༈ ༢༠༡༥ ཕྱི་ཟླ་ ༦ ཚེས་ ༢༣ ཉིན་དྷ་སྟེང་བོད་ཁྱིམ་དུ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པའི་དབུ་འབྱེད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

༄༅།། རིགས་ལམ་འདུ་འཛོམས་རྒྱས་པའི་ཚོགས་འདུར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག ཤེས་རིག་ལས་ཁུངས་ཀྱི་མཛད་གཙོ་རྣམ་པ། བོད་ཕྲུག་ཁྱིམ་སྡེས་གཙོས་པའི་ཤེས་ཡོན་སྡེ་ཚན་ཁག་གི་མཛད་གཙོ་རྣམ་པ།  འདུས་ཚོགས་འདིའི་མགྲོན་གྱི་གཙོ་བོ་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་ཕོ་མོ་ཚང་མ་བཅས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རིགས་ལམ་འདུ་འཛོམས་རྒྱས་པ་འདིའི་ཐོག་ཕེབས་པར་དགའ་བསུ་ཡོད།  ཚང་མར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

རིགས་པའི་ལམ་ལ་སློབ་གཉེར་བྱེད་རྒྱུ་དེ་མི་ཚེའི་ནང་སློབ་སྦྱོང་གང་ཞིག་བྱེད་པ་ཡིན་ནའང་ཚང་མའི་གཞི་མ་དང་།  འཇུག་ངོགས།  འཇུག་སྒོ་ལྟ་བུ་ཞིག་ཆགས་ཀྱི་ཡོད།  དེར་བརྟེན་ཁྱེད་ཚོར་རིགས་པའི་ལམ་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་བ་དེས་འཇིག་རྟེན་འདིའི་ཐོག་སློབ་ཕྲུག་གི་གྲངས་འབོར་ཧ་ཅང་མང་པོ་ཡོད་པའི་ནང་ནས་བསོད་བདེ་ཆེ་ཤོས་དང་སྐལ་བ་བཟང་ཤོས་ཡིན་སྙམ་པའི་སྤོབས་པ་བྱེད་ཆོག  གང་ལགས་ཤེ་ན།  རིགས་ལམ་ཡག་པོ་མཁྱེན་ན།  ཕྱི་ནང་གི་རིགས་པའི་གནས་གང་ལའང་ལས་སླ་པོ་དང་སྟབས་བདེ་པོས་འཇུག་ཐུབ་པའི་ནུས་པ་དེ་རྙེད་ཀྱི་རེད།  དེར་བརྟེན་འདི་ནི་སློབ་སྦྱོང་བྱེད་རྒྱུའི་ལག་ཆ་ཧ་ཅང་གལ་ཆེ་ཞིག་རེད།  སྤྱིར་བཏང་སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་ཚན་འདེམས་སྟངས་དང་གལ་གནད་ཆེ་ཆུང་བརྩི་སྟངས་མ་ནོར་བ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན།  དེ་ནོར་ན་སློབ་སྦྱོང་བྱེད་པའི་དུས་ཚོད་གལ་ཆེན་པོ་དེ་ཆུད་ཟོས་སུ་འགྲོ་ཉེན་ཡོད།

རྒྱ་གར་གྱི་སྔ་མོའི་གསུང་རྒྱུན་ཞིག་ཡོད།  དེ་ནི་མཉམ་མེད་ཇོ་བོ་ཆེན་པོས་བོད་པ་ཚོར་བཀའ་སློབ་གནང་བའི་སྐབས་སུ་དྲངས་པ་ཞིག་ཡིན་འདུག  ཁྱེད་རང་ཚོས་གསན་མྱོང་ཡོད་ཀྱི་རེད།  “ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་།། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།། ངང་པས་ཆུ་ལ་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་པོར་བླང་བར་བྱ།།” ཞེས་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད།  ང་ཚོའི་མི་ཚེ་འདི་ཧ་ཅང་ཐུང་ཐུང་རེད།  དེང་སང་འཕྲོད་བསྟེན་ཡག་པོ་དང་མིའི་ཚེ་ཚད་རིང་དུ་འགྲོ་ཚུལ་བཤད་ཀྱང་། འཇིག་རྟེན་འདིའི་ནང་ལོ་བརྒྱ་བརྒལ་ནས་སྡོད་མཁན་མཛུབ་མོའི་སྒང་དུ་གྲངས་ཀ་ཐེབས་ཐུབ།  ལོ་བརྒྱ་ཡི་ཚེ་དེའང་ཞིབ་འཇུག་བྱེད་ན།  དཔེར་ན་ཉིན་གཅིག་གི་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་ཆུ་ཚོད་བདུན་བརྒྱད་ཙམ་གཉིད་ལ་བདག་འགྲོ་བ་དང་།  དེ་ནས་ཁ་ལག་ཟ་བ་དང་།  འཆམ་འཆམ་འགྲོ་བ།  རྩེད་མོ་རྩེ་བ།  སྐད་ཆ་བཤད་པ།  གོས་གྱོན་ཕུད་སོགས་ཀྱི་དུས་ཚོད་དེ་བརྩི་ན།  སློབ་སྦྱོང་བྱེད་པའི་དུས་ཚོད་དེ་ཧ་ཅང་ཉུང་ཉུང་རེད།  རྩིས་ཡག་པོ་ཞིག་བརྒྱབ་ན།  མི་ལོ་བརྒྱ་ཐམ་པ་སྡོད་མཁན་ཞིག་ལ་མཚོན་ན།  ཐོག་མའི་ལོ་དྲུག་བདུན་རིང་ཕྲུ་གུ་ཆུང་ཆུང་ཡིན་པའི་དབང་གིས་སློབ་སྦྱོང་བྱེད་པའི་གོ་སྐབས་མེད།  མཐའ་མའི་ལོ་བདུན་ཅུ་བརྒྱད་ཅུ་བརྒལ་དུས་རྒས་འཁོགས་ཆགས་ནས་སློབ་སྦྱོང་བྱེད་པའི་ནུས་པ་མེད།  དེར་བརྟེན་དང་པོའི་ལོ་ལྔ་དང་རྗེས་མའི་ལོ་ཉི་ཤུ་ཙམ་ཕུད་ན་ལོ་ཉི་ཤུ་རྩ་ལྔ་དེ་རང་ནས་རྫོགས་ཟིན།  བར་དུ་ལོ་བདུན་ཅུ་དོན་ལྔ་ལྷག་པ་དེའི་ནང་ད་ལྟ་ངས་གོང་དུ་ཞུས་པ་བཞིན་དུས་ཚོད་རྣམས་ཕུད་ན།  དངོས་གནས་སློབ་སྦྱོང་བྱེད་པའི་དུས་ཚོད་དེ་ལོ་བཅུ་བཅོ་ལྔ་ཙམ་མ་གཏོགས་མེད། དེའི་ནང་སློབ་སྦྱོང་བྱེད་རྒྱུའི་ཤེས་བྱའི་རྣམ་གྲངས་ཧ་ཅང་མང་པོ་རེད།  དེང་རབས་ཀྱི་ཤེས་བྱའི་རྣམ་གྲངས་ལའང་ཚན་རིག་དང་།  སྒྱུ་རྩལ།  སྤྱི་ཚོགས་ཚན་རིག་སོགས་རེ་རེ་ལའང་མི་ཚེ་ཆ་ཚང་སློབ་སྦྱོང་བྱེད་ནའང་མི་འདང་བ་ལྟ་བུ་ཡོད།  དེ་བཞིན་སྲོལ་རྒྱུན་གྱི་སློབ་ཚན་ལའང་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ལ་སོགས་པ་དང་།  རིག་པའི་གནས་ཆེན་ལྔ་དང་གནས་ཆུང་ལྔ་ལ་སོགས་པ།  བཟོ་ཡི་གནས་བཅོ་བརྒྱད་ལ་སོགས་པ།  གང་དུ་བལྟས་ནའང་རེ་རེ་ལ་མི་ཚེ་ཁ་ཤས་དགོས་པའི་སློབ་ཚན་ཤ་སྟག་རེད།  གལ་ཏེ་ཚེ་ཐུང་ཐུང་ཡིན་ནའང་ལོ་ཇི་ཙམ་བསྡད་མིན་ཐོག་མ་ནས་ངེས་པ་ཞིག་ཡོད་ན་འཆར་གཞི་བསྒྲིག་རྒྱུ་ཞིག་ཡོང་གི་རེད།  དཔེར་ན་ངས་ལོ་འདི་འདྲ་ཞིག་ལ་སློབ་སྦྱོང་འདི་བྱེད།  འདི་འདྲ་ཞིག་ལ་སློབ་སྦྱོང་འདི་བྱེད་བསམ་པ་ལྟ་བུ།  དེ་ལྟར་ཚེ་ཡི་ཚད་ཀྱང་ནམ་འཆི་ལ་ངེས་པ་མེད་སྟབས་ནམ་ཞིག་རྫོགས་མིན་གཏན་མི་འཁེལ་བ་རེད།  དེར་བརྟེན་ང་ཚོས་སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་ཚན་ནང་གདམ་ག་བྱ་རྒྱུ་གང་ཡང་མེད། ཚང་མ་སློབ་དགོས་པ་ཤ་སྟག་རེད།  ཡིན་ནའང་དེ་གལ་གནད་ཆེ་ཆུང་བརྩིས་ཏེ་དང་པོ་གང་བླང་དགོས་པ་དང་།  གཉིས་པ་གང་བླང་དགོས་པ་བཅས་བང་བསྒྲིགས་ནས་ཨིན་སྐད་དུ་ Prioritize བྱེད་དགོས་པ་དེ་གལ་ཆེན་པོ་རེད།  (སློབ་ཕྲུག་ཚོའི་ནང་ཨིན་སྐད་མི་མཁྱེན་མཁན་ཕལ་ཆེར་ཡོད་ཀྱི་མ་རེད།  གང་ལགས་ཤེ་ན།  ཁྱེད་ཚོ་ཧ་ལམ་ཨ་མའི་ཁོག་པའི་ནང་ཡོད་དུས་ནས་ཨིན་ཇི་བསླབ་རྒྱུ་མགོ་བཙུགས་ཟིན།  དེར་བརྟེན་དེ་རིང་སྐད་ཆ་བཤད་སྐབས་ཨིན་ཚིག་སྐབས་བསྟུན་གྱིས་བེད་སྤྱོད་གཏོང་རྒྱུ་ཡིན།  གོ་བརྡ་འཕྲོད་སླ་བ་ཡོང་སྲིད། ནམ་རྒྱུན་བོད་སྐད་ནང་བཤད་སྐབས་སྐད་ཡིག་གཞན་པ་བསྲེ་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད།)  དེས་ན་ཇོ་བོ་རྗེས་གལ་གནད་ཆེ་ཆུང་བལྟ་རྒྱུ་དེ་གལ་ཆེན་པོར་གསུངས།  དཔེར་ན་བྱ་ངང་པ་ལ་ཆུ་དང་འོ་མ་བསྲེས་ནས་སྤྲད་ན། ངང་པའི་མཆུ་ལ་རྩི་ (Chemical) ཞིག་ཡོད་པ་དེའི་དབང་གིས་ཆུ་དང་འོ་མ་དབྱེ་བ་ཕྱེ་སྟེ་འོ་མ་ཚང་མ་ལོགས་སུ་བཏུང་ཐུབ།  “ངང་པས་ཆུ་ལ་འོ་མ་ལེན་པ་ལྟར།།  རང་གི་འདོད་པ་དང་པོ་བླང་བར་བྱ།།” ཞེས་སོ་སོ་ལ་དགོས་པའི་སློབ་ཚན་དེ་ཟུར་བཏོན་གྱིས་བང་རིམ་བསྒྲིགས་ནས་གལ་ཆེ་བ་དེ་དང་པོ་སློབ་དགོས་པར་གསུངས།  དེ་ནི་ཧ་ཅང་བདེན་པ་རེད་ལ།  དངོས་ཡོད་གནས་སྟངས་ཀྱང་རེད།  དཔེར་ན། ཐག་རིང་པོ་ནས་དྷརྨཤཱལཱར་ཡོང་མཁན་ཞིག་ལ་ལས་ཀ་མང་པོ་ཡོད་པ་དང་། ཉིན་གཉིས་མ་གཏོགས་བསྡད་རྒྱུ་མེད་ན།  རང་གི་སེམས་ནང་བང་ཞིག་བསྒྲིག་གི་རེད། བང་བསྒྲིག་ན་ལས་དོན་བསྒྲུབ་སླ།  བང་མ་བསྒྲིག་ན་ནོར་བའམ་འཁྲུགས་ཉེན་ཡོད།  “ཚེ་ནི་ཡུན་ཐུང་ཤེས་བྱ་རྣམ་པ་མང་།།  ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།།” ཞེས་དེ་རྒྱུ་མཚན་ལ་བཀོད་པ་རེད།  དེར་བརྟེན་ “ངང་པས་ཆུ་ལ་འོ་མ་ལེན་པ་ལྟར།།” ཞེས་དེ་དཔེ་ལ་བཀོད་དེ་སོ་སོས་བསླབ་རྒྱུའི་སློབ་ཚན་སྔོན་ལ་སློབ་དགོས་པ་གང་ཡིན་པ་དང་།  གལ་ཆེན་པོར་བརྩི་དགོས་པ་གང་ཡིན་པ་དེ་བསམ་བློ་གཏོང་དགོས། དེ་ནས་བླང་བར་བྱ་ཞེས་གསུངས་པ་རེད།

ང་ཚོས་འདོད་པ་དང་པོ་དེ་བླང་དགོས་ན།  ཇི་ལྟར་བླང་དགོས་པ་དང་།  དེ་དག་གང་དང་གང་ཡིན་པ་སོ་སོས་འདེམས་སྟངས་ཤེས་ཀྱི་མ་རེད།  དེར་བརྟེན་རྗེ་བདག་ཉིད་ཆེན་པོས།  “སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར།། ལང་ཚོ་མི་སྡོད་རྒྱུག་པ་རི་གཟར་ཆུ།། དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས།། བདག་གིས་རིག་གནས་གང་ལ་སྦྱང་སྙམ་ན།།” ཞེས་རང་གི་མི་ཚེ་ཚུད་པའི་སྲིད་པའི་ཕུན་ཚོགས་རྣམས་གློག་འཁྱུག་པ་བཞིན་མགྱོགས་པོ་ཡལ་བ་དང་། ལུས་ཀྱི་ལང་ཚོ་དར་ལ་བབ་པའམ་ན་གཞོན་གནས་སྐབས་ཀྱང་རི་གཟར་ནས་བབས་པའི་ཆུ་བཞིན་མགྱོགས་པོ་འགྲོ་ཚུལ་གསུངས་ཤིང་།  དེ་ནི་དངོས་སུ་མཐོང་ཐུབ་པ་ཞིག་རེད།  མི་ཁ་ཤས་ལོ་གཉིས་གསུམ་རྗེས་འཕྲད་སྐབས་གང་འཚམས་རྒས་འཁོགས་ཆགས་ཚར་བ་མཐོང་ཐུབ། དེས་ན་ལུས་ཀྱི་ལང་ཚོ་དེ་རི་གཟར་གྱི་ཆུ་ལྟ་བུ་རེད།  “དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས།། བདག་གི་རིག་གནས་གང་ལ་སྦྱང་སྙམ་ན།།”  ཞེས་དེ་ལྟར་རྟོགས་ནས་རིག་གནས་གང་ལ་སྦྱང་དགོས་སྙམ་བསམ་བློ་འཁོར་ན།  རྗེ་རིན་པོ་ཆེས།  “རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་།།  གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།།  ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།  ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།།” ཞེས་དང་པོ་སྦྱང་རྒྱུ་ནི་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་རེད། རིགས་པའི་ལམ་ནས་ཤེས་བྱའི་གནས་ལ་ཡིན་པ་དང་མ་ཡིན་པ།  ཡོད་པ་དང་མེད་པ།  འོས་པ་དང་མི་འོས་པ།  བླང་བར་བྱ་བ་དང་འདོར་བ་བྱ་བའི་དབྱེ་བ་ཕྱེ་བ་མ་གཏོགས།  རིགས་པ་མེད་པ་ཞིག་གིས་དབྱེ་བ་ཕྱེ་མི་ཤེས།  དེར་བརྟེན་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་སློབ་སྦྱོང་ཚང་མའི་ནང་ནས་གལ་ཆེ་ཤོས་དང་པོ་དེ་རེད་ཅེས་གསུངས།  དེའི་རྗེས་སུ་ཆོས་བྱེད་མཁན་ཡིན་ན།  གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དེ་དགོས།  ཆོས་བྱེད་མཁན་ཡིན་མིན་ལ་མ་ལྟོས་པར་རང་གིས་གང་ཤེས་པ་དེ་ངག་གི་རང་བཞིན་ཐོག་ནས་མངོན་པར་གསལ་ནུས་པ་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་དེ་དགོས། དེ་ནི་འབྲི་ཤེས་པ་དང་རྩོམ་ཤེས་མཁན་ཞིག་ལ་གོ  དེ་གསུམ་ནི་སའི་སྟེང་གི་རིན་པོ་ཆེ་རྣམ་པ་གསུམ་མམ་གལ་ཆེ་ཤོས་གསུམ་ལ་བརྩི་ཆོག་ཅེས་གསུངས།  རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ཅིག་མེད་ན།  སློབ་སྦྱོང་བྱེད་མི་ཐུབ།  སློབ་སྦྱོང་བྱེད་པའི་དབང་དུ་བཏང་ནའང་།  གཏིང་ཟབ་མེད་པ་འདམ་ལ་བཏབ་པའི་ཕུར་པ་ལྟ་བུ་མ་གཏོགས། ས་བརྟན་པོ་ལ་བཏབ་པའི་ཕུར་པ་གཡོ་འགུལ་མི་ཐུབ་པ་ཞིག་ཡོང་ཐབས་མེད།

