༈ རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་གནང་བའི་གསུང་བཤད།

༄༅།། གང་གི་ཐུགས་བརྩེས་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པའི།།  གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།       ད་ལྟ་འདིར་འདུས་པའི་རྫོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་པ་རྣམ་པ། དེ་བཞིན་ཕྱི་ནས་ཕེབས་པའི་དད་ལྡན་གྱི་སྐྱེ་བོ་ཡོངས་ལ། དེ་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདིར་དམིགས་བསལ་དགྲ་ནག་བཅུ་གསུམ་མའི་དབང་ཆེན་གནང་རྒྱུ་ལ་བརྟེན་ནས་ང་ཡང་འདིར་བཅར་རྒྱུའི་གོ་སྐབས་བྱུང་། གྲྭ་ཚང་ནས་སྡོད་གནས་དང་འགྲིམ་འགྲུལ་གྱི་མཐུན་རྐྱེན་ཆ་ཚང་གནང་སོན་བྱུང་། ལྷག་པར་དུ་དེ་རིང་འདིར་དགེ་འདུན་པ་ཚང་མ་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་དང་དགའ་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཚང་མས་མཁྱེན་གསལ་བཞིན་བོད་གངས་ཅན་ལྗོངས་དེ་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་དར་སའི་ཡུལ་ལུང་ཁྱད་པར་ཅན་ཞིག་ཆགས་ཡོད། དེའི་ནང་ནས་མངའ་རིས་ཀྱི་ལྗོངས་དེ་དུས་རབས་དགུ་པའི་རྗེས་བོད་སིལ་བུར་ཐོར་བ་ནས་བཟུང་བོད་ཀྱི་རྒྱལ་བརྒྱུད་ངོ་མ་དེ་ཚོ་མུ་མཐུད་བཞུགས་ཡུལ་དང༌། རྒྱ་གར་ནས་ས་ཐག་ཉེ་བས་པཎ་གྲུབ་མང་པོའི་ཞབས་བཅག་ས། བསྟན་པ་ཉམས་དམས་བྱུང་བའི་སྐབས་སུའང་བསྟན་པ་འཛིན་སྐྱོང་བྱེད་མཁན་གྱི་གང་ཟག་གི་འབྱུང་ཡུལ་དང་བསྟི་གནས་ཆེན་པོ་ཞིག་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏཱི་ཤ་བོད་དུ་ཕེབས་པའི་སྐབས་སུའང་ཐོག་མར་མངའ་རིས་ཁུལ་དུ་རྒྱུན་རིང་བཞུགས་པ་རེད། དེ་འདྲའི་དབང་གིས་བོད་གངས་ཅན་གྱི་བསྟན་པའི་བྱུང་རབས་ནང་མངའ་རིས་ཁུལ་གྱི་སྤྱི་ཚོགས་དང་རྒྱལ་བརྒྱུད་དེ་ཚོས་བསྟན་པར་ཞབས་འདེགས་ཧ་ཅང་ཆེན་པོ་ཞུས་ཡོད། ལྷག་པར་དུ་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏཱི་ཤ་གདན་དྲངས་པ་སོགས་བསྟན་པའི་མེ་རོ་སླར་གསོའི་སྐབས་སུའང་བསྟན་པར་བྱ་བ་རླབས་ཆེན་མཛད་ཡོད། ཆོས་རྒྱལ་གྱི་གདུང་རྒྱུད་ཁག་ཡོད་པའི་སྐབས་ནས་ཕྱག་བཏབ་པའི་གདན་ས་ཆེན་པོ་འདིའང་བྱུང་རབས་ཀྱི་ནང་གནད་འགག་ཆེ་བ་དང༌། བོད་ཀྱི་ནང་རྟེན་མང་པོའི་བཞུགས་ཡུལ། གསང་བདེ་འཇིགས་གསུམ་གྱིས་མཚོན་པའི་སྔགས་ཀྱི་སྒྲུབ་མཆོད་མང་པོ་རྒྱུན་འཛིན་གནང་མཁན་གྱི་དགོན་པ་རྙིང་པ་ཞིག་ཡིན་པ་མ་ཟད། རྒྱ་གར་དུའང་སྐུ་གསུང་ཐུགས་རྟེན་མང་པོ་གདན་འདྲེན་ཞུ་ཐུབ་མཁན་གྱི་དགོན་སྡེ་ཞིག་ཡིན། འདི་ག་གཞིས་ཆགས་སུ་ཕེབས་པའི་རྗེས་ཕྱིའི་སྣོད་ཀྱི་འཛུགས་སྐྲུན་དང༌། ནང་གི་ཐོས་བསམ་སློབ་གཉེར་སོགས་རྒྱུན་མ་ཆད་པའི་ཐོག་ད་ལྟ་དགེ་འདུན་ཉིས་བརྒྱ་བརྒལ་བ་ཡོད་པ་དེ་ཧ་ཅང་དགའ་དད་སྤྲོ་གསུམ་བྱེད་ཡུལ་ཞིག་ཆགས་ཡོད། ཁ་སང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འདིར་བཀའ་གནང་བ་བཞིན་བར་ལམ་དོལ་རྒྱལ་སྐོར་རྙོག་གླེང་བྱུང་བའི་སྐབས་སུ་གྲྭ་ཚང་འདིའི་འདུས་མང་ཡོངས་རྫོགས་ཀྱིས་ལྷག་བསམ་གཅིག་མཐུན་གྱི་ཐོག་ནས་སྦྱིན་བདག་མ་བདམས་པར་བླ་མ་བདམས་པ་དེ་དངོས་གནས་རླབས་ཆེན་གྱི་ཐག་གཅོད་ཅིག་རེད། དེའི་དབང་གིས་བོད་པའི་སྤྱི་ཚོགས་དང་། ྋགོང་ས་མཆོག་གི་གཟིགས་ཕྱོགས་ཀྱི་ཐོག་ནས་དགོན་པ་འདིའི་ཐག་གཅོད་བྱེད་སྟངས་མ་ནོར་བ་ཞིག་ཆགས་པར་བརྟེན། ང་ཚོ་ཚང་མས་རྒྱུན་དུ་རྗེས་སུ་ཡི་རངས་ཞུ་ཡུལ་ཞིག་ཆགས་ཡོད།།

ལྷག་པར་དུ་བར་ལམ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་གཤེད་དམར་དང་དགྲ་ནག་གི་སྒྲུབ་མཆོད་དང་ཉམས་ལེན་གྱི་རྒྱུན་ཚུགས་ཐུབ་པ་དེ་དུས་ཚོད་འདི་འདྲ་ཉག་ཕྲ་པོར་བསྟན་པའི་བྱ་བ་རླབས་ཆེན་རེད་བསམ་གྱི་ཡོད། སྤྱིར་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཉམས་ལེན་གྱི་གཙོ་བོ་དེ་སྔགས་བླ་མེད་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་ཁག་རེད། ཆོས་བརྒྱུད་ཆེན་པོ་བཞིས་མདོ་ཕྱོགས་སུ་དབུ་མའི་ལྟ་བའི་འགྲེལ་ཕྱོགས་ལ་མི་མཐུན་པ་ཕྲན་བུ་ཡོད་རུང་། གཞི་རྐང་སོ་སོས་དམིགས་བསལ་ཁྱད་ཆོས་ཟུར་འདོན་བྱ་རྒྱུ་དེ་མང་ཆེ་བ་སྔགས་ཆོག་རེད། རྗེ་ཙོང་ཁ་པ་ཆེན་པོས་རྒྱུད་སྡེ་བཞིའི་ལྷའི་ཟབ་གསལ་གཉིས་སུ་མེད་པའི་རྣལ་འབྱོར་དང་བསྐྱེད་རིམ་དང་རྫོགས་རིམ་གྱི་གནད་རྣམས་གཏིང་ཟབ་པོས་གསན་བསམ་གནང་རྗེས་སྟག་རྩེའི་སྒྲུབ་མཆོད་ཀྱི་སྐབས་སུ་དཀྱིལ་འཁོར་ཧ་ཅང་མང་པོ་དུས་གཅིག་ཏུ་བཞེངས་ཏེ་སྒྲུབ་མཆོད་གནང་བའི་སྲོལ་ཕྱེ་བར་མཛད། ལྷག་པར་དུ་གཤིན་རྗེ་གཤེད་ཀྱི་སྐོར་ལ་ཉེ་ཆར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་གནང་བ་བཞིན་བར་ལམ་ང་ཚོ་རི་བོ་དགེ་ལྡན་པའི་དགོན་པ་ཁག་ནང་གཙོ་བོ་རྒྱུད་གྲྭ་སྟོད་སྨད་གཉིས་སུ་གསང་བདེ་འཇིགས་གསུམ་གཙོ་བོ་གནང་བ་དེའི་དབང་གིས་གཞིས་དགོན་མང་པོའི་ནང་དུའང་གསང་བདེ་འཇིགས་གསུམ་ཙམ་མ་གཏོགས་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་གསུམ་གྱི་ནང་ནས་དགྲ་ནག་དང་གཤེད་དམར་གཉིས་ལ་དམིགས་ཀྱིས་བཀར་ནས་ཕྱག་ལས་གནང་མཁན་ཧ་ལམ་མེད་པ་ལྟ་བུ་རེད། དེ་ལྟ་བུ་དཀོན་པོ་ཆགས་པའི་སྐབས་སུ་་གྲྭ་ཚང་གིས་ཆེད་ལས་ལྟ་བུ་གནང་ཐུབ་པ་འདི་ནི་སྒྲུབ་པའི་མཆོད་པ་དང་བསྟན་པའི་བྱ་བ་རླབས་ཆེན་ཞིག་རེད་བསམ་གྱི་ཡོད་ལ།  དེ་ཚོ་ཧ་ཅང་ཡག་པོ་བྱུང་འདུག

