག་ལྷག་མ་རྣམས་ཕྱིན་པ་བཅས་མང་པོ་རེད། དང་པོ་མ་རིག་པ་དང། འདུ་བྱེད། རྣམ་ཤེས་གསུམ་པོ་སྐྱེ་བ་གཅིག་ནང་ཕྱིན་པ་མ་གཏོགས། སྐྱེ་བ་ཐ་དད་ལ་བགོ་བཤའ་བརྒྱབ་རྒྱུ་མེད། ག་དུས་ཡིན་ནའང་མ་རིག་པས་ཀུན་ནས་བསླངས་ཏེ་འདུ་བྱེད་ཀྱི་ལས་བསགས་ནས་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་འཇོག་རྒྱུ་དེ་ཉིན་གཅིག་ནང་ལས་གང་བསགས་ཀྱང་དེ་གསུམ་མཉམ་དུ་འགྲོ་བ་རེད། དེ་གསུམ་པོ་ཚེ་འདི་ལ་རྫོགས་པ་དང་། དེ་ཚེ་ཕྱི་མར་མྱོང་བར་འགྱུར་བའི་ལས་ཤིག་ཡིན་ན་ཤི་ཁར་ད་ལྟ་བསགས་པའི་ལས་དེ་ལ་སྲེད་པ་དང་། ལེན་པ། སྲིད་པ་གསུམ་གྱིས་གསོས་བཏབ་པ་བཅས་རྟེན་འབྲེེལ་ཡན་ལག་དྲུག་ཚེ་གཅིག་ནང་རྫོགས་པ་རེད། དེའི་སྐྱེ་བ་ཕྱི་མར་མིང་གཟུགས་དང་། སྐྱེ་མཆེད། རེག་པ། ཚོར་བ། སྐྱེ་བ། རྒ་ཤི་བཅས་ཡན་ལག་ལྷག་མ་དྲུག་པོ་སྐྱེ་བ་ཕྱི་མ་ལ་གྲུབ་པ་བཅས་ཚེ་གཉིས་ལ་ཡན་ལག་བཅུ་གཉིས་ཆ་ཚང་རྫོགས་པ་རེད།
ཚེ་གསུམ་ལ་རྫོགས་ཚུལ་ནི། དཔེར་ན་ཚེ་འདི་མིའི་སྐྱེ་བ་དང་། ཚེ་ཕྱི་མ་ཁྱིའི་སྐྱེ་བ། ཚེ་ཕྱི་མའི་ཕྱི་མ་དེ་དམྱལ་བའི་སྐྱེ་བ་ཡིན་པའི་ཁུལ་བྱས་ན། མིའི་ལུས་རྟེན་གྱི་སྐབས་སུ་མ་རིག་པས་ཀུན་ནས་བསླངས་ཏེ་དམྱལ་བ་མནར་མེད་དུ་འཕེན་བྱེད་ཀྱི་ལས་ཤིག་བསགས་པ་དང་། དེ་ལྟ་བུའི་ལས་དེས་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་འཇོག རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག་ནས་ཡོད་པའི་སྐབས་སུ་ཤི་ཁར་ལས་དེ་ལ་སྲེད་ལེན་སྲིད་པ་གསུམ་གྱིས་གསོས་མ་བཏབ་པར། རྟེན་འབྲེལ་གྱི་ཕྲུགས་གཞན་ཞིག་ནས་ཁྱི་ལ་སྐྱེ་བ་འཕེན་བྱེད་ཀྱི་ལས་ཤིག་ལ་གསོས་བཏབ་པར་བརྟེན། དམྱལ་བར་མ་སྐྱེས་པར་ཁྱི་ལ་སྐྱེས་པ་རེད། ཁྱི་ལ་སྐྱེས་པའི་གནས་སྐབས་སུ་ཤི་ཁར་སྐྱེ་བ་སྔ་མ་མིའི་གནས་སྐབས་སུ་བསགས་པའི་དམྱལ་བ་འཕེན་བྱེད་ཀྱི་ལས་དེ་ལ་སྲེད་པ་ལེན་པ་སྲིད་པ་གསུམ་གྱིས་གསོས་བཏབ་པར་བརྟེན། སྐྱེ་བ་ཕྱི་མ་དམྱལ་བའི་སྐབས་སུ་མིང་གཟུགས་དང་། སྐྱེ་མཆེད། རེག་པ། ཚོར་བ། རྒ་ཤི