སློབ་སྦྱོང་བྱས་ནས་ཤེས་པ་དེ་སློབ་སྦྱོང་གི་ཡོན་ཏན་རེད།  སློབ་སྦྱོང་བྱེད་པའི་དགོས་པ་དེ་ཤེས་རྒྱུའི་ཆེད་དུ་རེད།  སློབ་སྦྱོང་བྱེད་པ་གང་ཞིག་ལ་མ་ཤེས་པར་ཆ་བཞག་ནས་འགྲོ་རྒྱུ་དེ་སློབ་སྦྱོང་གི་སྐྱོན་རེད།  རྒན་ལགས་ཀྱིས་རེད་ཅེས་གསུངས་ན་དེ་ཡིན་པ་རེད་བསམས་པ་དང།  མ་རེད་ཅེས་གསུངས་ན་དེ་མིན་པ་རེད་བསམས་པ།  དེབ་ནང་རེད་ཅེས་བྲིས་པ་དེ་ཡིན་པ་རེད་བསམས་པ།  མ་རེད་ཅེས་བྲིས་པ་དེ་མིན་པ་བཅས་ལ་ཆ་བཞག་པ་དེ་ཤེས་ཡོན་མ་རེད།  ཧིན་སྐད་དུ་ཇཱནནཱ་དང་མཱནནཱ་ཞེས་སྟབས་བདེ་བ་ཡོད། ཇཱནནཱ་ཟེར་ན་ཤེས་པ་ལ་བརྗོད།  མཱནནཱ་ཟེར་ན་ཆ་བཞག་པ་ལ་བརྗོད། ཨིན་སྐད་དུ Understand དང་ Accept གཉིས་དབར་ཁྱད་པར་ཆེན་པོ་རེད།  སོ་སོས་དངོས་ཡོད་ཀྱི་གནས་ཚུལ་དེ་མཐོང་ནས་ཧ་གོ་བ་དེ་ལ་ Understand ཞེས་ཟེར།  Accept ནི་ཁས་ལེན་པའམ་ཆ་བཞག་པ་ལ་ཟེར།  ཆ་བཞག་པ་དེ་ལས་རྨོངས་ཞེན་ཡོང་། རྨོངས་ཞེན་ནི་ཤེས་ཡོན་གྱི་འགལ་ཟླ་རེད།  ཤེས་ཡོན་ནི་ཡོན་ཏན་ཞིག་ཡིན།  ཐོག་མ་དངོས་པོ་དེའི་ངོ་བོ་གང་ (What) ཞེས་པ་དེ་ཤེས་དགོས།  དེ་ཤེས་ན་ཅིའི་ཕྱིར་ (Why) ཟེར་བ་དེའི་མཇུག་ཏུ་བསམ་བློ་གཏོང་དགོས།  རྒྱུ་མཚན་འདི་ལ་བརྟེན་ནས་དངོས་པོ་འདི་འདྲ་ཞིག་ཆགས་པ་དེ་ཤེས་ན།  དེའི་རྗེས་སུ་ཇི་ལྟར་ (How) ཞེས་པ་དེ་ཤེས་དགོས།  གང་ལྟར་དང་པོ་ག་རེ་རེད་ (What) ཟེར་བ་དེ་ཤེས་དགོས།  ག་རེ་ཡིན་པ་དེ་ཤེས་ན།  དེ་འདྲ་ཡིན་པ་དེ་ག་རེ་བྱས་ནས་བྱུང་བ་རེད་ (Why) ཟེར་བ་དེ་ཤེས་དགོས། ག་རེ་བྱས་ནས་བྱུང་བ་དེ་ཤེས་ན། ཇི་ལྟར་བྱུང་བ་རེད་ (How) ཟེར་བ་དེ་ཤེས་དགོས། དེ་གསུམ་ག་སོ་སོས་ཤེས་པ་ཡིན་ན་དེ་ལ་ཤེས་པའམ་ཧ་གོ་བ་ཞེས་བརྗོད།  སོ་སོས་མ་ཤེས་པར་དེབ་ནང་ཡོད་པ་དང་རྒན་ལགས་ཀྱིས་གསུངས་པ་ལ་ཆ་བཞག་ནས་ཕྱིན་ན་དེ་ནི་ཤེས་ཡོད་པ་མ་རེད།  རྨོངས་ཞེན་དབང་གིས་ཆ་བཞག་ནས་ཕྱིན་པ་རེད།

འཇིག་རྟེན་འདིའི་ནང་ཆོས་ཀྱིས་རྨོངས་ཞེན་མང་པོ་སྤེལ་ཚུལ་བརྗོད་ཀྱི་ཡོད།  སྤེལ་བའང་ཡིན་སྲིད།  འོན་ཀྱང་དེང་རབས་ཀྱི་ཤེས་ཡོན་དང་ཚན་རིག་གིས་རྨོངས་ཞེན་དེ་ལས་མང་བ་སྤེལ་ཡོད།  ཐོག་མར་བརྟག་དཔྱད་བྱེད་མཁན་ཚན་རིག་པ་ཞིག་གིས་བརྟག་དཔྱད་བྱས་པའི་གྲུབ་དོན་དུ་འདི་འདྲ་ཞིག་རེད་ཅེས་བཤད་པ་དེར་ད་ལྟའི་བར་དུ་ང་ཚོས་རྗེས་ཟློས་ཀྱིས་ཡིན་ཤག་འགྲོ་བ་མ་གཏོགས།  སོ་སོའི་ངོས་ནས་བརྟག་དཔྱད་བྱེད་པའི་དགོས་མཁོ་མ་མཐོང་བའམ་བྱེད་མ་ཤེས་པ་ཇི་ལྟར་ཡང་། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་མེད་པ་ཡིན་སྟབས།  དེ་མུར་འགྲོ་བ་དེ་རྨོངས་ཞེན་རེད།  དེ་ནི་སློབ་སྦྱོང་བྱེད་པའི་འགལ་རྐྱེན་ཆེ་ཤོས་ཤིག་རེད།  སྐྱོན་དེ་དེང་རབས་དང་སྲོལ་རྒྱུན་གྱི་སློབ་སྦྱོང་གཉིས་ཀའི་ནང་ཡོད་ཀྱང་མཐོང་གི་མེད།

ང་ལ་སྒྲུང་ཞིག་བཤད་རྒྱུ་ཡོད།  ང་ཉིན་ཞིག་བྷོ་པཱལ་( Bhopal) དུ་མིའི་འགྲེམས་སྟོན་ཁང་ (Museum of Man) ཞིག་ནང་ལྟ་སྐོར་ཁྲིད་སོང་།  དེའི་རྒྱལ་སྒོའི་འགྲམ་དུ་ཌར་ཝིན་རྣམ་གཞག་ (Darwin theory) ལྟར་སྤྲ་ནས་མི་ཆགས་ཚུལ་དེ་རི་མོར་བྲིས་འདུག འགྲེམས་སྟོན་ཁང་གི་འགན་འཛིན་དེས་མིའི་རིགས་རྒྱུད་དེ་སྤྲ་ཡིན་པ་དང།  དེ་ནས་ཡར་རྒྱས་ (Evolve) ཕྱིན་ནས་སྟོབས་ཆེ་ཤོས་དེ་འཚོ་གནས་ (Survival of the fittest) ཐུབ་པ་ཞེས་པའི་ལྟ་གྲུབ་ཐོག་ནས་རིམ་གྱིས་མིར་ཆགས་ཚུལ་འགྲེལ་བཤད་གནང་སོང་།  ངས་ཁོང་ལ་དེ་ཚོ་ཁྱེད་ཀྱིས་ཇི་ལྟར་ཤེས་སོང་ཞེས་དྲིས་དུས། ཁོང་གིས་དེབ་བཀླགས་ནས་ཤེས་པ་དང་། འཛིན་གྲྭའི་ནང་དུའང་བསླབས་མྱོང་ཡོད་ཅེས་གསུངས་སོང་།  དེ་ནས་ངས་ད་ལྟ་མཐོང་རྒྱུ་ཡོད་པའི་སྤྲ་དང་སྤྲེའུ་དེ་ཚོས་ཉེས་པ་གང་བསགས་པ་ཡིན་ནམ།  ད་བར་ཅིའི་ཕྱིར་ལུས་པ་རེད་ཅེས་དྲིས་པ་ཡིན། ཁོང་གིས་དེ་ཚོ་ Evolve མ་བྱས་པ་རེད་གསུངས་སོང་།  སླར་ཡང་ངས་ Evolve བྱས་པའི་སྤྲ་དེ་གང་འདྲ་ཡོད་པ་དང་།  Evolve མ་བྱས་པའི་སྤྲ་དེ་གང་འདྲ་ཡོད་པ།  དེའི་བར་དུ་ཁྱད་པར་གང་ཤོར་བ།  ད་ལྟ་ལྷག་པ་རྣམས་ཡོང་མཚམས་ཤིག་ཏུ་མིར་ཆགས་རྒྱུའམ།  ཡང་ན་དེ་ཚོར་མིར་འགྱུར་བའི་ནུས་པ་མེད་པ་ཡིན་ནམ་ཞེས་དྲིས་དུས།  ཁོང་གིས་དེའི་སྐོར་ལ་བསམ་བློ་གཏོང་རྒྱུ་མ་བྱུང། ཌར་ཝིན་གྱིས་དེའི་སྐོར་བཤད་མི་འདུག  ཁྱད་པར་ཞིག་ཡོད་ཀྱི་རེད་ཅེས་གསུང་གི་འདུག  དེར་བརྟེན་དེ་དག་ཆ་བཞག་ནས་ཕྱིན་པ་ཡིན་སྟབས།  དེའི་ཐོག་དྲི་བ་ཞིག་སླེབས་དུས།  དྲི་བ་དང་པོ་ལ་ལན་ཕྱེད་ཀ་ཙམ་དང་། དྲི་བ་གཉིས་པ་གསུམ་པ་ལ་ལན་བརྒྱབ་རྒྱུ་མེད་པ་དེ་ཤེས་ཀྱི་མེད་པའི་རྟགས་རེད།

རིགས་ལམ་ཟེར་བ་ནི་དེ་ལས་ལྡོག་སྟེ་བརྟག་དཔྱད་བྱས་ནས་རང་གིས་ཤེས་པ་བཟོ་རྒྱུ་དེ་རེད།  སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་དེ་རིམ་པ་གཅིག་མིན་པར། རིམ་པ་གསུམ་གྱི་ཐོག་ནས་འགྲོ་གི་ཡོད།  དང་པོ་དགེ་རྒན་མདུན་ནས་ཉན་པའམ་དེབ་ཀློག་ནས་ཐོས་པའི་ཤེས་རབ་དེ་རྙེད་པར་བྱེད་ཀྱི་རེད།  ཐོས་པའི་ཤེས་རབ་དེ་མངོན་པ་མཛོད་ནང་རང་གི་ཤེས་རབ་མིན་པར། གཞན་ནས་གཡར་བའི་ཤེས་རབ་རེད་ཅེས་གསུངས་ཡོད།  ཐོས་པའི་སྐབས་སུ་འདི་རེད་འདི་མ་རེད་ཅེས་བཤད་པ་དེ། “ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།།  ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།།  བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི།།  རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག།།” ཅེས་གསུངས་པ་ལྟར་རིགས་པ་བཞིའི་སྒོ་ནས་བརྟག་དཔྱད་བྱེད་རྒྱུ་དེ་རེད། རིགས་པ་བཞིའི་སྒོ་ནས་བརྟག་དཔྱད་བྱེད་པའི་སྐབས་སུ་དང་པོ་ཐོས་པའི་དོན་དེ་ཡིན་པའང་གྲུབ་དོན་རྙེད་སྲིད།  མ་ཡིན་པ་ཞིག་ཀྱང་གྲུབ་དོན་རྙེད་སྲིད།  ཕྲན་བུ་འགྱུར་བ་བཏང་ནས་ཀྱང་གྲུབ་དོན་རྙེད་སྲིད།  གང་ལྟར་ཐོས་པ་དེ་བཞིན་གྲུབ་དོན་རྙེད་པའི་ངེས་པ་གང་ཡང་མེད།  དེར་བརྟེན་རིགས་པ་བཞིའི་སྒོ་ནས་བརྟག་དཔྱད་བྱས་ཏེ་ཐོས་པའི་དོན་དེ་ལ་རང་གི་བློ་ཡིས་ཐེ་ཚོམ་ཆོད་ཟེར་དུས་སོ་སོས་ཤེས་པ་ཞིག་ཆགས་དགོས།  དེའི་ཐོག་ཐེ་ཚོམ་མེད་པ་ཞིག་ཆགས་དགོས་རྒྱུ་དེ་གལ་ཆེན་པོ་རེད།  སྤྱིར་རྒྱ་གར་གྱི་སྲོལ་རྒྱུན་ཤེས་ཡོན་གྱི་གནས་སྟངས་དང་།  ལྷག་པར་དུ་ང་ཚོའི་ནང་པའི་སྲོལ་རྒྱུན་ཤེས་ཡོན་གྱི་གནས་སྟངས་དེ་འདྲ་ཞིག་ཡོད།