དེ་རིང་ང་འདིར་བཅར་རྒྱུའི་གོ་སྐབས་དང་བསྟུན་མཁན་རིན་པོ་ཆེས་ཐུགས་མཐུན་ཁྲིམས་གཙང་དང་བཤད་སྒྲུབ་འཆད་ཉན་བྱེད་སྟངས་སྐོར་གསལ་འདེབས་ཤིག་ཞུ་དགོས་ཞེས་བཀའ་ཕེབས་སོང་། ངས་གསལ་འདེབས་ཞུ་རྒྱུ་ཧ་ཅང་ཁག་པོ་རེད། སོ་སོ་ཐོས་བསམ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་བྱེད་མ་ཐུབ་མཁན་ཞིག་གིས་གཞན་ལ་ཐོས་བསམ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་འདི་འདྲ་གནང་དགོས་ཞེས་བཤད་རྒྱུ་དེ་འོས་ཤིང་འཚམས་པ་མ་རེད། ཡིན་ནའང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་མ་གོང་མ་ཚོའི་དྲུང་ནས་ཐོས་པ་བསགས་པ་དེ་ཚོ་སོ་སོར་ཉམས་ལེན་མེད་པ་ཡིན་རུང་། གཞན་ལ་ལན་སྐྱེལ་བ་ལྟ་བུ་བྱེད་ནའང་སྐབས་རེ་འགྲིགས་ཀྱི་མེད་དམ་སྙམ། སྟོན་པ་ཞལ་བཞུགས་པའི་སྐབས་སུའང་ཉན་ཐོས་ལ་ཐོས་སྒྲོགས་ཞེས་འབོད་རྒྱུ་དེ་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མ་ཐུབ་ནའང་ཐེག་པ་ཆེན་པོའི་ཆོས་སངས་རྒྱས་ཀྱི་སྐུ་མདུན་ནས་ཐོས་པར་བྱས་ཏེ་གཞན་ལ་སྒྲོགས་པར་བརྟེན་དེ་ལྟར་བརྗོད། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར།། བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི།། བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད།། དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ།། ཞེས་དམ་ཆོས་པད་དཀར་སོགས་ཐེག་པ་ཆེན་པོའི་མདོ་མང་པོའི་ནང་ཤཱ་རིའི་བུ་དང༌། མོངྒལ་བུ་དང༌། ཀུན་དགའ་བོ་སོགས་ཀྱིས་ཆ་ཤས་བླངས་ཏེ་ཕར་ཚུར་དྲི་བ་མང་པོ་གནང་ཡོད། འོན་ཀྱང་ཐུན་མོང་གདུལ་བྱའི་སྣང་ངོར་ཁོང་ཚོ་ཕལ་མོ་ཆེ་ཉན་རང་གི་ཐེག་པའི་ཁོངས་སུ་གཏོགས།

སྤྱིར་བཏང་ང་ཚོས་ཞིབ་ཚགས་པོས་གཟིགས་ན་བོད་བརྒྱུད་ནང་བསྟན་ནང་རབ་ཏུ་བྱུང་ནས་ཐོས་བསམ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་བྱེད་པའི་གོ་སྐབས་བྱུང་བ་དེ་ཧ་ཅང་སྐལ་བ་བཟང་པོ་རེད་ལ་ཧ་ཅང་དཀོན་པོའང་རེད། ད་ལྟ་འཇིག་རྟེན་འདིའི་ཐོག་སངས་རྒྱས་ཀྱི་བསྟན་པ་ཡོད་ས་ལས་སངས་རྒྱས་ཀྱི་བསྟན་པ་མེད་ས་ཧ་ཅང་གིས་མང་བ་རེད། འདས་པའི་ལོ་ལྔ་བཅུ་དྲུག་ཅུའི་ནང་འཇིག་རྟེན་ཤར་ནུབ་ཀྱི་རྒྱལ་ཁབ་ཚང་མའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་འཕྲིན་ལས་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། ལྷག་དོན་བོད་བརྒྱུད་ནང་བསྟན་གསར་དུ་དར་ཁྱབ་བྱུང་བ་མ་གཏོགས། ཕྱི་ལོ་ ༡༩༥༩ སྔོན་དུ་འཇིག་རྟེན་ཁྱོན་ལ་སྲོལ་རྒྱུན་གྱི་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་རྒྱལ་ཁབ་གསུམ་བཞི་མ་གཏོགས་མེད། དེ་ཚོའི་ནང་དུའང་བོད་དང་རྒྱ་ནག་སོག་པོ་ཉི་ཧོང་སོགས་དབུས་ཤར་ཨེ་ཤི་ཡའི་ལུང་པ་ཁ་ཤས་མ་གཏོགས་ཐེག་ཆེན་གྱི་བསྟན་པ་མེད། དེ་ཙམ་དུ་མ་ཟད་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་ད་ལྟའང་འཛིན་པ་མཁྲེགས་པོ་ཡོད་མཁན་མང་པོ་ཡོད། དེ་བཞིན་ཐེག་པ་ཆེན་པོའི་མདོ་རྣམས་རྗེས་སུ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་གསར་རྩོམ་གནང་བ་མ་གཏོགས། སངས་རྒྱས་རང་ཉིད་ཀྱིས་གསུངས་པ་ཞིག་མ་རེད་ཅེས་ཤོད་མཁན་མགོན་པོ་ཀླུ་སྒྲུབ་མ་བྱོན་གོང་དུ་ཡོད་ལ། མགོན་པོ་ཀླུ་སྒྲུབ་ཀྱི་སྐབས་སུའང་མང་པོ་ཡོད། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མཚོན་ན་མ་ཡན་མར་དང་། ཤྲཱིལངྐཱ༌། ཐའི་ལན་ཌི་གསུམ་པོ་རྒྱལ་ཁབ་དང་མི་རིགས་ཀྱི་ཆ་ནས་ནང་པའི་རྒྱལ་ཁབ་རེད། རྩ་ཁྲིམས་ཀྱི་ནང་དུའང་ནང་པའི་རྒྱལ་ཁབ་ཡིན་ཞེས་གསལ་ཡོད། དེ་ཚོའི་ནང་དུ་ནང་པའི་བསྟན་པ་ཧ་ཅང་ཁྱབ་བརྡལ་ཆེན་པོ་རེད། རབ་ཏུ་བྱུང་བ་ཚོའང་འདུལ་ཁྲིམས་གཙང་མ་དང་ཀུན་སྤྱོད་བཟང་པོ་ཡོད་པ་མ་ཟད། ཁྱིམ་པ་ཚོའང་རབ་བྱུང་ལ་དད་གུས་ཆེན་པོ་རེད། དཔེར་ན་ཐའི་ལན་ཌི་ལ་མཚོན་ན། ཨེ་ཤི་ཡའི་ནང་མི་འབོར་གང་འཚམས་ཆེན་པོ་དང༌། དཔལ་འབྱོར་སོགས་ཀྱི་ཆ་ནས་ཚགས་ཚུད་པོ། ལྷག་པར་དུ་མི་འབོར་བརྒྱ་ཆ་དགུ་བཅུ་གོ་དགུ་ཡས་མས་ནང་པ་ཡིན་པ་དང་། རྒྱལ་པོའང་ནང་པ་ཡིན་པ། རྩ་ཁྲིམས་ཀྱང་ནང་པའི་རྩ་ཁྲིམས་ཡིན་རུང་། དེའི་ནང་ཐེག་པ་ཆེན་པོའི་ཆོས་ཚུལ་གྱི་འཆད་ཉན་རྩ་བ་ནས་མེད། དེར་བརྒྱ་ཕྲག་ཉི་ཤུའི་ནང་དགེ་སློང་མཁས་པ་ཆེན་པོ་མཚན་ལ་བུདྡྷ་དཱས་ཞེས་པ་ཞིག་བྱུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཁོང་ཚར་གཅིག་གཉིས་ཤིག་མཇལ་འཕྲད་གནང་ཡོད། ཁོང་གི་གསུང་རྩོམ་ནང་ཐེག་ཆེན་ལ་དེ་ཙམ་དམའ་འབེབས་བྱས་མེད་ལ། སངས་རྒྱས་ཀྱི་བཀའ་མ་ཡིན་པའང་གསུངས་མེད། ལྷག་པར་དུ་ཁོང་ཚོའི་ནང་དུ་དགྲ་བཅོམ་པ་ཡིན་པར་འདོད་པའི་གནས་བརྟན་བགྲེས་སོང་ཞིག་གི་ཉམས་སྣང་ལ་སངས་རྒྱས་ཀྱི་སྐུ་དངོས་སུ་མཇལ་རྒྱུ་བྱུང་བ་དེའི་རྗེས་ནས་ལྷག་མེད་མྱང་འདས་ཀྱི་སྐབས་སུ་རིག་པ་རྒྱུན་ཆད་པར་འདོད་པ་དེ་ཡིན་བཟོ་མི་འདུག སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུན་ད་ལྟའང་ང་ཚོས་མཇལ་ཐུབ་ཀྱི་འདུག་ཅེས་གསུང་མཁན་བྱུང་ཡོད། གཞན་རྒྱལ་ཁབ་དེ་ཚོ་གསུམ་གའི་གནས་བརྟན་སྡེ་པའི་ཆོས་བརྒྱུད་པ་དེ་ཚོ་འཛིན་པ་ཧ་ཅང་མཁྲེགས་པོ་རེད། དེ་བཞིན་ཐེག་པ་ཆེན་པོའི་བསྟན་པ་ཡོད་སར་མཚོན་ནའང་བོད་དུ་ཡོད་པ་བཞིན་ཐེག་པ་ཆེན་པོའི་བསྟན་པ་ཐོས་བསམ་གྱིས་གཏན་ལ་ཕབ་ནས་རྒྱ་ཆེན་པོ་བྱེད་རྒྱུ་དེ་འདྲ་མེད། དཔེར་ན་སྔགས་ཀྱི་བསྟན་པ་ལྟ་བུར་མཚོན་ན། རྒྱུད་རེ་གཉིས་ཀྱི་འཆད་ཉན་དང་སྒྲུབ་མཆོད་ཀྱི་ཆ་ཤས་ཙམ་ཡོད་པ་མ་གཏོགས། དབང་ལུང་མན་ངག་གི་རྒྱུན་དང་། རྒྱུད་སྡེ་བཞིའི་ལྷ་ཚོགས་ཚང་མའི་སྒྲུབ་མཆོད་དང་ཉམས་ལེན་སྒོམ་སྒྲུབ་བྱ་རྒྱུའི་གོ་སྐབས་མེད། ཐེག་ཆེན་གྱི་བཀར་མཚོན་ནའང་དམ་ཆོས་པད་དཀར་དང༌། བདེ་བ་ཅན་གྱི་ཞིང་གི་བཀོད་པའི་མདོ། དེ་བཞིན་ཐེག་ཆེན་གྱི་ལངྐར་གཤེགས་པའི་མདོ་རྣམས་ལ་སློབ་གཉེར་བྱེད་པའི་ལམ་སྲོལ་དང་གོ་སྐབས་ཡོད་པ་མ་གཏོགས། ང་ཚོ་བོད་པ་བཞིན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡོངས་སུ་རྫོགས་པར་སློབ་གཉེར་བྱེད་པའི་གོ་སྐབས་མེད། དེར་བརྟེན་ལྔ་བརྒྱའི་ཕྲག་དྲུག་པ་འདིའི་ནང་ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་ཆོས་ཀྱི་རྒྱུན་ཆ་ཚང་ཡོད་ས་དེ་ལུང་པའི་ཆ་ནས་བརྩི་ན་བོད་མ་གཏོགས་མེད། གཞུང་ལུགས་ཀྱི་ཆ་ནས་བརྩི་ན་བཀའ་དང་བསྟན་བཅོས་གཉིས་བོད་ཡིག་ནང་ཡོད་པ་བཞིན་སྐད་ཡིག་གཞན་གང་གི་ནང་དུའང་མེད། དེང་སང་བོད་བརྒྱུད་ནང་བསྟན་ཞེས་ཧ་ཅང་རྩ་ཆེན་པོ་བརྩི་བ་དེ་གང་ལ་བརྗོད་ཀྱི་ཡོད་ཅེ་ན། བོད་སྐད་ནང་བཞུགས་པའི་གཞུང་ལུགས་ལ་བརྒྱུད་པ་བར་མ་ཆད་པའི་མན་ངག་དང༌། སྙན་བརྒྱུད་ཀྱི་གདམས་ངག་ཡོད་པའི་ཐོག་རིགས་པའི་ལམ་ནས་བརྡར་ཤ་བཅད་དེ་སློབ་གཉེར་བྱེད་སྟངས་ཡོད་པ་དེ་ལ་བོད་བརྒྱུད་ནང་བསྟན་ཞེས་བརྗོད། སྤྱིར་བཏང་ཐེག་པ་ཆེན་པོའི་མདོ་དང་རྒྱུད། དེ་དག་གི་དགོངས་པ་འགྲེལ་བའི་བསྟན་བཅོས་བརྒྱ་ཆ་དགུ་བཅུ་ཡས་མས་ཤིག་ལེགས་སྦྱར་གྱི་སྐད་དུ་ཡོད། སངས་རྒྱས་ཀྱི་གསུང་སྡུད་པའི་སྐབས་སུའང་ཐེག་པ་ཆེན་པོའི་མདོ་ཚང་མ་ལེགས་སྦྱར་གྱི་སྐད་ནང་བསྡུས་པ་རེད། དེ་རྗེས་ལེགས་སྦྱར་གྱི་སྐད་ནས་སྐད་ཡིག་གཞན་དུ་བསྒྱུར་བའི་སྐབས་རྒྱ་སྐད་དང་བོད་སྐད་གཉིས་མ་གཏོགས། ནང་པའི་རྒྱལ་ཁབ་གཞན་གང་གི་སྐད་དུའང་སངས་རྒྱས་ཀྱི་བཀའ་དེ་ཚོ་བསྒྱུར་མེད། བསྒྱུར་བའི་བློ་ཁོག་ཀྱང་རྙེད་མེད། ལྷག་པར་དུ་སྐབས་དེའི་དགེ་འདུན་གྱི་མཁན་པོ་དང་གནས་བརྟན་ཚོས་སངས་རྒྱས་ཀྱི་གསུང་བཀའ་བསྡུ་གང་དུ་བྱས་པའི་སྐད་དེའི་ནང་མ་གཏོགས་སྐད་ཡིག་གཞན་ནང་བསྒྱུར་ན་ནོར་འཁྲུལ་ཡོང་བའི་དྭོགས་པ་གནང་བར་བརྟེན།  འཕགས་པ་གནས་བརྟན་སྡེ་པའི་རྒྱལ་ཁབ་ཚང་མའི་ནང་སོ་སོ་ཐར་པའི་མདོ་པཱ་ལིའི་ནང་སྐྱོར་བ་མ་གཏོགས་རང་སྐད་དུ་མེད། ལས་ཀྱི་ཆོ་གའི་ཚིག་ཚང་མ་པཱ་ལིའི་སྐད་དུ་སྐྱོར་བ་མ་གཏོགས་སོ་སོའི་སྐད་དུ་བསྒྱུར་མེད་ལ། བསྒྱུར་བའི་གནང་བའང་སྤྲད་མེད། དེར་བརྟེན་ཁོང་ཚོས་ནང་ཆོས་སློབ་སྦྱོང་བྱེད་པའི་སྐབས་སུ་ཐོག་མར་མི་ཚེ་ཕྱེད་ཙམ་པཱ་ལིའི་སྐད་ཡིག་སློབ་སྦྱོང་བྱེད་པ་དང༌། པཱ་ལིའི་སྐད་ཡིག་བྱང་ཆུབ་རྗེས་གཞི་ནས་སྡེ་སྣོད་གསུམ་དང༌། དེ་དག་གི་དགོངས་པ་འགྲེལ་བའི་བསྟན་བཅོས་རེ་ཟུང་ཡོད་པ་རྣམས་ཀློག་གི་ཡོད།

