༈ གདན་ས་སེ་ར་ཐེག་ཆེན་གླིང་དུ་གནང་བའི་གསུང་བཤད།

༄༅།། སེ་ར་ཐེག་ཆེན་གླིང་གི་གྲྭ་ཚང་བྱེས་སྨད་གཉིས་ཀྱི་༧སྐྱབས་མཆོག་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་། རྣམ་གྲྭ་མཁན་རིན་པོ་ཆེ། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ། ལས་སྣེ་དབུ་ཆོས་རྣམ་པས་གཙོས་སེ་ར་འདུས་སྡེའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམ་པ། དེ་བཞིན་དགེ་འདུན་འདུས་ཚོགས་ཡོངས་ལ་གུས་ཕྱག་སྔོན་དུ་འགྲོ་བའི་ཐོག་ནས་དེ་རིང་འདིར་སེ་ར་ཐེག་ཆེན་གླིང་ལ་ཐེངས་གཅིག་བསྐྱར་དུ་བཅར་རྒྱུའི་གོ་སྐབས་བྱུང་བ་འདིའི་ཐོག་དགེ་འདུན་འདུས་ཚོགས་མཇལ་རྒྱུ་དང་། རང་གི་བསམ་ཚུལ་ཕྲན་བུ་ཞུ་རྒྱུའི་གོ་སྐབས་གནང་བ་དེ་སྐལ་བ་བཟང་པོ་ཡིན་བསམས་ཀྱི་ཡོད། ཐོག་མར་དགེ་འདུན་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་བཅས་ཀྱི་ངོས་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

སྤྱིར་བཏང་མི་མང་གི་ནང་དུ་གཏམ་བཤད་མང་པོ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་གདན་ས་ཆེན་པོའི་ནང་དུ་དགེ་འདུན་འདུས་ཚོགས་ལ་གཏམ་བཤད་ཞུ་རྒྱུར་ཞེད་སྣང་དང་འཚེར་སྣང་ཡོང་གི་འདུག ང་རང་སྒེར་དང་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པ་གཉིས་ཀར་དགེ་འདུན་འདུས་པ་རྒྱ་མཚོ་ལ་གཏམ་བཤད་ཞུ་རྒྱུའི་གོ་བབས་དང་ཐོབ་ཐང་ཡོད་མེད་ཐེ་ཚོམ་རེད། རབ་ཏུ་བྱུང་བ་ཚོ་མི་མང་དང་མཉམ་དུ་གསན་དུ་ཕེབས་ན་གནས་ཚུལ་ཐ་དད་རེད། དེ་མིན་དགེ་འདུན་གྱི་འདུས་སྡེའི་ནང་དུ་ཞུ་རྒྱུ་དེ་འོས་ཤིང་འཚམས་པ་ཡིན་མིན་དྭོགས་པ་ཡོང་གི་འདུག

སྔོན་མ་བོད་དུ་ཡིན་ན་ཚོགས་ཀྱི་ནང་སྐད་ཆ་བཤད་ཆོག་མཁན་གྱི་གང་ཟག་ལ་གྲངས་ངེས་པ་ཡིན་ཞེས་སེ་ར་བྱེས་ཀྱི་དགེ་བསྐོས་ཚོས་ཚོགས་གཏམ་ནང་དུ་གསུང་སྲོལ་ཡོད། སྤྱིར་བཏང་གདན་ས་ཚང་མའི་ནང་དགེ་བསྐོས་དང་ཞལ་ངོ་ཚོས་འཆར་ཅན་ཚོགས་ཀྱི་ནང་དུ་ཚོགས་གཏམ་ཟེར་བ་ཞིག་འབུལ་བའི་ལུགས་སྲོལ་ཡོད་པ་རེད། དེའི་ནང་ཚོགས་གཏམ་རྒྱས་ཤོས་དང་ཞལ་ངོ་ནང་བཞིན་སྐད་ཆེན་པོ་བརྒྱབ་མི་དགོས་པར་གསུང་ཆོས་བཞིན་གནང་རྒྱུ་དེ་ཕལ་ཆེར་སེ་ར་བྱེས་པ་རྐྱང་པ་རེད། གཅིག་བྱས་ན་སེ་ར་སྨད་ལའང་དེ་འདྲ་གནང་གི་ཡོད་སྲིད། ང་ལ་ཆ་རྒྱུས་མེད། སེ་ར་བྱེས་པའི་དགེ་བསྐོས་ལོ་གཅིག་ལ་ཕལ་ཆེར་ཐེངས་གཉིས་བརྗེ་གི་ཡོད་འདུག ཁོང་ཚོས་ཚོགས་གཏམ་འབུལ་བའི་ཡུལ་དང་། ཚོགས་གཏམ་འབུལ་བའི་དུས། ཚོགས་གཏམ་འབུལ་བ་པོའི་རྟེན་གྱི་གང་ཟག འབུལ་བྱ་ཚོགས་གཏམ་གྱི་ངོ་བོ་ཞེས་ས་བཅད་བཀྲམས་ཀྱི་འདུག དགེ་བཤེས་བློ་དགའ་ཞེས་པའི་ལྷོ་པ་ཁང་ཚན་གྱི་དགེ་བཤེས་ཤིག་ཡོད། ཁོང་དགེ་བསྐོས་སྐབས་སུ་ང་ལས་དོན་ཞིག་ཆེད་དུ་སེ་ར་བྱེས་ལ་ཐེངས་གཅིག་སླེབས་སོང་། དེ་དུས་ཚོགས་གཏམ་རིང་པོ་དེ་གཏོང་བའི་སྐབས་སུ་འཁེལ་འདུག

དེར་ཚོགས་གཏམ་འབུལ་བ་པོའི་རྟེན་གྱི་གང་ཟག་ལ་མཁན་པོ་དང་དགེ་བསྐོས་གཉིས་སུ་གྲངས་ངེས་པ་ཡིན་ཞེས་གསུང་གི་འདུག གྲངས་ངེས་པ་ཞེ་ན་མང་ན་མི་དགོས་པ་དང་ཉུང་ན་མི་འདུ་བ་ཟེར་བ་དེ་ཆགས་ཀྱི་ཡོད། མ་གཞི་བོད་ལ་ཚོགས་ཀྱི་གཏམ་ཟེར་བ་དེ་སྒྲ་ཟུར་ཆག་པ་ལྟ་བུ་རེད། སྤྱིར་འདུས་པའི་ཚོགས་ལ་བཤད་པའི་གཏམ་དེ་ལ་ཚོགས་གཏམ་ཞེས་བརྗོད། ང་ཚོའི་བསྟན་འགྱུར་ནང་དུའང་ཚོགས་ཀྱི་གཏམ་ཞེས་པའི་བསྟན་བཅོས་ཀྱང་ཡོད། ཡིན་ནའང་ད་ལྟ་ཚོགས་གཏམ་ཟེར་དུས་གཤེ་གཤེ་གཏོང་བ་ལ་གོ་གི་རེད།

ང་ཚོ་རྒྱ་གར་དུ་སླེབས་པའི་རྗེས་སུ་འདུས་ཚོགས་ནང་སྐད་ཆ་བཤད་མཁན་ཇེ་མང་དུ་ཕྱིན་སོང་། གཞུང་གི་སྣེ་མོ་བ་ཚོ་ནས་བཟུང་སྟེ་ས་གནས་འགོ་འཛིན་ཡན་གྱིས་བཤད་ཀྱི་ཡོད། ཡིན་ནའང་ང་རང་ལ་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་སྐད་ཆ་འདྲ་མིན་ཞུ་རྒྱུར་འཚེར་སྣང་དང་མི་བདེ་བ་ཞིག་ཏན་ཏན་ཡོང་གི་འདུག དེར་བརྟེན་གལ་སྲིད་དེ་རིང་ངའི་གཏམ་བཤད་ནང་དགེ་འདུན་པ་ཚོའི་ཐུགས་ལ་མ་བབས་པ་དང་། གནས་ཚུལ་དངོས་དོན་དང་མ་འབྲེལ་བ་དེ་འདྲ་བྱུང་ན་བཟོད་པ་བཞེས་རོགས་གནང་ཞེས་དང་པོ་དེར་ཞུ་རྒྱུ་ཡིན།

དེ་རིང་ང་འདིར་བཅར་དགོས་དོན་ནི་ཉེ་སྔོན་སེར་བྱེས་དཔེ་མཛོད་ཁང་གི་ཟབ་སྦྱོང་ཞིག་ཏུ་ཡོང་བའི་སྐབས་སུ་སེ་ར་ཚོགས་ཆེན་གྱི་ཞལ་ངོ་ལྷན་རྒྱས་ཀྱིས་འདིར་སྐད་ཆ་ཞིག་བཤད་དགོས་ཞེས་གསུངས་པ་རེད། དེ་དུས་དུས་ཚོད་ཐུང་ཐུང་ཞིག་མ་གཏོགས་མེད་སྟབས་མ་བྱུང་བ་རེད། ཉེ་ཆར་༧སྐྱབས་མགོན་རིན་པོ་ཆེ་ཆིབས་བསྒྱུར་གནང་བའི་སྐབས་སུ་ཉིན་ཤས་འདིར་བསྡད་རྒྱུ་བྱུང་ཡང་། སྐབས་དེར་ཕྱོགས་གཅིག་ནས་དུས་ཚོད་སྐོར་བ་མ་འཁོར་བ་དང་། ཕྱོགས་གཞན་ནས་༧སྐྱབས་མགོན་རིན་པོ་ཆེ་ས་གནས་སུ་བཞུགས་པའི་སྐབས་སུ་བཟོ་ཆེན་འོག་ནས་བཟོ་ཆུང་ཐོན་ནས་གཏམ་བཤད་མང་པོ་བྱེད་རྒྱུ་དེ་གཞུང་འབྲེལ་གྱི་དགོས་ངེས་ཡིན་ན་གནས་ཚུལ་ཐ་དད་རེད་མ་གཏོགས། དེ་མིན་དམིགས་བསལ་ཚོགས་རྒྱུ་དེ་བདེ་པོ་ཞིག་མ་བྱུང་། དེར་བརྟེན་དེ་དུས་ཡོང་གི་མ་རེད་ཅེས་ཞུས་པ་ཡིན།

སྐབས་དེར་དགེ་བསྐོས་རྣམ་པ་གཉིས་ཀྱིས་ཐེངས་གཅིག་ངེས་པར་དུ་ཡོང་དགོས་ཞེས་བཀའ་ནན་པོ་གནང་བ་ཡིན་སྟབས། ངས་སྤྱི་ཟླ་ ༡༡ ནང་བཅར་རྒྱུ་ཡིན་ཞེས་དེ་དུས་ཁ་ནས་ཐལ་བ་རེད། སྐབས་དེར་ང་སེ་ར་སྨད་ནང་བསྡད་ཡོད་པ་རེད། འདུལ་བ་བཞིན་བྱས་ན་དགེ་འདུན་འདུས་ཚོགས་གང་དུ་ཡོད་པ་དེར་གློ་བུར་དུ་ལྷགས་པའི་དགེ་སློང་ཞིག་ཡིན་ནའང་གནས་མལ་སྟོབ་པའི་རྗེས་སུ་དགེ་འདུན་དེའི་ནང་གཏོགས་ཀྱི་ཡོད། ང་ཚོ་བོད་ལ་ཡིན་ན་སྐྱིད་སྡུག་ཡོད་མེད་ཀྱི་སྐད་ཆ་བཤད་ཀྱི་ཡོད། སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་སྐྱིད་སྡུག་ཡོད་མེད་ཀྱི་བཀའ་མོལ་མེད། སྔོན་མ་སྦེང་ལོར་ (Bangalore)  དུ་མཧཱ་བོདྷཱི་ཚོགས་པའི་ (Mahabodhi Society) དགོན་པ་ཆུང་ཆུང་ཞིག་ཡོད། དགོན་པ་དེ་ད་ལྟའང་ཡོད་མུས་རེད། དེར་བུདྡྷ་རཀྵིཏ་ཞེས་སངས་རྒྱས་སྲུང་བ་ཞུ་མཁན་གནས་བརྟན་བགྲེས་སོང་ཞིག་ཡོད། ང་ཚོས་དེ་ལ་གནས་ཚང་གཡར་དུ་ཕྱིན་ན། སྟབས་བདེ་པོས་གནས་ཚང་གཡར་བ་དང་ཆབས་ཅིག་ཏུ་གདིང་བ་ཞིག་དང་ལྷུང་གཟེད་རེ་བཀྲམས་ཀྱི་རེད། དེར་བསྡད་པའི་སྐབས་སུ་ཉིན་གུང་ཆོས་སྟོན་ཞུ་བར་ཁོང་གི་ལྷན་དུ་བཅར་དགོས་པ་དང་། ཕྱི་ལ་འགྲོ་བའི་སྐབས་སུ་ངེས་པར་དུ་ཁོང་ལ་དགོངས་པ་ཞུ་དགོས་པ། དེ་བཞིན་ཕྱིར་ལོག་རྗེས་ང་སླེབས་ཡོད་ཅེས་ཞུ་བར་འགྲོ་དགོས། འཕགས་པ་གནས་བརྟན་པའི་ལམ་སྲོལ་དེ་ཚོ་ཧ་ཅང་ཡག་པོ་འདུག  ཉེ་སྔོན་ཕྲན་རང་སེ་རར་བཅར་བའི་སྐབས་དེར་སེ་ར་ལ་གནས་མལ་བསྟབས་ཡོད་པ་ཡིན་སྟབས། སེ་རའི་ཁོངས་སུ་གཏོགས་པ་རེད། དེར་བརྟེན་འདུལ་བའི་ནང་བཀའ་བཅག་མི་རུང་བའི་གནས་བདུན་བརྩི་བའི་སྐབས་སུ་དགེ་བསྐོས་ཀྱང་དེའི་ནང་ཡོད་པ་རེད། དེ་ལྟར་དགེ་བསྐོས་ཀྱི་བཀའ་བཅག་ན་འགྲིགས་མིན་ལ་བརྟེན་རྗེས་སུ་བསྐྱར་དུ་ཡོང་རྒྱུ་ཡིན་ཞེས་ཞུས་པ་ཡིན་ཡང་། དྷ་སར་ལས་ཁུངས་སུ་འབྱོར་སྐབས་དུས་ཚོད་འཐོན་རྒྱུ་ཧ་ཅང་ཁག་པོ་རེད་ཟེར་གྱི་འདུག ཡིན་ནའང་ཁ་ནས་ཚིག་ཤོར་ཡུ་བ་ཐུང་བའི་དཔེ་ཞེས་ཁ་ཆེ་ཕ་ལུའི་བཤད་སྟངས་ལྟར་ཚིག་ཤོར་ཚར་དུས་དེ་རིང་འདིར་བཅར་དགོས་བྱུང་བ་རེད། དེ་ནི་འདས་པའི་བྱུང་རིམ་ཙམ་རེད།