སྟོན་པ་བཅོམ་ལྡན་འདས་གང་ཉིད་ཀྱིས་སྟོན་པ་གཞན་དང་མི་འདྲ་བར་ཐ་དད་པ་ཞིག་གང་གསུངས་ཡོད་ཅེ་ན།  ཁྱེད་རང་ཚོས་ང་ལ་དད་གུས་ཡོད་པའི་དབང་གིས་སངས་རྒྱས་ཀྱིས་གང་གསུངས་པ་དེ་རང་རེད་ཅེས་ཆ་མ་ཞོག  བརྟག་དཔྱད་བྱས་ནས་ཡིན་པ་ལ་ཡིན་པ་དང་།  མ་ཡིན་པ་ལ་མ་ཡིན་པ་རང་གི་རྣམ་དཔྱོད་ཀྱི་ཐོག་ནས་བླང་དོར་འབྱེད་དགོས་ཚུལ་གསུངས་པ་རེད། དེ་ཡང་། “དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།  ལེགས་པར་བརྟགས་ལ་ང་ཡི་བཀའ།།  བླང་བར་བྱ་ཡིས་གུས་ཕྱིར་མིན།།” ཞེས་སངས་རྒྱས་ལ་གུས་པ་ཡོད་པའི་ཆ་ནས་སམ།  ཡང་ན་སངས་རྒྱས་ལ་ཞེན་ཁོག་ཡོད་པའི་ཆ་ནས་ཁས་ལེན་མི་རུང་ཞེས་གསུངས་ཡོད།  ལེགས་སྦྱར་གྱི་སྐད་དུ་ “ན་ཏུ་གཽརབཱཏ་” ཞེས་སྤོབས་པ་ལྟ་བུའམ།  བོད་སྐད་དུ་གུས་ཕྱིར་མིན་ཞེས་དད་པ་བྱས་ནས་ཆ་གཞག་རྒྱུ་མེད་ཅེས་གསུངས་པ་རེད།  ད་ལྟ་ལུང་དྲངས་པ་དེ་མདོ་ཞིག་རེད།  ཡིན་ནའང་མདོ་དེ་ང་ཚོའི་བཀའ་འགྱུར་ནང་རག་གི་མེད།  དེ་ལྟ་བུ་ཞིག་སྟོབས་པོ་ཆེའི་རྒྱུད་ནང་ཡོད།  ལུང་དེ་སློབ་དཔོན་ཀམལ་ཤཱིལཱའི་ཚད་ཆེན་གྱི་འགྲེལ་པའི་ནང་མདོ་ལས་ཞེས་དྲངས་པ་དེ་ཡང་བསྐྱར་དྲངས་པ་ཞིག་རེད།  པཱལིའི་ཀཱལམ་སུཏྟཾ་ཞེས་བྱ་བའི་མདོའི་ནང་དེ་ལས་རྒྱས་པ་ཡོད་འདུག  དེའི་ནང་རང་གི་རིགས་པས་བརྟག་དཔྱད་བྱེད་དགོས་པ་དེ་ཧ་ཅང་ཞིབ་ཚགས་པོ་གསུངས་ཡོད།  ཆོས་ལུགས་གཞན་གྱི་སྟོན་པ་མང་ཆེ་བས་ང་འཇིག་རྟེན་གྱི་བྱེད་པ་པོ་ཡིན།  ངས་གང་བཤད་པ་དེར་ཆ་གཞག་དགོས་ཞེས་པ་དང་།  ཡང་ན་ང་འཇིག་རྟེན་གྱི་བྱེད་པ་པོ་དེའི་གསུང་འཕྲིན་འཁྱེར་ཡོང་མཁན་གྱི་བང་ཆེན་དེ་ཡིན།  དེར་བརྟེན་ངའི་གསུང་ལ་ཚད་མ་འཛིན་དགོས་ཞེས་གསུངས། དེ་ནི་བརྟག་དཔྱད་ཀྱི་མཚམས་ལས་འདས་པ་རེད་ཅེས་གསུང་མཁན་མང་།  དེས་ན་ཡིད་ཆེས་བྱེད་དགོས་པའི་ཆོས་ལུགས་དང་རིགས་པའི་རྗེས་སུ་འབྲང་དགོས་པའི་ཆོས་ལུགས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་རེད།

ང་ཚོ་ནང་པའི་ཆོས་ལུགས་ནི་རིགས་པའི་རྗེས་སུ་འབྲང་དགོས་པའི་ཆོས་ལུགས་རེད།  དེར་བརྟེན་མདོ་སྡེ་དགོངས་འགྲེལ་དུ་དོན་ལ་བརྟག་དཔྱད་བྱེད་པའི་ཐབས་ལམ་རིགས་པ་བཞི་གསུངས་པ་རེད།  རིགས་པ་རྣམ་པ་བཞི་ནི།  ལྟོས་པའི་རིགས་པ་དང་།  བྱ་བ་བྱེད་པའི་རིགས་པ།  འཐད་པ་སྒྲུབ་པའི་རིགས་པ།  ཆོས་ཉིད་ཀྱི་རིགས་པ་བཅས་རེད།  མདོ་སྡེ་དགོངས་འགྲེལ་ནང་གསུངས་པའི་འཐད་སྒྲུབ་ཀྱི་རིགས་པ་དང་། ཉན་ས་སོགས་ནས་གསུངས་པའི་གཏན་ཚིགས་ཀྱི་རིགས་པ་གཉིས་གཅིག་པ་རེད།  ལྟོས་པའི་རིགས་པ་ལ་སྐྱེ་བའི་ཆ་ནས་ལྟོས་པ་དང་བཏགས་པའི་ཆ་ནས་ལྟོས་པ་གཉིས་ཡོད།  ལྟོས་པའི་རིགས་པ་ནི་ང་ཚོས་བརྟག་དཔྱད་བྱེད་པའི་སྐབས་སུ་རྒྱུ་འདི་འདྲ་ཞིག་བྱུང་ན་འབྲས་བུ་འདི་འདྲ་ཞིག་ཡོང་། རྒྱུ་འདི་འདྲ་ཞིག་ཚོགས་ན་འབྲས་བུ་འདི་འདྲ་ཞིག་སྐྱེ་ཞེས་རྒྱུའི་སྒོ་ནས་འབྲས་བུ་རྗེས་སུ་དཔག་རྒྱུ་མེད་ཀྱང་། བརྟག་དཔྱད་བྱེད་པའི་སྐབས་སུ་ཐོག་མ་རྒྱུའི་གནས་སྟངས་ལ་བལྟས་ནས་དེའི་འབྲས་བུ་བཟང་ངན་ག་རེ་ཡོང་མིན་བརྟག་པའམ། ཡང་ན་དངོས་པོ་འདིའི་གནས་བབ་འདི་འདྲ་ཞིག་ཡོང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་འདུག་ཅེས་བརྟག་དཔྱད་བྱེད་སྟངས་དེ་ལྟོས་པའི་རིགས་པའི་ནང་ནས་རྒྱུ་རྐྱེན་གྱི་ལྟོས་པའི་རིགས་པའི་ཐོག་ནས་བརྟག་དཔྱད་བྱེད་སྟངས་རེད།  བཏགས་པའི་ལྟོས་པའི་རིགས་པ་ནི་ཟླ་བ་ལ་ཟླ་བ་ཞེས་ཅིའི་ཕྱིར་བརྗོད་ཀྱི་ཡོད་པ་དང་།  ཉི་མར་ཉི་མ་ཞེས་ཅིའི་ཕྱིར་བརྗོད་ཀྱི་ཡོད་པ་འཐད་པ་སྒྲུབ་པའི་རིགས་པས་རྒྱུ་མཚན་གང་ཡང་བཤད་རྒྱུ་མེད།  འདོད་རྒྱལ་མཁན་པོས་མིང་དང་བརྡ་ཡི་ཐ་སྙད་ལ་བརྟེན་ནས་བཏགས་པ་དེ་རང་བཞིན་གྱིས་གཏིང་ཚུགས་པ་ཆགས་དུས་ཚང་མས་དེ་འདྲ་ཡིན་ཤག་བྱས་ནས་འགྲོ་བ་དེ་རེད།  དེའི་ནང་ད་དུང་གལ་ཆེ་བ་ཞིག་ལ། དཔེར་ན་ཆེན་པོ་ཞེས་པ་དེ་རང་གི་ངོ་བོའི་ཆ་ནས་ཆེན་པོར་རང་བཞིན་གྲུབ་པ་གང་ཡང་མེད།  འོན་ཀྱང་དེ་ནི་ཆུང་ཆུང་ཞིག་ལ་ལྟོས་ནས་ཆེན་པོར་བཏགས་པ་རེད།  གལ་ཏེ་དེ་ལས་ཆེ་བ་ཞིག་ལ་ལྟོས་ན་དེ་ཆུང་ཆུང་ཆགས་འགྲོ་རྒྱུ་རེད།

བྱ་བ་བྱེད་པའི་རིགས་པ་ནི། དཔེར་ན།  རྫས་སྦྱོར་རིག་པ་ལྟ་བུ་ལ་ཆ་བཞག་ན། རྫས་མི་འདྲ་བ་གཉིས་གསུམ་མཉམ་དུ་བཞག་ན་མེ་འབར་བ་དང་། འདི་འདྲ་ཞིག་མཉམ་དུ་བཞག་ན་ཆུར་འགྱུར་བ། འདི་འདྲ་ཞིག་མཉམ་དུ་བཞག་ན་རླངས་པའི་མཉམ་དུ་ཡལ་བ་རྣམས་རྫས་སྦྱོར་ཕན་ཚུན་འཐབ་པ་ལ་བརྟེན་ནས་དམིགས་བསལ་གྱི་བྱ་བ་ཞིག་གྲུབ་པ་རེད།  དེའི་དབང་གིས་དེ་འདྲའི་བརྟག་དཔྱད་བྱེད་པ་དེར་བྱ་བ་བྱེད་པའི་རིགས་པ་ཞེས་བརྗོད།

ཆོས་ཉིད་ཀྱི་རིགས་པ་ནི་བྱ་བ་བྱེད་པའི་རིགས་པ་དང་། ལྟོས་པའི་རིགས་པ། འཐད་པ་སྒྲུབ་པའི་རིགས་པ་བཅས་གསུམ་གའི་དགག་སྒྲུབ་ཀྱི་གནས་སུ་མ་གྱུར་པ་རྣམས་ཀྱི་ཆེད་དུ་རེད།  དེའི་རྒྱུ་མཚན་གང་འདྲ་བཤད་དགོས་ཞེ་ན། དེ་ནི་དེའི་རང་བཞིན་རེད།  དེའི་ཆོས་ཉིད་རེད་ཅེས་པ་ལྟ་བུ་ཡིན། དཔེར་ན་མེའི་རང་བཞིན་ཚ་བ་ཡིན་པ་དང།  ཚ་ཞིང་སྲེག་པ་དེ་མེའི་རང་བཞིན་རེད་ཟེར་བ་ལྟ་བུ།  བརླན་ཞིང་གཤེར་བ་དེ་ཆུའི་རང་བཞིན་རེད་ཟེར་བ་ལྟ་བུ།  ཆུ་དེ་ཅིའི་ཕྱིར་བརླན་ཞིང་གཤེར་བ་རེད་ཅེས་བཤད་ན། བརླན་ཞིང་གཤེར་བའི་རྒྱུ་འདི་འདྲ་དང་རྒྱུ་མཚན་འདི་འདྲ་རེད་ཅེས་འགྲེལ་བཤད་བརྒྱབ་རྒྱུ་གང་ཡང་མེད།  བརླན་ཞིང་གཤེར་བ་ལ་ཆུ་ཞེས་པའི་ཐ་སྙད་དེ་བཏགས་པ་ཡིན་སྟབས་ཆུའི་རང་བཞིན་རེད་ཟེར་བ་ལྟ་བུ་ནི་ཆོས་ཉིད་ཀྱི་རིགས་པ་རེད།  ད་དུང་དེ་གཏིང་ཟབ་ཏུ་འགྲོ་ན།  སྟོང་ཉིད་དེ་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དངོས་པོའི་གནས་ལུགས་བཙལ་བའི་སྐབས་སུ་རང་ངོས་ནས་གྲུབ་པ་མེད་པ་རྙེད་པ་དེ་ཆོས་ཉིད་མཐར་ཐུག་དེ་རེད།  དེ་ཚོ་དངོས་པོའི་གནས་ལུགས་རང་གི་རྒྱུ་མཚན་གྱི་ཐོག་ནས་བཤད་རྒྱུ་རེད།

འཐད་པ་སྒྲུབ་པའི་རིགས་པའམ་གཏན་ཚིགས་ཀྱི་རིགས་པ་ནི་ལྐོག་གྱུར་གྱི་གནས་ལ་བརྟག་དཔྱད་བྱེད་སྐབས་རྟགས་དང་རྒྱུ་མཚན་ལ་ལྟོས་དགོས་པ་ཡིན།  ནམ་རྒྱུན་ང་ཚོ་རྩོད་པའི་སྐབས་སུ་རྒྱུ་མཚན་ཟེར་གྱི་ཡོད།  བྱས་ཙང་ངས་ཚད་མ་རིགས་པ་ལ་ Science of Reasoning ཞེས་བརྗོད་ཀྱི་ཡོད།  སྤྱིར་བཏང་ Reasoning ཞེས་པ་རྒྱུ་མཚན་བཀོད་སྟངས་དང་།  Science of Reasoning ཞེས་རྒྱུ་མཚན་བཀོད་སྟངས་ཀྱི་ཚན་རིག་གཉིས་ལའང་གོ་རྒྱུ་ཆེ་ཆུང་གི་ཁྱད་པར་ཞིག་ཡོད།  ང་ཚོས་མངོན་སུམ་དུ་མཐོང་ཐུབ་པའི་རིགས་ལ་རྒྱུ་མཚན་གྱི་ཐོག་ནས་དཔོག་དགོས་པ་མེད།  གང་ཟག་ཕལ་པས་སྐབས་དུས་དབང་གིས་དངོས་སུ་མཐོང་མི་ཐུབ་པའམ་རང་བཞིན་གྱི་ཆ་ནས་དངོས་སུ་མཐོང་མི་ཐུབ་པ་དེ་ཚོ་འཐད་པ་སྒྲུབ་པའི་རིགས་པའི་སྒོ་ནས་རྗེས་དཔག་ཚད་མས་རྟོགས་དགོས་པ་ཡིན།  དེས་ན་གཙོ་བོ་འཐད་པ་སྒྲུབ་པའི་རིགས་པ་སྟོན་པ་དེ་ལ་ཚད་མ་རིག་པ་ཟེར།  རིགས་པ་གཞན་གསུམ་པོའང་གལ་ཆེན་པོ་མིན་པ་མིན།  དཔེར་ན།  ད་ལྟ་ཚན་རིག་པས་བརྟག་དཔྱད་ཁང་ནང་བརྒྱ་ཆ་དགུ་བཅུ་གོ་ལྔ་ལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པའི་སྒོ་ནས་བརྟག་དཔྱད་བྱེད་པ་མ་གཏོགས། འཐད་པ་སྒྲུབ་པའི་རིགས་པའི་སྒོ་ནས་བརྟག་དཔྱད་བྱེད་ཤེས་ཀྱི་མེད་ལ།  བརྟག་དཔྱད་བྱེད་ཐུབ་ཀྱིའང་མེད།  ལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པས་ཇི་ལྟར་བརྟག་དཔྱད་བྱེད་ཀྱི་ཡོད་ཅེ་ན།  ཚོད་བལྟའི་ཐོག་ནས་རྫས་མི་འདྲ་བ་གཉིས་མཉམ་དུ་གཞག་ན་ག་རེ་བྱེད་ཀྱི་འདུག གཞན་པ་ཞིག་སྣོན་པ་བསྲེ་ན་ག་རེ་བྱེད་ཀྱི་འདུག  དུམ་བུར་གསེད་ན་གང་འདྲ་བྱེད་ཀྱི་འདུག རྡུལ་ཕྲན་སོ་སོ་ཆ་ཕྱེ་ནས་བལྟས་ན་ག་རེ་བྱེད་ཀྱི་འདུག་སོགས་མིག་གིས་བལྟ་རྒྱུ་དང་།  སྣ་ཁུང་གིས་བསྣམ་རྒྱུ།  ལུས་ཀྱིས་རེག་རྒྱུ།  རྣ་བས་གོ་རྒྱུ་རྐྱང་རྐྱང་ཞིག་ལ་བརྟེན་ནས་བརྟག་དཔྱད་བྱེད་པ་མ་གཏོགས།  འཐད་སྒྲུབ་ཀྱི་རིགས་པ་ལ་བརྟེན་ནས་ལྐོག་གྱུར་གྱི་གནས་ཤིག་ལ་བཙལ་རྒྱུ་དེ་ཚན་རིག་པས་ཤེས་ཀྱི་མེད།