བོད་ལ་མཁན་ཆེན་ཐུགས་རྗེ་ཅན་གྱིས་དགོངས་པ་རླབས་ཆེན་བཞེས་ཏེ་བོད་མི་རབ་ཏུ་བྱུང་ནས་དགེ་སློང་གི་དགེ་འདུན་གྱི་སྡེ་བཙུག་རྒྱུ་དང༌། བོད་སྐད་ནང་སྡེ་སྣོད་གསུམ་བསྒྱུར་ནས་སློབ་སྦྱོང་བྱེད་ཐུབ་པ་མ་བྱུང་ན་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཕྲ་ཚུགས་མི་ཐུབ་ཅེས་བཀའ་གནང་ཡོད། མཁན་ཆེན་ཞི་བ་ཚོའི་ལྷན་དུ་ཕེབས་པའི་དགེ་སློང་དེ་ཚོའི་ནང་ནས་བཀའ་ཡོངས་རྫོགས་བསྒྱུར་ན་འགྲིག་ཨེ་ཡོང༌། འགྱུར་དག་པོ་མ་བྱུང་ན་བསྟན་པར་བསྲེ་ལྷད་ཡོང་རྒྱུ་དང༌། སོ་སོ་ཐར་པའི་མདོ་བསྒྱུར་ན་གང་འདྲ་ཡོང་ཞེས་གསུང་མཁན་བྱུང་ཡོད་ཚོད་འདུག དེར་མཁན་ཆེན་གྱིས་ཆ་འཇོག་གང་ཡང་གནང་མེད་པ་མ་ཟད། ད་དུང་ངེས་པར་དུ་ཆ་ཚང་བོད་སྐད་དུ་མ་བསྒྱུར་ན་བོད་རྒྱལ་ཁབ་འདིར་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་དང་ཆ་ཚང་བ་ཞིག་ཡོང་མི་ཐུབ་པ་དང༌། བོད་མིས་ཐད་ཀར་རང་སྐད་ནང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མེད་ན་མི་འགྲིག་པ། སོ་སོ་ཐར་པའི་མདོ་དང་དགེ་འདུན་གྱི་ལས་ཀྱི་ཆོ་གའི་ཚིག་ལ་སོགས་པ་གཅིག་ལའང་དགག་བྱ་མ་མཛད་པར་བོད་སྐད་དུ་བསྒྱུར་བའི་བཀའ་འཁྲོལ་གནང་བ་རེད། བོད་ཀྱི་སྐད་ཡིག་དེ་ལེགས་སྦྱར་གྱི་སྐད་དང་རྒྱ་གར་གྱི་སྐད་ཡིག་ཁག་ནང་ཡོད་པའི་གཞུང་ལུགས་དེ་ཚོ་བསྒྱུར་རྒྱུར་དམིགས་ནས་ལེགས་སྦྱར་གྱི་སྐད་དང་བརྒྱ་ཆ་བརྒྱ་ཐམ་པ་མཚུངས་པར་བཟོས་ཡོད། ད་ལྟའི་གནས་སྐབས་སུ་ལེགས་སྦྱར་གྱི་སྐད་དུ་གང་མངོན་པར་གསལ་བར་བྱེད་ཐུབ་པ་དེ་བོད་སྐད་ནང་མངོན་པར་གསལ་བར་བྱེད་ཐུབ། དཔེ་མཚོན་ཞིག་ཞུ་ན། ལེགས་སྦྱར་སྐད་ནང་དོན་གཅིག་མིང་གི་རྣམ་གྲངས་ཧ་ཅང་མང་པོ་རེད། མིང་གི་མངོན་བརྗོད་ལེགས་སྦྱར་གྱི་སྐད་ནང་ཡོད་པ་བཞིན་དེང་རབས་ཀྱི་སྐད་ཡིག་གཞན་གང་གི་ནང་དུའང་མེད། དཔེར་ན་ཉི་མ་དང་ཟླ་བ་ལྟ་བུ་ཡིན་ན། ལེགས་སྦྱར་སྐད་དུ་ཉི་མའི་སྐད་དོད་ག་ཚོད་ཡོད་ནའང་ཨིན་སྐད་ནང་སྒྱུར་བའི་སྐབས་སུ་སན་ (Sun) མ་གཏོགས་གཞན་མེད། གལ་ཏེ་གཞན་དུ་བསྒྱུར་ནའང་བཅོས་མ་ལྟ་བུ་ཞིག་ཆགས་རྒྱུ་རེད།  དེ་བཞིན་ཟླ་བ་ལ་མཱུན་ (Moon) ལས་གཞན་གང་ཡང་འབོད་རྒྱུ་མེད། བོད་སྐད་དུ་འོད་དཀར་ཅན་དང༌། ཀུནྡའི་གཉེན། མཚན་མོའི་མགོན་པོ་ཟླ་བའི་མིང་བཅུ་ཕྲག་ཁ་ཤས་ཡོད། དེ་བཞིན་ཉིན་བྱེད་དང༌། སྣང་བྱེད་བདག་པོ། རྟ་ལྗང་ཅན་སོགས་ཉི་མའི་མིང་བཅུ་ཕྲག་ཁ་ཤས་ཡོད། དེར་བརྟེན་ལེགས་སྦྱར་གྱི་སྐད་དུ་དོན་གཅིག་མིང་གི་རྣམ་གྲངས་ག་ཚོད་ཡོད་པ་ཆ་ཚང་བོད་སྐད་དུའང་ཡོད། དེ་བཞིན་ལེགས་སྦྱར་གྱི་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉེ་སྒྱུར་ཉི་ཤུ་ཙམ་ཡོད་པ་ཆ་ཚང་གི་དོད་བོད་སྐད་དུ་ཡོད། སྤྱིར་བོད་སྐད་དང་ལེགས་སྦྱར་གྱི་སྐད་གཉིས་སྐད་ཀྱི་ངོ་བོའམ་རང་བཞིན་གྱི་ཆ་ནས་རྦད་དེ་ལོགས་ཀ་རེད། དཔེར་ན་རྒྱ་གར་ནང་ཧིནྡཱིདང་། བངྒཱལཱི། ཨསཱམི་སོགས་སྐད་རིགས་རྣམས་ཀྱི་རང་བཞིན་དེ་ལེགས་སྦྱར་དང་མཐུན་པ་ཡོད་ནའང་། བོད་སྐད་བཞིིན་དུ་ལེགས་སྦྱར་དང་མཉམ་དུ་འགྲོ་ཐུབ་པའི་ནུས་པ་དེ་མེད། བོད་སྐད་ཀྱི་རང་བཞིན་དེ་ལེགས་སྦྱར་དང་རྩ་བ་ཉིད་ནས་མི་མཐུན་ཞིང་། དཔེར་ན་ལེགས་སྦྱར་ལ་སྲོག་མ་ཞུགས་ན་དོན་མི་སྟོན་པ་ཡིན། བོད་སྐད་དུ་དེའི་ཚབ་ཏུ་རྗེས་འཇུག་མ་ཞུགས་ན་དོན་མི་སྟོན་པ་མ་གཏོགས། སྲོག་ལྡན་སྲོག་མེད་ཀྱི་རྣམ་གཞག་རྩ་བ་ནས་མེད། དེར་བརྟེན་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་སྦྱོར་ཐབས་ལ་བརྟེན་ནས་ལེགས་སྦྱར་སྐད་ནང་གང་ཡོད་པ་བོད་སྐད་ནང་བརྒྱ་ཆ་བརྒྱ་ཐམ་པ་མ་ནོར་བར་བསྒྱུར་ཐུབ་པ་ཡིན། ད་ལྟ་ལེགས་སྦྱར་གྱི་སྐད་དུ་བརླགས་ཟིན་པའི་མདོ་དང་བསྟན་བཅོས་ཧ་ཅང་མང་པོ་བོད་སྐད་ནས་ལེགས་སྦྱར་གྱི་སྐད་དུ་བསྐྱར་གསོ་ཇི་མ་ཇི་བཞིན་བྱེད་ཐུབ་ཀྱི་ཡོད། རྒྱ་ནག་གི་སྐད་ནང་བསྒྱུར་བ་དེ་ཚོ་ནས་ལེགས་སྦྱར་གྱི་སྐད་དུ་བསྐྱར་གསོ་བྱེད་ཐུབ་ཀྱི་མེད། བསྒྱུར་དེ་ཐག་རིང་པོ་ཆགས་ཀྱི་ཡོད།