སྤྱིར་བཏང་དེ་རིང་སྦེལ་ཀོབ་ཏུ་ཡོང་རྒྱུ་དེ་སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་ལས་དུས་རྫོགས་ལ་ཉེ་བ་ཡིན་སྟབས། འདི་ལོ་ཕྱི་ཟླ་ ༥ པ་ནས་བཟུང་བོད་མིའི་གནས་ཡུལ་ཡོངས་རྫོགས་ལ་ཐེངས་གཅིག་སྐོར་བ་བརྒྱབས་ཏེ་མང་ཚོགས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུའི་ལས་རིམ་ཞིག་ཡོད་པ་རེད། ལས་རིམ་དེ་ཉེ་ཆར་༧སྐྱབས་མགོན་རིན་པོ་ཆེ་ཆིབས་བསྒྱུར་སྐབས་དེར་བྱུང་མེད། སྤྱིེར་བཏང་ལྷོ་གཞིས་ཁག་ཏུ་ཕྱི་ཟླ་དང་པོ་དང་གཉིས་པའི་ནང་ཡོང་འཆར་ཡིན་ཡང་། དེ་སྔ་བསྣུར་གྱིས་སྦེལ་ཀོབ་ཏུ་དེ་རིང་འདིར་དགེ་འདུན་པ་ཚོར་གཏམ་བཤད་ཞུ་རྒྱུའི་གོ་སྐབས་དེ་བླངས་པ་རེད།

བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུ་བྱེད་པའི་སྐབས་སུ་རབ་བྱུང་བཙུན་མ་སྔགས་པ་ཚང་མར་འོས་ཤོག་བླུག་རྒྱུའི་ཐོབ་ཐང་ཡོད་པ་རེད། དེ་བཞིན་ཆོས་བརྒྱུད་སོ་སོའི་སྐུ་ཚབ་སྤྱི་འཐུས་གདམ་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ནང་ཡོད་པར་བརྟེན། རབ་བྱུང་ཚོའང་ཆབ་སྲིད་ཀྱི་ཆ་ཤས་ཤིག་ཆགས་ཡོད་པ་རེད། དེར་བརྟེན་ད་ལྟ་ངས་ཐོག་མར་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་རབ་ཏུ་བྱུང་བ་ཚང་མར་བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ལས་རྒྱུན་གྱི་རིང་ང་དང་ངའི་ལས་རོགས་བཀའ་བློན་རྣམ་པ་ཚོ་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན། མང་ཚོགས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་ལ་བརྟེན་ནས་བཀའ་ཤག་གི་ལས་ཡུན་གཉིས་དམིགས་བསལ་གྲུབ་འབྲས་ཆེན་པོ་ཞིག་མ་ཐོན་ནའང་ཁ་ཆག་སྣ་རལ་དང་ལབ་རྒྱུ་གླེང་རྒྱུ་ཆེན་པོ་མ་བྱུང་བ་དེ་མང་ཚོགས་ཀྱི་བཀའ་དྲིན་རེད། དེར་བརྟེན་མང་ཚོགས་དགེ་འདུན་པ་ཚང་མར་ཐུགས་རྗེ་ཆེ་ཞུ་དགོས་པ་དེ་ཡ་རབས་བཟང་སྤྱོད་ཀྱི་དགོས་མཁོ་ཞིག་ཆགས་ཀྱི་ཡོད།

དེ་ནས་མང་གཙོའི་སྤྱི་ཚོགས་ནང་གཞུང་གི་ལངས་ཕྱོགས་དང་། སྲིད་ཇུས། ལས་རིམ་ཚང་མར་མི་མང་ཡོངས་རྫོགས་ཀྱིས་མོས་མཐུན་ཡོད་དགོས་པའི་ངེས་པ་མེད། ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པའི་རྒྱལ་ཁབ་ལྟ་བུར་མཚོན་ན། འགལ་ཟླ་ཚོགས་པ་ཞིག་མེད་ན་གཞུང་དེ་འཛིན་སྐྱོང་མི་ཐུབ་པ་ལྟ་བུ་རེད། ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་དེ་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པའི་སྤྱི་ཚོགས་ཤིག་མིན་ཡང་། མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཚང་བར་རྒྱབ་སྐྱོར་དང་འགལ་ཟླ་གཉིས་ཀ་ངེས་པར་དུ་ཡོད་དགོས། དགེ་འདུན་པའི་ནང་ལ་བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་སྲིད་ཇུས་དང་ལས་རིམ་ལ་མོས་མཐུན་མི་གནང་བར་དགག་བྱ་དང་སྐྱོན་བརྗོད་གནང་མཁན་ཚོར་སྔོན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་ཐུགས་སྣང་རྐྱེན་པོས་གཞུང་གི་ལས་དོན་ཐོག་སྐྱོན་དང་ཞན་ཆ་ཡོད་པ་རྣམས་ཐེར་འདོན་གྱིས་སྐྱོན་བརྗོད་གནང་བར་བརྟེན། དགེ་འདོན་ཡོ་བསྲང་བྱ་རྒྱུ་དང་། ཞན་ཆ་རྣམས་མེད་པ་བཟོ་རྒྱུར་ཕན་ཐོགས་ཡོང་གི་ཡོད། དེ་བཞིན་གནས་ཚུལ་ཁ་ཤས་གསལ་པོ་མ་རྟོགས་ན་གསལ་བཤད་ཞུ་རྒྱུའི་གོ་སྐབས་ཀྱང་ཡོང་གི་ཡོད། དེར་བརྟེན་དགག་བྱ་གནང་མཁན་དང་སྐྱོན་བརྗོད་གནང་མཁན་རྣམས་ཆབ་སྲིད་ཀྱི་ལས་རིམ་ནང་གལ་ཆེ་བའི་ཆ་ཤས་ཤིག་རེད།

རྒྱབ་སྐྱོར་གནང་མཁན་ཚོ་ནི་དེ་བས་ཀྱང་གལ་ཆེན་པོ་རེད། མི་མང་གི་མང་མོས་རྒྱབ་སྐྱོར་མེད་ན་གཞུང་གི་སྲིད་ཇུས་དང་འཛིན་སྐྱོང་གང་ཡིན་ནའང་ལག་བསྟར་དང་རྒྱུན་འཁྱོང་བྱེད་ཐུབ་ཐབས་མེད། ད་ལྟའི་བར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོས་ལམ་སྟོན་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་མཚོན་པའི་གཞུང་གི་སྲིད་ཇུས་དང་ལས་རིམ་ཚང་མ་གདེང་སྤོབས་ཆེན་པོའི་ཐོག་ནས་ལག་བསྟར་ཞུ་ཐུབ་པ་དེ་མི་མང་གི་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཡོད་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེར་བརྟེན་རྒྱབ་སྐྱོར་གནང་མཁན་ཚོར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག འབྱུང་འགྱུར་བཀའ་བློན་ཁྲི་པ་དང་བཀའ་ཤག་གང་འདྲ་ཞིག་ཕེབས་པ་ཡིན་ནའང་ད་ལྟ་བཞིན་རྒྱབ་སྐྱོར་མཐུན་འགྱུར་མུ་མཐུད་གནང་རོགས་གནང་ཞེས་ངས་གོ་སྐབས་འདི་བཟུང་ནས་གསོལ་འདེབས་དང་རེ་སྐུལ་ཞུ་རྒྱུ་ཡིན།

རྒྱབ་སྐྱོར་དང་དགག་བྱ་གང་ཡང་མ་གནང་བར་སྣང་མེད་ལ་བཞུགས་མཁན་ཚོ་ལའང་མ་འོངས་པར་སྣང་མེད་དུ་བཞུགས་རྒྱུ་མེད་ཅེས་བརྗོད་རྒྱུ་ཡིན། ཆབ་སྲིད་ནང་ཆ་ཤས་བླངས་ཕྱིན་ཆད་ཆ་ཤས་དེ་ཡང་ཚུལ་དང་མཐུན་པ་ཞིག་བླང་དགོས། སྔོན་མ་ང་ཚོ་བོད་དུ་སྤྱི་ཚོགས་རྙིང་པའི་སྐབས་སུ་སྡེ་པ་གཞུང་གི་ཇུས་གཏོགས་སྡེ་སྲིད་མགོ་ལེབ་པས་བྱེད་ཀྱི་རེད། ང་ཚོར་ཇུས་གཏོགས་གང་ཡང་མེད་ཅེས་པའི་བཤད་སྲོལ་དང་། དེ་འདྲའི་བསམ་བློ་གཏོང་ཕྱོགས་ཤིག་ཡོད་པ་རེད། ཡིན་ནའང་ད་ལྟ་དུས་ཚོད་དེ་ཡོལ་ཚར་བ་རེད།

ཕྱི་ལོ་ ༡༩༩༠ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་༧སྐྱབས་མགོན་རིན་པོ་ཆེས་བཀའ་དགོངས་དང་བསྟུན་ནས་བཟོས་པ་རེད། དེ་དུས་ང་ཚོའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ནང་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དེ་ཆོས་ལུགས་རིས་མེད་ཅེས་བཀོད་ཡོད། ཨིན་སྐད་དུ་ Secular ཞེས་པ་དེ་ཆོས་ལུགས་རིས་མེད་དུ་བསྒྱུར་བ་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་ངོ་མ་ནི་བོད་ཀྱི་ཆབ་སྲིད་ཀྱི་ངོ་བོ་དེ་ཆོས་ལུགས་རིས་མེད་ཅིག་བྱུང་ན་དགོངས་པ་དེ་སྔོན་མ་ནས་ཡོད་ལ། ད་ལྟའང་ཡོད་པ་རེད་བསམས་ཀྱི་ཡོད། སྤྱིར་ཨིན་སྐད་དུ་ Secular ཟེར་བ་དེ་ལྟ་གྲུབ་མི་འདྲ་བ་སོ་སོས་བསྒྱུར་བའི་སྐབས་སུ་གོ་བ་མི་འདྲ་བ་སྣ་ཚོགས་ཤིག་སླེབས་བསྡད་པ་རེད། དཔེར་ན། ཆོས་འགལ་རིང་ལུགས་དང་། ཆོས་མེད་རིང་ལུགས། སྲིད་རྐྱང་རིང་ལུགས། ཆོས་ལ་མ་བལྟོས་པའི་རིང་ལུགས་སོགས་རེད། འོན་ཀྱང་བདག་ཉིད་ཆེན་པོ་གཱཾདྡྷཱིས་ Secular ཟེར་བའི་ཚིག་དེ་ཆོས་ལུགས་རིས་མེད་དུ་བསྒྱུར་གནང་བ་རེད། ང་ཚོས་ཀྱང་དེ་རང་བླངས་ཏེ་ཆོས་ལུགས་རིས་མེད་ཅེས་པ་དེ་བཞག་པ་རེད། འོན་ཀྱང་རྗེས་སུ་སྐབས་ ༡༡ པའི་གྲོས་ཚོགས་ནང་གཏན་ལ་ཕབ་པའི་སྐབས་སུ་ཚིག་དེ་གྲོས་ཚོགས་ནས་མ་ཐོན་པ་རེད། དེའི་ཐོག་མི་བཞིའི་མང་མོས་མ་བྱུང་བར་བརྟེན། ད་ལྟའི་བཅའ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་ཞེས་པ་དེ་གནས་པ་རེད།

དེང་སང་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུ་ནང་པའི་རྒྱལ་ཁབ་ཡིན་ཞེས་བརྗོད་མཁན་བཞི་ལྔ་ཙམ་ཡོད། ཤྲཱིལངྐཱ་ (Sri Lanka) དང་། ཐའེ་ལན་ཌི། (Thailand) འབར་མ་ (Burma) བཅས་ཀྱི་རྩ་ཁྲིམས་ནང་ནང་པའི་རྒྱལ་ཁབ་ཅེས་འཁོད་ཡོད། ད་ལྟ་ཕྱི་སོག་ཀྱང་ནང་པའི་རྒྱལ་ཁབ་ལྟ་བུ་རེད། འབྲུག་དེ་རྩ་ཁྲིམས་ནང་གསལ་པོ་མེད་ཀྱང་། གང་ལྟར་ནང་པའི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་ཚོ་ཚང་མའི་ནང་ཆོས་སྲིད་ཟུང་འབྲེལ་གྱི་ཚིག་ཡོད་མེད་ལ་མ་བལྟོས་པར་ཆོས་སྲིད་ཟུང་འབྲེལ་བྱེད་སྟངས་དེ་འདྲ་མིན་སྣ་ཚོགས་རེད། ཐའེ་ལན་ཌི་དང་འབར་མ་ལྟ་བུར་མཚོན་ན། རབ་བྱུང་ཚོས་ཆབ་སྲིད་ནང་ཆ་ཤས་གང་ཡང་མི་བཞེས་ཤིང་། འོས་ཤོག་མི་བླུག་པ་མ་ཟད། འོས་ཤོག་ནང་བཞེངས་ཀྱིའང་མེད། ཁོང་ཚོ་ཧ་ཅང་གིས་དོ་དམ་པོ་རེད། དགེ་ཚུལ་སློང་སུ་ཡིན་ནའང་ཆབ་སྲིད་པ་ཚོར་ལམ་སྟོན་བཀའ་སློབ་གནང་བ་ཙམ་མ་གཏོགས། དེ་ལས་སྤྲོས་པའི་ཆབ་སྲིད་ལ་ཇུས་གཏོགས་མི་བྱེད་པའི་ལམ་སྲོལ་ཞིག་ཡོད་པ་རེད། ཤྲཱིལངྐཱ་ལྟ་བུ་ཡིན་ན་དགེ་སློང་དེ་ཚོའང་ཡུལ་མི་དང་གཅིག་མཚུངས་ཀྱིས་འོས་ཤོག་བླུག་པ་མ་ཟད། འོས་ཤོག་ནང་བཞེངས་ཀྱི་ཡོད། སོག་པོའི་རྩ་ཁྲིམས་གསར་པའི་ནང་དུ་རབ་བྱུང་ཚོས་སྤྱི་འཐུས་གནང་ཆོག་པ་མ་ཟད། སྤྱི་འཐུས་ལ་འོས་ཤོག་བླུག་པའི་ཐོབ་ཐང་ཡང་ཡོད་འདུག འབྲུག་ཡུལ་དེ་སྤྱིར་བཏང་བསྟན་པ་ཆོས་སྦྱིན་གྱི་མངའ་བདག་ཡིན་པ་གང་ཞིག་ལ་རབ་བྱུང་དེ་ཚོ་འོས་ཤོག་ནང་ཐད་ཀར་ཆ་ཤས་བླང་མི་ཆོག་པ་བཟོས་འདུག དེ་བཞིན་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རབ་བྱུང་ཚོས་ཆབ་སྲིད་ཀྱི་ལས་རིམ་ནང་ཆ་ཤས་ལེན་པ་ཙམ་དུ་མ་ཟད། དེང་སང་བོད་མིའི་སྤྱི་ཚོགས་ནང་གྲྭ་བཙུན་སྔགས་པ་ཚོར་འོས་ཤོག་མང་བ་བླུག་པའི་ཐོབ་ཐང་ཡོད་པ་དེ་མེད་པ་བཟོ་དགོས་ཀྱི་འདུག་ཅེས་དེ་འདྲའི་བསམ་ཚུལ་འདོན་མཁན་ཡང་ཡོད་མུས་རེད།