འཐད་སྒྲུབ་ཀྱི་རིགས་པ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་གནས་སམ་གནས་སྐབས་ལྐོག་ཏུ་གྱུར་པའི་གནས་ལ་རྗེས་སུ་དཔོག་རྒྱུ་དེ་རེད། དཔེར་ན།  རིའི་རྩེ་ལ་མེ་ཡོད་པ་དེ་གནས་ཀྱི་བསྐལ་བའི་དབང་གིས་སམ་ས་ཆ་ཐག་རིང་པོ་ཡིན་པའི་དབང་གིས་མཐོང་ཐུབ་ཀྱི་མེད་ན། དུ་བ་མཐོང་བའི་སྐབས་སུ་མེའི་འབྲས་བུ་དུ་བ་དེ་རྟགས་སུ་བཀོད་དེ་དེའི་རྒྱུ་མེ་སྔོན་དུ་སོང་བ་དེ་ཚུལ་གསུམ་ཚང་བའི་རིགས་པའི་ལམ་ནས་དཔོག་ཐུབ། དེ་བཞིན་སྐྱེ་བ་སྔ་ཕྱི་ལྟ་བུ་ཅུང་ཟད་ལྐོག་གྱུར་དང་། ལས་རྒྱུ་འབྲས་ལྟ་བུའི་ཤིན་ཏུ་ལྐོག་ཏུ་གྱུར་པ་དེ་ཚོ་ཚུལ་གསུམ་ཚང་བའི་རིགས་པའི་ལམ་ནས་དཔོག་ཐུབ་པའི་ཐབས་ལམ་དེར་འཐད་སྒྲུབ་ཀྱི་རིགས་པ་ཞེས་བརྗོད།  མདོ་སྡེ་དགོངས་འགྲེལ་ནང་གསུངས་པའི་རིགས་པོ་བཞི་པོའི་རྣམ་གཞག་རྒྱས་པ་འཕགས་པ་ཐོགས་མེད་ཀྱིས་ཉན་སའི་ནང་བཀྲལ་ཡོད།  དེས་ན་རིགས་ལམ་སློབ་མཁན་ཚོས་འཐད་སྒྲུབ་ཀྱི་རིགས་པ་རྐྱང་པ་མིན་པར། རིགས་པ་བཞི་ག་ཤེས་དགོས་པ་མ་ཟད།  རང་གི་ངོ་སྐལ་དུ་གྱུར་པའི་ཡུལ་ལ་བརྟག་དཔྱད་བྱེད་པའི་སྐབས་སུ་རིགས་པ་བཞི་པོའི་བེད་སྤྱོད་གཏོང་སྟངས་ཡག་པོ་ཤེས་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། ཚན་རིག་དང་། འདས་པའི་དུས་ཀྱི་བྱུང་རབས།  སྤྱི་ཚོགས་ཚན་རིག་སོགས་སུ་འཐད་སྒྲུབ་ཀྱི་རིགས་པ་ལས། ལྟོས་པའི་རིགས་པ་དང་བྱ་བ་བྱེད་པའི་རིགས་པ་མང་བ་བེད་སྤྱོད་ཡོད།  དེ་ཚོའང་ཁྱེད་ཚོས་ཤེས་དགོས།

འཐད་སྒྲུབ་ཀྱི་རིགས་པ་གཙོ་བོར་གྱུར་པའི་ཚད་མའི་གཞུང་ལུགས་དེ་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་རེད།  ནུབ་ཕྱོགས་སུ་དར་བའི་རྒྱུ་མཚན་གྱི་རིགས་པ་ཞིག་ཡོད་རྒྱུ་ཡོད་པ་རེད།  དེར་ Logic ཟེར།  ནུབ་ཕྱོགས་སུ་དར་བའི་ Logic ཟེར་བ་དེ་ཕྱོགས་གཅིག་ནས་རིགས་པ་གསར་པ་རེད།  ལོ་དྲུག་བརྒྱ་བདུན་བརྒྱ་ཡས་མས་དུས་ཚོད་མ་གཏོགས་ཕྱིན་མེད།  དཔེར་ན་སུཀ་རཱཏ་ (Socrates) སོགས་ནས་བརྩི་ན་ཧ་ལམ་ལོ་ཉིས་སྟོང་ཡས་མས་ཤིག་གི་དུས་ཚོད་བརྩི་རྒྱུ་ཡོད།  དེ་མིན་མང་ཆེ་བ་དེང་རབས་ཀྱི་ Logic སྐོར་དེ་གསར་པ་ཞིག་རེད།  དེའི་ནང་འཐད་པ་སྒྲུབ་པའི་རིགས་པ་སོགས་རིགས་པ་བཞི་པོ་གང་ཡང་བེད་སྤྱོད་གཏོང་ཚུལ་གྱི་རྣམ་གཞག་གསལ་པོ་མེད།  Reduction ལྟ་བུ་ང་ཚོ་ནང་པའི་བཤད་སྟངས་ལྟར་ན་མཐའ་གཞན་འགོག་པའི་རིགས་པ་ཟེར་བ་དེ་དང་འདྲ་པོ་རེད།  འདི་ཡང་རེད་མི་འདུག དེ་ཡང་རེད་མི་འདུག ད་ཕལ་ཆེར་འདི་ཡིན་ས་རེད་ཅེས་གང་ལྟར་མཐའ་གཞན་པ་སེལ་གྱིན་སེལ་གྱིན་འགྲོ་བ་རེད། Reductionist དེ་ཚོའི་ལྟ་སྟངས་དེ་ཏོག་ཙམ་འུ་ཐུག་པོ་རེད།  དེ་ནི་ Logic ཡིན་པ་གང་ཞིག་ལ་རྣམ་དཔྱོད་ཆེན་པོ་བཏོན་རྒྱུ་ཡོད་པ་ཞིག་མིན།

རྒྱ་གར་ནང་དར་བའི་ཚད་མ་རིག་པའི་གཞུང་ལུགས་ནི་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་གོང་ནས་ཡོད་པ་རེད།  སྐབས་དེར་མུ་སྟེགས་པའི་སྟོན་པ་དྲུག་ཅེས་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་གཙོ་ཆེ་བ་དྲུག་ཡོད་པ་རེད།  ལྟ་བ་དྲུག་ཡོད་པ་དེའི་ནང་ནས་རྫོགས་བྱེད་ཀྱི་བུ་སོགས་ལ་རྟོག་གེ་བ་ཞེས་བཤད་ཡོད། རྟོག་གེ་བ་ཟེར་བ་དེ་བོད་སྐད་རེད།  རྒྱ་གར་གྱི་སྐད་དུ་ཏཱརྐིཀ་ཟེར།  ཏཱརྐིཀ་ཞེས་པའི་ཚིག་ནས་རྟོག་གེ་བ་བཟོས་པ་རེད།  གང་ལྟར་རྟོག་གེ་བ་ནི་རིགས་པའི་ལམ་ནས་བརྟག་དཔྱད་བྱེད་མཁན་རེད།  ཡིན་ནའང་རྒྱ་གར་གྱི་ཚད་མ་རིག་པའི་གཞུང་ལུགས་རྩོམ་མཁན་གྲགས་ཆེ་བ་དེ་ལ་དྲང་སྲོང་གཽཏམ་ཟེར་གྱི་ཡོད།  དེ་ལ་བོད་དུ་གཟེགས་ཟན་པ་དང་། རྐང་མིག་པ།  འུག་པ་པའང་ཟེར། དེ་ལྟ་བུའི་རིགས་པ་ཅན་པ་ཟེར་བའི་མུ་སྟེགས་པའི་གཞུང་ལུགས་དེ་ཚད་མ་རིག་པ་གཙོ་བོར་ཤོད་མཁན་ཞིག་རེད།  ཁོང་ཚོས་རྟོག་གེ་ཚིག་དོན་བཅུ་དྲུག་ཟེར་བ་ཞིག་བཤད་ཀྱི་རེད།   ང་ཚོ་ནང་པའི་ཚད་མ་རིག་པའི་ནང་རྟོག་གེ་ཚིག་དོན་བརྒྱད་མ་གཏོགས་བཤད་ཀྱི་མེད།  རྟོག་གེ་ཚིག་དོན་བཅུ་དྲུག་སྟོན་པའི་ཚད་མའི་མདོ་ཟེར་བ་དེ་གཽཏམ་གྱིས་བརྩམས་པ་རེད།  དེ་ནས་རྒྱ་གར་ནང་ཚད་མ་རིག་པ་དེ་བྱུང་། དེ་ལ་ང་ཚོས་རྟགས་རིག་དང་། རྒྱུ་རིག་པའང་ཟེར།  ཡིན་ནའང་ཚད་མ་རིག་པ་ཞེས་ཟེར་དགོས་དོན་ནི། དེ་ནི་རྒྱུ་མཚན་བཤད་པ་ཙམ་མ་ཡིན་པར། རྒྱུ་མཚན་དེའི་དབང་གིས་ཡུལ་དང་ཡུལ་ཅན་གཉིས་ཀ་ཚད་ལྡན་དང་མི་ལྡན་དེ་གཞལ་གྱི་ཡོད་པ་རེད།  གང་ལྟར་ཚད་འཇལ་རྒྱུ་དེ་རེད།  ཡུལ་ཅན་ཡུལ་ལ་མི་སླུ་བ་ཡིན་པའི་རྒྱུ་མཚན་གྱིས་ཡུལ་དེ་དངོས་ཡོད་ཀྱི་གནས་སྟངས་ཡིན་པ་དང་།  ཡུལ་དེ་དངོས་ཡོད་ཀྱི་གནས་སྟངས་ཡིན་པའི་རྒྱུ་མཚན་གྱིས་དེ་ལ་དམིགས་པའི་ཡུལ་ཅན་དེ་མི་སླུ་བ་ཡིན་པ་དེ་ཚད་མ་རིག་པས་བསྒྲུབས་ཀྱི་ཡོད།  ཚད་འཇལ་བྱེད་ཀྱི་ཚད་དེ་ཡིན་སྟབས།  པྲམཱཎ་ཞེས་པ་ཚད་གཞལ་བ་དང་ཚད་སྤྲད་པ་གཉིས་ཀ་ལ་གོ་གི་ཡོད།  ཚད་མ་རིག་པ་ཟེར་བ་དེ་རྒྱུ་རིག་པ་དང་རྒྱུ་མཚན་རིག་པ་གཉིས་ཀ་རེད།  དེར་བརྟེན་སློབ་དཔོན་ཆོས་ཀྱི་གྲགས་པས་པྲམཱཎ་བཱརྟིཀ་ཞེས་ཚད་མ་རྣམ་འགྲེལ་ལ་ཚད་མ་ཞེས་པའི་མིང་སྦྱར་དགོས་པའི་རྒྱུ་མཚན་དེ་རེད།  བྱས་ཙང་ནང་པའི་ཚད་མ་རིག་པ་དང་སྤྱིར་བཏང་རྒྱ་གར་གྱི་ཚད་མ་རིག་པ་གཉིས་ཚད་མ་རིག་པ་ཡིན་པ་ཙམ་མཚུངས་ནའང་ནང་དོན་མི་འདྲ་བ་ཆེན་པོ་རེད།  སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་ནང་འཐད་པ་སྒྲུབ་པའི་རིགས་པ་དང་རིགས་པ་གཞན་རྣམས་བེད་སྤྱོད་བཏང་སྟེ་སངས་རྒྱས་ཀྱི་གསུང་ཐམས་ཅད་རིགས་པའི་ལམ་དང་སྦྱར་ནས་གསུངས་པ་ཤ་སྟག་མ་གཏོགས། རིགས་པའི་ལམ་དང་མ་སྦྱར་བར་ཐད་ཀར་ཐག་གཅོད་བྱས་པ་ཧ་ལམ་གཅིག་ཀྱང་མེད།  ལྷག་པར་དུ་སངས་རྒྱས་ཀྱི་གསུང་གང་ལ་བལྟས་ནའང་སངས་རྒྱས་ཉིད་ཀྱིས་གསུངས་པ་དེ་ཧ་ཅང་ཉུང་ཉུང་རེད།  ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པ་དང་།  ཉན་ཐོས་ཆེན་པོ་ལ་སོགས་པ་དེ་ཚོ་ནང་ཕན་ཚུན་བགྲོ་གླེང་གནང་བ་ཤ་སྟག་རེད།  ཁྱེད་ཚོས་ཤེས་རབ་སྙིང་པོ་གོ་མྱོང་ཡོད་ཀྱི་རེད།  ཤེས་རབ་སྙིང་པོ་ནི་སངས་རྒྱས་ཀྱི་བཀའ་ཤེར་ཕྱིན་གྱི་མདོ་ཞིག་རེད།  དེའི་ནང་སངས་རྒྱས་ཉིད་ཀྱིས་ཞལ་ནས་གསུངས་པ་དེ་ཚིག་ཁ་ཤས་ལས་མེད།  དེ་ཡང་། “ལེགས་སོ་ལེགས་སོ།།  རིགས་ཀྱི་བུ།  དེ་དེ་བཞིན་ནོ།།  དེ་དེ་བཞིན་ཏེ།  ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་།།” ཞེས་པ་ཙམ་རེད།  དེ་མིན་གཞན་ཆ་ཚང་ཤཱ་རིའི་བུ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཉིས་ཀྱི་དབར་དྲི་བ་དྲིས་ལན་ཤ་སྟག་རེད། དེས་ན་སངས་རྒྱས་ཀྱིས་གསུངས་པའི་མདོ་ཐམས་ཅད་ཀྱི་འགྲོས་ནི་དེང་སང་ནུབ་ཕྱོགས་པས་སྐད་ཆ་བཤད་སྟངས་ལྟར་བྱས་ན་ Dialectical Dialogue རེད།  དེ་ནི་སོ་ཀ་ར་ཀྲིས་ (Socrates) དང་། པེ་ལེ་ཀྲོ (Plato)  ཨ་རིས་ཀྲོ་ཀྲེལ་ (Aristotle) སོགས་ཀྱིས་གསར་དུ་བཟོས་པ་མིན། སངས་རྒྱས་དང་མཧཱ་བཱིར་ (Mahavira) གྱི་གསུང་ཧ་ལམ་འདྲ་པོ་ཡོད།  སྟོན་པ་དེ་ཚོའི་གསུང་ Dialectical Dialogue ནང་ཡོད་པ་དེ་ནས་ནུབ་ཕྱོགས་པའི་ལྟ་གྲུབ་ཐོག་མར་སྤེལ་མཁན་ཚོས་དཔེ་བླངས་པ་རེད། Dialectical Dialogue ཞེས་པ་ནི་ལམ་སེང་ཆ་མ་བཞག་པར་དེའི་ཐོག་ཡང་ཡང་ཞིབ་ཚགས་པོས་རྩོད་སྒྲུབ་ཀྱི་ལམ་ནས་བགྲོ་གླེང་བྱེད་པ་ལ་ཟེར།