ང་ཚོ་ལས་ལོ་མང་སྔོན་དུ་རྒྱ་ནག་ནང་བཀའ་དང་བསྟན་བཅོས་བསྒྱུར་མགོ་ཚུགས་ཡོད་ལ། ཕྱི་ལོ་བརྒྱ་ཕྲག་དང་པོ་དང་གཉིས་པའི་ནང་རྒྱ་ནག་གི་སྐད་དུ་མང་པོ་བསྒྱུར་ཟིན། དེ་རྗེས་རྒྱའི་བཙུན་པ་ཝེན་ཚེག་དང་ཕ་ཧི་ཡན་སོགས་རྒྱ་གར་དུ་རྒྱུན་རིང་བཞུགས་ཏེ་བཀའ་བསྟན་མང་པོ་བསྒྱུར་བ་རེད། རང་རེ་བོད་དུ་མ་བསྒྱུར་བ་མང་པོའང་བསྒྱུར་ཡོད། ཡིན་ནའང་དེ་ཚོ་ཚང་མ་དོན་བསྒྱུར་མ་གཏོགས་སྒྲ་ཇི་མ་ཇི་བཞིན་དང་ཚིག་ཐོག་ཚིག་བཞག་གི་བསྒྱུར་རྒྱུར་རྒྱ་སྐད་རང་གི་ནུས་པས་འདང་གི་མེད། གང་ལགས་ཤེ་ན། སྐབས་དེ་དུས་རྒྱ་སྐད་ནི་ཡར་རྒྱས་ཕྱིན་ཟིན་པའི་སྐད་ཡིག་ཅིག་རེད་ལ། རྒྱ་གར་གྱི་སྐད་ཡིག་དང་རང་བཞིན་ཡང་མི་མཚུངས་པ་ཞིག་རེད། གཞུང་རྣམས་བསྒྱུར་མགོ་བཙུག་པའི་སྐབས་སུ་སྐད་དེ་ཡར་རྒྱས་ཕྱིན་ཟིན་པར་བརྟེན། བཟོ་བཅོས་གཏོང་རྒྱུ་མང་པོ་བསྡད་མེད། བོད་སྐད་ནི་ཐོག་མ་ནས་ལེགས་སྦྱར་གྱི་སྐད་དང་མཐུན་ཚབ་གང་ཆེ་དང༌། ལེགས་སྦྱར་གྱི་སྐད་དུ་གང་ཡོད་པ་རྣམས་བསྒྱུར་ཐུབ་པའི་དམིགས་ཡུལ་བཟུང་ནས་སྐད་ཡིག་དེ་ཡར་རྒྱས་ཕྱིན་པ་ཞིག་རེད། སྒྲ་སྦྱོར་བམ་པོ་གཉིས་པ་དང་བྱེ་བྲག་རྟོགས་བྱེད་ཆེན་པོ་རྣམས་ལ་གཟིགས་ན། ཇི་ལྟར་ལེགས་སྦྱར་གྱི་སྐད་ནང་ཡོད་པ་ཚང་མ་བོད་སྐད་དུ་བསྒྱུར་ཐུབ་པ་ཙམ་དུ་མ་ཟད། ལ་ལར་ལེགས་སྦྱར་གྱི་སྐད་ལས་སྤུས་ཀ་ཡག་ཏུ་བཏང་ཡོད་པ་རྣམས་མཁྱེན་རྟོགས་ཐུབ་ངེས། དཔེར་ན་ལེགས་སྦྱར་གྱི་སྐད་དུ་བཅོམ་ལྡན་ཞེས་པར་བཅོམ་པ་དང་ལྡན་པའི་དོན་མ་གཏོགས། འདས་པའི་དོན་དེ་དོན་ལ་ཡོད་ཀྱང་ཚིག་ལ་མེད། དེ་དག་ང་ཚོའི་ལོ་ཙཱ་བ་ཚོས་མཁྱེན་ནས་འདས་ཞེས་བླ་ཐབས་སུ་སྦྱར་བར་བརྟེན། ད་ལྟ་ང་ཚོས་སངས་རྒྱས་ཀྱི་མཚན་ལ་བྷགབཱན་ཞུ་བའི་སྐབས་སུ་བཅོམ་ལྡན་འདས་དང༌། སངས་རྒྱས་མ་ཡིན་པའི་འཇིག་རྟེན་པའི་དྲེགས་པ་ལ་བྷགབཱན་ཞེས་བརྗོད་སྐབས་ལེགས་ལྡན་ཞེས་བསྒྱུར་ཡོད། དེ་བཞིན་རཏྣ་ཞེས་པའི་ཚིག་ལ་རིན་པོ་ཆེ་ཞེས་པ་མ་གཏོགས་དཀོན་པ་དང་མཆོག་གི་སྒྲ་མེད་ཀྱང་། ང་ཚོའི་ལོ་ཙཱ་བ་ཚོས་རྒྱུད་བླ་མའི་ནང་། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།། ཞེས་དོན་ལ་ཡོད་པ་དེ་མཁྱེན་ནས་སྐབས་རེ་དཀོན་མཆོག་ཅེས་བསྒྱུར་ཡོད། དེར་བརྟེན་བོད་སྐད་ནང་བསྒྱུར་བ་དེ་ལེགས་སྦྱར་གྱི་སྐད་ལས་གོ་བདེ་བ་དང་སྟབས་བདེ་བ་ཡོད་པ་ཤིན་ཏུ་མང་། དེས་ན་འཇིག་རྟེན་འདིའི་སྒྲ་སྒྱུར་གྱི་བྱུང་རབས་ནང་ལེགས་སྦྱར་གྱི་སྐད་གཙོ་བོར་གྱུར་པའི་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བའི་འགྱུར་རྣམས་གྲངས་ཀྱི་ཆ་ནས་མང་ཤོས་དང་སྤུས་ཀའི་ཆ་ནས་ཡག་ཤོས་ཡིན་པ་རྩོད་མེད་ཡོངས་གྲགས་རེད། སྤྱིར་བཏང་ནང་པའི་གཞུང་ལུགས་ཀྱི་སྐད་ (Canonical language) བཞིར་བརྩི། དེ་ཡང་ལེགས་སྦྱར་གྱི་སྐད་དང་། པཱ་ལིའི་སྐད། རྒྱ་སྐད། བོད་སྐད་བཅས་རེད། དེ་དག་ཁྲོད་ནས་ནང་པའི་གཞུང་ལུགས་མང་ཤོས་དང་དག་ཤོས་བཞུགས་ས་དེ་བོད་སྐད་གཅིག་པུ་རེད། དེ་ལྟར་བོད་སྐད་ནང་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་སངས་རྒྱས་ཀྱི་གསུང་རྣམས་ལོ་ཙཱ་བ་ཚོས་སྐུ་ལས་བསྐྱོན་ནས་བསྒྱུར་བ་ཙམ་དུ་མ་ཟད། རྒྱ་གར་གྱི་མཁས་པའི་སྐུ་མདུན་ནས་ཞལ་ནས་ཞལ་དང་སྙན་ནས་སྙན་དུ་བརྒྱུད་པའི་གདམས་ངག་རྣམས་ཆད་ལྷག་མེད་པར་ཞུས་པ་རྣམས་ད་ལྟའང་བརྒྱུད་པ་བར་མ་ཆད་པ་དང་བྱིན་རླབས་ལ་སེལ་མ་ཞུགས་པར་བཞུགས་པ་དེ་བོད་པ་གཅིག་པུ་རེད། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། ཨ་ཕའི་ཁ་ཕོར་གཙང་ཞེན་ཟེར་བ་ལྟར་བོད་པར་ཞེན་ཁོག་གི་སྐད་ཆ་གང་ཡང་མིན།