སྐྱེ་བ་བཅས་གྲུབ་པ་རེད། གང་ལྟར་སྐྱེ་བ་དང་པོ་ལ་ཡན་ལག་གསུམ་དང་། སྐྱེ་བ་གཉིས་པ་ལ་ཡན་ལག་གསུམ། སྐྱེ་བ་གསུམ་པ་ལ་ཡན་ལག་དྲུག་བཅས་ཀྱི་ཐོག་ནས་རྫོགས་པ་རེད། དེས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་སྐྱེ་བ་གཉིས་ལ་རྫོགས་པ་རེད། ཡང་ན་སྐྱེ་བ་གསུམ་ལ་རྫོགས་པ་རེད། སྐྱེ་བ་གསུམ་ལ་རྫོགས་པ་ཞེས་པ་དེ་ཚེ་གཅིག་ལ་ཡན་ལག་འདི་དག་རྫོགས་པ་དང་། ཚེ་གཉིས་པ་ལ་ཡན་ལག་འདི་དག་རྫོགས་པ། ཚེ་གསུམ་པ་ལ་ཡན་ལག་འདི་དག་རྫོགས་པ་རེད་ཅེེས་ལབ་པ་མ་གཏོགས། མ་རིག་འདུ་བྱེད་རྣམ་ཤེས་གསུམ་གྱིས་སྐྱེ་བ་དེ་དང་། སྲེད་ལེན་སྲིད་པ་གསུམ་གྱིས་གསོས་བཏབ་པའི་སྐྱེ་བ་དེ་གཉིས་ཀྱི་བར་དུ་སྐྱེ་བ་སྟོང་ཕྲག་མང་པོ་ཆོད་པའང་ཡོད། དེས་ན་སྲེད་ལེན་སྲིད་པ་གསུམ་དང་། དེ་མན་ཆད་ཀྱི་འབྲས་བུའི་རྟེན་འབྲེལ་དྲུག་པོ་དེ་སྐྱེ་བ་བསྟུད་མར་མ་གཏོགས། དེའི་བར་དུ་སྐྱེ་བ་གཞན་གྱིས་བར་དུ་ཆོད་པ་མེད། དེ་ལྟར་བསམ་བློ་གཏོང་དུས་འཁོར་བ་ལ་མཐའ་མེད་པ་དེ་ཤེས་རྟོགས་ཐུབ་ཅིང་། གལ་ཏེ་ལམ་ལ་སློབ་ནས་འཁོར་བ་མཐའ་ཅན་དུ་མ་བྱེད་ན་ཉིན་རེ་ལའང་སྐྱེ་བ་མང་པོ་འཕེན་བྱེད་ཀྱི་ལས་གསོག་གི་ཡོད། རྟེན་འབྲེལ་ཡན་ལག་གཅིག་གི་ནང་གི་སྐྱེ་བ་དང་རྒ་ཤིའི་གནས་སྐབས་འདིའི་ནང་རྟེེན་འབྲེལ་ཡན་ལག་གཞན་སྟོང་ཕྲག་མང་པོའི་འདུ་བྱེད་ཀྱི་ལས་བསགས་ནས་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག་ཚར་ཡོད། དེས་ན་སྐྱེ་བ་ཇི་ཙམ་བླངས་ཀྱང་ཇེ་མང་འགྲོ་རྒྱུ་མ་གཏོགས་རང་བཞིན་གྱིས་འཁོར་བ་ལྡོག་པའི་ཐབས་མེད་པ་དེ་མཐོང་ཐུབ། དེ་དག་ཡོད་རྒུ་བྱེད་མཁན་ཚང་མ་འདུ་བྱེད་ཀྱི་ལས་དེ་རེད། འདུ་བྱེད་ཀྱི་ལས་ཀུན་ནས་སློང་མཁན་དེ་མ་རིག་པ་རེད། དེས་ན་མ་རིག་པ་མེད་པ་མ་བཟོས་ཀྱི་བར་དུ་འདུ་བྱེད་ཀྱི་ལས་བསག་རྒྱུ་དེ་མི་རྫོགས། འདུ་བྱེད་ཀྱི་