དེང་སང་ནུབ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་རྣམས་དཔེ་བླང་ས་དེ་ཤར་ཕྱོགས་ཀྱི་རིག་གནས་ཡིན་པ་ཕལ་ཆེར་རྭ་འཕྲོད་ཡོང་གི་ཡོད།  ང་ཚོའི་བསམ་པར་ནུབ་ཕྱོགས་པས་ཧ་ཅང་འཇོན་པོ་རྒོད་པོ་བཏང་ཡོད་སྙམ་ཡང་། ང་ཚོས་དེ་ཚོ་བདག་གཅེས་མ་ཐུབ་པར་ཉམས་རྒུད་སོང་སྐབས་ཁོང་ཚོས་ལམ་སེང་དེ་ནས་དཔེ་བླངས་ཏེ་ཕྲན་བུ་སྣོན་པ་ལྟ་བུ་བརྒྱབས་ནས་འགྲོ་བསྡད་པ་རེད།  དེར་བརྟེན་ཐོག་མའི་གནས་ཚུལ་བྱུང་སྟངས་ཤེས་དགོས་པ་དེ་གལ་ཆེན་པོ་རེད།

འོན་ཀྱང་སངས་རྒྱས་ཀྱི་བཀའི་ནང་ཚད་མ་རིག་པ་སྟོན་པའི་མདོའམ་རྒྱུད་ཟུར་དུ་མེད་ཀྱང་། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཚང་མའི་ནང་ཚད་མ་རིག་པས་ཁྱབ་ཡོད།  དེ་ཡང་། “དུ་བ་ལས་ནི་མེར་ཤེས་དང་།། ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར།། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།  རིགས་ནི་མཚན་མ་དག་ལས་ཤེས།།” ཞེས་འབྲས་བུའི་རྟགས་ཀྱི་རྣམ་གཞག་བསྟན་པ་དང་།  ”རང་བཞིན་ཉིད་ཀྱི་ཕྱིར་དེ་ཉིད་ཀྱིས་གྲུབ་པ་” ཞེས་རང་བཞིན་རྟགས་ཀྱི་རྣམ་གཞག་བསྟན་པ།  ”ངའམ་ང་དང་འདྲ་བས་གང་ཟག་གི་ཚོད་གཟུང་གི གང་ཟག་གིས་གང་ཟག་ཚོད་གཟུང་བར་མི་བྱ་སྟེ། ཉམས་པར་གྱུར་ཏ་རེ་” ཞེས་མ་དམིགས་པའི་རྟགས་བསྟན་པ་སོགས་མདོ་མང་པོ་ཡོད་ཀྱང་།  གང་སར་ཐོར་ནས་ཡོད་པ་རེད།  ནང་པའི་ཚད་མ་རིག་པའི་གཞུང་ལུགས་མགོན་པོ་ཀླུ་སྒྲུབ་དང་། རྒྱལ་བ་བྱམས་པ། འཕགས་པ་ཐོགས་མེད་ནས་དབུ་ཚུགས་པ་བརྩི་ན་མ་འགྲིག་པ་མེད། ཡིན་ནའང་ཐེག་པ་ཆེན་པོའི་སྲོལ་འབྱེད་མཁན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་རེད།  འཕགས་པ་ཀླུ་སྒྲུབ་ཀྱིས་བརྩམས་པའི་དབུ་མ་རིགས་ཚོགས་དྲུག་ལ་སོགས་པའི་བསྟན་བཅོས་ནང་རྩོད་པ་རྒྱག་སྟངས་དང་རྒྱུ་མཚན་བཀོད་སྟངས་དེ་ནང་པའི་ཚད་མ་རིག་པའི་གཞུང་ལུགས་དང་ཡོངས་སུ་མཐུན། འོན་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱིས་ནང་པའི་ཚད་མ་རིག་པའི་མཚན་ཉིད་སྟོན་པའི་གཞུང་བརྩམས་མེད།  རིགས་ཚོགས་དྲུག་ནང་ཞིབ་མོ་རྣམ་འཐག་ཅེས་པ་དེ་ཕྱི་རོལ་པའི་ཚད་མ་རིག་པ་འགོག་པའི་གཞུང་རེད།  ཞིབ་མོ་རྣམ་འཐག་ནང་རྟོག་གེ་ཚིག་དོན་བཅུ་དྲུག་ལ་དགག་པ་བརྒྱབས་ཡོད།  དེར་བརྟེན་ནྱཱཡ་སཱུཏྲའམ་ཚད་མའི་མདོ་རྩོམ་མཁན་ཕྱི་རོལ་པའི་སྟོན་པ་གཽཏམ་ཞེས་པ་དེ་མགོན་པོ་ཀླུ་སྒྲུབ་ཀྱི་གོང་དུ་བྱོན་ཟིན་པ་ཤེས་རྟོགས་ཐུབ།  མགོན་པོ་ཀླུ་སྒྲུབ་ནི་སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལ་བྱོན་པ་ཞིག་ཡིན།  དེས་ན་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ནང་ཚད་མ་རིག་པ་དང་ཐད་ཀར་འབྲེལ་བ་ཡོད་པ་དེ་ཞིབ་མོ་རྣམ་འཐག་རེད། དེའི་ནང་གཞན་གཞུང་ལ་དགག་པ་དེའི་དབང་གིས་རང་གི་ཚད་མ་རིག་པ་དེ་གསལ་པོ་བསྟན་ཐུབ་པ་བྱུང་། ཞིབ་ཚགས་པོས་བལྟས་ན་རྩ་བ་ཤེས་རབ་སོགས་སུ་ནང་པའི་ཚད་མ་རིག་པའི་འགྲོས་ཀྱི་འགྲོ་སྟངས་ཆ་ཚང་བ་ཞིག་ཤུགས་ལ་བསྟན་ཡོད།

དེ་རྗེས་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ཙམ་ལ་འཕགས་པ་ཐོགས་མེད་ཀྱིས་གདན་དྲངས་པའི་བྱམས་ཆོས་སྡེ་ལྔའི་ནང་རྣལ་འབྱོར་སྤྱོད་པའི་བསྟན་བཅོས་ཤིག་གི་ནང་རྩོད་པའི་ཐབས་ཞེས་པའི་ལེའུ་ཞིག་ཡོད། དེ་ནི་མགོན་པོ་བྱམས་པའི་གསུང་ཡིན་མིན་ཇི་ལྟར་ཡང་རྒྱ་ནག་སྐད་དུ་འགྱུར་ཡོད་ལ། བོད་སྐད་དུ་བསྒྱུར་མེད། དེའི་ནང་རྩོད་པའི་གཞི་དང་། རྩོད་པ་བྱ་བའི་ཡུལ། སྔ་རྒོལ་གྱི་འོས་ཆོས། ཇི་ལྟར་རྩོད་ཚུལ། རྩོད་པའི་མཇུག་བསྡོམས་སོགས་དོན་ཚན་བདུན་ཡོད་འདུག

དེ་བཞིན་འཕགས་པ་ཐོགས་མེད་ཀྱིས་མཛད་པར་གྲགས་པའི་བཱད་བིདྷི་དང་བཱད་བདན་ཞེས་པའི་བསྟན་བཅོས་གཉིས་ནང་བཤད་པའི་རྩོད་ཚུལ་དེ་ཕལ་ཆེར་ཕྱི་རོལ་པ་དང་མཐུན་པ་ལས། ནང་པ་དང་དེ་ཙམ་མི་མཐུན་པར་བརྟེན། སློབ་དཔོན་ཕྱོགས་ཀྱི་གླང་པོས་བསྟན་བཅོས་དེ་གཉིས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་མིན་ཞེས་བཀག་ཡོད། ཡིན་ནའང་ཕྱོགས་ཀྱི་གླང་པོ་མ་བྱོན་གོང་དུ་འཕགས་པ་ཐོགས་མེད་ཀྱིས་མཛད་པར་གྲགས་པའི་ཚད་མ་རིག་པའི་གཞུང་ཞིག་ཡོད་བསྡད་པ་རེད།

སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི་ཡེ་ཤུའི་འདས་ལོ་ ༤༡༠ ནས་ ༥༢༠ རྩ་གྲངས་བར་བྱུང་།  ཕྱི་ལོ་བརྒྱ་ཕྲག་ལྔ་པ་དང་དྲུག་པའི་མགོ་ཡས་མས་ཤིག་རེད།  ནང་པའི་ཐུན་མོང་མ་ཡིན་པའི་ཚད་མ་རིག་པའི་གཞུང་རྩོམ་པ་པོ་དང་ད་ལྟའི་རྩོད་པའི་འགྲོ་སྟངས་ཀྱི་རྣམ་གཞག་ཐོག་མར་གསུང་མཁན་དེ་སློབ་དཔོན་ཕྱོགས་ཀྱི་གླང་པོ་རེད།  སློབ་དཔོན་ཕྱོགས་ཀྱི་གླང་པོས་ནང་པ་སངས་རྒྱས་ཀྱི་བཀའ་དང་རྒྱུད་ལ་སོགས་ལ་འགྲེལ་པ་རྒྱག་སྐབས་ནང་པའི་ཚད་མ་རིག་པའི་རྣམ་གཞག་ཐུན་མོང་མ་ཡིན་པ་ཞིག་མེད་ན་མི་འགྲིག་པར་གཟིགས་ནས་ནང་པའི་ཚད་མ་རིག་པའི་རབ་ཏུ་བྱེད་པ་བརྒྱ་ཕྲག་མང་པོ་བརྩམས་པ་རེད།  རབ་ཏུ་བྱེད་པ་ནི་ཨིན་སྐད་དུ་  Article ལྟ་བུ་རེད། རྗེས་སུ་སློབ་དཔོན་གྱིས་རང་གིས་བརྩམས་པའི་རབ་ཏུ་བྱེད་པའི་གཞུང་རྣམས་ཐོར་བ་ལྟ་བུར་གཟིགས་ཏེ་དེ་དག་ལས་བསྡུས་ཏེ་ཚད་མ་ཀུན་བཏུས་བརྩམས།  ཚད་མ་ཀུན་ལས་བཏུས་པ་དང་། ཚད་མ་རིགས་པ་ལ་འཇུག་པ། ཚད་མ་རིགས་པའི་སྒོ་གསུམ་ཕྱོགས་གླང་གི་གསུང་གྲགས་ཆེ་ཤོས་རྣམས་རེད།  ཚད་མ་རིགས་པའི་སྒོ་བོད་སྐད་དུ་མེད།  ཚད་མ་ལ་རིགས་པ་ལ་འཇུག་པ་དང་ཚད་མ་ཀུན་ལས་བཏུས་པ་བོད་སྐད་དུ་བསྒྱུར་ཡོད།  དེ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་ལས་བཏུས་སུ། ”མངོན་སུམ་དང་ནི་རྗེས་སུ་དཔག། ལྟར་སྣང་བཅས་པ་བདག་རིག་ཕྱིར།། སྒྲུབ་པ་དང་ནི་སུན་འབྱིན་ངག། ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར།།” ཞེས་ད་ལྟ་ཡོངས་གྲགས་ཀྱི་རྟོག་གེ་ཚིག་དོན་བརྒྱད་ཀྱི་སྒོ་ནས་ནང་པའི་ཐུན་མོང་མ་ཡིན་པའི་རྟགས་གསུམ་གྱི་རྣམ་གཞག་དེ་བསྟན། དེ་ལྟར་འབྲས་རྟགས་ཡང་དག་དང་། རང་བཞིན་གྱི་རྟགས་ཡང་དག མ་དམིགས་པའི་རྟགས་ཡང་དག་བཅས་གསུམ་ནང་རིགས་པ་ཡང་དག་ཐམས་ཅད་འདུས་ཤིང་། དེ་ལྟ་བུའི་རིགས་པ་ཡང་དག་དེ་ཚུལ་གསུམ་ཚང་བའི་མཚན་ཉིད་ཅན་ཞིག་དགོས།  ཕྱི་རོལ་པའི་ནང་ཚུལ་གཅིག་ནས་ཚུལ་བདུན་བར་འདོད་མཁན་ཡོད།  སློབ་དཔོན་ཕྱོགས་གླང་གིས་དེ་ཚོ་མཐའ་གཅིག་ཏུ་བཀག་ནས་ཚུལ་གསུམ་ཚང་བའི་རྟགས་དང་། དེ་ཡང་འབྲས་རང་མ་དམིགས་པ་བཅས་རྟགས་གསུམ་དུ་ངེས་པར་བྱས་ནས་ནང་པའི་ཐུན་མོང་མ་ཡིན་པའི་ཚད་མ་རིག་པའམ་ད་ལྟ་ཁྱེད་ཚོས་རིགས་ལམ་ཞེས་པ་དེའི་སྲོལ་ཕྱེ་བ་རེད།  སློབ་དཔོན་ཕྱོགས་གླང་གི་དངོས་སློབ་སློབ་དཔོན་དབང་ཕྱུག་སྡེ་རེད།  སློབ་དཔོན་དབང་ཕྱུག་སྡེས་ཕྱོགས་ཀྱི་གླང་པོའི་དགོངས་པ་ཇི་བཞིན་མ་རྟོགས་པར་བརྟེན། རང་གི་སློབ་མ་དཔལ་ཆོས་ཀྱི་གྲགས་པར་འགྲེལ་བྱེད་ཀྱི་བསྟན་བཅོས་བརྩམ་དགོས་ཚུལ་གསུངས།  དེ་ལྟར་སློབ་དཔོན་ཕྱོགས་གླང་གི་རྗེས་སུ་ནང་པའི་ཚད་མ་རིག་པ་རྒྱས་པར་སྲོལ་གཏོད་པར་གནང་མཁན་དེ་སློབ་དཔོན་ཆོས་ཀྱི་གྲགས་པ་རེད།  སློབ་དཔོན་ཆོས་ཀྱི་གྲགས་པ་ནི་བརྒྱ་ཕྲག་དྲུག་པ་ནས་བདུན་པའི་མགོའི་བར་བཞག་ན་ཕལ་ཆེར་འགྲིགས།  ཁོང་གིས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་བརྩམས། དེའི་ནང་ཚད་མ་རྣམ་འགྲེལ་དང་ཚད་མ་རྣམ་ངེས་གཉིས་གྲགས་ཆེ། དེ་ལྟར་རྒྱ་གར་དུ་ནང་པ་སངས་རྒྱས་ཀྱི་གསུང་རབ་ནང་ཡོད་པའི་རིགས་ལམ་རྣམས་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཀུན་བཏུས་སོགས་རྩ་བའི་བསྟན་བཅོས་དང་།  སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་སྡེ་བདུན་སོགས་ལ་བརྟེན་ནས་གཞུང་རྐང་ཚུགས་པ་བྱུང་།

དེ་ནས་མུ་མཐུད་ནང་པའི་ཚད་མ་རིག་པ་ཧ་ཅང་ཡར་རྒྱས་ཕྱིན་པར་བརྟེན། ཕྱི་རོལ་པའི་ཚད་མ་རིག་པའང་ཡར་རྒྱས་མི་འགྲོ་ཀ་མེད་བྱུང་ཞིང་། དེང་སང་ནབྱ་ནྱཱཡ་ཞེས་པ་དེ་རྒྱ་གར་ནང་དར་སྲོལ་ཅུང་ཆེ་ཙམ་ཡོད།  དེ་ནས་གྲངས་ཅན་པའི་ཚད་མ་རིག་པའི་གཞུང་ལུགས་དང་།  གཅེར་བུ་པའི་ཚད་མ་རིག་པའི་གཞུང་ལུགས་སོགས་སུ་ནང་པའི་ཚད་མ་རིག་པའི་གཞུང་ལུགས་ནས་ཤན་ཤུགས་ཐེབས་ནས་ཡར་རྒྱས་ཕྱིན་ཡོད། དེས་ན་ཚད་མ་རིག་པ་བྱུང་ཚུལ་དང་ཡར་རྒྱས་ཕྱིན་ཚུལ་ངེས་པར་དུ་ཤེས་དགོས།  ནང་པའི་ཚད་མ་རིག་པ་དེ་ཕྱི་རོལ་པའི་ཚད་མ་རིག་པ་དང་། ལྷག་པར་དུ་དེང་རབས་ཀྱི་ Logic དང་མི་འདྲ་བའི་གནས་ཚུལ་རྣམས་ཤེས་ན། ཚད་མ་རིག་པའི་གཞུང་ལ་ཞིབ་ཚགས་པོས་གོ་རྟོགས་ཡོང་བར་ཕན་ཐོགས་ཆེ།