འཇིག་རྟེན་འདིའི་ཐོག་ད་ལྟ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ནང་བོད་སྐད་ཤེས་མཁན་དང་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་པའི་ནུས་པ་དང་གོ་སྐབས་ཡོད་པ་ཧ་ཅང་ཉུང་ཉུང་རེད། བརྒྱ་ཆར་བརྩི་ན་ཀླད་ཀོར་གསུམ་ཙམ་སྦྱར་རྒྱུ་མ་གཏོགས་གྲངས་ཀ་ཡོད་པའི་བརྒྱ་ཆ་ཞིག་ཏུའང་མི་སླེབས། དེར་བརྟེན་བོད་བརྒྱུད་ནང་བསྟན་དང་མཇལ་རྒྱུ་དང༌། བོད་ཀྱི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལ་བརྟེན་པའི་སྐད་ཡིག་དེ་སོ་སོའི་ཕ་སྐད་ཀྱི་ཚུལ་དུ་བེད་སྤྱོད་བྱེད་པའི་གོ་སྐབས་དང་སྐལ་བ་ཡོད་པ་དེ་ཏན་ཏན་ཚེ་སྔོན་མའི་བསོད་ནམས་ཀྱི་བསགས་རྒྱབ་ཆེན་པོ་དང་ལས་སྐལ་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག  དེ་ངོས་འཛིན་ཐུབ་ན་སོ་སོའི་མི་ཚེའི་རིན་ཐང་དེ་ཧ་གོ་རྒྱུ་རེད་ལ། མི་ཚེ་འདི་དོན་ཆེན་པོ་ཇི་ཙམ་ཡིན་པ་དང༌། དེ་དོན་མེད་ལ་བཏང་ན་ཕངས་པོ་ཡིན་པ་གོ་བརྡ་འཕྲོད་ཀྱི་རེད།

སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌མཇལ་རྒྱུ་དཀོན་པོ་རེད། དེའི་ནང་ནས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་ཚང་ལ་མ་ནོར་བ་དང་མཇལ་རྒྱུ་ནི་དེ་བས་ཀྱང་དཀོན་པོ་རེད། འོན་ཀྱང་ང་ཚོས་ད་ལྟ་མཇལ་བ་ཙམ་དུ་མ་ཟད། སོ་སོའི་བློ་གྲོས་ཀྱི་ནུས་པས་ལྕོགས་ན་སློབ་སྦྱོང་བྱེད་པའི་གོ་སྐབས་དང་མཐུན་རྐྱེན་གཉིས་ཀ་ཡོད་པ་རེད། གལ་ཏེ་སློབ་སྦྱོང་བྱེད་པའི་འདུན་པ་དང་གོ་སྐབས་ཡོད་ཀྱང་མཐུན་རྐྱེན་མེད་ན་མི་འགྲིགས་པ་རེད། འདིར་མཐུན་རྐྱེན་མེད་པ་ཞེ་ན་གཞུང་ལུགས་མ་བཞུགས་པ་དང༌། དེ་སྟོན་མཁན་གྱི་བླ་མ་མེད་པ་ལ་བརྗོད། ང་ཚོ་ལ་དེ་དག་ཐམས་ཅད་ཚང་བ་དེ་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པའི་རིན་ཐང་ཅན་ཡིན་པ་མཁྱེན་དགོས་པ་མ་ཟད། དེ་ལྟ་བུའི་དལ་བའི་རྟེན་ལ་སྙིང་པོ་བླང་དགོས་པའང་ཧ་ཅང་ཐུགས་གལ་ཆེན་པོ་རེད།

འདིར་རབ་བྱུང་གི་སྡེའི་ནང་ཡོད་སྟབས་ང་ཚོ་ཚང་མ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཤ་སྟག་རེད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེ་ན། འཁོར་བ་ལ་ཉེས་དམིགས་མཐོང་ནས་དེ་ལས་གྲོལ་འདོད་ཀྱི་ཐར་པ་དོན་གཉེར་གྱི་བློ་ངེས་འབྱུང་གི་བསམ་པས་བསྐུལ་ནས་རབ་ཏུ་བྱུང་བ་མ་གཏོགས། སོ་སོར་ཐར་པའི་སྡོམ་པ་རྣམས་ངེས་འབྱུང་གི་བསམ་པས་སྣེ་ཟིན་པ་མ་བྱུང་ན་རབ་ཏུ་འབྱུང་རྒྱུ་གང་ཡང་མེད། སྤྱིར་བཏང་ཆོས་པ་ལ་སྐྱེས་བུ་ཆུང་ངུའི་ཆོས་པ་དང༌། འབྲིང་དང་ཆེན་པོའི་ཆོས་པའང་ཡོང་སྲིད། ཡིན་ནའང་རབ་ཏུ་བྱུང་བ་ནི་སྐྱེས་བུ་འབྲིང་གི་ཆོས་པ་ཞིག་ངེས་པར་དུ་ཡིན་དགོས། ཐར་པ་དོན་གཉེར་གྱི་བློ་མེད་ན་སོ་སོར་ཐར་པའི་སྡོམ་པ་བླང་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཙམ་ཡང་ཚང་མེད། དེར་བརྟེན་ང་ཚོ་ཚང་མ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་ཚུལ་སློང་གི་སྡོམ་པ་ལེན་མཁན་ཤ་སྟག་ཡིན་སྟབས། ངེས་འབྱུང་གི་བསམ་པ་ཡོད་པ་ཞིག་ཆ་བཞག་ནས་འགྲོ་དགོས། དེ་མིན་སོ་སོར་ཐར་པའི་སྡོམ་ལྡན་ཙམ་ཡང་ཆགས་པའི་གོ་སྐབས་མེད། དེར་བརྟེན་ང་ཚོས་བྱུང་ན་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ་དང༌། དེ་ལྟར་མ་བྱུང་ནའང་ངེས་འབྱུང་གི་བསམ་པའི་རྩིས་ཟིན་ནས་ཐར་པའི་ཕྱོགས་སུ་འགྲོ་བ་དང༌། ཐར་པའི་ཕྱོགས་སུ་གཞོལ་བ་ཞིག་དགོས་རྒྱུ་དེ་མེད་དུ་མི་རུང་བ་རེད། དེ་ལྟ་བུའི་བྱེད་སྟངས་ཀྱང་དཔལ་ནཱལནྡཱའི་སྔོན་བྱོན་གྱི་མཁས་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་རབ་ལ་དཔྱད་པ་མཐིལ་ཕྱིན་གནང་ནས་ང་ཚོས་་ལག་ཏུ་ལེན་བདེ་པོ་བཟོས་ཡོད།