སོག་པོའི་རྩ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་ཡིན་པ་མ་ཟད། གཞུང་དང་དགོན་པ་ཐ་དད་ཡིན་ཞེས་བཤད་འདུག གཞུང་དང་དགོན་པ་ཐ་དད་ཡིན་ཞེས་བཤད་དགོས་དོན་ནི་ནུབ་ཕྱོགས་པའི་སྲིད་དོན་ཚན་རིག་ནང་ Church དང་ State གཉིས་ཐ་དད་མ་བཟོས་ན་མང་གཙོ་ཚད་ལྡན་ཡོང་གི་མེད་པ་དང་། ལྷག་པར་དུ་ Church དང་མཉམ་དུ་འདྲེས་པའི་གཞུང་ཡིན་ན་དེ་ནི་ Theocracy རེད་ཅེས་པའི་བཤད་ཚུལ་ཞིག་ཡོད། Theo ཟེར་བ་ནི་འཇིག་རྟེན་གྱི་བྱེད་པ་པོའམ་འཇིག་རྟེན་གྱི་བཀོད་པ་པོ་ལ་གོ་བ་དང་། དེས་བཟུང་བའི་ཆབ་སྲིད་ཟེར་བ་ལྟ་བུ་ཞིག་ལ་གོ་རྒྱུ་རེད། དེར་བརྟེན་ངེས་པར་དུ་ Church དང་ State གཉིས་ཐ་དད་བཟོ་དགོས་པའི་རིག་པའི་གཞུང་ལུགས་ཤིག་ཡོད་པ་ཡིན་སྟབས། སོག་པོ་ཚོས་ནུབ་ཕྱོགས་པའི་བསམ་ཚུལ་དང་མཐུན་པ་ཡོང་བའི་ཆེད་དུ་ Church དང་ State གཉིས་ཐ་དད་ཕྱེ་བ་དང་། འོན་ཀྱང་ཆོས་དང་ཆབ་སྲིད་གཉིས་ཐ་དད་བཟོས་མེད་པར་བརྟེན། ཆོས་སྲིད་ཟུང་འབྲེལ་ཡིན་ཞེས་བཤད་ཀྱི་ཡོད། ང་ཚོ་ཡང་དེ་དང་གཅིག་མཚུངས་རེད། སྔོན་མ་བོད་ལ་ཡིན་ན་གཞུང་གི་ཆབ་སྲིད་ནང་གདན་ས་ཁག་གི་ཐེ་ཇུས་དང་དབང་ཤུགས་ཧ་ཅང་ཆེན་པོ་རེད། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་དང་བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་གཉིས་ཀའི་ནང་གདན་ས་གསུམ་གྱི་མཁན་པོ་ཚོ་རྡོག་བསྒྲིལ་ན་ཧ་ལམ་ཐག་གཅོད་ཚང་མ་དེའི་ཐོག་འགྲོ་རྒྱུ་རེད། དེར་བརྟེན་དགོན་པའི་སྒྲིག་འཛུགས་དང་རྒྱལ་ཁབ་ཀྱི་གཞུང་གཉིས་པོ་འབྲེལ་བསྡད་པ་ལྟ་བུ་ཞིག་ཡོད། ད་ལྟ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་ལུགས་ཆོས་བརྒྱུད་ཀྱི་སྐུ་ཚབ་ཡོད་ཀྱང་། དེས་ཆོས་ལུགས་ཆོས་བརྒྱུད་དེའི་མང་ཚོགས་ཀྱི་སྐུ་ཚབ་མཚོན་པ་མ་གཏོགས། དེ་ཚོས་དགོན་པའི་སྐུ་ཚབ་མཚོན་གྱི་མེད། དེར་བརྟེན་ང་ཚོས་ཆོས་སྲིད་ཟུང་འབྲེལ་ཡིན་ཡང་དགོན་པ་དང་གཞུང་ཐ་དད་ཡིན་ཞེས་སོག་པོ་བཞིན་བཤད་ན་འདྲ་ཆགས་པོ་ཡོད་རེད། དེ་དག་ནི་ཞར་བྱུང་དུ་ཁྱེད་ཚོས་མཁྱེན་རྟོགས་ཀྱི་ཆེད་དུ་ཞུས་པ་ཡིན།

ང་ལོ་མང་སྔོན་དུ་ལྷོ་ཕྱོགས་ཀྱི་གདན་ས་ཞིག་ཏུ་ཡོང་བའི་སྐབས་སུ་རབ་ཏུ་བྱུང་བ་ཚོས་ཆབ་སྲིད་ནང་ཆ་ཤས་མ་བཞེས་ནའང་སྐྱོན་མེད་པ་ལྟ་བུ་ཞིག་བཤད་ཡོད། སྐད་ཆ་དེ་རྗེས་སུ་དྷ་རམ་ས་ལར་རྩོད་པ་ཆེན་པོ་བྱུང་བ་རེད། དེ་ནི་ངས་ཧ་ཅང་ནོར་འཁྲུལ་གྱིས་བཤད་ཐལ་བྱུང་བ་རེད་མདོག་མདོག་གསུང་མཁན་མང་པོ་བྱུང་། དེ་ནི་ང་རང་སྒེར་གྱི་བསམ་ཚུལ་ཞིག་རེད་མ་གཏོགས། གཞུང་འབྲེལ་གྱི་བསམ་ཚུལ་བཤད་པ་ཞིག་ཆགས་ཀྱི་མེད། ཡིན་ནའང་སྐབས་དེར་དེའི་ཐོག་རྩོད་གླེང་བྱུང་བ་བཞིན་དེ་རིང་འདིར་འདུས་མང་ལ་བཀའ་མོལ་ཞུ་རྒྱུ་དེའི་ནང་ལའང་མ་འོངས་པར་དྷ་རམ་ས་ལའི་ཆབ་སྲིད་པ་ཚོའི་ཁྲོད་དུ་བགྲོ་གླེང་ཡོང་སྲིད།

ད་ལྟ་ང་ཚོའི་ཁྱོན་ཡོངས་ཀྱི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་དེ་ཆོས་ལུགས་རིས་མེད་ཅིག་གི་ཐོག་ཏུ་གནས་ཡོད། ཡིན་ནའང་སྔོན་བརྗོད་ནང་ཆབ་སྲིད་ཀྱི་ངོ་བོ་འགྲེལ་བརྗོད་བྱེད་པའི་སྐབས་སུ་ཆོས་སྲིད་ཟུང་འབྲེལ་ཞེས་འཁོད་ཡོད། དེ་དག་བྱུང་ཚུལ་ནི་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ནང་བཅའ་ཁྲིམས་གཏན་འབེབས་བྱེད་པའི་སྐབས་སུ་ཆོས་ལུགས་རིས་མེད་ཟེར་བའི་ཚིག་དེ་ལ་ཐུགས་སྣང་བྱུང་སྟེ་ཁ་ཐུག་བཏོན་རྒྱུའི་དགོངས་པ་འཁོར་བ་རེད། འོན་ཀྱང་བཅའ་ཁྲིམས་ཀྱི་ཁྱོན་ཡོངས་ཀྱི་སྒྲོམ་གཞི་དེ་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་དང་མཐུན་པར་བཟོས་ཡོད་པ་དེ་མ་མཁྱེན་པ་རེད་བསམས་ཀྱི་འདུག སྲིད་དོན་ཚན་རིག་གི་རིགས་ལམ་ཡག་པོ་ཞིག་མ་ཆགས་ན་ཁྲིམས་ཡིག་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཆ་ཚང་རྟོགས་རྒྱུ་ཧ་ཅང་ཁག་པོ་རེད། ་ཚོ་ཕྱག་དཔེ་གཟིགས་མཁན་ཚོ་ཡིན་ནའང་རིགས་ལམ་ཡག་པོ་མ་ཆགས་ན་གཞུང་སྤྱིའི་ཁོག་འབུབ་དེ་མཁྱེན་མི་ཐུབ། དེའི་རྒྱུ་མཚན་གྱིས་ཆོས་ལུགས་རིས་མེད་ཀྱི་ཚིག་དེ་ཆོས་སྲིད་ཟུང་འབྲེལ་ལ་བསྒྱུར་བའི་རྗེས་སུ་དེ་གས་འགྲིགས་སོང་དགོངས་ཏེ་ཐུགས་བློ་ཚིམས་ནས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་གཞན་པའི་ནང་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་ཐོན་པའི་བསྐྱར་བཅོས་གང་ཡང་བྱུང་མེད།

ད་ལྟ་ང་ཚོས་ལག་ལེན་བསྟར་བའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དགེ་འདུན་དང་བཙུན་མ་སྔགས་འཆང་ཡོངས་སུ་རྫོགས་པ་རྣམས་ཁྱོན་ཡོངས་ཀྱི་མང་ཚོགས་དང་གཅིག་མཚུངས་ཀྱིས་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལས་རིམ་ནང་ཞུགས་དགོས་པ་དང་ཆ་ཤས་བླང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། དེའི་ནང་ཆ་ཤས་བླང་རྒྱུ་དེ་ལོ་ལྔའི་ནང་དུས་གཅིག་རེད། གལ་ཏེ་ང་ཚོའི་བཅའ་ཁྲིམས་ནང་ཆོས་ལུགས་རིས་མེད་ཅེས་པའི་ཚིག་དེ་བསྡད་ཡོད་ནའང་ཆ་ཤས་བླང་དགོས་པ་རེད་མ་གཏོགས། དེ་ལ་བརྟེན་ནས་ཆ་ཤས་བླང་མི་དགོས་པ་ཆགས་རྒྱུ་མེད། ཆ་ཤས་ལེན་པའི་སྐབས་སུ་འཇིག་རྟེན་ཕལ་པ་ཚོས་སྲིད་དོན་ཐོག་ཆ་ཤས་ལེན་སྟངས་དང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་ཚོས་སྲིད་དོན་ཐོག་ཆ་ཤས་ལེན་སྟངས་གཉིས་ལ་མི་འདྲ་བ་ཕྲན་བུ་ཞིག་ཡོད་དགོས་ཀྱི་རེད། དེ་མེད་ན་ཆབ་སྲིད་དང་ཁྲིམས་ཀྱི་ཐོག་ནས་འགལ་བ་ཡོང་གི་མེད་ནའང་། ཆོས་དང་དམ་ཆོས་འདུལ་བའི་དགོངས་དོན་ཐོག་ནས་འགལ་བ་ཡོང་སྲིད། དེར་བརྟེན་ཆོས་ལུགས་དང་ཆོལ་ཁའི་སྤྱི་འཐུས་འོས་འདེམས་བྱེད་པའི་སྐབས་སུ་ཁྱིམ་པ་ཕལ་པས་བསམ་བློ་གཏོང་ཕྱོགས་དང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་ཚོས་དགོངས་པ་བཞེས་ཕྱོགས་གཉིས་དབར་ལ་གཞི་རིམ་གྱི་ཁྱད་པར་ཞིག་དགོས་ཀྱི་ཡོད་པ་དེ་ཏན་ཏན་རབ་བྱུང་ཚང་མས་མཁྱེན་དགོས་ཀྱི་རེད། དེ་མ་བྱུང་ན་འགག་ལ་ཐུག་དུས་འཇིག་རྟེན་ཐ་མལ་པ་དང་གཅིག་པ་ཆགས་ན། གུང་ཐང་གིས་ ལྟོ་འགྲངས་ཉིམསདྲོསཚེཆོསཔའིགཟུགས།། རྐྱེནངནཐོགཏུབབསཚེ་ཐ་མལ་།། “ཞེས་གསུངས་པ་དེ་དངོས་དོན་ཆགས་རྒྱུའི་ཉེན་ཁ་ཡོད། འདུལ་བའི་ནང་དུའང་རབ་བྱུང་གིས་རྒྱལ་པོས་སྲིད་དང་བསྟུན་དགོས་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་ལས་རིགས་བྱེད་མི་རུང་བ་གསུངས་པ་དེ་ཚོ་ཞིབ་ཚགས་པོས་བལྟས་ན་རྒྱལ་ཁབ་དེའི་ཆབ་སྲིད་ཀྱི་ནང་དུ་རབ་བྱུང་གིས་ཆ་ཤས་བླང་དགོས་པའི་ལམ་སྟོན་གྱི་རྣམ་པ་ཞིག་ཐོན་གྱི་ཡོད་པ་རེད། གལ་ཏེ་ཁྱིམ་གྱི་ཆ་ཤས་དང་ཁྱིམ་གྱི་ཐོབ་ཐང་མ་དོར་བཞིན་དུ་རབ་ཏུ་བྱུང་བ་ཡིན་ན་དེ་རབ་བྱུང་ཚད་ལྡན་ཞིག་ཆགས་ཀྱི་མ་རེད། འདུལ་བའི་ནང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེས་ཁྱིམ་ ‘ནས་’ ཞེས་འབྱུང་ཁུངས་ཀྱི་སྒྲ་སྦྱར་བ་དེ་ཡང་ནས་ཡང་དུ་གསུངས་ཡོད། ཁྱིམ་མེད་པ་ཞེས་པར་ལེགས་སྦྱར་གྱི་སྐད་དུ་ཨནཱགརིཀ་ཞེས་ཡོང་གི་ཡོད། ལེགས་སྦྱར་གྱི་ཚིག་དེའི་གཅོད་སྟངས་མི་འདྲ་བར། ཨ་་་་ནཱགརིཀ་ཞེས་བརྗོད་ན། ཡུལ་མི་ (Citizen) མ་ཡིན་པ་ཞེས་གོ་བ་ཡིན། གང་ལྟར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་རབ་ཏུ་བྱུང་བ་ཡིན་དུས་འཁོར་བའི་ཕུན་ཚོགས་ལ་ཞེན་པ་ལོག་པའི་ངེས་འབྱུང་ཞིག་བཅོས་མ་ཚུན་ཆད་ལ་ཡོད་པ་གཞིར་བཞག་བྱེད་དགོས་ཀྱི་རེད། དེར་བརྟེན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་གང་ཟག་ཅིག་ལ་སྤྱི་ཚོགས་དང་རྒྱལ་ཁབ་ལ་འཁྲི་བའི་ལས་འགན་གང་དང་གང་ཡོད་པ་རྣམས་གསལ་པོ་ངོས་གཟུང་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་ཕན་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་དེ་ཚོའི་སྐོར་བགྲོ་གླེང་དང་ཞིབ་འཇུག་བྱེད་ཐུབ་མེད།

ད་ལྟ་ངས་གོང་དུ་ནང་པའི་རྒྱལ་ཁབ་ཁག་གི་བྱེད་སྟངས་མི་འདྲ་བ་རོབ་ཙམ་ཞུས་པ་དེ་ཚོའི་ནང་དུ་ད་དུང་གནས་ཚུལ་ཁ་ཤས་ཞིབ་ཚགས་པོས་གཟིགས་ན་ད་དུང་མི་འདྲ་བ་མང་པོ་ཡོད་པ་རེད། སྤྱིར་བཏང་འདུལ་བའི་ནང་འདུལ་བ་རང་གི་ཚིག་ཟིན་གྱི་བཅས་པ་ལ་བལྟས་ན། རབ་ཏུ་བྱུང་བ་ལ་ཡུལ་གྱི་དཔྱ་ཁྲལ་ཕོག་གི་ཡོད་པ་མ་རེད། ཡིན་ནའང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་རབ་བྱུང་དང་ཁྱིམ་པ་དབྱེར་མེད་ཀྱིས་བོད་མི་ཡོངས་སུ་རྫོགས་པར་དཔྱ་ཁྲལ་བསྡུ་ལེན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ང་ཚོ་རབ་བྱུང་གི་མི་ཚེ་སྐྱེལ་སྟངས་དེ་འདུལ་བ་ནང་བཞིན་མེད་པར་སྒོར་མོ་ཉར་ཆོག་པ་དང་། སྒོར་མོ་ལེན་ཆོག་པའི་གཤིས་ཀ་ཡོད་སྟབས། རབ་ཏུ་བྱུང་བ་ནས་ཡུལ་གྱི་དཔྱ་ཁྲལ་བླང་རྒྱུར་གཞུང་ལ་ཐེ་ཚོམ་དང་ནེམ་ནུར་གང་ཡང་ཡོང་གི་མེད། ཐའེ་ལན་ཌ་ལྟ་བུར་མཚོན་ན། རབ་བྱུང་ཚོས་དངུལ་ལ་ལག་པ་འཆང་གི་མ་རེད་ལ། དངུལ་བདག་གཉེར་ཡང་བྱེད་ཀྱི་མེད། ལར་ནས་དངུལ་འབུལ་མཁན་ཡང་ཡོད་པ་མ་རེད། འབུལ་རྒྱུ་དེ་ཚོ་ཚང་མ་ནི་བསོད་སྙོམས་དང་། མལ་ཆ། ཆོས་གོས། འཚོ་བའི་ཡོ་བྱད་སོགས་མ་གཏོགས། དངུལ་རྐྱང་ཕུལ་བའི་ལུགས་སྲོལ་མེད། སྤྱིར་འདུལ་བའི་ནང་རིན་པོ་ཆེར་རེག་པ་དང་། དངུལ་ལ་རེག་པ་དེ་ཚོ་བཀག་པ་རེད། འོན་ཀྱང་བོད་ལ་ལམ་སྲོལ་དེ་ཚོ་རྒྱུན་རིང་པོ་ནས་ཉམས་པ་ཡིན་སྟབས། གྲྭ་པ་ཕྱུག་པོ་དང་། བླ་བྲང་ཕྱུག་པོ་ཡོད་པ་ཙམ་དུ་མ་ཟད། བུ་ལོན་གཏོང་མཁན་དང་ཚོང་རྒྱག་མཁན་ཡང་བསྟན་པ་ཉམས་པའི་སྐབས་སུ་མང་པོ་བྱུང་བ་རེད།