བོད་ནང་སངས་རྒྱས་ཀྱི་བསྟན་པ་དར་བ་དང་ཚད་མ་རིག་པའི་གཞུང་དར་བ་གཉིས་མཉམ་དུ་ཡིན་གྱི་རེད། གང་ལགས་ཤེ་ན། བོད་དུ་སངས་རྒྱས་ཀྱི་བསྟན་པ་སྲོལ་འབྱེད་མཁན་མཁན་ཆེན་ཞི་བ་འཚོ་རེད།  ཁོང་ནི་ཚད་མ་ལ་ཧ་ཅང་མཁས་པ་ཞིག་རེད།  མཁན་ཆེན་ཞི་བ་འཚོས་བརྩམས་པའི་ཚད་ཆེན་ནམ་དེ་ཁོ་ན་ཉིད་བསྡུས་པ་དང་། སློབ་དཔོན་ཀམལ་ཤཱིལས་བརྩམས་པའི་དེ་ཁོ་ན་ཉིད་ཀྱི་འགྲེལ་ཆེན་གཉིས་ནང་ཕྱི་རོལ་པའི་འདོད་པ་དང་།  དེ་འགོག་བྱེད།  དེ་འགོག་པའི་ཐབས་བཅས་སློབ་དཔོན་ཆོས་གྲགས་ཀྱི་གཞུང་ལུགས་རྣམས་ལས་ཧ་ཅང་གི་རྒྱས་པ་ཡོད།  འོན་ཀྱང་བོད་དུ་དེ་སློབ་སྦྱོང་བྱེད་པའི་རྒྱུན་དེ་ཙམ་དར་མ་ཐུབ།

ཡིན་ནའང་བསྟན་བཅོས་བསྒྱུར་བའི་རིམ་པའི་དབང་དུ་བྱས་ན།  སློབ་དཔོན་ཕྱོགས་གླང་དང་སློབ་དཔོན་ཆོས་གྲགས་ཀྱི་གཞུང་རྣམས་དཀར་ཆག་འཕང་ཐང་མ་དང་དཀར་ཆག་ལྡན་དཀར་མའི་གསལ་མི་འདུག དཀར་ཆག་ལྡན་དཀར་མའི་ནང་ཚད་མ་རིག་པའི་གཞུང་ལུགས་ཉི་ཤུ་རྩ་གཅིག་ཙམ་འདུག  སྡེ་བདུན་ལ་སོགས་པ་དེའི་རྗེས་སུ་བསྒྱུར་བ་ཤ་སྟག་རེད།  བསྟན་པ་སྔ་དར་སྐབས་བོད་ཀྱི་མཁས་པ་ཚད་མ་རིག་པའི་གཞུང་ལ་དམིགས་བསལ་གྱིས་བྱ་བ་བྱེད་མཁན་ཏོག་ཙམ་དཀོན་པོ་ལྟ་བུ་འདུག

བསྟན་པ་ཕྱི་དར་སྐབས་བོད་ལ་ཚད་མ་རིག་པའི་རྣམ་གཞག་དང་།  ལྷག་པར་དུ་བོད་པའི་ཐུན་མོང་མ་ཡིན་པའི་ཚད་མའི་འགྲོ་སྟངས་ཀྱི་རྣམ་གཞག་ཐོག་མར་གསུང་མཁན་དེ་ཕྱྭ་པ་ཆོས་ཀྱི་སེངྒེ་ཡིན་པར་ང་ཚོས་ཆ་འཇོག་བྱེད་ཀྱི་ཡོད་པ་རེད།  ཡིན་ནའང་བོད་ཀྱི་ཚད་མ་རིག་པའི་བྱུང་རབས་སྐོར་ད་ལྟ་ཞིབ་ཚགས་པོས་ཉམས་ཞིབ་བྱས་པ་བྱུང་མེད།  ཁོང་ཕྱི་ལོ་བརྒྱ་ཕྲག་བཅུ་གཉིས་ནང་འཁྲུངས་པའི་བོད་ཀྱི་མཁས་པ་ཞིག་རེད། ཁོང་ལ་རིགས་པའི་དབང་ཕྱུག་ཅེས་ཀྱང་འབོད།  ཁོང་དང་དུས་མཚུངས་པར་རྟ་ནག་པ་རིག་པའི་སེངྒེ་ཡང་བྱུང་།  ཕྱྭ་པ་ཆོས་སེང་གི་སློབ་མ་ཡིན་མིན་མ་ཤེས་ཀྱང་། ཁོང་གཉིས་ཀ་ས་སྐྱ་པ་ཡིན། ང་ཚོ་བོད་པའི་བྱུང་རབས་སྨྲ་བ་ཚོས་བོད་ཀྱི་སེངྒེ་རྣམ་གཉིས་ཞེས་ཚད་མ་རིག་པའི་ཐོག་ལ་ཧ་ཅང་བཀའ་དྲིན་ཆེ་བར་བརྩི།  ཕྱྭ་པ་ཆོས་ཀྱི་སེངྒེ་ནི་ཚད་མ་རིག་པའི་ནང་ནས་བསྡུས་ནས་བསྡུས་གྲྭ་ཟེར་བ་དེ་ཐོག་མར་བཟོ་མཁན་དང་།  ཕྱི་རྒོལ་སྐྱིལ་ཀྲུང་དང་སྔ་རྒོལ་ལངས་ནས་ཐལ་འགྱུར་འཕེན་པ་དང་ལག་པ་བརྡབ་པ་སོགས་སྲོལ་གཏོད་མཁན་དེ་རེད།

རྒྱ་གར་ནང་རྩོད་པའི་སྐབས་སུ་ལུས་ཀྱི་རྣམ་འགྱུར་མེད་ཅེས་བརྗོད་མི་ཐུབ་ཀྱང་།  ད་ལྟ་བོད་བཞིན་ལངས་ནས་འཕག་འཚག་བརྒྱབ་རྒྱུ་དེ་རྒྱ་གར་གྱི་སྲོལ་རྒྱུན་ནང་ཡོད་མེད་ང་ཚོས་ཤེས་ཀྱི་མེད།  ད་ལྟ་ང་ཚོའི་རྩོད་སྟངས་དེ་ཕྱྭ་པ་ཆོས་ཀྱི་སེངྒེས་བརྒྱ་ཕྲག་བཅུ་གཉིས་ནང་བོད་ལ་གསར་དུ་སྲོལ་གཏོད་པ་ཞིག་རེད།  དེ་ནས་ཕྱྭ་པ་ཆོས་ཀྱི་སེངྒེ་དགོངས་པ་རྫོགས་པའི་ལོ་ཤས་རྗེས་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་འཁྲུངས་པ་རེད།  ས་སྐྱ་པཎ་ཆེན་ནི་བོད་དུ་ཚད་མའི་བསྟན་པ་དེ་གཞུང་ལུགས་བརྩམས་པའི་སྒོ་ནས་དར་ཞིང་རྒྱས་པ་མཛད་མཁན་དང་པོར་བརྩི་ཆོག  ས་པཎ་གྱི་དུས་ཚོད་ནི་ཕྱི་ལོ་ ༡༡༨༢ ནས་ ༡༢༥༡ ཙམ་བར་རེད།  ས་པཎ་གྱིས་ཚད་མ་རིག་གཏེར་བརྩམས་པ་རེད།  དེ་ནི་རྣམ་འགྲེལ་སོགས་ཀྱི་འགྲེལ་པ་ལྟ་བུ་མ་ཡིན་པར། ཚད་མ་ཀུན་བཏུས་དང་ཚད་མ་སྡེ་བདུན་གྱི་གནད་དོན་ཡོངས་རྫོགས་བསྡུས་པའི་རང་རྐྱ་འཕེར་བའི་གཞུང་ཞིག་ཡིན། དེའི་ནང་ས་བཅད་སྒྲིག་སྟངས་དང་ལེའུ་སྒྲིག་སྟངས་རྦད་དེ་ཐ་དད་རེད།  དེ་ནི་ནང་པའི་ཚད་མའི་བསྟན་བཅོས་ཡིན་ཡང་། བོད་པའི་ཐུན་མོང་མ་ཡིན་པ་ཞིག་རེད།

ང་ཚོ་བོད་པའི་བཤད་སྲོལ་ལ། རྒྱ་གར་ནས་བོད་དུ་བསྒྱུར་བ་མང་པོ་ཡོད་ཀྱང།  བོད་ནས་རྒྱ་གར་དུ་བསྒྱུར་བ་ཚད་མ་རིག་གཏེར་མ་གཏོགས་མེད་ཅེས་བཤད་པ་རེད།  ཚད་མ་རིག་གཏེར་བོད་སྐད་དུ་བརྩམས་ནས་དེ་ལེགས་སྦྱར་སྐད་དུ་བསྒྱུར་བར་བརྟེན།  རྒྱ་གར་ནང་དུའང་སློབ་གཉེར་བྱེད་མཁན་བྱུང་བ་རེད་ཅེས་བཤད་སྲོལ་ཡོད།

གོ་བོ་རབ་འབྱམས་པས་ཚད་མའི་བླ་རྒྱུད་ཅིག་བྲིས་འདུག  དེའི་ནང་ས་སྐྱ་པཎ་ཆེན་དང་པོར་བཀོད་ཡོད་ལ། ས་པཎ་གྱིས་ཞུ་སའི་རྒྱ་གར་གྱི་པཎྜིཏ་ཁ་ཤས་ཀྱི་མཚན་ཡང་ཡོད་ཀྱང་ད་ལྟ་དྲན་གྱི་མི་འདུག དེ་ལྟར་ས་པཎ་གྱིས་ཚད་མའི་བརྒྱུད་པ་དེ་བོད་དུ་དར་སྤེལ་གནང་བ་རེད།  དེང་སང་ནུབ་ཕྱོགས་པ་ཚོས་བོད་ཀྱི་ཚད་མ་རིག་པའི་བྱུང་རབས་སྨྲ་བའི་སྐབས་སུ་ཙོང་ཁ་པའི་སྔོན་གྱི་དུས་རབས་ (Pre-Tsongkapa Period) དང་ཙོང་ཁ་པ་རྗེས་ཀྱི་དུས་རབས་ (Post-Tsongkapa Period)  ཞེས་ཕྱེ་བ་ཡིན།  རྗེ་ཙོང་ཁ་པས་ཚད་མའི་གཞུང་ལུགས་བརྩམས་མེད་ཀྱང་གསུང་བཤད་མང་པོ་གནང་བ་རེད།  རྒྱལ་ཚབ་རྗེས་ཐར་ལམ་གསལ་བྱེད་དང་།  མཁས་གྲུབ་རྗེས་སྡེ་བདུན་ཡིད་ཀྱི་མུན་སེལ་དང་ཊིཀ་ཆེན་སོགས་བརྩམས་པ་དང་།  དེ་ནས་གདན་ས་སོ་སོའི་སློབ་དཔོན་རྣམས་ཀྱིས་ཚད་མ་རིག་པའི་ཐོག་ཡིག་ཆ་རྩོམ་མཁན་ཧ་ཅང་མང་པོ་བྱུང་།  དེར་བརྟེན་རྒྱ་གར་དང་མི་འདྲ་བར་བོད་དུ་ཚད་མ་རིག་པ་དམིགས་བསལ་གྱིས་རྩ་ཆེན་པོ་བརྩི་རྒྱུ་ནི་ཚད་མའི་གཞུང་ཀུན་ནས་བཏུས་པའི་བསྡུས་གྲྭ་དེ་ཐོག་མར་དཔེ་ཆ་སློབ་སྐབས་བསླབ་རྒྱུའམ་རིགས་པའི་སྒོ་འབྱེད་ཆགས་པ་ལ་བརྟེན་ནས་བྱུང་།  ཁ་ཤས་ཀྱིས་ཚད་མ་རིག་པ་དེ་ས་སྐྱ་དང་དགེ་ལུགས་ཀྱིས་སློབ་སྦྱོང་ཤུགས་ཆེ་བྱེད་པ་མ་གཏོགས། བཀའ་བརྒྱུད་དང་རྙིང་མས་དེ་ཙམ་སློབ་སྦྱོང་བྱེད་ཀྱི་མེད་ཚུལ་དགོངས་པ་དེ་ནོར་འཁྲུལ་རེད།

རྙིང་མའི་ནང་ཚད་མ་རིག་པའི་གཞུང་ལུགས་དེ་མཁན་ཆེན་ཞི་བ་འཚོ་ནས་བཟུང་ཤུགས་ཆེ་དར་བ་རེད།  ལྷག་པར་དུ་ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱི་རྗེས་འཇུག་ཚོས་གཞུང་ཆེན་བཅུ་གསུམ་ལ་སློབ་གཉེར་བྱེད་སྐབས་ཚད་མ་ཀུན་བཏུས་དང་རྣམ་འགྲེལ་གཉིས་ཀ་དེའི་ནང་ཡོད།  དེ་བཞིན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ཚད་མ་ལ་ཧ་ཅང་མཁས་པ་ཡིན་པ་ཁོང་གི་གསུང་ཚང་མའི་ནང་ནས་རྟོགས་ཐུབ། འོན་ཀྱང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ཚད་མའི་བསྟན་བཅོས་མཛད་པ་ཞིག་ད་ཕན་རྙེད་སོན་བྱུང་མེད།  ཕྱི་ལོ་ ༡༩༥༧ དང་ ༡༩༥༨ ཙམ་ལ་རྙིང་མའི་སྤོ་ལོ་མཁན་པོ་ཀོང་པོའི་ཕྱོགས་སུ་ཕེབས་སྐབས་ཀོང་པོའི་དགོན་རྙིང་ཞིག་ནང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་བརྩམས་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཞིག་རྙེད་ཅེས་བཤད་སྲོལ་བྱུང་ཡང་། དཔེ་ཆ་དེ་ད་བར་ཐོབ་སོན་བྱུང་མེད།  གང་ལྟར་ཚད་མ་རིག་པ་དེ་རྙིང་མའི་ནང་དུའང་ཧ་ཅང་དར་པོ་བྱུང་བ་རེད།  དེ་ནས་རྗེས་སུ་ཀཿཐོག་དང་། ཞེ་ཆེན།  དཔལ་སྤུངས་སོགས་སུ་གཞུང་ཆེན་བཅུ་གསུམ་དང་གཞུང་ཆེན་བཅོ་བརྒྱད་སོགས་ནང་ཚད་མའི་གཞུང་ཡོད་ཤག་རེད།

བཀའ་བརྒྱུད་ནང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་དང་། དྭགས་པོ་རབ་འབྱམས་པ། ཞྭ་དམར་པ་བརྒྱད་པ།  ཀུན་མཁྱེན་པད་དཀར་སོགས་ཀྱིས་ཚད་མའི་འགྲེལ་པ་བརྩམས་ཡོད།  དེར་བརྟེན་དེང་སང་བོད་ཀྱི་ཆོས་འབྱུང་དང་བྱུང་རབས་ཡག་པོ་མ་ཤེས་པར་གང་བྱུང་ཐག་བཅད་ནས་བཤད་མཁན་མང་པོ་ཡོང་གི་འདུག དེ་ཚོར་མགོ་བོ་འཁོར་རྒྱུ་མེད།