སངས་རྒྱས་ཀྱིས་འདུལ་བའི་ནང་རབ་ཏུ་བྱུང་བའི་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ནོ་ཞེས་ཐག་བཅད་ནས་གསུངས་ཡོད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་སངས་རྒྱས་ཀྱི་གསུང་རྣམས་དགེ་རྒན་གྱི་དྲུང་ནས་ཉན་པའམ་སོ་སོས་ཀློག་སྟེ་ཐོས་བྱུང་དང་བསམས་བྱུང་གི་ཤེས་རབ་སྐྱེད་པར་བྱེད་རྒྱུ་ནི་ཀློག་པ་ཐོས་བསམ་གྱི་བྱ་བ་རེད། ཀློག་པ་ཐོས་བསམ་མཐར་ཕྱིན་ན་གང་ཐོས་པའི་དོན་རང་རྒྱུད་ལ་སྦྱར་ཏེ་སྒོམ་སྒྲུབ་ཉམས་ལེན་ཐོག་ནས་རྟོགས་པའི་ཡོན་ཏན་སྐྱེ་ཐུབ་པར་བྱེད་རྒྱུ་ནི་སྤོང་བ་བསམ་གཏན་གྱི་བྱ་བ་རེད། མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་འདིར་ཁོ་ན་གསུངས་ཡོད། གལ་ཏེ། སྒྲུབ་པར་བྱེད་པ་དག་ཀྱང་ཡིན།། ལྟ་བུ་གསུངས་ཡོད་ན་གཞན་དག་ཅིག་མེད་དམ་བསམ་པའི་ས་ཆ་ཞིག་ལྷག་གི་རེད། དེས་ན། སློབ་དཔོན་དབྱིག་གཉེན་གྱིས། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་པ་འདིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་པར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལས་གཞན་པའི་བྱ་བ་གང་ཡང་མེད་པ་བསྟན། བོད་ལ་འཁོར་ལོ་གསུམ་ཟེར་བའི་བཀའ་མོལ་ཞིག་ཡོད། དེ་ཡང་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་བཅས་རེད། དགེ་འདུན་ཞབས་ཞུ་སྒྲུབ་མཁན་ལས་བྱེད་པ་ཚོས་ཐོས་བསམ་སློབ་གཉེར་བྱེད་མི་དགོས་པ་བཟོ་རྒྱུའི་དོན་དུ་བྱ་བ་ལས་ཀྱི་འཁོར་ལོ་ཞེས་པ་ཞིག་བཟོས་པ་མིན་ནམ་སྙམ། དེ་ནི་ད་ལྟ་རྒྱ་གཞུང་གི་ནང་དུ་རྙེད་མ་སོང༌། རྒྱ་གཞུང་ཧ་ཅང་རྒྱ་ཆེན་པོ་ཡིན་སྟབས། ད་ལྟ་ཡོད་མེད་ཐག་བཅད་ནས་བཤད་མི་ཐུབ། རྒྱ་གཞུང་གི་ནང་དུ་མེད་པ་བོད་པས་གསར་པ་བཟོས་པ་ཧ་ལམ་མེད་པ་ལྟ་བུ་རེད། ཡིན་ནའང་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལས་གཞན་པའི་བྱ་བ་ལས་ཀྱི་འཁོར་ལོ་ཞེས་བརྩི་རྒྱུ་དེ་བོད་པས་གསར་གཏོད་ཅིག་མིན་ནམ་སྙམ་པ་དྲན་གྱི་འདུག དེ་ནི་འདུལ་བའི་ནང་དུ་ཡོད་མ་རེད། མངོན་པའི་ནང་ལའང་མེད། མངོན་པ་མཛོད་ལས། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་ཁོ་ནའི་ཚིག་གིས་གཞན་བཅད་པར་བརྟེན། གསུམ་པ་ཞིག་གི་ས་ཆ་བཞག་མི་འདུག དེས་ན་ང་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཟིན་པའི་རྗེས་སུ་ཉིན་རེ་བཞིན་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བ་མ་གནང་བར་ལྷག་སོང་ན་གྲྭ་ཆས་གྱོན་པ་དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་ཟེར་ན་ངོ་ཚ་དགོས་རྒྱུ་ཞིག་རེད་ལ། དད་རྫས་དང་གཤིན་རྫས་ལ་ལོངས་སྤྱད་ནའང་མ་འོས་པ་རེད། དེར་བརྟེན་རབ་ཏུ་བྱུང་བ་ཚང་མས་ཉིན་རེ་བཞིན་ཐོས་བསམ་ཕྲན་བུ་རེ་གནང་རྒྱུ་དང༌། ཉིན་རེ་བཞིན་སྒོམ་སྒྲུབ་ཉམས་ལེན་སོ་སོས་གང་ནུས་བྱེད་དགོས། སྒོམ་སྒྲུབ་ཟེར་དུས་ལུས་གནད་བཅོས་པ་དང་། ཙོག་པུར་བསྡད་པ། མིག་བཙུམས་ནས་བསྡད་པ་སོགས་མ་ཐུབ་ནའང༌། བསམ་བློའི་ནང་ཡར་རྒྱས་དང་འགྱུར་བ་འགྲོ་རྒྱུའི་ཐབས་ཤེས་དེ་རྟག་ཏུ་གནང་དགོས་པ་ཞིག་རེད། དེའི་བྱེད་སྟངས་ཀྱང་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་སྟབས་བདེ་པོ་གསུངས་པ་དེ་དངོས་གནས་ང་ཚོས་ལག་ལེན་བྱེད་བདེ་པོ་ཞིག་རེད། ཚུལ་ཁྲིམས་ལ་གནས་པའི་ཐོག་ནས་ཐོས་བྱུང་དང་། བསམས་བྱུང་། བསྒོམས་བྱུང་བཅས་ཀྱི་ཤེས་རབ་རིམ་བཞིན་བསྐྱེད་ཐུབ་པའི་ཐབས་ཤེས་བྱེད་རྒྱུ་དེ་རབ་ཏུ་བྱུང་བའི་མི་ཚེ་སྐྱེལ་སྟངས་རེད། ཐོག་མ་དེར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་སྟབས། ཚུལ་ཁྲིམས་དེ་ཡག་པོ་བསྲུང་དགོས་ཤིང་། དགེ་ཚུལ་ཡིན་ན་བླངས་འདས་སོ་དྲུག་གི་གྲངས་དང་ངོ་བོ་ཡན་ལག་རྣམས་རགས་པ་ཙམ་ངོ་ཤེས་པ་གནང་རྒྱུ་དེ་ཧ་ཅང་ཐུགས་གལ་ཆེན་པོ་རེད། བྱུང་ན་འདུལ་བའི་གཞུང་རྒྱ་ཆེན་པོ་ལ་ཐོས་བསམ་གནང་དགོས་པ་དང་། མ་བྱུང་ནའང་བསླབ་བྱ་གནམ་རྩེ་ལྡེང་མ་དང་སྡོམ་གསུམ་བསླབ་བྱ་ལྟ་བུ་ནས་དགེ་ཚུལ་གྱི་བསྲུང་བྱ་རྣམས་ཡག་པོ་ངེས་པར་བྱེད་དགོས། དགེ་སློང་ཡིན་ན་འདུལ་བའི་གཞུང་རྒྱ་ཆེན་པོར་གཟིགས་མ་ཐུབ་ནའང་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་གྲངས་དང་ངོ་བོ་དེ་ཚོ་ངེས་པར་དུ་མཁྱེན་དགོས། དེ་བཞིན་དུ་ཟླ་བ་ཕྱེད་ལ་དེ་དང་འགལ་བའི་ཉེས་ལྟུང་འབྱུང་མིན་བརྟག་དགོས། ང་ཚོ་བོད་ལ་ལྟུང་བ་གླེང་སློང་དང་བཤགས་སྡོམ་བྱེད་པའི་ལུགས་སྲོལ་དེ་ཉམས་པ་རེད། གནས་བརྟན་སྡེ་པའི་རྒྱལ་ཁབ་དེ་ཚོའི་ནང་ལའང་ཉམས་ཚར་འདུག གཞན་ལྟུང་བ་གང་འདྲ་བྱུང་བ་ཡིན་ནའང་ལྟུང་བས་མ་གོས་པའི་དགེ་སློང་ཞིག་གི་མདུན་དུ་གསོ་སྦྱོང་གི་སྔོན་དུ་བཤགས་དགོས་ཀྱི་ཡོད། དེ་བཤགས་པའི་རྗེས་སུ་གསོ་སྦྱོང་གི་སོ་སོ་ཐར་པའི་མདོ་ཉན་པའི་སྐབས་དགེ་སློང་ཡིན་ན་ལྟུང་བ་མ་བཤགས་པ་མེད་པ་ཞིག་དགོས། ཡིན་ནའང་ང་ཚོས་སྟབས་བདེ་པོ་བྱས་ཏེ་བྱིན་རླབས་བརྒྱབས་པ་རེད། དེ་ནས་སླར་དགེ་སློང་གི་དགེ་འདུན་གྱི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིའོ།། ཞེས་ང་ཚོ་ཚང་མས་བརྗོད་ཀྱི་ཡོད་ཀྱང་། སླར་བགྱིད་མཁན་སུའང་མེད། དེར་བརྟེན་ང་ཚོ་རྫུན་མ་ལྟ་བུ་ཞིག་ཆགས་ཀྱི་ཡོད། གང་ལྟར་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱི་བར་སྤྲོ་བ་སུའང་མ་མཆིས་ན་ལྟུང་བ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླར་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིའོ།། ཞེས་གསུངས་པ་དེ་དངོས་གནས་བྱས་ན་དེ་ཏག་ཏག་དགོས་ཀྱི་ཡོད་ཀྱང་ད་ཆ་ཆོ་ག་ཕྱག་ལེན་ལྟ་བུ་ཞིག་ཏུ་གྱུར། དེ་ལྟར་ལྟུང་བ་བྱིན་རླབས་བྱས་ནས་གསོ་སྦྱོང་བྱེད་མུས་རེད། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་ཚེ་མཆོག་གླིང་རི་ཁྲོད་གསར་དུ་བསྐྲུན་པའི་སྐབས་སུ་དེ་ཚོ་འདུལ་ཁྲིམས་གཞིར་བཟུང་ཕྱག་ལེན་དུ་གནང་རྒྱུ་བཟོས་ཡོད་ཚུལ་འདུག་ཀྱང་། རྗེས་སུ་ཉམས་པ་ཡིན་ཚོད། གང་ལྟར་ལྟུང་བའི་གྲངས་དང་ངོ་བོ་ཡན་ལག་དེ་ཚོ་མཁྱེན་ནས་བསྲུང་དགོས་པ་དང༌། ལྷག་པར་དུ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ན་རབ་བྱུང་ཙམ་མ་ཟད་ཁྱིམ་པས་ཀྱང་སྤོང་དགོས། བཅས་རྐྱང་གི་ཁ་ན་མ་ཐོ་བ་རྣམས་དུས་ནས་དུས་སུ་ཟླ་བ་ཕྱེད་དུ་གསོ་སྦྱོང་བྱེད་པའི་སྐབས་སུ་བསྔོ་བགྲང་དང་བཤགས་སྡོམ་བྱེད་དགོས་པ་དེ་ཚོ་ཧ་ཅང་གལ་ཆེན་པོ་རེད།

ཚུལ་ཁྲིམས་ཡང་དག་པ་ཡོང་རྒྱུའི་གཞི་རྩ་གཙོ་བོ་གཅིག་ནི་དགེ་འདུན་རྣམས་ཐུགས་མཐུན་པོ་དགོས་རྒྱུ་དེ་རེད། དགེ་འདུན་མཐུན་པ་བདེ་བ་སྟེ།། མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།། ཞེས་གསུངས་པ་ལྟ་བུ་རེད། དགེ་འདུན་མཐུན་པ་དེ་ཚུལ་ཁྲིམས་རྣམ་པར་དག་པ་ཡོང་རྒྱུའི་མཐུན་རྐྱེན་བླ་ན་མེད་པ་ཞིག་རེད། སངས་རྒྱས་ཀྱི་དགེ་འདུན་མཐུན་པ་ཡོང་སྟངས་དེ་དེང་སང་ཤོད་པའི་མང་གཙོའི་ལམ་སྲོལ་ཟེར་བ་ལས་ཧ་ཅང་གི་ཚད་མཐོ་བ་རེད། དེང་རབས་ཀྱི་མང་གཙོའི་ལམ་སྲོལ་ནང་མི་མང་བའི་འདོད་པ་མཐུན་ན་ཉུང་བའི་འདོད་པར་རྩིས་མེད་བཏང་ནས་འགྲོ་རྐྱང་རེད། འོན་ཀྱང་འདུལ་བའི་ནང་ཉུང་མོས་གཙོ་ཆེ་བ་ཡིན། དགེ་སློང་བརྒྱ་ཐམ་པ་འདུས་པའི་དགེ་འདུན་ནང་དགེ་སློང་གཅིག་གི་མོས་པ་མ་མཐུན་ན་ལས་སུ་འགྲོ་རྒྱུ་མེད། འདུལ་བའི་ནང་དགེ་འདུན་གྱི་ལས་དེ་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་ཅེས་གསུངས་པ་ནི་མི་བཟོད་པ་གཅིག་གིས་དེ་ལ་མོས་མཐུན་མེད་ཅེས་བརྗོད་ན་ལས་དེ་འགག་འགྲོ་བ་རེད། ང་ཚོ་མི་དགུ་བཅུ་གོ་དགུ་མོས་པ་མཐུན་ཡོད། ཁྱོད་ཀྱིས་དེ་ལྟར་བརྗོད་ན་མི་འགྲིགས་ཞེས་གསུང་མི་ཆོག  གང་ལྟར་བསྒོ་བ་དང་བཞམས་བསྒོའི་ལམ་ནས་གང་ཟག་གཅིག་མོས་པ་མ་མཐུན་པ་དེ་སྤྱི་མོས་ཡོང་བའི་ཐབས་ཤེས་གནང་རྒྱུ་དེ་འདུལ་བའི་ལུགས་སྲོལ་རེད། གནའ་སྔ་མོ་ཡེ་ཤུའི་ནང་དུའང་དེ་འདྲ་ཡོད་ཚོད་འདུག དཔེར་ན་ཡེ་ཤུའི་བླ་ཆེན་འདེམས་པའི་སྐབས་སུ་ག་ཚོད་ཐུབ་ཐུབ་ཀྱིས་སྤྱི་མོས་ཡོང་བར་ཉིན་མང་པོར་འབད་བརྩོན་བྱེད་ཀྱི་ཡོད་འདུག དེར་བརྟེན་སྔ་མོའི་མང་གཙོའི་ལམ་སྲོལ་ནང་གང་ཟག་གཅིག་གི་མོས་པ་དེ་གལ་ཆེན་པོ་བརྩི་བ་རེད། དགེ་འདུན་གྱི་མཚམས་གཅིག་ཏུ་བཞུགས་པ་དེ་ཚོ་ནས་ལས་ལ་དངོས་སུ་འདུ་མ་ཐུབ་ནའང་འདུན་པ་བཞེས་པ་དང་འདུན་པ་ཕུལ་བ་རེད། འདུན་པ་ཕུལ་ཟེར་བ་ནི་དེང་སྐབས་ངའི་འོས་ཤོག་དེ་ཁྱེད་ཚོའི་མཉམ་དུ་བཏང་བ་ཡིན་ཞེས་བརྗོད་པ་ལྟ་བུ་རེད། དེས་གང་མཚོན་པ་རེད་ཅེ་ན། དགེ་འདུན་གྱི་བྱ་བ་གང་ཞིག་བསྒྲུབ་དགོས་ནའང་ཚང་མས་གོ་བསྡུར་དང་། བསམ་འཆར་བཏོན་པ། དེ་ནས་རྒྱུ་མཚན་ཡང་དག་པ་དེའི་ཐོག་ཚང་མས་སྤྱི་མོས་འགྲོ་རྒྱུ་ཞིག་ཡིན་དུས། དགེ་འདུན་མཐུན་པ་ཟེར་བ་དེ་དངོས་གནས་གང་ཟག་མི་རེ་ངོ་རེའི་བསམ་བློ་དང་འདུན་པ་མཐུན་པ་ཞིག་ཐོག་ནས་ཡོང་ཐུབ་རྒྱུ་དང༌། དེའི་ཆེད་དུ་སོ་སོའི་བསམ་ཚུལ་དང་འདུན་པའང་མངོན་པར་གསལ་བར་བྱེད་པའི་གོ་སྐབས་དང་ཐབས་ལམ་གཉིས་ཀ་འདུལ་བའི་ནང་གསུངས་ཡོད་དུས། དགེ་འདུན་མ་མཐུན་པ་ཡོང་བའི་གཞི་རྩ་མེད་པ་ལྟ་བུ་རེད། དེས་ན་ཐུགས་མཐུན་པོ་དགོས་རྒྱུ་དེ་ཧ་ཅང་ཐུགས་གལ་ཆེན་པོ་རེད།