སྔོན་མ་རྒྱ་གར་གྱི་གནས་བརྟན་བགྲེས་སོང་ཞིག་ཡོད། ད་ལྟ་ཁོང་དགོངས་པ་རྫོགས་ཚར་སོང་། ཁོང་གི་མཚན་ལ་བྷདནྟ་ཨཱནནྡ་ཀཽསལྱཱཡན་ཞུ་བ་རེད། ཁོང་ལ་༧གོང་ས་མཆོག་གིས་ཐུགས་མཉེས་པོ་གནང་གི་རེད། ཁོང་ཧ་ཅང་གི་གཤིས་ཀ་སློག་མཁས་པོ་ཞིག་ཡོད། འཕགས་པ་གནས་བརྟན་པའི་སྡེ་པ་དེ་ཚོ་ཕྱི་དྲོའི་ཁ་ཟས་ལ་ཧ་ཅང་འཛེམ་དགོས་པ་རེད། ཕྱི་དྲོའི་ཁ་ཟས་དེ་ཧ་ལམ་ཕམ་པ་དང་ལྷག་མ་དང་མཚུངས་པ་ལྟ་བུར་བརྩི་བ་རེད། ཁོང་འཕགས་པ་གནས་བརྟན་པའི་སྡེ་པ་ཡིན་ནའང་ཕྱི་དྲོའི་ཁ་ཟས་ལ་དེ་ཙམ་འཛེམས་ཀྱི་མ་རེད། སྟབས་འགྲིག་པའི་སྐབས་སུ་ཉིན་གུང་མཆོད་ཐུབ་ན་དེ་ག་རེད་མ་གཏོགས། སྟབས་མ་འགྲིག་པའི་སྐབས་སུ་ཉིན་གུང་ཡོལ་ནའང་ཞལ་ལག་མཆོད་ཀྱི་རེད། དཱིཀྵཱ་བྷཱུམི་ཟེར་བ་དེ་འཛིན་སྐྱོང་བྱེད་དགོས་སྟབས། དངུལ་ལའང་དགའ་པོ་ཡོད་པ་རེད། ཁོང་གིས་ནམ་རྒྱུན་གཤིས་ཀ་བསློགས་ཏེ་ཨཱནནྡ་ཀཽསལྱཱཡན་དངུལ་ལ་ལག་པ་རྩ་ནས་འཆང་གི་མ་རེད། ཁྱེད་རང་ཚོས་ང་ལ་ Cheque དང་ Draft འཁྱེར་ཤོག་ཅེས་གསུང་གི་རེད། Cheque དང་ Draft དེ་དག་ཤོག་བུ་རེད་མ་གཏོགས་དངུལ་མ་རེད། དེ་བཞིན་ཨཱནནྡ་ཀཽསལྱཱཡན་ཕྱི་དྲོ་ཁ་ཟས་ནམ་ཡང་ཟ་གི་མ་རེད། ཨཱནནྡ་ཀཽསལྱཱཡན་ཁ་ལག་བཟས་ཚར་ན་གཞི་ནས་ཉིན་གུང་ཟིན་གྱི་རེད་ཅེས་གསུང་གི་རེད།

དེ་ལྟར་ང་ཚོའི་འདུལ་བའི་ཕྱག་ལེན་དེ་རིམ་པས་ཉམས་ནས་ད་ལྟ་བོད་པའི་རབ་བྱུང་གི་ནང་ལ་བརྒྱ་ཆ་བརྒྱ་ཐམ་པ་འདུལ་བ་དང་མཐུན་པར་རབ་ཏུ་བྱུང་བའི་མི་ཚེ་སྐྱེལ་མཁན་ཧ་ཅང་དཀོན་པོ་རེད། ཡོད་མ་རེད་ཅེས་བཤད་ན་ཁ་རྫབ་ཆེ་ཆགས་སྲིད། སྔོན་མ་ང་ཚོ་བོད་དུ་གྲྭ་སར་ཡོད་པའི་སྐབས་སུའང་དེ་འདྲ་གྲངས་ཀ་ཐེབས་པ་ཞིག་རེད། འབྲས་སྤུངས་ལ་ཆ་བཞག་ན། ཕྱི་དྲོའི་ཁ་ཟས་འཛེམ་མཁན་དང་དངུལ་སོགས་བདག་གཉེར་མི་བྱེད་མཁན་ངས་ཤེས་པའི་ནང་ཧ་ཅང་ཉུང་ཉུང་ཡིན། ཕལ་ཆེར་གསུམ་བཞི་མ་གཏོགས་མེད། ད་ལྟ་ང་ཚོ་བཙན་བྱོལ་གྱི་ནང་ལ་དེ་འདྲའི་འདུལ་བའི་ཉམས་ལེན་གནང་མཁན་དེ་ཧ་ཅང་དཀོན་པོ་རེད་འདུག གདན་ས་ཆེན་པོ་འདི་འདྲའི་ནང་དུ་ཏན་ཏན་ཁ་ཤས་ཡོད་དགོས་པ་ཞིག་རེད། ང་ཚོ་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ནང་ལ་ཁྱིམ་པ་ཚོས་དངུལ་ལ་དགའ་བ་ལས་ཀྱང་རབ་ཏུ་བྱུང་བ་ཚོས་དངུལ་ལ་དགའ་བ་དེ་ཤུགས་ཆེ་བ་མེད་ནའང་ཆུང་བ་མེད་པ་ཞིག་ཆགས་འདུག དེ་ཚོ་བསམ་ཞིབ་བྱེད་དགོས་པ་ཞིག་རེད། ང་ཚོས་ཅིའི་ཕྱིར་གོས་ངུར་སྨྲིག་གྱོན་ནས་སྐྲ་འབྲེགས་ཏེ་རབ་ཏུ་བྱུང་བ་རེད། དེའི་དམིགས་ཡུལ་གང་ཡིན་ནམ། གཞན་པ་ཞིག་གིས་བཙན་དབང་བཏང་ནས་རབ་ཏུ་བྱུང་བ་རེད་དམ། ཡང་ན་རང་ཉིད་ཀྱིས་ཐར་པ་དོན་དུ་གཉེར་ནས་རབ་ཏུ་བྱུང་བ་རེད། ཐར་པ་དོན་དུ་གཉེར་བའི་བློས་རབ་ཏུ་བྱུང་ན། ཐར་པ་སྒྲུབ་པའི་ལམ་དང་མཐུན་པའི་བྱ་བ་ག་རེ་བྱེད་ཀྱི་འདུག ཐར་པ་སྒྲུབ་པའི་ལམ་དང་མི་མཐུན་པའི་བྱ་བ་ག་རེ་བྱེད་ཀྱི་འདུག དེ་ཚོ་རང་གིས་རང་ལ་དྲང་པོ་དྲང་ཤག་གིས་ཞུ་དག་བཏང་ན། ང་དང་ང་འདྲ་བ་དེ་ཚོ་ཧ་ཅང་དཀའ་ལས་ཁག་པོ་རེད་བསམས་ཀྱི་འདུག སླེ་ལུང་ཞབས་དྲུང་སྐུ་ཕྲེང་གཅིག་གི་རང་རྣམ་ནང་ “ངས་དགེ་སློང་བསྒྲུབས་པ་ཡིན་ཏེ། སྡོམ་པ་ཐོབ་ཨེ་ཡོད། བར་མའི་དགེ་བ་ཞིག་ནི་ཐོབ་ཡོད་ཀྱི་རེད། ང་རང་ལ་ངེས་འབྱུང་རྣམ་དག་གིས་ཟིན་མེད་པ་དེ་ང་རང་གིས་ཤེས་ཀྱི་ཡོད།” ཅེས་བྲིས་གནང་འདུག གཅིག་བྱས་ན་དྲང་པོ་རེད་བསམས་ཀྱི་ཡོད། དུས་ཀྱི་མཐའ་མ་འདི་འདྲ་ལ་སླེབས་དུས་གལ་སྲིད་བར་མའི་དགེ་བ་ཙམ་ཞིག་ཡོད་ནའང་དེ་གཞིར་བཞག་ནས་འདུལ་ཁྲིམས་ཡག་པོ་ཞིག་སྲུང་ན། བསྟན་པ་རྫོགས་ལྡན་གྱི་སྐབས་སུ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོངས་སུ་རྫོགས་པ་སྲུང་བ་ལས་རྩོད་ལྡན་སྙིགས་མའི་སྐབས་སུ་ཁྲིམས་གཅིག་སྲུང་བ་བསོད་ནམས་ཆེ་གསུངས་པ་བཞིན་བསོད་ནམས་ཏན་ཏན་ཡོང་རྒྱུ་རེད།

ད་ལྟ་ངས་འཕྲོས་བཤད་མང་པོ་ཞུས་དགོས་དོན་གང་རེད་ཅེ་ན། ངས་ད་ལྟ་ཞུ་འདོད་ཡོད་པ་དེ་དེང་རབས་ཀྱི་རབ་ཏུ་བྱུང་བ་ཚོས་རང་ཉིད་རབ་བྱུང་ཡིན་པའི་འདུ་ཤེས་དེ་ཇི་ཙམ་གསལ་པོ་ཡོད་མེད་སོ་སོས་བརྟག་དཔྱད་གནང་རོགས་གནང་ཞེས་ཞུ་རྒྱུ་དེ་ཡིན། ༧གོང་ས་མཆོག་གིས་རྟག་ཏུ་ང་རང་དགེ་སློང་ཡིན་པའི་འདུ་ཤེས་དེ་དང་ནམ་ཡང་འབྲལ་གྱི་མེད། གཟིམས་ལམ་ནང་ལའང་དགེ་སློང་ཡིན་པའི་འདུ་ཤེས་དེ་ནམ་ཡང་བརླག་གི་མི་འདུག་ཅེས་བཀའ་གནང་གི་ཡོད། ང་ཚོ་གདན་ས་ཆེན་པོའི་ནང་ཡོད་པའི་རབ་ཏུ་བྱུང་བ་ཚོས་རྒྱུན་ལྡན་སྒོ་གསུམ་གྱི་སྤྱོད་པ་ལ་འཇུག་པའི་སྐབས་སུ་རང་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་དགེ་སློང་ཡིན་པའི་འདུ་ཤེས་དེ་ཇི་ཙམ་ཡོད་མིན་གཟིགས་ན་དེས་མི་ཚེའི་སྤྱོད་པར་ཁྱད་པར་ཆེན་པོ་འགྲོ་རྒྱུ་རེད།

སྤྱི་ཚོགས་ནང་རབ་ཏུ་བྱུང་བ་ལ་ཆེ་མཐོང་དང་གུས་ཞབས་མི་འདུག་ཅེས་པའི་བསམ་ཚུལ་ཞིག་ཡོད་མུས་རེད། དེ་ནི་སྤྱིར་བཏང་སྤྱི་ཚོགས་ཀྱི་གོམས་གཤིས་ལ་བརྟེན་པ་ཞིག་རེད། ཐའེ་ལན་ཌ་ལྟ་བུར་མཚོན་ན། ད་ལྟའི་བར་དུ་ནང་པའི་སྤྱི་ཚོགས་བྱས་ནས་བསྡད་པ་རེད། དེའི་ནང་ཆོས་ལུགས་གཞན་པའི་རྗེས་འཇུག་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་སྤྱི་ཚོགས་ཡོངས་རྫོགས་སུ་ནང་པའི་སྤྱི་ཚོགས་ཀྱི་གོམས་གཤིས་རྒྱུན་མ་ཆད་པ་ཡོད་སྟབས། གྲྭ་ཆས་མཆོད་མཁན་ཞིག་མཐོང་ན། ཁྱིམ་པ་ཚོས་ལམ་སེང་ལམ་ཁ་གཏོང་ཤག་དང་། ཕྱག་འཚལ་ཤག ཐལ་མོ་སྦྱར་ཤག གུས་ཞབས་ཞུ་ཤག་མ་གཏོགས། དེ་ནི་གྲྭ་པ་རྒན་པ་རེད་འདུག་གམ། གྲྭ་པ་གཞོན་པ་རེད་འདུག་གམ། མཁས་པ་རེད་འདུག་གམ། མི་མཁས་པ་རེད་འདུག་སོགས་ནམ་ཡང་ལྟ་གི་མེད། རྟགས་ཙམ་འཛིན་པའི་རབ་བྱུང་ཞིག་མཇལ་ནའང་གུས་ཞབས་ཆེན་པོ་ཞུ་བའི་སྲོལ་བཟང་དེ་ཡོད་པ་རེད། དེ་ལས་གཞན་པའི་ནང་པའི་སྤྱི་ཚོགས་དང་། ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་བརྒྱུད་ཡོད་སའི་སྤྱི་ཚོགས། དེའི་ནང་ནས་བོད་དང་སོག་པོ་དེ་ཚོའི་ནང་རབ་བྱུང་དང་ཁྱིམ་པ་མཉམ་བསྲེ་རེད། ཁྱིམ་པ་གོ་གནས་ཡོད་མཁན་ཞིག་ཡིན་ན་རབ་བྱུང་གི་གོང་དུ་སྡོད་རྐྱང་རེད། སྔོན་མ་ང་ཚོ་བོད་དུ་ཡོད་སྐབས་མཁན་རིན་པོ་ཆེ་རྣམ་པ་ཚོས་སྐུ་གཟན་ཕབ་ནས་དབུ་ཞ་བསྣམས་ཏེ་བཀའ་བློན་ཁྱིམ་པ་ཚོ་ལ་ཕྱག་མི་འཚལ་ཡང་ཕྱག་འབུལ་ཞུ་དགོས་རེད། དེ་ཡང་ཕྱག་དང་གཅིག་པ་རེད། སྤྱིར་བཏང་བོད་ཆོས་ལྡན་གྱི་རྒྱལ་ཁབ་ཡིན་ཞེས་ཟེར་གྱི་ཡོད་ཀྱང་རྒྱུན་སྲོལ་དེ་ག་དུས་ནས་དར་བ་ཡིན་ནམ། ཐའེ་ལན་ཌ་ལྟ་བུ་ཡིན་ན་རབ་བྱུང་ཚོས་རྒྱལ་པོ་ལའང་ཕྱག་འབུལ་ཞུ་གི་མ་རེད་ལ། རྒྱལ་པོ་ཕེབས་པའི་སྐབས་སུ་སྐུ་བཞེངས་ཀྱང་གནང་གི་མ་རེད། རྒྱལ་གླུ་ཡང་གཏོང་གི་མ་རེད། རྒྱལ་གླུ་གཏོང་བའི་སྐབས་སུའང་རབ་བྱུང་དེ་ཚོ་སྐུ་བཞེངས་གནང་གི་མ་རེད། རྒྱལ་པོ་དགོན་པའི་ནང་ཕེབས་པའི་སྐབས་སུ་རྒྱལ་པོའི་རྟགས་ལྔ་པོ་དེ་ཆ་ཚང་དགོན་པའི་ཕྱི་ལ་བཞག་དགོས་པ་རེད། ལར་ནས་རྒྱལ་པོ་ཕེབས་སའི་དགོན་པ་ཚང་མའི་ཕྱི་ལ་སྡིངས་ཆའི་སྟེང་དུ་གུར་ཁང་ཞིག་ཡོད་པ་དེའི་ནང་གདུགས་དང་། ཅོད་པན་དང་། རྔ་གཡབ་དང་། རལ་གྲི་དང་། རིན་པོ་ཆེའི་མཆིལ་ལྷམ་རྣམས་བཞག་ནས་ནང་དུ་ཕེབས་ཀྱི་རེད། རབ་ཏུ་བྱུང་བ་སུས་ཀྱང་རྒྱལ་པོ་ལ་བསུ་བ་བྱེད་ཀྱི་མ་རེད། དེ་འདྲའི་སྲོལ་བཟང་པོ་དེ་ང་ཚོ་བོད་དུ་སྔོན་མ་ནས་དར་མེད། རབ་བྱུང་ཁྱིམ་པ་གཉིས་མཉམ་བསྲེ་ལྟ་བུ་འགྲོ་བའི་སྲོལ་ངན་ཞིག་ཆགས་འདུག  དེས་ན་སྔོན་མ་ནས་མེད་པ་ཞིག་གསར་བཟོ་བྱེད་རྒྱུ་ཁག་པོ་རེད། རང་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དགེ་སློང་དང་དགེ་ཚུལ་ཞིག་ཡིན་པའི་འདུ་ཤེས་དེ་རྒྱུན་དུ་མ་བྲལ་བ་ཞིག་ཡོད་ན། སྤྱི་ཚོགས་ནང་ཆེ་མཐོང་རང་བཞིན་གྱིས་སླེབས་རྒྱུ་རེད། དེའི་དབང་གིས་རང་ཉིད་ཀྱི་ལུས་ངག་གི་ཀུན་སྤྱོད་ཀྱང་ཁྲིམས་འཆལ་དུ་མི་འགྲོ་བ་ཡོང་ཐུབ།