གཡུང་དྲུང་བོན་ལའང་ནང་པའི་ཚད་མ་རིག་པའི་གཞུང་ལགས་ལ་བལྟས་ནས་བརྩམས་པའི་གཡུང་དྲུང་བོན་གྱི་ཚད་མ་རིག་པའི་གཞུང་ལུགས་གཞི་རྒྱ་ཆེན་པོ་ཡོད་ཚོད་འདུག

དེར་བརྟེན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པ་ཚང་མའི་ནང་སློབ་དཔོན་ཕྱོགས་གླང་དང་སློབ་དཔོན་ཆོས་གྲགས་ཀྱི་གཞུང་ནས་བྱུང་བའི་ཚད་མ་རིག་པ་དེ་གཅིག་གྱུར་གྱིས་སློབ་གཉེར་དང་ཐུན་མོང་གི་སྤྱད་བྱ་མ་གཏོགས།  ཁ་ཤས་ཀྱིས་དེའི་ཐོག་རྩལ་དུ་བཏོན་པ་དང་། ཁ་ཤས་ཀྱིས་རྩལ་དུ་མི་བཏོན་པ་དེ་འདྲ་མིན།

རྗེ་བདག་ཉིད་ཆེན་པོས་ཚད་མ་རིག་པ་ཁུངས་གཏུག་ས་དེ་ཀླུ་སྒྲུབ་ཡབ་སྲས་དང།  ཕྱོགས་གླང་།  ཆོས་གྲགས་བཅས་བཞི་རེད།  རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་ནང་། སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང་།།  ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས།། ཞེས་དེ་ཚོའི་གཞུང་ལ་བརྟེན་ནས་ཚད་མ་རིག་པར་སློབ་སྦྱོང་བྱེད་དགོས་ཞེས་དང་།  དེ་བཞིན།  འཇམ་དཔལ་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ།། དངོས་སུ་འདི་རྩོམ་འདི་ནི་མ་འོངས་དུས།།  འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས།།  གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད།། ཅེས་ཀུན་བཏུས་རྩོམ་སྐབས་ཕྱོགས་ཀྱི་གླང་པོ་ལ་འཇམ་དཔལ་དབྱངས་ཀྱི་ལུང་བསྟན་བྱུང་བ་དེ་དག་དྲངས་ཏེ་འཕགས་པ་ཡབ་སྲས་གཉིས་དང་། ཕྱོགས་གླང་ཆོས་གྲགས་གཉིས་བཅས་བཞི་པོ་དེ་ནང་པའི་ཚད་མ་རིག་པའི་གཞུང་གི་ཁུངས་གཏུག་ས་ཡིན་པ་རྗེ་བདག་ཉིད་ཆེན་པོ་རང་ཉིད་ཀྱིས་ཞལ་བཞེས་གནང་ཡོད།

དེ་ནས་ཚད་མ་རིག་པ་ཞེས་པ་དེ་ཐུན་མོང་བའི་རིག་གནས་ཤིག་ཡིན་ནམ། ཡང་ན་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན་ཞེས་པའི་དྲི་བ་གཅིག་སླེབས་ཀྱི་ཡོད།  གལ་ཏེ་དེ་ཐུན་མོང་བའི་རིག་གནས་ཤིག་ཡིན་ན་ང་ཚོ་ཆོས་བྱེད་མཁན་ཚོས་ངེས་པར་དུ་སློབ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།   ཡང་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན་ན།  ནང་དོན་རིག་པ་ལས་གཞན་པའི་རིག་གནས་ཆེ་བ་བཞི་པོ་དེ་ཡོངས་གྲགས་ཐུན་མོང་བའི་རིག་གནས་སུ་གཞག་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་པའི་ཐོག་དགོངས་པ་བཞེས་དགོས་པ་དང་དོགས་གཅོད་བྱེད་དགོས་པ་མང་པོ་ཞིག་ངང་གིས་བྱུང་བ་ཡིན།  ཡིན་ནའང་དྲི་བ་དེ་དག་འགྲོ་བ་མིའི་ཤེས་ཡོན་ཡར་རྒྱས་གཏོང་བའི་སློབ་སྦྱོང་གི་རིམ་པའི་ནང་ཚད་མ་རིག་པ་ཇི་ཙམ་གལ་ཆེན་པོ་ཡིན་པ་དང་།  ལྷག་པར་དུ་ནང་པའི་ཚད་མ་རིག་པའི་སྲོལ་རྒྱུན་དང་དེའི་ནང་ནས་བོད་དུ་དར་བའི་ཚད་མ་རིག་པའི་སྲོལ་རྒྱུན་འདི་ཇི་ཙམ་གྱི་ཕན་ཐོགས་ཡོད་པ་དེ་དང་འབྲེལ་བ་གང་ཡང་མེད།  དེ་ནི་ཐུན་མོང་བའི་རིག་གནས་དང་ཐུན་མོང་མ་ཡིན་པའི་རིག་གནས་གང་ཡིན་རུང་།  གང་ལྟར་ཆོས་ཁས་ལེན་མཁན་དང་ཆོས་ཁས་མི་ལེན་མཁན།  ཆོས་ལ་དད་པ་ཡོད་མཁན་དང་དད་པ་མེད་མཁན་ཚང་མས་མཉམ་དུ་རྒྱུན་སྤྱོད་བྱེད་པའི་རིག་གནས་ཁྱད་པར་བ་ཞིག་ཆགས་ཡོད།  དེར་བརྟེན་ངས་ཐོག་མར་ཞུས་པ་བཞིན་གནས་ཚུལ་གང་ཡིན་ནའང་ཆ་བཞག་ནས་མི་འགྲོ་བར།   དེ་ལས་ལྡོག་སྟེ་གང་ཡིན་པ་དང་།  རྒྱུ་མཚན་གང་གི་ཡིན་པ།  ཇི་ལྟར་ཡིན་པ་སོགས་ནང་པའི་ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་དེའི་ཐོག་ནས་རང་སྟོབས་ཀྱིས་ཞིབ་ཚགས་པོས་བརྟག་དཔྱད་བྱེད་ཐུབ་པ་དང་འབྱེད་ཐུབ་པའི་ནུས་པ་ཞིག་རྙེད་ཀྱི་ཡོད།  དེ་ལྟ་བུའི་ལག་ཆ་ཞིག་ང་ཚོར་ཡོད་བཞིན་དུ་བེད་སྤྱོད་མི་གཏོང་བར་དཀའ་བའི་ཐབས་ལམ་གཞན་ཁོ་ནར་བསྟེན་ན་དེ་ཆུད་ཟོས་དང་ཧ་ཅང་ཕངས་པོ་རེད།  དཔེར་ན་རང་ལ་ཡོད་པའི་རྩ་ཆེའི་ནོར་དེའི་རིན་ཐང་མ་ཤེས་པར།  བེད་སྤྱོད་མེད་པའི་གཞན་གྱི་དངོས་རྫས་ལ་འདོད་རྔམས་བྱེད་པ་ལྟ་བུ་རེད།  དེར་བརྟེན་ང་ཚོར་ཡོད་པའི་ཚད་མ་རིག་པའི་གཞུང་ལུགས་ལ་གང་ཐུབ་ཀྱིས་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན།  སློབ་ཚན་གང་འདྲ་ཞིག་ཡིན་ནའང་དངོས་གནས་མིག་ཕྱེ་བ་ལྟ་བུ་དང་གཏིང་ཟབ་པོ་ཤེས་ཐུབ་པའི་ནུས་པ་ཡོད་པ་གསལ་པོ་རེད།

བོད་དུ་རིག་པའི་གནས་གང་འདྲ་ཞིག་ཡིན་ནའང་དེའི་བསྟན་བཅོས་རྩོམ་པའི་སྐབས་སུ་ཚད་མ་རིག་པའི་གཞུང་དང་བསྟུན་ནས་འཐད་སྒྲུབ་ཀྱི་རིགས་པའི་ལམ་ནས་བརྩམས་པ་ཤ་སྟག་རེད།  སྒྲ་དང་སྙན་ངག  སྨན་དང་རྩིས་སོགས་ནམ་རྒྱུན་ཐུན་མོང་བའི་རིག་གནས་སུ་གྲགས་པ་དེ་ཚོའང་ཚད་མ་རིག་པའི་གཞུང་ལུགས་ལ་མ་བརྟེན་པར་ཐུན་མོང་བའི་རིག་གནས་རྐྱང་པ་མཐར་ཕྱིན་པ་དང་ཡར་རྒྱས་ཕྱིན་པ་གཅིག་ཀྱང་མེད་པ་དེ་ཧ་ཅང་གསལ་པོ་རེད།

དེས་ན་ད་ལྟ་ཁྱེད་ཚོས་གསུངས་པ་བཞིན་ཨང་རྩིས་དང་།  ཚན་རིག་སོགས་གང་ལ་སྦྱར་ནའང་མ་འགྲིགས་པ་མེད།  གལ་ཏེ་རིགས་པའི་འགྲོ་སྟངས་ཀྱི་རིགས་ལམ་དེ་ཆགས་ན་གནས་ཚུལ་གང་གི་ཐོག་ཏུའང་དཔྱད་པ་བྱེད་ཆོག

བོད་དུ་ཐ་སྙད་རིག་གནས་སྦྱོང་བའི་སྐབས་སུ་རྩོད་པའི་སྲོལ་དེ་མ་དར་བ་རེད།  དཔེར་ན་དག་ཡིག་དང་སུམ་རྟགས་སྙན་ངག་སོགས་འཁྲིད་པའི་སྐབས་སུ་རྩོད་པ་རྩོད་ཀྱི་མ་རེད།  ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་དྷརྨ་ཤཱལཱར་ང་ཚོ་བླ་སྤྲུལ་དགེ་བཤེས་བཅུ་གཉིས་བཅུ་གསུམ་ཙམ་ཡོད་པ་ཚོས་༧སྐྱབས་རྗེ་རྣམ་པ་གཉིས་ཀྱི་སྐུ་མདུན་ནས་སུམ་རྟགས་དང་དག་ཡིག་སྙན་ངག་བཀའ་འཁྲིད་ཞུ་སྐབས་ཉིན་ལྟར་རྩོད་པ་རྩོད་ཀྱི་ཡོད།  དེར་བརྟེན་ཐ་སྙད་ཀྱི་རིག་གནས་ལའང་རྩོད་པ་རྩོད་ནས་སློབ་སྦྱོང་ཡར་རྒྱས་ཆེན་པོ་འགྲོ་རྒྱུ་ཡོད་པ་ཞིག་རེད་འདུག

བོད་དུ་སྐྱེས་པ་བུད་མེད་ཀྱིས་རྩོད་པ་རྩོད་པའི་ལམ་སྲོལ་དེ་མ་དར་བ་རེད།  ཕྱི་ལོ་ ༡༩༥༩ ལོར་ང་ཚོ་མི་སཱ་མ་རིར་ (Missamari) སྐྱབས་བཅོལ་དུ་འབྱོར་སྐབས་གྲྭ་པ་དང་ཁྱིམ་པ་དབྱེར་མེད་པ་ཚང་མར་སྐྱོབ་གསོ་ལས་ཁུངས་ཀྱིས་གོས་ཐུང་དང་སྟོད་ཐུང་སྤྲད་པ་རེད།  མཁན་པོ་མན་ཆད་ཚང་མ་གཅིག་གྱུར་གྱིས་གོས་ཐུང་དང་སྟོད་ཐུང་གྱོན་པའི་སྐབས་རེད།  དེ་དུས་དཔེ་ཆ་བ་མང་པོ་ཡོད་པར་བརྟེན། དགོང་མོར་རྩོད་པ་རྩོད་ཀྱི་ཡོད་པ་རེད།   ཐོག་མར་གོས་ཐུང་དང་སྟོད་ཐུང་གྱོན་ནས་རྩོད་པ་མཐོང་སྐབས་མིག་ལ་མི་བདེ་བ་ཡོང་གི་འདུག  གང་མཚམས་ཤིག་ལ་གོམས་ཡོང་དུས་ཡིད་མི་བདེ་བ་མེད་པ་ཆགས་འགྲོ་གི་འདུག

སློབ་ཕྲུག་ཚོས་སློབ་གྲྭའི་སྒྲིག་ཆས་གྱོན་ནས་རྟགས་བསལ་གཏོང་སྐབས་ཀླད་པ་མཁྲེགས་པའི་གྲྭ་པ་རྒན་པ་ཚོའི་སྤྱན་ལ་མི་བདེ་བ་ཏན་ཏན་ཡོད་ཀྱི་རེད་བསམ་གྱི་འདུག  ཡིན་ནའང་ང་ཚོས་རྩོད་པ་རྩོད་པའི་དོན་ལ་བལྟ་དགོས་པ་ལས།  རྩོད་པ་རྩོད་མཁན་གང་ཟག་གི་ཆས་ལ་བལྟ་དགོས་པ་གང་ཡང་མེད།  དེ་ལ་ཁྱིམ་པ་རབ་བྱུང་གི་དབྱེ་བའང་མེད།  དེ་ནི་འདུལ་བའི་གཞུང་ལུགས་ལྟ་བུ་གང་ཡང་མིན།

ད་གིན་འདིར་གསུང་བཤད་གནང་མཁན་ཞིག་གིས་སློབ་ཕྲུག་ངོས་ནས་དོ་སྣང་དེ་ཙམ་བྱེད་ཀྱི་མེད་ཚུལ་གསུངས་སོང་།  དེར་ང་ཚོས་ཐུགས་སྣང་གནང་དགོས་པ་ཞིག་རེད།  སློབ་ཕྲུག་ངོས་ནས་དོ་སྣང་སླེབས་རྒྱུ་དེ་སུས་བཟོ་དགོས་སམ།  དེ་ནི་ཕ་མ་དང་།  སྒྲིག་འཛུགས།  དགེ་རྒན་བཅས་སུའི་ལས་འགན་ཡིན་ནམ་ཞེ་ན།  དེ་ནི་དགེ་རྒན་གྱི་ལས་འགན་རེད་བསམ་གྱི་འདུག  ཕྲུ་གུའི་དོ་སྣང་སླེབས་ཐུབ་པ་བཟོ་རྒྱུ་དེ་དགེ་རྒན་གྱི་ཐོག་མའི་ལས་འགན་ཆེ་ཤོས་དེ་རེད།  དེར་བརྟེན་རྒན་ལགས་རྣམ་པ་ཚོས་ཕྲུ་གུའི་དོ་སྣང་འགུག་ཐུབ་པའི་ཐབས་ཤེས་ངེས་པར་དུ་བཙལ་དགོས་པ་དེ་ཐུགས་གལ་ཆེན་པོ་རེད།