དེའི་རྗེས་སུ་ཐོས་བསམ་དེ་རེད། ཐོས་བསམ་གནང་སྟངས་ནི་བོད་ཀྱི་སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཚོས་བསམ་གྱིས་མི་ཁྱབ་པའི་དགོངས་པ་བཞེས་ནས་ང་ཚོར་ཧ་ཅང་བྱེད་བདེ་པོ་བཟོས་ཡོད། དེང་རབས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་མཁན་ཚོས་ཤོད་པ་དེ་ཚོ་ང་ཚོས་ལོ་སྟོང་ཕྲག་གི་སྔོན་ནས་ལག་ལེན་དུ་བསྟར་མུས་རེད། དེང་སང་སློབ་སྦྱོང་གི་ཁྱད་མཁས་པ་ཚོས་སློབ་ཚན་གོ་སྒྲིག་ (Curriculum development) བྱེད་རྒྱུར་ཧ་ཅང་གལ་ཆེན་པོ་བརྩི་གི་ཡོད། སློབ་ཚན་གོ་སྒྲིག་བྱེད་སྟངས་ཡག་པོ་མ་བྱུང་ན་སློབ་སྦྱོང་ཚད་ལྡན་ཡོང་རྒྱུར་དཀའ་ངལ་ཡོང་བ་དེ་དེང་རབས་པ་ཚོས་ཀྱང་བཤད་ཀྱི་ཡོད། དེར་བརྟེན་ང་ཚོའི་སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཚོས་སློབ་ཚན་གོ་སྒྲིག་བྱེད་སྟངས་དེ་བསམ་གྱིས་མི་ཁྱབ་པའི་ཡག་པོ་གནང་ཡོད་པས་གསར་པ་བཟོ་དགོས་རྒྱུ་གང་ཡང་མེད། གང་ལྟར་ཚུལ་ཁྲིམས་ལ་གནས་པའི་ཐོག་ནས་ཐོས་པ་དང་བསམ་པ་ལ་ཇི་ལྟར་འཇུག་པ་དང༌། འཇུག་པའི་རིམ་པ་ཇི་ལྟར་ཡིན་པ་གསལ་པོ་བསྟན་ཡོད། སྤྱིར་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་མམ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་ཧ་ཅང་གི་གྲངས་མང་བ་དང་རྒྱ་ཆེན་པོ་རེད། དཔེར་ན་བཀའ་འགྱུར་ལྟ་བུ་ཐེངས་གཅིག་ཀློག་པར་ཡང་ལོ་གཅིག་འགོར་ན་སློབ་སྦྱོང་བྱེད་རྒྱུར་ཇི་ཙམ་འགོར་བ་བཤད་ག་ལ་དགོས། དེས་ན་ང་ཚོས་ཇི་ལྟར་སློབ་སྦྱོང་བྱེད་དགོས་པ་དང་། སློབ་སྦྱོང་བྱེད་སྟངས་ཀྱང་སོ་སོའི་འདུན་པ་དང་བསྟུན་ནས་ཐབས་ལམ་གསལ་པོ་བཟོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག རྒྱ་གར་གྱི་སྔར་གྱི་ལེགས་བཤད་ནང་ཡོད་པ་ཇོ་བོ་རྗེས་བསྐྱར་དུ་བོད་ནང་གསུངས་པ་ནི་འདི་ལྟར། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌།། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་པོར་བླང་བར་བྱ།། ཞེས་གསུངས་པ་ལྟར་ཚེ་འདི་ནི་ཧ་ཅང་གི་དུས་ཚོད་ཐུང་ངུ་དང་། ཚེ་ཚད་ག་ཚོད་ཡོད་པ་མི་ཤེས་པ། དེ་བཞིན་ཤེས་བྱའི་རྣམ་གྲངས་ཧ་ཅང་མང་བ། དཔེར་ན་མངོན་པའི་སྡེ་སྣོད་རྐྱང་པར་སློབ་སྦྱོང་བྱེད་ནའང་མི་ཚེ་ཁ་ཤས་བཏང་ན་མ་གཏོགས་མ་འདང་བ་ལྟ་བུ་རེད། དེར་བརྟེན་སློབ་སྦྱོང་བྱེད་དུས་སོ་སོའི་ཁ་ཚ་དགོས་གཏུག་གི་ཉམས་ལེན་གྱི་དགོས་མཁོ་རྣམས་སྔོན་ལ་བསླབ་དགོས་པ་དང་། གལ་ཏེ་འདོར་དགོས་གཅིག་ཀྱང་མེད་ནའང་སྔ་རྟིང་བང་ཡག་པོ་བསྒྲིག་རྒྱུ་གལ་ཆེན་པོ་ཡིན་པ་དེ་ཇོ་བོ་རྗེས་གསུངས་ཡོད།

དེ་བཞིན་རྗེ་རིན་པོ་ཆེས། སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར།། ལང་ཚོ་མི་སྡོད་རྒྱུ་བ་རི་གཟར་ཆུ།། དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས།། བདག་གིས་རིག་གནས་གང་ལ་སྦྱང་སྙམ་ན།། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང༌།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌།། ཞེས་དོན་ཚན་གསུམ་ཟུར་དུ་བཏོན་ཡོད། ཐོས་བསམ་སློབ་གཉེར་བྱེད་པའི་ལག་ཆ་ལྟ་བུ་དེ་ཚད་མ་རིག་པའི་གཞུང་ཡིན་ཞིང་། དེ་གཟིགས་ཏེ་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ཡོང་དགོས་པ་དང༌། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་མེད་ན་སྤོམ་བཤད་དང་སྤྱི་བཤད་ཙམ་ལས་བརྟན་པོ་ཡོང་མི་ཐུབ། དེ་ཡོང་བར་རང་གི་བློས་དཔྱད་ནུས་པའི་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་དགོས། རིགས་ལམ་ཕྲ་མོ་རྣམ་པར་འབྱེད་པའི་རྣམ་དཔྱོད་དེ་རྩལ་ལམ་ལག་ཆ་ལྟ་བུར་ཁྱེར་ནས་ཐོས་བསམ་བྱས་པ་དེ་ལག་ལེན་ལ་འཁྱེར་མ་ཤེས་ན་ཆོས་དྲེད་དང་ཐོས་རྐྱང་ལ་འགྲོ་ཉེན་ཡོད། དེ་ནས་ཐོས་རྟགས་ཞི་ཞིང་དུལ་བའི་ཚབ་ཏུ་ཐོས་རྟགས་ང་རྒྱལ་ཆེ་བ་ཆགས་ཉེན་ཡོད། འགའ་ཞིག་ཐོས་པ་མང་པོ་བསགས། དཔེ་ཆ་མང་པོ་བཀླགས། གཞུང་མང་པོ་སྦྱངས་ནས་གང་ཙམ་མཁས་པ་ཆགས་ན། ད་ང་ཧ་ཅང་མཁས་པ་ཡིན་སྙམ་པའི་ང་རྒྱལ་སྐྱེས་ན་ཐོས་པ་དེ་ཐོས་པར་མ་ཕྱིན་པའི་རྟགས་རེད། དེ་ནི་ཉམས་ལེན་ལ་འཁྱེར་མ་ཤེས་པའམ་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཁྱེར་ཤེས་པའི་གནད་འགག་དེ་མ་གོ་བ་ལ་བརྟེན་ནས་བྱུང་། དེར་བརྟེན་གང་ཐོས་པ་དེ་ཉམས་ལེན་ལ་འཁྱེར་ཐུབ་པ་ཞིག་དགོས། དེ་ལྟ་བུའི་ཐོས་པའི་དོན་དེ་བསྟན་བཅོས་བརྩམས་ནས་གཞན་ལ་འདོམས་དགོས་བྱུང་ན་དེའི་ཚིག་སྦྱོར་ཚུལ་ལ་མཁས་པ་དེ་དགོས། དེས་ན་དེ་གསུམ་མེད་དུ་མི་རུང་བ་རེད།