ལྷག་པར་དུ་ཆབ་སྲིད་ནང་ཆ་ཤས་བཞེས་པའི་སྐབས་སུ་རང་ཉིད་རབ་བྱུང་ཡིན་པའི་འདུ་ཤེས་ཤིག་ཡོད་ན། ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་བ་དང་། རང་གཞན་གྱི་རྣམ་དབྱེ་ཕྱེ་ནས་ཆགས་སྡང་རྨོངས་གསུམ་གྱི་དབང་དུ་མི་འགྲོ་བ་ཞིག་ཏན་ཏན་ཡོང་རྒྱུ་རེད། གལ་ཏེ་ཆབ་སྲིད་ནང་ཆ་ཤས་བཞེས་སྐབས་རབ་བྱུང་ཡིན་པའི་འདུ་ཤེས་གསལ་པོ་མེད་ན། སྐྱེ་བོ་ཕལ་པ་ཉོན་མོངས་རགས་པའི་དབང་དུ་སོང་བ་དེ་ཚོ་ནང་བཞིན་གནང་བའི་ཉེན་ཁ་ཆེན་པོ་ཡོད། ལར་ནས་དེ་འདྲ་ཕེབས་པ་ཡིན་ན་རྗེས་སུ་གྲྭ་ཚོགས་ཆེ་བའི་གདན་ས་དེ་ཚོ་ཆབ་སྲིད་པ་ཚོས་བེད་སྤྱོད་གཏོང་བའི་ལག་ཆ་ཞིག་དང་། ཆབ་སྲིད་པ་ཚོས་འོས་ཤོག་བླང་སའི་མཛོད་ལྟ་བུ་ཞིག་ཏུ་འགྱུར་ཉེན་ཡོད། ནུབ་ཕྱོགས་པའི་སྐད་དུ་ Vote-Bank ཞེས་བརྗོད། འོས་ཤོག་གི་མཛོད་དེ་ལྟ་བུ་ཞིག་རབ་བྱུང་གི་སྡེའི་ནང་ཆགས་པ་ཡིན་ན། ཆོས་དང་མ་མཐུན་པ་དང་། འདུལ་བ་དང་མ་མཐུན་པ། ཡ་རབས་བཟང་སྤྱོད་དང་མ་མཐུན་པ། དགེ་འདུན་གྱི་ནང་ཁྲིམས་དང་མ་མཐུན་པ། རབ་ཏུ་བྱུང་བའི་ཁྱད་ཆོས་དང་མ་མཐུན་པ་བཅས་ཆགས་ཉེན་ཆེ། དེ་ནི་ཧ་ཅང་ཞབས་འདྲེན་ཞིག་ཀྱང་རེད།

དེས་ན་རབ་ཏུ་བྱུང་བ་རྣམས་ཀྱིས་རབ་བྱུང་གི་འདུ་ཤེས་མ་དོར་བའི་ཐོག་ནས་སྤྱི་ཚོགས་དང་ཆབ་སྲིད་ནང་ཆ་ཤས་བཞེས་སྟངས་དེ་མཐའ་གཉིས་སུ་མ་ལྷུང་བ་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། བར་ལམ་དམིགས་བསལ་གྱིས་དེའི་ཐོག་ཚོར་སྣང་ཞིག་བྱུང་། ཉེ་ཆར་འདིར་ཡོང་ཁར་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གིས་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས་གདན་ས་ཁག་གི་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་ཐོས་བྱུང་། སྐབས་དེར་གྲྭ་པ་ཚོས་ཀྱང་འདི་འདྲ་གནང་གི་འདུག་ཨང་སྙམ་ནས་ཡ་མཚན་པོ་དང་ཕྲན་བུ་ཧང་སངས་བྱུང་། དེ་ལྟར་ཡིན་ན་གྲྭ་པས་ཆབ་སྲིད་ནང་ཆ་ཤས་བཞེས་དགོས་ཞེས་ང་ཚོས་རྒྱུན་ལྡན་བཤད་བཞིན་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་གྲབས་ཡོད་དམ། ཡང་ན་ཆོས་འགལ་རིང་ལུགས་ཤིག་ཆགས་གྲབས་ཡོད་པའི་ངེས་པ་མི་འདུག་སྙམ་པའི་འཇིགས་སྣང་ཞིག་བྱུང་། དེ་དག་ནི་ང་རང་ལ་ཚོར་སྣང་གང་བྱུང་བ་དེ་འདིར་ནང་ཚགས་ཀྱིས་ཞུས་པ་ཡིན། འོན་ཀྱང་དེར་འགྲེལ་བཤད་ལོག་པ་གནང་རྒྱུ་མེད། ངས་ཞུས་པ་དེ་ད་ལྟ་འགྲོ་བཞིན་པའི་འོས་བསྡུའི་ལས་རིམ་དང་འབྲེལ་བ་གང་ཡང་མེད་ལ། ལྷག་པར་དུ་འབྱུང་འགྱུར་དངོས་གཞིའི་འོས་བསྡུའི་སྐབས་སུ་འདི་བྱ་འདི་མིན་གྱི་ལམ་སྟོན་གྱི་ངོ་བོར་ཡང་བརྩི་རྒྱུ་མེད། ད་ལྟ་ཞུས་པ་རྣམས་ང་རང་གི་ཚོར་སྣང་ཙམ་ཞིག་རེད། རབ་བྱུང་ཚོས་ཆབ་སྲིད་ནང་ཆ་ཤས་བཞེས་སྐབས་རང་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་སྙམ་པའི་འདུ་ཤེས་དེ་ཕལ་ཆེར་གསལ་པོ་མི་འདུག་སྙམ་པའི་ཚོར་སྣང་ཞིག་བྱུང་བ་དེ་ད་ལྟ་འདིར་ཞུས་པ་ཡིན།

གཙོ་བོ་ནི་ཁྱེད་རང་ཚོ་གདན་ས་ཁག་ལ་ཡོད་པའི་དགེ་འདུན་པ་དེ་ཚོ་འཇིག་རྟེན་འདིའི་སྐྱེ་འགྲོ་ཡོངས་ཀྱི་ནང་ནས་བསོད་ནམས་ཆེ་ཤོས་དང་སྐལ་བ་བཟང་ཤོས་དེ་རེད་བསམས་ཀྱི་ཡོད། སའི་གོ་ལ་འདིའི་ཐོག་ལ་མི་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་ཡོད་པའི་ནང་ཁྱེད་ཚོ་དང་མཉམ་པའི་བསོད་ནམས་ཆེན་པོ་སུ་ཡང་ཡོད་པ་མ་རེད་བསམས་ཀྱི་ཡོད། གང་ལྟར་དལ་འབྱོར་གྱི་མི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། འཚོ་བའི་མཐུན་རྐྱེན་གྱིས་ཕོངས་པ་མེད་པ། རང་གི་བརྩོན་འགྲུས་ཀྱིས་ལྕོགས་ན་ཐོས་བསམ་སྒོམ་གསུམ་ཞིག་གནང་ནའང་རེད། ཚེ་འདི་དང་སྐྱེ་བ་གཏན་གྱི་འདུན་མ་ཞིག་བསྒྲུབ་རྒྱུ་ཡིན་ནའང་རེད། ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་གི་གོ་འཕང་ཐོབ་པ་ཞིག་གནང་རྒྱུ་ཡིན་ནའང་རེད། ལོ་གསུམ་ཕྱོགས་གསུམ་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ཤེས་གནང་རྒྱུ་ཡིན་ནའང་རེད། གནང་ཐུབ་པའི་གོ་སྐབས་དང་མཐུན་རྐྱེན་ཆ་ཚང་འཛོམས་པ་ཞིག་རེད།

ང་རང་ཡིན་ནའང་ཁྱེད་ཚོ་སྐལ་བ་བཟང་པོ་རེད་ཨང་། ང་རང་སྐལ་བ་དམན་པ་རེད་སྙམ་པའི་སྐབས་རེ་ཕྲག་དོག་གི་འདུ་ཤེས་ཡོང་གི་འདུག ང་སྐྱབས་བཅོལ་དུ་སླེབས་དུས་འཛིན་གྲྭ་དབུ་མ་རྙིང་པར་མ་གཏོགས་སླེབས་མེད། དེ་ནས་སྦག་ས་དང་ཌལ་ཧོར་ལྟ་བུའི་སློབ་སྦྱོང་རྒྱུན་མཐུད་བྱེད་ས་ཞིག་ཏུའང་སླེབས་ཡོད་པ་མ་རེད། དེར་བརྟེན་གཞུང་ཆེན་པོ་ལ་ཐོས་བསམ་མཐར་ཕྱིན་པ་ཞིག་བྱེད་པའི་གོ་སྐབས་བྱུང་མ་སོང་སྙམ་པའི་བློ་ཕམ་དེ་རྒྱུན་ལྡན་ནས་ཡོད་མུས་དང་། ལྷག་པར་དུ་རྒས་འཁོགས་ཆགས་དུས་བློ་ཕམ་ཆེ་བ་ཡོང་གི་འདུག གལ་ཏེ་གཞུང་ཆེན་ལ་ཐོས་བསམ་མཐར་ཕྱིན་པ་ཞིག་བྱ་རྒྱུ་བྱུང་ཡོད་ན། ད་ལྟའི་བསམ་པའི་གནས་ཚད་འདི་ལས་ཕྲན་བུ་དྲག་པ་ཡོང་རྒྱུ་རེད་ཅེས་དྲན་བསྡད་ཀྱི་ཡོད། དེས་ན་དེ་འདྲའི་གོ་སྐབས་མི་མང་པོ་ལ་རག་གི་མེད། ད་ལྟ་གདན་སར་ཡོད་པའི་དགེ་འདུན་པ་ཚོ་ནང་བཞིན་སྐལ་བ་བཟང་པོ་ཡོད་མཁན་ཧ་ཅང་ཉུང་ཉུང་རེད། དེ་འདྲའི་སྐལ་བ་བཟང་པོ་ཡོད་པ་དེ་ཁྱེད་ཚོས་ངོས་ཟིན་པ་གནང་ནས་ཆུད་ཟོས་སུ་མ་ཕྱིན་པ་གནང་དགོས་པ་དེ་གལ་ཆེན་པོ་རེད།