ཚད་མ་རིག་པ་དེ་སློབ་ཚན་གཞན་དང་མི་འདྲ་བར་ཕྲུ་གུའི་དོ་སྣང་བླང་རྒྱུར་གཅིག་བྱས་ན་སྟབས་བདེ་བ་མེད་དམ་སྙམ་པ་དྲན་གྱི་ཡོད།  དགེ་རྒན་ཚོས་དགེ་རྒན་ཙམ་མིན་པར་ཡོངས་འཛིན་གྱི་མཚན་ཉིད་ཚང་བའི་ཐབས་ཤེས་གནང་ན་ཡག་པོ་ཡོད།  མཚན་ཉིད་པས་སྐད་ཆ་ཤོད་དུས་ཡོངས་འཛིན་དང་བླ་མ་ལ་ཁྱད་པར་ཕྱེ་གི་རེད།  ཕྱིའི་ཡོངས་འཛིན་བཤད་པའི་སྐབས་སུ་བླ་མ་ཡིན་ན་ཡོངས་འཛིན་ཡིན་པའི་མ་ཁྱབ་ཅེས་དང་།  སྦྱོར་ལམ་གྱི་ཡོངས་འཛིན་བཤད་པའི་སྐབས་སུ་ཡོངས་འཛིན་གྱི་ཁྱད་ཆོས་གསུམ་གསུངས་ཡོད།  དེ་ཡང་། སེམས་མི་འགོང་བ་ཉིད་དང་ནི།།  ངོ་བོ་ཉིད་མེད་སོགས་སྟོན་བྱེད།།  དེ་ཡི་མི་མཐུན་ཕྱོགས་བོར་བ།།  རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།།  ཞེས་པ་དེ་ནི་དེང་རབས་དགེ་རྒན་གྱི་འོས་ཆོས་བཤད་པ་དང་ཧ་ཅང་མཚུངས། ཡོངས་འཛིན་གྱི་ལས་འགན་དང་པོ་ནི་སེམས་མི་འགོང་བ་བྱ་རྒྱུ་དེ་རེད།  སེམས་མི་འགོང་བ་ཞེས་པ་སེམས་མི་ཞུམ་པའམ་སེམས་སྒྱིད་མི་ལུག་པ་ཡིན།  སེམས་མི་ཞུམ་པའམ་སེམས་སྒྱིད་མི་ལུག་པ་ཡོང་བར་དོ་སྣང་དང་དབྱིངས་སླེབས་ཐུབ་པ་དགོས།  དེར་བརྟེན་སློབ་ཚན་གྱི་དགོས་པ་དང་ཕན་ཡོན་སོགས་གསུངས་ནས་ཐོག་མར་སེམས་མི་འགོང་བ་བཟོ་དགོས།  དེའི་རྗེས་སུ་གཞི་ནས་སློབ་ཚན་སྦྱང་རྒྱུ་དེ་བསླབ་དགོས།  སློབ་ཚན་བསླབས་པའི་རྗེས་སུ་སློབ་ཚན་དེ་ཤེས་པ་ལ་མི་མཐུན་པའི་ཕྱོགས་གང་ཡོད་པ་རྣམས་འདོར་དགོས།  མི་མཐུན་པའི་ཕྱོགས་དེའང་རྣམ་གྲངས་ཧ་ཅང་མང་པོ་རེད།  ཕར་ཕྱིན་ནང་མི་མཐུན་པའི་ཕྱོགས་གཙོ་བོ་དེ་ཉོན་མོངས་མང་བ་དེ་རེད།  སྒྱིད་ལུག་པའི་ལེ་ལོ་དང་།  བྱ་བ་ངན་ཞེན་གྱི་ལེ་ལོ།  བདག་ཉིད་ལ་བརྙས་པའི་ལེ་ལོ་སོགས་ཉོན་མོངས་མང་བའི་དབང་གིས་ཡོང་གི་ཡོད་པར་བརྟེན།  དེ་ཚོ་འགོག་པའི་ཐབས་ཤེས་བྱེད་དགོས།  དེ་ནས་གྲོགས་ངན་པ་དེ་གཅིག་རེད།  དེ་ཡང་འགོག་ཐབས་བྱེད་དགོས།  དེ་བཞིན་ཕོངས་པ་དེ་གཅིག་རེད།  འདིར་ཕོངས་པ་ནི་རྒྱུ་ཅ་ལག་གིས་ཕོངས་པ་ལ་མི་ཟེར།  སློབ་སྦྱོང་བྱེ་བྲག་པ་ཞིག་བྱེད་སྐབས་དེ་ལ་ངེས་པར་དུ་མཁོ་བའི་ཆ་རྐྱེན་མ་འདང་ན་མི་འགྲིག  དཔེར་ན་དཔེ་ཆ་ཡིན་ན་དཔེ་ཆ་ཚང་བ་ཞིག་དགོས།  ཚན་རིག་ཡིན་ན་བརྟག་དཔྱད་ཁང་ (Laboratory) ཞིག་དགོས་ཀྱི་ཡོད།  དེ་ལྟར་མཐུན་རྐྱེན་གྱིས་མ་ཕོངས་པ་བཟོ་རྒྱུ་དེ་གཅིག་རེད།  མཐའ་མ་གཞན་དབང་དུ་གྱུར་པ་དེ་རེད།  རང་དབང་ཐོག་ནས་བསམ་བློ་མ་བཏང་བར་དྲིལ་བསྒྲགས་དང་བརྒྱུད་ལམ་ནང་གང་བསྟན་པ་དེའི་ཕྱོགས་སུ་རྒྱུག་པ་ནི་དེང་སང་དཀའ་ངལ་ཆེ་ཤོས་ཤིག་རེད།  གང་ལྟར་སློབ་ཕྲུག་སོ་སོའི་རང་དབང་གི་བསམ་བློ་གཏོང་བའི་ནུས་པ་དེ་བརླགས་ནས་བརྙན་འཕྲིན་དང་གསར་ཤོག་སོགས་ཀྱིས་གར་ཁྲིད་ཆགས་ཡོད།  རང་གི་དགོས་མཁོ་དེ་རང་གིས་ཐག་གཅོད་བྱེད་པའི་རང་དབང་གི་བསམ་བློ་བཟོ་ཐུབ་པའི་འབད་བརྩོན་གནང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད།

རྩོད་པ་རྩོད་པའི་ཐབས་ལམ་འདི་ལ་བརྟེན་ནས་གཟུགས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཧ་ཅང་ཆེ།  འདིའི་ནང་རྐང་པ་དང་།  ལག་པ།  སྐེད་པ།  མགོ་སོགས་ཡོངས་རྫོགས་ཀྱི་ལུས་རྩལ་ཚང་ཡོད་ལ། དེ་བཞིན་ངག་གི་རྩལ་སྦྱོང་དང་རླུང་སྦྱོང་ཡང་ལོགས་སུ་མི་དགོས། སྣང་བ་སྐྱིད་པ་དང་དགོད་བྲོ་བའི་གནས་སྟངས་ཀྱང་མང་། རྟགས་བསལ་རེར་ལན་རྒྱག་པའམ་ལན་རེར་རྟགས་བསལ་གཏོང་བ་སོགས་བསམ་བློ་ལ་ནི་དེ་བས་ཀྱང་ཕན།  སྔོན་མ་༧སྐྱབས་རྗེ་རྡོ་རྗེ་འཆང་གིས་ཟླ་ཤས་རི་ལ་བསྡད་ནས་འཇམ་དཔལ་དབྱངས་ཀྱི་བསྙེན་སྒྲུབ་བྱེད་པ་ལས།  ཉིན་བཅོ་ལྔ་ཆོས་རྭར་ཕྱིན་ནས་རྩོད་པ་དེ་ཤེས་རབ་འཕེལ་ཆེ་ཞེས་བཀའ་གནང་གི་ཡོད།

རྟགས་བསལ་གཏོང་བའི་ལམ་སྲོལ་འདི་ Human Expression གྱི་བརྒྱུད་ལམ་བླ་ན་མེད་པ་ཞིག་རེད།  Human Expression གྱི་བརྒྱུད་ལམ་ཡོངས་གྲགས་ནི་ Physical, Vocal, Emotional, Spiritual བཅས་རེད།  ལུས་ཀྱི་རྣམ་འགྱུར་དང་།  ངག་གི་སྨྲ་བརྗོད། སེམས་ཀྱི་ཚོར་བ།  ནང་དོན་རིག་པའི་ཉམས་མྱོང་བཅས་བཞི་པོ་མཉམ་དུ་འགྲོ་ཐུབ་པའི་བརྒྱུད་ལམ་དེ་རྩོད་པ་ལ་མ་གཏོགས་མེད།  སྔོན་མ་གྲྭ་སར་དཔེ་ཆ་ལྟ་མཁན་ཚོར་ཆ་རྐྱེན་ཧ་ཅང་སྐྱོ་པོ་རེད།  ཡིན་ཡང་གཟུགས་པོ་ཐང་པོ་བསྡད་ཐུབ་པ་རེད།  གང་ལགས་ཤེ་ན།  རྩོད་པ་རྩོད་པའི་ནང་ལ་གད་མོ་ཤོར་ཤོར་བསྡད་རྒྱུ་ཡོད་པ་རེད།  དེ་བཞིན་ལུས་ལ་ལུས་རྩལ་དང་།  ངག་ལ་ངག་གི་རྩལ།  བསམ་བློ་ལ་བསམ་བློའི་རྩལ་བཅས་ཡོང་བ་ཡིན།  དེ་ནི་ལུས་ངག་ཡིད་གསུམ་སེམས་ཚོར་དང་བཅས་པ་ཚང་མར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད།

ཡིན་ནའང་ཁྱབ་མཐའ་རྩོད་སྟངས་དེ་དང་པོ་ནས་སློབ་དགོས་པ་དེ་གལ་ཆེན་པོ་རེད།  ཁྱབ་པར་ཐལ་ཟེར་དུས།  འདོད་ཅེས་ལན་བཏབ་རྗེས་རྟགས་བསལ་མི་འཕོ་བ་ཞིག་དགོས།  དེ་ཡང་ཁྱབ་ཟེར་དུས།  དེ་ལ་མ་ཁྱབ་པ་ཞིག་འཁྱེར་ཡོང་ནས།  དེ་གང་འདྲ་རེད་ཅེས་རྩོད་དགོས།  གང་ལྟར་རང་གི་རྣམ་དཔྱོད་དང་གཞན་གྱི་རྣམ་དཔྱོད་གཉིས་ཀ་ལ་ཀླན་ཀ་ཡོད་པ་ཞིག་བཟོ་དགོས།  གཞན་ཁ་ལབ་བསླབས་པ་དང་རྟགས་བསལ་བསྒྲིགས་མ་བཞིན་ཞོག་ཟེར་དུས་བཞག་པ་དང་རྫོགས་འགྲོ་ན་དེ་ཙམ་ཕན་ཐོགས་མེད།  རྟག་པ་དང་དངོས་པོ་གཉིས་འགལ་བ་ཡིན་ཟེར་དུས་འགལ་བ་ཡིན་ཤག་གིས་བཞག་ན་དེ་ནས་ཡར་རྒྱས་འགྲོ་རྒྱུ་གང་ཡང་མེད།  དེ་ལས་རྟག་པ་དང་དངོས་པོ་གཉིས་ཀ་ཡིན་པའི་ཆོས་ཅན་ཞིག་འཁྱེར་ཡོང་ནས་དེ་གང་འདྲ་རེད།  གཉིས་ཀ་མ་རེད་དམ་ཞེས་དེ་ལྟ་བུའི་རྩོད་པ་རྩོད་མཁན་ཞིག་བཟོ་ཐུབ་པར་ཐབས་ཤེས་བྱེད་དགོས།

ཡིན་ཤག་དང་ཁ་ནས་ལབ་ཤེས་པ་ཙམ་ལས་སེམས་ནང་བསམ་བློ་མ་འཁོར་བ་དེ་སྐྱོན་ཞིག་རེད།  བུམ་པ་མི་རྟག་པ་རེད་ཅེས་ལབ་ཤེས་ནའང་བུམ་པ་མི་རྟག་པའི་གནས་སྟངས་དེ་སེམས་ནང་མ་གོ་བ་ཡིན་ན་ཁག་པོ་རེད།  གང་ལྟར་བློ་ཡིས་དཔྱད་པ་འཇུག་པའི་སྒོ་ནི་བུམ་པའི་ལྡོག་པ་རྟག་པ་ཡིན།  བུམ་པའི་ལྡོག་པ་ཞོག་ཟེར་ན་བུམ་པ་འཇོག་རྒྱུ་རེད།  དེས་ན་བུམ་པ་དང་བུམ་པའི་ལྡོག་པ་གཅིག་པ་རེད་དམ།  བུམ་པ་དེ་རྟག་པ་དང་དངོས་པོ་གཉིས་ཀ་རེད་དམ་ཞེས་དྲི་བ་དེ་རྟག་ཏུ་མ་བརླག་པ་བྱེད་དགོས།  ཇིདྡུ་ཀྲྀཥྞམཱུརྟིས་ (Jiddu Krishnamurti) ཁྱེད་རང་དྲི་བ་དང་མཉམ་དུ་བསྡད་ཐུབ་པ་འདུག་གམ་ (Can you live with question) ཞེས་རྟག་ཏུ་གསུང་གི་རེད།  གང་ལྟར་དམ་བཅའ་འཇོག་མཁན་དེས་དོན་དག་ཅིག་ཐག་བཅད་ན།  རྟགས་བསལ་གཏོང་མཁན་གྱིས་ཐག་བཅད་པ་དེར་ཀླན་ཀའམ་མི་འཐད་པའི་རྒྱུ་མཚན་ཞིག་བཤད་རྒྱུ་བཙལ་དགོས་པ་དེ་རྟགས་བསལ་གྱི་འགྲོ་སྟངས་གཙོ་བོ་དེ་རེད།  དེ་མེད་ན་ཁ་ནས་སྐྱོར་བ་ཙམ་གྱིས་རྟགས་བསལ་ཆགས་ཀྱི་མེད།  དེར་བརྟེན་རིགས་ལམ་ཐོག་མར་སློབ་དུས་ནས་དྭོགས་པ་དང་དྲི་བ་གཉིས་མཉམ་དུ་འགྲོ་རྒྱུ་ཞིག་ཡོང་ཐབས་བྱེད་དགོས།  ང་ཚོ་གྲྭ་སར་ཡིན་ན་དགེ་རྒན་ཚོས་རྟགས་བསལ་སློབ་པ་མ་གཏོགས།  འཛིན་མཚམས་སློབ་ཀྱི་མ་རེད།  འཛིན་མཚམས་ལས་སླ་པོ་ཡིན་ནའང་སོ་སོས་བཙལ་དགོས་རེད། དེའི་རྒྱུ་མཚན་གང་དུ་ཐུག་ཡོད་ཅེ་ན།  སློབ་ཕྲུག་སོ་སོས་རིགས་པའི་ལམ་ནས་དཔྱད་པའི་བློའི་ནུས་པ་གོང་འཕེལ་གཏོང་དགོས་པ་དེ་རེད།  རིགས་པའི་ལམ་ནས་དཔྱད་པའི་བློའི་ནུས་པ་དེ་གོང་འཕེལ་ཕྱིན་ན་དོ་སྣང་རང་བཞིན་གྱིས་སླེབས་རྒྱུ་རེད།

དེ་རིང་འདིར་རྟགས་བསལ་དེ་ཚོ་ཡག་པོ་བྱུང་སོང་།  ཚང་མར་ལེགས་སོ་སྔགས་བརྗོད་ཡོད།  གཙོ་བོ་ཆོས་དགེ་རྣམ་པ་ཚོས་དང་པོ་སེམས་མི་འགོང་བ་ཡོང་ཐབས་དང།  དེ་ནས་རྟགས་གསལ་བསླབ་རྒྱུ།  མཐའ་མ་དེའི་མི་མཐུན་པའི་ཕྱོགས་རྣམས་འདོར་རྒྱུ་བཅས་དེ་གསུམ་ཚང་བ་གནང་ཐུབ་ན། དགེ་རྒན་ཙམ་མིན་པར་ཕྱིའི་ཡོངས་འཛིན་ཡང་ཆགས་རྒྱུ་རེད།  གནས་ཚུལ་དེ་ཙམ་ཞུས་རྗེས་རིགས་ལམ་འདུ་འཛོམས་རྒྱས་པ་དབུ་འབྱེད་ཞུ་རྒྱུ་ཡིན།  ཐུགས་རྗེ་ཆེ།  ཞེས་གསུངས།