ལས་བསག་རྒྱུ་དེ་མ་རྫོགས་བར་དུ་སྐྱེ་བ་དང་རྒ་ཤི་སོགས་མུ་མཐུད་པ་རེད། དེར་བརྟེན་འདི་ཡོད་པས་འདི་འབྱུང་ཞེས་གསུངས་པ་རེད། འདི་འགགས་པས་འདི་འགག་ཅེས་པ་ནི་མ་རིག་པ་འགགས་པས་གཞན་རྣམས་འགག་པར་འགྱུར་བའི་དོན་རེད། དེས་ན་ཐོག་མ་མ་རིག་པའི་དངོས་གཉེན་ལ་བདག་མེད་རྟོགས་པའི་ཤེས་རབ་བསྟན་པ་རེད། མ་རིག་པ་འགགས་ན་འདུ་བྱེད་ཀྱི་ལས་འགག་པ་དང་། འདུ་བྱེད་ཀྱི་ལས་འགགས་ན་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་འཇོག་རྒྱུ་མེད། རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་འཇོག་རྒྱུ་མེད་ན་སྲེད་ལེན་སྲིད་པས་གསོས་བཏབ་པ་མེད། སྲེད་ལེན་སྲིད་པས་གསོས་མ་བཏབ་ན་མིང་གཟུགས་དང་། སྐྱེ་མཆེད། རེག་པ། ཚོར་བ། སྐྱེ་བ། རྒ་ཤི་བཅས་ཡོང་ཐབས་མེད།
དྲི་བ་དྲིས་ལན།
དྲི་བ། རྟེན་འབྲེལ་བཅུ་གཉིས་ནང་བར་སྲིད་དེ་ཇི་ལྟར་ཡིན་ནམ།
ལན། རྟེན་འབྲེལ་བཅུ་གཉིས་བར་སྲིད་ཐོག་མི་འཇོག སྐབས་འདིར་བར་སྲིད་ཀྱི་སྐད་ཆ་མེད། འཆི་ཁར་སྲེད་ལེན་སྲིད་པ་གསུམ་གྱིས་གསོས་བཏབ་པའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་བར་སྲིད་ནང་སྐྱེ་གནས་མ་རྙེད་པ་བྱུང་ན་བར་སྲིད་ཀྱི་སྐབས་སུ་གསོས་གསར་པ་བཏབ་པ་ཡོད་པ་ལྟ་བུ་རེད། དཔེར་ན་ང་ཚོ་ཤི་ཁར་ལས་ཇི་འདྲ་ཞིག་ལ་སྲེད་ལེན་སྲིད་པ་གསུམ་གྱིས་གསོས་བཏབ་ཡོད་ཅེ་ན། སྐྱེ་བ་ཕྱི་མ་དོམ་དུ་སྐྱེ་བའི་ལས་ཤིག་ལ་གསོས་བཏབ་པ་དང་། འོན་ཀྱང་བར་སྲིད་འགྲུབ་དུས་དེའི་སྐྱེ་གནས་མ་རྙེད་ན་བར་སྲིད་ནང་རྒྱུན་རིང་པོ་བསྡད་ཐབས་མེད་པར་བརྟེན། སྔོན་མ་གསོས་བཏབ་པའི་ལས་དེ་འཕོས་པ་རེད། དེ་བཞིན་ཤི་ཚར་ནས་བདུན་ཚིགས་རེ་ལ་མཆོད་འབུལ་བྱེད་རྒྱུ་དེས་བར་སྲིད་ཀྱི་གནས་སྐབས་སུ་ལས་ངན་པ་ཞིག་ལ་གསོས་བཏབ་ཡོད་ནའང་དེ་འཕོས་ནས་ལས་བཟང་པོ་ཞིག་ལ་གསོས་བཏབ་པའི་འབད་རྩོལ་བྱེད་པ་དེ་ཡོང་གི་ཡོད་མེད་མི་ཤེས་ཀྱང་། གོ་སྐབས་ནི་ལེན་གྱི་ཡོད། དེ་ལྟར་སྲེད་ལེན་སྲིད་པ་གསུམ་གྱིས་བསྐྱར་དུ་གསོས་བཏབ་དགོས་ན་བར་སྲིད་ཀྱི་གནས་སྐབས་སུ་བཏབ་རྒྱུ་རེད། དེས་སྐྱེ་བ་བཞི་ཕྱིན་པའི་སྐྱོན་མེད། བར་སྲིད་ནི་སྐྱེ་བ་ལ་མི་བརྩི་ཞིང་། དེ་ནི་སྐྱེ་བ་གཉིས་ཀྱི་བར་དུ་ཡིན་ཙང་བར་སྲིད་རེད།