ཁྱེད་ཚོའི་མདུན་དུ་གལ་གནད་ཆེ་བའི་ཕྱག་ལས་མང་པོ་ཞིག་ཡོད་པ་གཟིགས་སྲིད་ལ། འདིའང་གནང་དགོས་རེད། དེ་ཡང་གནང་དགོས་རེད་ཅེས་དགོངས་སྲིད་པ་རེད། ཡིན་ནའང་ད་ལྟ་ངས་སྐད་ཆ་འགོ་བཙུགས་དུས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་འདུ་ཤེས་དེ་མ་དོར་བ་གནང་དགོས་ཞེས་ཞུས་པ་རེད། གལ་ཏེ་འདུ་ཤེས་དེ་འདྲ་ཞིག་ཡོད་ན། རང་གིས་ལས་སུ་བྱ་བ་གཉིས་མ་གཏོགས་མེད། དེ་ཡང་རབ་ཏུ་བྱུང་བའི་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ནོ།། ཞེས་བསྟན་པའི་བདག་པོ་སྟོན་པ་རང་གིས་ཚིག་ཐག་གཙང་མ་བཅད་ནས་གསུངས་ཡོད། དེའི་ནང་རབ་ཏུ་བྱུང་བའི་བྱ་བ་གཉིས་ལས་ལྷག་པ་ཞིག་གསུངས་མེད།  གལ་ཏེ་སྤྱི་ཚོགས་ཀྱི་ངོས་ནས་འཁྲི་བའི་ལས་འགན་དང་རང་ཉིད་རབ་བྱུང་ཡིན་པའི་ཆ་ནས་འཁྲི་བའི་ལས་འགན་གཉིས་དབར་མ་མཐུན་པ་མེད་ན་གཉིས་ཀ་བསྒྲུབ་དགོས་རྒྱུ་རེད། འོན་ཀྱང་དེའི་དབར་འགལ་ཟླ་བྱུང་ན་རབ་ཏུ་བྱུང་བ་ཡིན་པའི་ལས་འགན་དེ་གཙོ་ཆེ་བར་བརྩི་དགོས། ཅི་སྟེ་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གྱི་བྱ་བ་ལྷོད་ཡངས་མེད་པར་གནང་བའི་རྗེས་སུ་སྤྱི་ཚོགས་ཀྱི་ལས་དོན་དང་ཆབ་སྲིད་ཀྱི་ལས་དོན་གཞན་པའི་ཐོག་ལ་ཆ་ཤས་བླང་རྒྱུའི་གོ་སྐབས་དེ་བཟུང་ན། རབ་ཏུ་བྱུང་བའི་ཚུལ་དང་མི་མཐུན་པ་ཞིག་ཆགས་ཀྱི་མེད། གལ་ཏེ་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་དོན་དེ་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གྱི་བྱ་བའི་འགལ་རྐྱེན་དུ་འགྲོ་བ་ཞིག་ཆགས་ཀྱི་ཡོད་ན། དེ་ནི་སྤོང་དགོས་པ་ཞིག་རེད་མ་གཏོགས། དང་དུ་བླང་རྒྱུར་གལ་ཆེན་པོ་བརྩི་རྒྱུ་མེད། ང་ཚོ་བོད་ལ་འཁོར་ལོ་གསུམ་ཞེས་པའི་བཤད་སྲོལ་ཡོངས་གྲགས་ཤིག་འདུག དེ་ནི་རྒྱ་གཞུང་ནང་ད་ལྟ་རག་མ་སོང་། རྗེས་སུ་ཁྱེད་ཚོས་ཉམས་ཞིབ་གནང་ནས་གཟིགས་ན་ཡོངས་གྲགས་གནང་དགོས། གལ་ཏེ་བྱ་བ་ལས་ཀྱི་འཁོར་ལོ་ཞེས་པ་ཞིག་ཡོད་ནའང་དེ་ནི་ཆོས་དང་མཐུན་པའི་བྱ་བར་དགོངས་ནས་གསུངས་པ་རེད་མ་གཏོགས། ཆོས་དང་མི་མཐུན་པའི་བྱ་བ་ཞིག་ཡོང་ཐབས་མེད། དེ་ཚོ་ངའི་བསམ་ཚུལ་རེད། ཁྱེད་ཚོས་ཞིབ་འཇུག་དང་དཔྱད་པ་བྱེད་པའི་གཞི་རྩར་ཞུ་གི་ཡོད། དཔྱད་པ་བྱས་ནས་དེ་མ་ཡིན་པ་ཞིག་དཔྱད་དོན་རྙེད་ན་ངས་ཞུས་པ་དེ་ཚོ་མཆིལ་མའི་ཐལ་བ་བཞིན་དུ་སྤང་རྒྱུ་རེད་མ་གཏོགས། དེར་རིན་ཐང་གང་ཡང་མེད། གལ་ཏེ་དཔྱད་དོན་དེ་དང་མཐུན་པ་ཞིག་རྙེད་ན་དེའི་ཐོག་ལ་དགོངས་པ་བཞེས་དགོས་པ་རེད་ལ། ཐུགས་ཉམས་སུ་བཞེས་དགོས་པ་རེད། ཡིན་ནའང་དཔྱད་པ་གནང་དགོས་པ་དེ་གལ་ཆེན་པོ་རེད།

དུས་ཚོད་སྙིགས་མ་འདི་འདྲའི་སྐབས་སུའང་གདན་ས་ཆེན་པོའི་ནང་བཤད་སྒྲུབ་འཆད་ཉན་གནང་བའི་གོ་སྐབས་ཡོད་པ་དེ་ཧ་ཅང་གི་རྩ་ཆེན་པོ་དང་། མི་ཚེ་ཆ་ཚང་འདིའི་ནང་འཁྱོལ་བ་ཞིག་གནང་རྒྱུའི་དགོངས་བཞེད་ཡོད་ན་དེ་ནི་ཏན་ཏན་རབ་ཏུ་བྱུང་བའི་འདུ་ཤེས་ལྡན་པའི་ཐོག་ནས་སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་པའི་འདུན་པ་ཡོད་པ་མཚོན་ཐུབ། དེ་འདྲ་མིན་པར་ཆོས་དེ་ཚེ་འདི་སྣང་གི་བདེ་བ་སྒྲུབ་ཐབས་ལ་བེད་སྤྱོད་གཏོང་བ་ཡིན་ན། དེ་ནི་ཕལ་ཆེར་ཆོས་དང་མི་མཐུན་པ་ཙམ་དུ་མ་ཟད། རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡང་ཆགས་ཉེན་ཡོད་པ་རེད།

བསྟན་པ་ཁྱབ་སྤེལ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་ཐུགས་སྨོན་གནང་བ་བཞིན་བསྟན་པས་མ་ཁྱབ་པ་དང་། བསྟན་པ་ཉམས་པའི་ཕྱོགས་སུ་དམིགས་ཀྱིས་བཀར་ནས་བསྟན་པ་འཛིན་སྐྱོང་བྱེད་དགོས་པ་དེ་རབ་ཏུ་བྱུང་བའི་ལས་འགན་ཞིག་ཡིན་པ་བཤད་མི་དགོས་པ་རེད། དེ་ནི་ཀློག་པ་ཐོས་བསམ་གྱི་བྱ་བའི་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་རེད། ཡིན་ནའང་བསྟན་པ་སྤེལ་རྒྱུ་དེ་བསྟན་པ་སྤེལ་རུང་བའི་སྣོད་ལྡན་གྱི་གདུལ་བྱ་གང་དུ་ཡོད་མེད། སྣོད་ལྡན་གྱི་གདུལ་བྱ་མེད་ནའང་དེ་དག་སྣོད་དང་ལྡན་པར་ཇི་ལྟར་བཟོ་དགོས་ཡོད་མེད་དགོངས་པ་བཞེས་ནས་བསྟན་པ་སྤེལ་བའི་བྱ་བར་འཇུག་དགོས་པ་རེད་མ་གཏོགས། ཨ་སྒོར་ (Dollar) གང་དུ་ཡོད་མིན་གཟིགས་ན་དེ་ནི་སོ་སོའི་དཔལ་འབྱོར་སྤེལ་བ་མ་གཏོགས་བསྟན་པ་སྤེལ་གྱི་མེད། དངུལ་འབུལ་རྒྱུ་མེད་མཁན་གྱི་གང་ཟག་མང་པོ་ཡོད་པའི་ས་ཕྱོགས་སུ་བསྟན་པ་སྤེལ་བའི་བྱ་བ་གནང་ཐུབ་ན། དགོན་པའི་ནང་མ་བཞུགས་པར་ཕྱི་ལ་ཕེབས་ནའང་དོན་དང་ལྡན་པ་རེད་བསམས་ཀྱི་འདུག དེ་མིན་གདུལ་བྱ་སྣོད་དང་ལྡན་མི་ལྡན་དེ་ཨ་སྒོར་མང་ཉུང་གི་ཆ་ནས་གཟིགས་ན། དེ་ནི་བསྟན་པ་སྤེལ་རྒྱུའི་ཚབ་ཏུ་རང་རྒྱུད་ཀྱི་བསླབ་གསུམ་གྱི་ཡོན་ཏན་ཉམས་པར་བྱེད་པ་རེད། ང་ཚོས་དགེ་ཚུལ་དང་དགེ་སློང་སྒྲུབ་པའི་སྐབས་སུ་འཕགས་པའི་རིགས་བཞི་ལ་གནས་པའང་ཁས་བླངས་ཡོད། དེ་དག་ནི་འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ། ན་བའི་གསོས་སྨན་ངན་ངོན་ཙམ་གྱིས་ཆོག་ཤེས་པ། སྤོང་བ་དང་བསམ་གཏན་ལ་མངོན་པར་དགའ་བ་བཅས་རེད། ཁ་ཤས་ཀྱིས་དེ་དག་དྲན་རྒྱུ་ཚོར་རྒྱུ་མེད་པར་རྗེས་ཟློས་ཙམ་བྱས་ཡོད་པའང་སྲིད། ཡིན་ནའང་མང་ཆེ་བས་ཤེས་བཞིན་དུ་ཁས་ལེན་གནང་ཡོད་ཀྱི་རེད། རབ་ཏུ་བྱུང་བ་ཞིག་གིས་འདི་སྣང་གི་བྱ་གཞག་སྤྱི་དང་། ལྷག་པར་དུ་དཔལ་འབྱོར་འདུ་འགོད་ཀྱི་བྱ་གཞག་ལ་གཙིགས་ཆེན་པོས་དགེ་བཤེས་ཀྱང་ལོ་གང་ཉུང་ཉུང་ཞིག་གི་ནང་མགྱོགས་པོ་གཏོང་ཐུབ་ཐབས་དང་། དགེ་བཤེས་བཏང་བའི་རྗེས་སུ་ལམ་སེང་གཤོག་པ་ཐོགས་ནས་འཕུར་དགོས་པའི་དགོངས་པ་བཞེས་ན་ཧ་ཅང་ནོར་བ་རེད། དགོངས་པ་དེ་ཚོ་ཇི་ལྟར་ཐུགས་ལ་འཁོར་བ་རེད་ཅེ་ན། རང་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་པའི་འདུ་ཤེས་བརྟན་པོ་མེད་པ་དང་། རབ་ཏུ་བྱུང་བའི་བྱ་བ་ལ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལས་གཞན་མེད་པ་དེའི་འདུ་ཤེས་གསལ་པོ་མེད་པའི་དབང་གིས་བྱུང་སྲིད། དེར་བརྟེན་དེ་ཚོའི་ཐོག་ལ་བསྐྱར་ཞིབ་ཡང་ཞིབ་ནན་ཏན་གནང་དགོས་པ་གལ་ཆེན་པོ་རེད།

དགེ་འདུན་གྱི་སྡེའི་སྒྲིག་འཛུགས་ལྟ་བུར་མཚོན་ནའང་། སྒྲིག་འཛུགས་དེ་ཚོས་སོ་སོའི་སྡེ་ཚན་ནང་ཡོད་པའི་མཁས་པ་དེ་ཚོ་བེད་སྤྱོད་ལོག་པ་གཏོང་མཁན་ཡང་མང་པོ་ཡོད་པ་རེད། དེ་ནི་ད་ལྟ་ཙམ་མིན་པར་སྔོན་མ་ནས་བྱུང་ཡོད། སྔོན་མ་ང་ཚོ་བོད་ལ་དུས་བདེ་ཞོད་འཇགས་སྐབས་སུའང་དགེ་བཤེས་ཡག་པོ་དེ་འདྲ་གྲྭ་ཚང་དང་གདན་སའི་དོན་དུ་ཨ་མདོ་དང་། བྱང་། གཙང་སོགས་སུ་འབུལ་སྡུད་ལ་བཏང་བ་ཚུར་ལོག་མ་ཐུབ་པ་མང་པོ་བྱུང་བ་རེད། དེ་ནི་ང་ཚོས་སྲུང་སྐྱོབ་བྱེད་དགོས་པའི་སྲོལ་རྒྱུན་ཞིག་གང་ཡང་མ་རེད། ངན་པ་ལངས་ཤོར་ཞིག་རེད། དེའི་གཤིས་ཀ་དེ་རྒྱ་གར་དུ་སླེབས་ནས་ཀྱང་ཕལ་ཆེར་སངས་མི་འདུག དེ་འདྲ་ཕེབས་མཁན་ནང་སོ་སོའི་དྭང་བླངས་ཐོག་ནས་ཕེབས་མཁན་དང་། གཞན་གྱིས་སྐུལ་ནས་ཕེབས་མཁན་ཡང་མང་པོ་རེད། གདན་སའི་ནང་བཞུགས་ཏེ་ཆོས་འཆད་ཉན་བྱེད་རྒྱུ་ལས་ལྷག་པ་ཕྱི་ལ་ཕེབས་ནས་བསྟན་པ་ལ་ཕན་ཐོགས་ཆེ་བ་ཞིག་ཡོང་རྒྱུ་དེ་ཁག་པོ་ཡིན་ས་རེད། ལར་ནས་གདན་སའི་ནང་དགེ་ཕྲུག་ལྔ་དྲུག་ཅིག་ལ་ཕྱག་དཔེ་ཡག་པོ་ཁྲིད་པ་དང་། ཐག་རིང་པོ་ཞིག་ལ་དགེ་ཕྲུག་བརྒྱ་ཕྲག་ཁ་ཤས་ལ་ཆོས་བསྟན་པ་གཉིས་ཕུགས་རྒྱང་རིང་པོའི་ཕན་ཐོགས་ལ་བལྟས་ན་གདན་སའི་ནང་མ་འོངས་པར་གཞུང་ཆེན་མོ་འཛིན་པའི་མཁས་པ་ཆེན་པོ་ཆགས་རྒྱུའི་རེ་བ་ཡོད་པ་དེ་ཚོར་སློབ་སྟོན་གནང་རྒྱུ་དེ་ཕན་ཐོགས་ཆེ་བ་ཡོད་བསམས་ཀྱི་འདུག

ཐེངས་ཤིག་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་ཁམས་ལ་གདན་ཞུ་ཕུལ་བའི་བཀའ་ལན་དུ་སྙན་ངག་རིང་པོ་ཞིག་གནང་ཡོད། དེའི་ཚིག་ཇི་བཞིན་མི་དྲན་ཡང་། ཡུལ་མཐའ་འཁོབ་ཁམས་ལ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་སྤེལ་རྒྱུའི་གོ་སྐབས་བྱུང་ན་མ་གཞི་སྐལ་བ་བཟང་པོ་རེད། ཡིན་ནའང་བསྟན་པའི་རྩ་བ་ད་ལྟ་དབུས་ཀྱི་གདན་ས་ཁག་ཏུ་གནས་ཡོད་སྟབས། ངས་གདན་ས་འདི་བཞག་ནས་ཕྱོགས་མཐའ་ལ་འགྲོ་རྒྱུ་དེ་བསྟན་པའི་བྱ་བ་ཆེན་པོ་ཞིག་སྒྲུབ་ཐུབ་པ་ཞིག་གཟིགས་ཀྱི་མི་འདུག་ཅེས་གསུངས་ཏེ་མཁས་གྲུབ་རྗེ་ཕེབས་མེད། གདན་ཞུའི་བཀའ་ལན་ཕྱག་བྲིས་དེ་ཧ་ཅང་གི་གོ་རྒྱུ་ཆེན་པོ་དང་གཏིང་ཟབ་པོ་ཡོད་པ་ཞིག་རེད། དེ་ནི་མཁས་གྲུབ་རྗེའི་གསུང་ཐོར་བུའི་ནང་ཡོད་པ་དེང་སང་གྲྭ་སའི་དགེ་བཤེས་ཚོས་གཟིགས་དགོས། དེ་ནི་མཁས་གྲུབ་རྗེས་བསྟན་པ་ལ་དགོངས་པ་མ་བཞེས་པ་རྩ་བ་ནས་མ་རེད། བསྟན་པ་ལ་དགོངས་པ་བཞེས་སྟངས་དེ་རྒྱ་ཆེ་ཆུང་གི་གནས་ཚུལ་བསྡུར་ནས་གསུངས་པ་ཞིག་རེད། མཁས་གྲུབ་རིན་པོ་ཆེ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་འཇམ་མགོན་བླ་མའི་བསྟན་པར་ཧ་ཅང་གི་སྐུ་དྲིན་ཆེན་པོ་རེད།  ཁོང་གིས། ངུར་སྨྲིག་ཆོས་གོས་ཟུང་དག་གིས།། རབ་བྱུང་རྣམས་ཀྱི་ལུས་མཛེས་ཀྱིས།། རབ་བྱུང་ཁྱིམ་པའི་རྟགས་འཆང་བ།། བསྟན་པ་འཇིག་པའི་བརྟུལ་ཞུགས་ལགས།། ཞེས་སྐབས་དེར་ཕྱོགས་ལ་ཕེབས་མཁན་དེ་ཚོས་གོས་ཕུ་ཐུང་ཅན་དང་སྐྱ་ཆས་གྱོན་པ་ལ་བཀའ་བཀྱོན་གནང་ཡོད།