དྲི་བ། མིང་གཟུགས་ཀྱི་སྐབས་ཀྱི་ཚོར་བའི་ཕུང་པོ་དེ་དང་། ཡན་ལག་བཅུ་གཉིས་ནང་གི་ཚོར་བ་ལ་ཁྱད་པར་གང་ཡོད་དམ།
ལན། མིང་གཟུགས་ཀྱི་སྐབས་ཀྱི་ཚོར་བ་དེ་སྤྱིར་བཏང་ཡན་ལག་བཅུ་གཉིས་ནང་གི་ཚོར་བ་དེ་ཡིན་ཞེས་བརྗོད་ཆོག། ཡིན་ནའང་ཚོར་བ་དེ་ཚོར་བའི་བྱ་བའི་ངོས་ནས་འཇོག་སྟངས་ཤིག་དང་། ཕུང་པོའི་ངོ་བོའི་སྒོ་ནས་འཇོག་སྟངས་གཅིག་བཅས་གཉིས་རེད། མིང་གཟུགས་གྲུབ་པའི་སྐབས་སུ་དེའི་ནང་ཚན་དུ་གྱུར་པའི་ཚོར་བའི་ཕུང་པོ་དེ་ཚོར་བ་དངོས་ཡིན་པའི་ཁྱབ་པ་མེད། དེ་ལ་བདེ་སྡུག་གི་ཚོར་བ་ཡོད་པའི་ཁྱབ་པ་མེད། ཕུང་པོ་ལྔའི་ནང་ཚན་གྱི་ཚོར་བའི་ཕུང་པོ་དེ་ནི་ཚོར་བའི་ནུས་པ་ལྟ་བུ་ཞིག་རེད། དེས་ན་རེག་ན་ཚོར་ཐུབ་པའི་ནུས་པ་ཙམ་ལ་ཕུང་པོ་བཞག་པ་རེད། ཕུང་པོ་ལྔའི་ནང་ཚན་གྱི་ཚོར་བ་དེ་ཚོར་བ་མངོན་གྱུར་བའི་ངོ་བོར་ཕྱིན་པའི་སྐབས་སུ་ཡན་ལག་བཅུ་གཉིས་ཀྱི་ཚོར་བ་དང་མིང་གཟུགས་གཉིས་ཀའི་ནང་བསྡད་པ་རེད། ཐོག་མར་གྲུབ་པའི་རིམ་པའི་དབང་དུ་བྱས་ན། མིང་གཟུགས་གྲུབ་ནས་ཚོར་བ་མ་གྲུབ་པའི་གནས་སྐབས་ཀྱི་ཕུང་པོ་དེ་ནུས་པ་ཙམ་རེད་མ་གཏོགས། མངོན་གྱུར་བ་མེད། དཔེར་ན། དེའི་གནས་སྐབས་ཀྱི་དབང་པོ་རྣམས་དབང་པོའི་བྱ་བ་བྱེད་ཐུབ་ཀྱི་མེད།
དྲི་བ། བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེའི་དབང་གིས་སྐྱེ་བ་བཞེས་པའི་སྐབས་སུ་སྲེད་ལེན་སྲིད་པ་གསུམ་གྱིས་གསོས་བཏབ་དགོས་ཀྱི་ཡོད་དམ།
ལན། སྙིང་རྗེ་དང་སྨོན་ལམ་དབང་གིས་སྐྱེ་བ་བཞེས་པ་རྣམས་ལ་སྲེད་ལེན་སྲིད་པ་གསུམ་གྱིས་གསོས་བཏབ་མི་དགོས། སྐབས་དེར་གཅིག་ནས་སྲེད་ལེན་སྲིད་པ་གསུམ་གྱི་ཚབ་དེ་བརྩེ་བས་བྱེད་ཀྱི་ཡོད། གཉིས་ནས་སྲེད་ལེན་སྲིད་པ་གསུམ་དེ་ལས་ཤིག་ལ་གསོས་བཏབ་ཆེད་རེད། བྱང་ཆུབ་སེམས་དཔས་སྐྱེ་བ་བཞེས་པའི་སྐབས་སུ་ལས་དབང་གིས་མིན། བྱང་སེམས་སོ་སྐྱེས་སྐྱེ་བ་ལེན་པའི་སྐབས་སུ་རང་དབང་མེད། བྱང་སེམས་སོ་སྐྱེས་ལས་ཉོན་གྱིས་སྐྱེ་བ་ལེན་པའི་སྐབས་སུ་ང་དེ་འདྲ་ཞིག་ལ་སྐྱེ་བར་ཤོག་ཅེས་པའི་སྨོན་ལམ་གྱིས་སྲེད་ལེན་སྲིད་པ་གསུམ་ལ་གྲོགས་བྱེད་ན་མ་གཏོགས། འདོད་པ་བྱས་ནས་སྐྱེ་ས་མེད། བྱང་སེམས་འཕགས་པས་སྐྱེ་བ་བཞེས་པའི་སྐབས་སུ་ལས་ཉོན་གྱིས་མིན་པར་སྙིང་རྗེ་དང་སྨོན་ལམ་དབང་གིས་ཡིན་པར་བརྟེན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཁོར་ཚུལ་དེ་འགྲོ་ས་མེད། དེས་ན་སྙིང་རྗེ་དང་སྨོན་ལམ་དབང་གིས་སྐྱེ་བ་ལེན་མཁན་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རིམ་པ་དེ་བརྩི་ས་མེད།
དྲི་བ། བརྫུས་སྐྱེས་ཞེས་པ་དེ་ཇི་འདྲ་ཞིག་ཡིན་ནམ། དེའི་རྒྱུ་གང་ཡིན་ནམ།
ལན། བརྫུས་སྐྱེས་ཀྱི་རྒྱུ་ནི་ལས་ཉོན་གཉིས་རེད། དཔེར་ན། བརྫུས་ཏེ་སྐྱེས་པ་གཙོ་བོ་ནི་གཟུགས་དང་གཟུགས་མེད་ཀྱི་ལྷ་རྣམས་རེད། སྤྱིེར་བཏང་ཡི་དྭགས་ནང་དུའང་མང་པོ་ཡོད། དམྱལ་བ་པའང་བརྫུས་སྐྱེས་རེད། དེ་བཞིན་བར་དོའང་བརྫུས་སྐྱེས་རེད། བརྫུས་སྐྱེས་ལ་སྐྱེ་འཕེལ་གྱི་གོ་རིམ་མི་དགོས་པར་ལས་ཀྱི་ནུས་པའི་དབང་གིས་མངལ་སྐྱེས་བཞིན་ཆུང་ངུ་ནས་རིམ་པས་ཆེན་པོ་ཆགས་པ་དེ་མི་དགོས་པར། ཕུང་པོ་དང་། དབང་པོ། བཟོ་ལྟ་སོགས་དུས་མཉམ་དུ་ཆ་ཚང་གྲུབ་པའི་ཕུང་པོ་ཞིག་རེད། དེའི་སྐྱེ་བའི་ལས་ནི་སྐྱེ་བ་སྔ་མའི་ལས་དང་ཉོན་མོངས་དབང་གིས་ཡིན་པ་བཤད་མ་དགོས། ཞེས་གསུངས།།
(༡༩༩༠ ཕྱི་ཟླ་ ༢ ཚེས་ ༨ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་པོའི་ཁབ་ཀྱི་གཞོན་ནུ་དོན་གྲུབ་མགྲོན་ཁང་དུ་སློབ་གཉེར་བ་རྒན་པ་རྣམས་ཀྱི་དགུན་ཆོས་སུ་བསྟན་པ་སྤྱིའི་རྣམ་གཞག་ཁོངས་གསུངས་པ་ཞིག་ཡིན།)