ང་ཚོ་རྒྱ་གར་དུ་འབྱོར་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོས་བློ་ཡུལ་ལས་འདས་པའི་མཛད་འཕྲིན་རྒྱ་ཆེན་སྣ་མང་བསྐྱངས་པའི་ནང་ང་རང་ངོས་ནས་ཁྱད་དུ་འཕགས་པའི་མཛད་ཆེན་གྱི་གྲས་སུ་ཐོག་མར་སྦག་ས་ལ་སྐྱབས་བཅོལ་བའི་དགེ་འདུན་ཚོ་བཞུགས་ས་དང་། དེའི་རྗེས་སུ་གདན་ས་ཁག་གཞིས་ཆགས་ཆེ་ཁག་ལ་སྤོ་རྒྱུ་རྣམས་རེད། སྦག་ས་ནས་གཞིས་ཆགས་ཁག་ཏུ་གདན་ས་སྤོ་རྒྱུ་དེ་སྐུ་མདུན་རང་གིས་དགོངས་པ་འཁོར་བ་ཞིག་དང་བཀའ་གནང་བ་ཞིག་རེད། ༧གོང་ས་མཆོག་གི་སྤོ་དགོས་པའི་བཀའ་དེ་སྦག་ས་ལ་བསྐྱལ་རྒྱུར་འཇིགས་སྣང་གིས་ཆོས་དོན་བཀའ་བློན་ཕེབས་མ་ནུས་པར་བརྟེན། སྐུ་མདུན་གྱི་བཀའ་སློབ་ཀྲེབ་ཐག་ནང་བཅུག་སྟེ་བསྐུར་བ་རེད། ཕལ་ཆེར་གྲྭ་པ་དང་མཁན་པོ་ཚོས་འགྲོ་རྒྱུ་མིན་གསུང་གི་རེད་བསམས་པའི་དྭོགས་པ་སྐྱེས་ཡོད་སྲིད། གལ་ཏེ་ད་ལྟ་ང་ཚོ་གདན་ས་དེ་ཚོ་སྦག་ས་ལ་ལྷག་ཡོད་ན། འདི་ག་བཞིན་ཡར་རྒྱས་འགྲོ་རྒྱུ་སྤྲོས་བྲལ་རེད། འདིར་གནམ་གཤིས་དང་ས་བབ་སོགས་མཐུན་རྐྱེན་འཛོམས་པ་མ་ཟད། བསླབ་པ་སློབ་གཉེར་གྱི་གཞི་རྟེན་ཆེན་པོ་ཞིག་བཙུགས་ཐུབ་པ་དེ་བསྟན་པའི་མེ་རོ་ཤི་ཁར་བསྐྱར་གསོ་གནང་བའི་རླབས་ཆེན་གྱི་མཛད་པ་ཞིག་རེད།

དེང་སང་གདན་ས་ཁག་གི་སྣོད་ཀྱི་བཀོད་པ་དང་དཔལ་འབྱོར་གྱི་ཆ་ནས་ཧ་ཅང་གྲ་འགྲིག་པོ་འདུག  དེ་འདྲ་ཆགས་སྐབས་གུང་ཐང་འཇམ་དཔལ་དབྱངས་ཀྱིས། ཀྱེ་ཧུད་འཇམ་མགོན་བསྟན་པ་འདི།། དཔལ་དང་འབྱོར་པས་རབ་རྒྱས་ཀྱང༌།། བཤད་དང་སྒྲུབ་པས་ཆེས་ཕྲ་བ།། བསམ་ཀྱིན་སྙིང་ནས་ཤེས་པ་འཕྱོ།། ཞེས་གསུངས་པ་ལྟ་བུ་མ་ཡོང་བ་ངེས་པར་དུ་གནང་དགོས། དེ་བཞིན་སློབ་གཉེར་ཡང་ཡག་པོ་ཆགས་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོས་དུས་དང་རྣམ་པ་ཀུན་ཏུ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་སློབ་གཉེར་མ་ཉམས་པ་དང་། དེའི་ཆེད་དུ་མཐུན་འགྱུར་བསྐྲུན་རྒྱུའི་ཐུགས་བསྐྱེད་ཡང་ཡང་གནང་གི་ཡོད། གདན་སའི་སློབ་གཉེར་ཉམས་ན། ཕལ་ཆེར་བོད་བརྒྱུད་ནང་བསྟན་ཆ་ཚང་ཉམས་པ་རེད་ཅེས་བརྗོད་ཆོག  སྒྲུབ་གྲྭ་དང་སྔགས་གྲྭ་དེ་ཚོས་བོད་བརྒྱུད་ནང་བསྟན་ཡོངས་སུ་རྫོགས་པ་ཞིག་འཛིན་སྐྱོང་བྱེད་མི་ཐུབ། བོད་བརྒྱུད་ནང་བསྟན་ཞེས་པ་ནི་ད་ལྟའི་གནས་སྐབས་སུ་ཚང་ལ་མ་ནོར་བའི་སངས་རྒྱས་ཀྱི་བསྟན་པ་ཉག་གཅིག་པུ་དེ་རེད། ཚང་ལ་མ་ནོར་བ་ཞེས་པ་ནི་འདུལ་བ་ཀ་རི་ཀཱ་ནས་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་གཞུང་གི་བར་དུ་གསུངས་པ་ཡིན་ནའང་རེད། ཡང་ན་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་གྲུབ་མཐའ་བཞིས་བསྡུས་པའི་སངས་རྒྱས་ཀྱི་ཆོས་ཚུལ་ཡོངས་སུ་རྫོགས་པ་དེ་བོད་དུ་མ་གཏོགས་གཞན་གང་དུའང་མེད། ད་ལྟ་སངས་རྒྱས་ཀྱི་བསྟན་པ་ཡོད་སའི་ལུང་པ་དེ་ཚོ་རྐང་རེས་བསྟན་པ་འཛིན་པ་མ་གཏོགས་ཡོངས་སུ་རྫོགས་པའི་བསྟན་པ་ཞིག་མེད།

ཤྲཱི་ལངྐཱ་དང་འབར་མ་ཐའེ་ལན་ཌི་བཅས་ལ་མཚོན་ན་ཉན་ཐོས་ཀྱི་སྡེ་པ་བཅོ་བརྒྱད་ཀྱི་ནང་ནས་འཕགས་པ་གནས་བརྟན་གྱི་སྡེ་གཅིག་པུ་རེད། འཕགས་པ་གནས་བརྟན་སྡེ་པའི་སྡེ་སྣོད་གསུམ་པོ་ཆ་ཚང་བའང་མེད། ད་ལྟ་པཱ་ལིའི་སྐད་དུ་བཞུགས་པ་ཆ་ཚང་བསྡོམས་ན་དེབ་གྲངས་བཞི་ཅུ་ཞེ་བཞི་རེད། དེ་ནི་ང་ཚོའི་ཡུམ་རྒྱས་པ་ལས་ཀྱང་ཉུང་བ་རེད། འབུམ་པོ་ཏི་བཅུ་གཉིས་དང་གནས་བརྟན་སྡེ་པའི་སྡེ་སྣོད་གསུམ་བསྡུར་ན་འབུམ་དེ་ཡིག་ཚོགས་མང་བ་རེད། དེ་འདྲའི་སྡེ་སྣོད་གསུམ་པོ་ལའང་བཤད་པའི་རྒྱུན་ཆ་ཚང་བ་མེད། ཐའེ་ལན་ཌི་ནང་འདུལ་བའི་སློབ་སྦྱོང་ཕྲན་བུ་དྲག་པ་རེད། དེ་བཞིན་འབར་མའི་ནང་མངོན་པའི་སློབ་སྦྱོང་ཕྲན་བུ་དྲག་པ་རེད། ཡིན་ནའང་ཁོང་ཚོའི་སློབ་སྦྱོང་བྱེད་སྟངས་དང་ང་ཚོའི་གདན་ས་ཁག་ཏུ་དབུ་ཚད་སེངྒེ་མཇིང་བསྣོལ་ཐོག་ནས་སློབ་སྦྱོང་བྱེད་སྟངས་གཉིས་ལ་གནམ་སའི་ཁྱད་པར་རེད།

ལུང་པ་གཞན་དུ་ཚད་མ་རིག་པ་མ་དར་བའི་དབང་གིས་གཞུང་ཆེན་མོར་སློབ་གཉེར་བྱེད་པའི་སྐབས་སུ་དཔྱད་གསུམ་དག་པའི་རིགས་པའི་ལམ་ནས་སློབ་གཉེར་བྱེད་སྟངས་དེ་མེད་ཅིང་། བླ་མའི་བཤད་རྒྱུན་ཙམ་ལ་རགས་པའི་གོ་བ་དང་གྲངས་འདྲེན་ཙམ་གྱི་ཐོག་ནས་འགྲོ་བ་རེད། བོད་བརྒྱུད་ནང་བསྟན་ནི་ནཱལནྡཱའི་རྒྱུད་པ་ཐུན་མོང་མ་ཡིན་པ་ཆ་ཚང་གནས་པའི་བསྟན་པ་ཞིག་ཡིན་པའི་དབང་གིས་ད་ལྟ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་ནའང་རེད། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པ། ཡང་ན་གྲུབ་མཐའ་སྨྲ་བ་བཞིས་བསྡུས་པའི་ཆོས་ཚན་ཡོངས་སུ་རྫོགས་པ་ཆ་ཚང་བ་དེ་བོད་ལ་མ་གཏོགས་མ་གནས་པ་རེད། དེ་ཡང་ཁོང་ཚོའི་ནང་དུ་རིགས་པའི་ལམ་ནས་སྒྲོ་འདོགས་བཅད་ནས་ཐོས་བསམ་བྱེད་རྒྱུའི་སྲོལ་དེ་ད་དུང་ཉུང་བ་རེད། མུ་སྟེགས་གཞན་གྱི་གཞུང་ལུགས་ལ།། ཇི་ལྟ་ཇི་ལྟར་རྣམ་བསམས་པ།། དེ་ལྟ་དེ་ལྟར་མགོན་ཁྱོད་ལ།།  བདག་གི་སེམས་འདི་དད་པར་གྱུར།། ཅེས་གསུངས་པ་དེ་སྔོན་མ་དེ་ཙམ་ཤེས་ཀྱི་མེད་ཀྱང་། ད་ལྟ་བསམ་བློ་གཏོང་དུས་དངོས་གནས་རེད་འདུག འཇིག་རྟེན་འདིའི་ནང་ཚན་རིག་དང་འཕྲུལ་ལས་སོགས་རིག་པའི་གནས་སམ་རིག་པའི་གཞུང་ལུགས་གྲགས་ཆེན་མང་པོ་ཞིག་ཡོད། བརྒྱ་ཕྲག་ཉི་ཤུ་རྩ་གཅིག་གི་འཇིག་རྟེན་འདིའི་སྤྱི་ཚོགས་ནང་ཤེས་ཡོན་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་ཟེར་གྱི་ཡོད། དཔེར་ན། མི་དེ་ཚོ་ཟླ་བའི་ནང་དུ་ཕྱིན་པ་རེད། ད་མིག་དམར་ནང་འགྲོ་རྒྱུ་ཡིན་ཟེར་བའི་གནས་སྟངས་ཤིག་ལ་སླེབས་ཡོད། ཡིན་ནའང་ཁོང་ཚོ་ཟླ་བའི་ནང་ཕྱིན་ནའང་གཟུགས་པོའི་ལྗིད་ཚད་དེ་ཆུང་དུ་འགྲོ་བ་མ་གཏོགས། ཉོན་མོངས་ཆུང་དུ་འགྲོ་བའི་གནས་སྟངས་ཤིག་ཡོང་གི་མེད།

སྔོན་མ་མེ་ཀོ་ལེ་ (Macaulay) ཞེས་པའི་ཨིན་ཇིའི་མི་ཞིག་ཡོད། ཁོང་གིས་གཏམ་བཤད་ཅིག་ནང་ཨེ་ཤི་ཡའི་རིག་པའི་གཞུང་ལུགས་ཚང་མ་ཕྱོགས་གཅིག་ཏུ་བསྡོམས་ནའང་ཨིན་སྐད་དུ་ཡོད་པའི་རྩོམ་རིག་གི་དེབ་ཕྱག་སྒམ་གང་གི་དོ་ཟླ་ཡང་ཡོང་གི་མ་རེད་ཅེས་བཤད་ཡོད། ཁོང་གི་སྐད་ཆ་དེ་ཧམ་པ་ཚ་པོ་དང་མ་འོས་པ་ཆེན་པོ་རེད། ཡིན་ནའང་ཁོང་གི་སྐད་ཆ་བཤད་སྟངས་ལྟར་ང་ཚོས་ཀྱང་ད་ལྟ་འཇིག་རྟེན་འདིའི་ཐོག་ལ་ཡོད་པའི་རིག་པའི་གནས་དང་ཤེས་བྱ་ཡོན་ཏན་ཚང་མ་ཕྱོགས་གཅིག་ཏུ་བསྡོམས་ན་ཤེས་རབ་སྙིང་པོའི་ཁ་གཏད་ཆོག་གི་མ་རེད་ཅེས་སྤོབས་པ་ཆེན་པོའི་ཐོག་ནས་བརྗོད་ཐུབ་རྒྱུ་ཞིག་རེད།

དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་སླེབས་པའི་རྗེས་སུ་དེང་རབས་ཀྱི་ཚན་རིག་ལ་ལམ་སྟོན་བྱེད་ཐུབ་མཁན་དང་རོགས་པ་བྱེད་ཐུབ་མཁན་གྱི་ཆོས་བརྒྱུད་དང་རིག་པའི་གཞུང་ལུགས་དེ་བོད་བརྒྱུད་ནང་བསྟན་མ་གཏོགས་མེད། དེ་འདྲའི་རྩ་ཆེན་པོའི་བོད་བརྒྱུད་ནང་བསྟན་དེ་ད་བར་ང་ཚོའི་རྒན་རབས་ཚོ་དང་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་པ་འཕྲིན་ལས་ལ་བརྟེན་ནས་གྲ་མ་ཉམས་གྲུ་མ་ཞིག་པ་ལྟ་བུ་ཡོད། ང་ཚོ་ནི་ཡོལ་བཞིན་པའི་མི་རབས་རེད། དེས་ན་ད་ལྟ་གཞི་ནས་ཕྱག་དཔེ་གཟིགས་བཞིན་པའི་ན་གཞོན་ཁྱེད་རང་ཚོའི་མི་རབས་སུ་དེ་བརླག་པའམ། རྒྱུན་འཛིན་མ་ཐུབ་ན། རང་གི་སྐལ་བ་ཤོར་བ་དང་བསོད་བདེ་དམན་པ་ཡིན་པ་བཤད་མི་དགོས་པའི་ཐོག་འཇིག་རྟེན་འགྲོ་བ་སྤྱི་ཡོངས་ལ་གསབ་མི་ཐུབ་པའི་གོད་ཆགས་ཆེན་པོ་ཞིག་ཡོང་བ་དེ་ངེས་པར་དུ་མཁྱེན་དགོས། དེང་སང་ཚན་རིག་པ་དང་དེང་རབས་ཀྱི་མཁས་པ་མང་པོས་འཇིག་རྟེན་གྱི་འགྲོ་བ་རྣམས་ཀྱིས་བོད་ཀྱི་རིག་གཞུང་གི་རྒྱུན་དེ་བརླག་པར་བཟོད་ཀྱི་མ་རེད། དེ་བརླག་ན་འགྲོ་བ་སྤྱི་ཡོངས་ལ་གསོ་ཐབས་མེད་པའི་གྱོང་གུན་ཆེན་པོ་ཞིག་ཕོག་གི་རེད་ཅེས་གསུང་གི་ཡོད། དེ་ནི་དངོས་ཡོད་ཀྱི་གནས་སྟངས་རེད། རང་བཞིན་བརྗོད་པའི་ཐོག་ནས་བཤད་པ་ཞིག་རེད། དེ་འདྲའི་གོ་སྐབས་བཟང་པོ་རྣམ་པ་ཚོར་ཡོད་བཞིན་དུ་ཆུད་ཟོས་བཏང་ནས་བྱ་བ་ཕལ་པ་ལ་ཞེན་ན་ཐབས་སྐྱོ་པོ་རེད། སྤྱིར་བཏང་སྒྱིད་ལུག་པའི་ལེ་ལོ་དང་། ཕྱི་བཤོལ་གྱི་ལེ་ལོ་དེ་ཚོ་སྡུག་ཅག་ཡིན་རུང་། དེ་ལས་ཚབས་ཆེ་བའམ་མི་ཚེ་ཆུད་ཟོས་གཏོང་མཁན་གྱི་དགྲ་གཙོ་བོ་ལྟ་བུ་ནི་བྱ་བ་ངན་ཞེན་གྱི་ལེ་ལོ་དང་བདག་ཉིད་ལ་བརྙས་པའི་ལེ་ལོ་རེད། དེར་བརྟེན་བྱ་བ་ངན་ཞེན་གྱི་ལེ་ལོ་དང་བདག་ཉིད་ལ་བརྙས་པའི་ལེ་ལོ་སྤང་དགོས་པ་དེ་གལ་ཆེན་པོ་རེད། མང་པོ་ཞིག་གིས་ད་ངས་གང་ཡང་ཡོང་གི་མ་རེད། ང་ཚོས་ག་རེ་བྱེད་ཐུབ་ཀྱི་རེད་ཅེས་སོགས་ནི་བདག་ཉིད་ལ་བརྙས་པའི་ལེ་ལོ་རེད། གང་ལྟར་རང་གིས་རང་ལ་ཚོད་དཔག་ཆུང་ཆུང་བྱེད་རྒྱུ་དེ་རེད། དེ་བཞིན་གཞུང་ཆེན་མོར་ཐོས་བསམ་བྱ་རྒྱུ་ལྟ་བུའི་བྱ་བ་བཟང་པོ་རྣམས་ཕྱོགས་གཅིག་ཏུ་བཞག་ནས་དོན་མེད་ཀྱིས་སྤྱི་ཚོགས་ལ་བསྙད་པ་དང་། ཆབ་སྲིད་ལ་བསྙད་པ། རྩ་དོན་ལ་བསྙད་པའི་བྱ་བ་ཆུང་རིགས་ལ་ཞེན་ན། བྱ་བ་ངན་ཞེན་གྱི་ལེ་ལོ་ཆགས་ཀྱི་ཡོད།

དེར་བརྟེན་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་དེ་ཚོའི་ལས་སུ་བྱ་བའི་རིམ་པ་དང་འགྲོ་སྟངས་ནི་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས།། བསྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་བསྡོམས་བརྒྱབས་པ་བཞིན་ཁྱེད་ཚོས་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་གནང་ཐུབ་ན་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད།  ་་་་་་་ཐོས་དང་བསམ་ལྡན་པས།། བསྒོམ་པ་ལ་ནི་རབ་ཏུ་སྦྱོར།།  ཞེས་གསུངས་མེད། དེའི་སྔོན་དུ་ ‘ཚུལ་གནས་’ ཞེས་པ་སྦྱར་ཡོད། དེ་ཧ་ཅང་གི་གལ་ཆེན་པོ་རེད། ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་བ་ཞིག་མེད་ན་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གཉིས་ཀ་ཚུལ་དང་ལྡན་པ་ཞིག་མི་ཡོང་བ་རེད། ང་ཚོ་བོད་པའི་རྣམ་ཀུན་ཁ་རྒྱུན་ལ་སངས་རྒྱས་ཀྱི་བཅས་པ་དང་དགེ་འདུན་གྱི་ནང་ཁྲིམས་ཞེས་པ་གཉིས་ཡོད་རེད། སངས་རྒྱས་ཀྱི་བཅས་པ་ནི་སྤྱི་ཡོངས་ལ་ཁྱབ་པ་ཞིག་རེད། དགེ་འདུན་གྱི་ནང་ཁྲིམས་ནི་སངས་རྒྱས་ཀྱིས་བཅས་པ་དང་བསྟུན་ནས་བཟོས་པ་རེད། དེར་བརྟེན་གདན་ས་ཁག་གི་ནང་སངས་རྒྱས་ཀྱི་བཅས་པ་ནི་འགལ་མི་རུང་བ་བཤད་མི་དགོས་པའི་ཐོག་དགེ་འདུན་གྱི་ནང་ཁྲིམས་ཀྱང་ཧ་ཅང་རྩ་ཆེན་པོ་བརྩི་དགོས་པ་ཞིག་རེད། སངས་རྒྱས་ཀྱི་བཅས་པ་དང་དགེ་འདུན་གྱི་ནང་ཁྲིམས་ནི་དམ་ཆོས་འདུལ་བ་གཞིར་བཟུང་འགྲོ་རྒྱུ་མ་གཏོགས། དེ་ལ་མང་གཙོ་དང་ཉུང་གཙོའི་སྐད་ཆ་བཤད་ས་མེད། དེང་སང་མཚན་ཉིད་པ་རིགས་འགྲེས་ཕུངས་ཟེར་བ་ཞིག་ཡོད། ས་ཆ་ཚང་མར་མང་གཙོ་མང་གཙོ་ཟེར་བའི་སྦྱར་སྲོལ་ཞིག་ཡོད་པ་རེད། དེ་སྦྱར་དགོས་སར་སྦྱར་ཆོག་གི་རེད། སྦྱར་མི་དགོས་སར་སྦྱར་རྒྱུ་མེད། ཆོས་འདུལ་བ་འདི་ལ་རིགས་པ་ཡོད་ཀྱང་ལུང་གཙོ་ཞེས་རིགས་པའི་ལམ་ནས་སྒྲུབ་མི་ཐུབ་པའི་བཅས་པ་ཞིག་ཡིན་ནའང་དེ་ཁས་ལེན་དགོས་པ་ནི་སྔོན་རབས་ཀྱི་སྲོལ་རྒྱུན་ལ་ཡོད་པ་རེད། དེ་བཞིན་དགེ་འདུན་གྱི་ནང་ཁྲིམས་ཟེར་བའང་ལས་ཀྱི་སྣེ་མོར་གཏོགས་པ་དེ་ཚོས་བཅས་པ་ཞིག་རེད། དེའི་ནང་མང་མོས་ཉུང་མོས་བསྡུར་རྒྱུ་མེད་ལ། རྟགས་བསལ་དང་ཁྱབ་མཐའ་གཏོང་རྒྱུའང་ཞེ་དྲགས་མེད། དེ་ནི་ཁོ་རང་ལམ་ཁ་ཞིག་གི་ཐོག་འགྲོ་དགོས་པ་རེད།

ང་སྔོན་མ་ཝཱ་རཱ་ཎ་སཱིར་ཡོད་དུས་སློབ་གྲྭ་བ་གྲྭ་ཆས་གྱོན་མཁན་ཚོས་རྐང་འཁོར་བཞོན་ན་འགྲིག་གི་མ་རེད་ཅེས་སྒྲིག་ལམ་ཞིག་བཟོས་པ་རེད། སྒྲིག་ལམ་དེ་མ་བཟོས་གོང་དུ་ང་ཚོ་དགེ་རྒན་ཚོ་འཛོམས་ནས་དེའི་ཐོག་བཀའ་བསྡུར་གནང་སྐབས་འཁོར་ལོ་བཞི་ཡོད་པའི་ནང་འགྲོ་ཆོག་སར་འཁོར་ལོ་གཉིས་ཡོད་པའི་ཐོག་འགྲོ་མི་ཆོག་པ་རྒྱུ་མཚན་གང་ཡིན་ནམ། བཅས་པ་དང་ག་རེ་འགལ་གྱི་ཡོད་དམ། གནམ་གྲུ་སོགས་འཁོར་ལོ་མང་པོ་ཡོད་པའི་ནང་འགྲོ་ཆོག་སར་འཁོར་ལོ་གཉིས་ཅན་རྐྱང་པའི་ནང་འགྲོ་མི་ཆོག་པ་རྒྱུ་མཚན་གང་ཡིན་ནམ་ཞེས་རྟགས་བསལ་མང་པོ་བཏང་བ་རེད། ང་ཚོས་བཞད་གད་སློང་བ་དང་སྦྲགས་ཏེ་འཁོར་ལོ་གཉིས་ཡོད་པ་དེ་བཞོན་ནས་འགྲོ་དགོས་ཀྱི་ཡོད་པ་རེད། གཞན་པ་དེ་ཚོའི་ནང་ཞུགས་ནས་འགྲོ་གི་ཡོད་པ་རེད་ཅེས་བཤད་རྒྱུ་བྱུང་། ཁོང་ཚོས་རྟ་ལ་བཞོན་པའི་གནང་བ་མེད་དམ་ཞེས་རྟགས་བསལ་གཏོང་སྐབས། ང་ཚོས་རྟ་ལ་རྐང་པ་བཞི་ཡོད་ཙང་རེད།  རྐང་གཉིས་ལ་བཞོན་རྒྱུར་སངས་རྒྱས་ཀྱིས་གནང་མདོག་ཁ་པོ་མ་རེད་ཅེས་དེ་འདྲའི་རྩོད་པ་བརྒྱབས་མྱོང་ཡོད། དེར་བརྟེན་དགེ་འདུན་གྱི་ནང་ཁྲིམས་དེ་ཡང་ལས་ཀྱི་སྣེ་ལ་ཡོད་པ་དེ་ཚོས་གང་བཅས་པ་དེར་ཆགས་བཞག་དགོས་ཀྱི་རེད་མ་གཏོགས། དེར་རྟགས་བསལ་བཏང་ནས་ཚིག་གི་རྩོད་པ་བྱས་ཀྱང་ཕན་ཐོགས་གང་ཡང་མེད། དེ་བཞིན་གཤེགས་པས་ཕྲ་མོ་དང་ཕྲན་ཚེགས། ལྷག་པར་དུ་ཉེས་བྱས་ཀྱི་སྡེ་ཚན་མང་ཆེ་བའི་གླེང་གཞིའི་ནང་གཞན་གྱིས་ཁ་ཟེར་བ་དང་། ཁྱིམ་པར་མི་མཛེས་པ་ལ་བརྟེན་ནས་བཅས་པ་ཤ་སྟག་རེད། དེ་ནི་གཞན་གྱིས་ཁ་ཟེར་བའི་གཞི་རྩ་ཡོད་པ་དང་། ཁྱིམ་པའི་མིག་ལམ་དུ་མི་མཛེས་པ་ཡོད་པ་དེ་ཚོའི་དབང་གིས་བཅས་པ་མང་པོ་མཛད་ཡོད།  དེ་དང་མཐུན་པར་དགེ་འདུན་གྱི་ནང་ཁྲིམས་ཀྱང་དེ་འདྲའི་ཐོག་ནས་འགྲོ་དགོས་པ་ཞིག་རེད།

མདོར་ན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་འདུ་ཤེས་མ་དོར་བའི་ཐོག་ནས་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་བ་དང་། སྤྱིར་སངས་རྒྱས་ཀྱི་བཅས་པ་དང་སྒོས་དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་མེད་པ། དེའི་ཐོག་ནས་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ཡ་མ་བྲལ་བར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་གནས་ལ་རྩེ་གཅིག་ཏུ་བརྩོན་པ། དེ་ཡང་རྨོངས་དད་ཙམ་མ་ཡིན་པར། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་ལ་ཚུལ་བཞིན་རབ་བརྟགས་ནས།། ཞེས་གསུངས་པ་བཞིན་རིགས་པའི་ལམ་ནས་ངེས་པ་རྙེད་པའི་ཐོས་བསམ་གནང་རྒྱུ། དེ་ཡང་སྒོམ་ཉམས་ལེན་ལ་སྦྱར་ཐུབ་པ། དེའི་ཐོག་ནས་དལ་འབྱོར་ཐོབ་པ་དོན་དང་ལྡན་པ་ཡོང་ཐུབ་པ་ཞིག་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། གསོལ་བ་འདེབས་མཁན་རང་ཉིད་ཉམས་ལེན་མེད་མཁན་ཞིག་ཡིན་དུས་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་མ་རེད་བསམས་ཀྱི་འདུག རྫ་དཔལ་དགེས། རང་ལ་ཉམས་ལེན་མེད་པའི་དཔེ་ཐོག་གི་བྲོ་རྡུང་།། ཉན་མཁན་མོས་མོས་འདྲ་ཡང་མི་བདེན་ངོ་མ།།” ཞེས་པ་ལྟ་བུ་རེད། ད་ལྟ་འདིར་གསོལ་བ་བཏབ་པ་ཚང་མ་ཁྱེད་རང་གིས་ཉམས་ལེན་བྱེད་ཀྱི་ཡོད་དམ་ཞེས་བཀའ་འདྲི་གནང་ན། ངས་ཉམས་ལེན་བྱས་མ་ཐུབ་པ་རེད། ཉམས་ལེན་བྱ་རྒྱུའི་འདུན་པ་མེད་པ་མིན་ཡང་། སྐབས་དང་དུས་ཤིག་གིས་དེ་འདྲ་མ་བྱུང་བ་རེད། དེར་བརྟེན་ཉམས་ལེན་བྱེད་མ་ཐུབ་མཁན་ཞིག་གིས་གཞན་དག་ལ་ཉམས་ལེན་གནང་རོགས་གནང་ཞེས་ཞུ་རྒྱུ་དེ་མ་འོས་པ་ཡིན་རུང་། འོན་ཀྱང་བསམ་བློའི་ནང་གང་དྲན་པ་དེ་མ་ཞུས་ན། ཁ་ཞེ་མ་མཚུངས་པ་ཆགས་ཀྱི་རེད། ད་ལྟ་འདིར་སླེབས་ནས་གནས་ཚུལ་དེ་ཚོ་སྙན་གསན་ཞུ་རྒྱུའི་བསམ་བློ་འཁོར་སོང་། དེ་ཚོ་དགོངས་པར་འཇགས་རོགས་གནང་། ཚང་མས་བཟོད་བསྲན་ཆེན་པོའི་ཐོག་ནས་གསན་པ་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་གསུངས།། །།

(ཇི་ལྟར་ལན་མང་རེ་འདུན་ཞུས་པ་བཞིན་ ༢༠༡༠ ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་རྒྱ་གར་ལྷོ་ཕྱོགས་གདན་ས་སེ་ར་ཐེག་ཆེན་གླིང་གི་འདུས་ཚོགས་ལ་བླང་དོར་གསུང་བཤད་གནང་བ་ཞིག་ཡིན།)