སྤྱིར་བཏང་དེ་འདྲའི་རྒྱབ་ལྗོངས་ཀྱི་ཐོག་ནས་ང་ཚོ་བོད་ལ་སློབ་གཉེར་བྱེད་པའི་མགོ་དེར་བསྡུས་གྲྭ་དང་། བློ་རིག རྟགས་རིགས། སེམས་སེམས་བྱུང་ལ་སློབ་སྦྱོང་བྱེད་ཅིང་། བསྡུས་གྲྭ་སློབ་པའི་སྐབས་སུ་རྒྱུ་འབྲས་ཆེ་ཆུང༌དང་། རྫས་ལྡོག སྤྱི་བྱེ་བྲག ལྡོག་པ་ངོས་འཛིན། ཡིན་ལོག་མིན་ལོག་སོགས་ཆ་ཚང་ཚད་མའི་གཞུང་ལུགས་རྒྱ་ཆེན་པོའི་ནང་ནས་རུག་རུག་བཟོས་པ་རེད། བོད་ཀྱི་བསྡུས་གྲྭ་བཞིན་ལས་སླ་པོས་སློབ་སྦྱོང་བྱེད་ཆོག་དེ་འདྲ་རྒྱ་གར་གྱི་མཁས་པ་ཚོས་བཟོས་གནང་མི་འདུག སྤྱིར་བཏང་བསྡུས་གྲྭ་ལྟ་བུ་ཕྱོགས་གླང་གི་གསུང་ནང་དུའང་ཡོད། དེ་ཡང་ཚད་མ་རིགས་པའི་སྒོ་དང་ཚད་མ་རིགས་པ་ལ་འཇུག་པ་ཞེས་པ་གཉིས་ཡོད། ཚད་མ་རིགས་པ་ལ་འཇུག་པ་དེ་བོད་སྐད་དུའང་བསྒྱུར་ཡོད།  དེ་གཉིས་ནང་ཚད་མའི་རྣམ་གཞག་གང་ཙམ་རུག་རུག་བཟོས་ཏེ་ང་ཚོའི་བསྡུས་གྲྭ་ལྟ་བུ་ཡོད། ཡིན་ནའང་ང་ཚོའི་བསྡུས་གྲྭ་བཞིན་ལྟ་བདེ་པོ་མེད། ང་ཚོའི་བསྡུས་གྲྭ་དེ་ཡག་པོ་སྦྱངས་ན་རྗེས་སུ་གཞུང་ཆེན་མོར་སློབ་སྦྱོང་བྱེད་པའི་སྐབས་སུ་གནད་འགག་ཐུག་ས་ལ་ཏག་ཏག་འགྲོ་ཆོག་ཡོད། དེ་སློབ་ཚན་ནང་འདེམས་སྟངས་དེ་ཧ་ཅང་ཡག་པོ་བྱུང་འདུག དང་པོ་བསྡུས་གྲྭའི་ནང་བསྡུས་ཚན་ཆ་ཚང་རྫོགས་རྗེས་རྟགས་རིག་སྦྱང་རྒྱུ་དང་། དེ་རྗེས་བློ་རིག་དང་སེམས་སེམས་བྱུང་གི་རྣམ་གཞག་ལས་བློ་ཡི་རྣམ་གཞག་ཡོངས་རྫོགས་སྦྱང་རྒྱུ། དེ་ཚོ་ཡག་པོ་ཤེས་པའི་རྗེས་སུ་ཕར་ཕྱིན་དང་། དབུ་མ། མཛོད། འདུལ་བ་བཅས་གང་ལ་བལྟས་ནའང་དེ་ཚོའི་ནང་ཡོང་རྒྱུའི་དཀའ་གནད་མང་ཆེ་བའི་གཞི་རྩའི་འགྲོ་སྟངས་ནས་ཤེས་བསྡད་ཡོད། ལྷག་པར་དུ་རྟགས་རིགས་ཡག་པོ་ཤེས་ན་རིགས་ལམ་གྱི་ཐོག་ནས་བརྟག་དཔྱད་བྱེད་སྟངས་དེ་བྱང་ཆུབ་པ་ཆགས་པ་ཡིན། གཞུང་ཆེན་བཀའ་པོད་ལྔར་ཕྱེ་བ་དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོངས་རྫོགས་ལ་སྟབས་བདེ་པོས་སློབ་གཉེར་བྱེད་པའི་ལམ་དེ་ཧ་ཅང་གསལ་པོ་དང་འཆར་གཞི་ཡག་པོ་བྱུང་ཡོད། ཚད་མ་རིག་པ་བལྟས་ནས་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ཀྱིས་མི་ཕོངས་པ་དང་། དེ་རྗེས་ཕར་ཕྱིན་ལ་མང་ཆེ་བས་མངོན་རྟོགས་རྒྱན་གཙོ་བོ་བྱེད་ཀྱི་ཡོད། སྤྱིར་བཏང་བྱམས་ཆོས་སྡེ་ལྔ་ཡོད། དེ་ལྔའི་ནང་མངོན་རྟོགས་རྒྱན་གྱིས་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བསྟན་བྱ་དངོས་པོ་བརྒྱད་དང་དོན་བདུན་ཅུ་སྟབས་བདེ་པོ་དང་ཉམས་ལེན་ལ་འཁྱེར་ཆོག་བསྟན་ཡོད་ཅིང་། དེའི་བརྒྱུད་ནས་འབུམ་གྱི་འགྲེས་རྐང་བརྒྱ་རྩ་བརྒྱད་སོགས་ཕར་ཕྱིན་གྱི་ལམ་ཡོངས་སུ་རྫོགས་པ་སྟབས་བདེ་པོས་བསྟན་པའི་ཕར་ཕྱིན་གྱི་གཞུང་དང༌། དེ་རྗེས་ལྟ་བ་གཏན་ལ་འབེབས་པའི་ཆེད་དུ་དབུ་མའི་གཞུང༌ཡིན། འདུལ་བ་ནི་གཞུང་རང་རྐང་པ་ཞིག་དང་རབ་ཏུ་བྱུང་བས་ཉམས་སུ་ལེན་རྒྱུ་ཞིག་རེད། མངོན་པ་ནི་རྒྱ་མཚོ་ལྟ་བུ་ཡོད་པ་ནས་བོད་ལ་མངོན་པ་མཛོད་དེ་དར་ཆེ་ཤོས་རེད། མངོན་པ་ཀུན་ལས་བཏུས་པ་དེ་སྤྱིར་བཏང་གཟིགས་མཁན་ཡོད་ཀྱང་གདན་སའི་སློབ་ཚན་དུ་བཞག་མེད། དེ་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་སྡེ་སྣོད་གསུམ་གྱི་བརྗོད་བྱ་ཡོངས་སུ་རྫོགས་པ་ཤིང་རྟ་ཆེན་པོས་དགོངས་པ་བཀྲལ་བ་བཞིན་ཚ་ཚང་གཟིགས་ཐུབ་པའི་འཆར་གཞི་བསྒྲིགས་ཡོད། དེར་བརྟེན་འདི་ག་གྲྭ་ཚང་ལྟ་བུར་མཚོན་ནའང་གཞུང་ཆེན་པོར་སློབ་གཉེར་གནང་སྐབས་ཚད་མ་དང་། ཕར་ཕྱིན། དབུ་མ། འདུལ་བ། མཛོད་བཅས་བཀའ་པོད་ལྔ་པོ་རྒྱས་བསྡུས་ལ་མ་ལྟོས་པར་ཆ་ཚང་བ་སློབ་གཉེར་གནང་ཐུབ་དགོས་པ་དེ་ཧ་ཅང་ཐུགས་གལ་ཆེན་པོ་རེད། དེའི་ནང་ནས་གང་རུང་ཞིག་ཆ་མ་ཚང་ན་སྡེ་སྣོད་གསུམ་གྱི་བརྗོད་བྱ་ཡོངས་སུ་རྫོགས་པ་དེ་རྡོག་ཏུ་དྲིལ་བ་ཞིག་མཁྱེན་མི་ཐུབ།

འགའ་ཤས་ཀྱིས་སློབ་ཚན་མང་པོ་དང་གཞུང་རྒྱ་ཆེན་པོ་ཡིན་པ་ལ་བརྟེན་ནས་འབ་སུ་འདུ་གི་མ་རེད་སྙམ་པའི་ཞུམ་པ་སྐྱེ་སྲིད། དེ་འདྲའི་ཞུམ་པ་སྐྱེ་དགོས་དོན་རྩ་བ་ནས་མེད། དགེ་རྒན་ཚོས་ཞུམ་པ་དེ་ངེས་པར་དུ་འགོག་པའི་ཐབས་ཤེས་བྱེད་དགོས། དགེ་རྒན་གྱིས་དགེ་ཕྲུག་གི་སློབ་ཚན་གྱི་རྒྱ་ཁྱོན་ལ་བརྟེན་པའི་ཞུམ་པ་དེ་འགོག་མ་ཐུབ་ན་དགེ་རྒན་གྱི་མཚན་ཉིད་ཚང་གི་མེད། སེམས་མི་འགོང་བ་ཉིད་ལ་སོགས།། ཞེས་གསུངས་པ་བཞིན་ཡོངས་འཛིན་གྱི་མཚན་ཉིད་དང་པོ་སེམས་མི་འགོང་བར་བྱེད་རྒྱུ་དེ་རེད། མི་འགོང་བ་ནི་མི་ཞུམ་པའམ་མི་སྐྲག་པ་དོན་ཡིན། ལར་ནས་གདུལ་བྱའི་བསམ་བློའི་ནང་པོ་ཏི་ཆེ་ཆུང་དང་ཤོག་གྲངས་མང་ཉུང་ལ་བལྟས་ནས་འཇིགས་སྣང་དང་ཞུམ་པ་མི་སྐྱེ་བའི་ཆེད་དུ་བསྟན་བཅོས་རྣམས་ཀྱི་མགོར་མདོར་བསྟན་དང་ལུས་རྣམ་བཞག་ཅེས་པ་དེ་ཡོང་གི་ཡོད། དཔེར་ན། མངོན་རྟོགས་རྒྱན་ལ་མཚོན་ན་དངོས་པོ་བརྒྱད་དེའི་བཤད་བྱ་རེད་ཅེས་བསྟན་དུས་དགེ་ཕྲུག་ཚོས་སྟབས་བདེ་པོ་འདུག་དྲན་གྱི་རེད། གང་ལྟར་སློབ་ཚན་མང་ཉུང་དང་དུས་ཚོད་རིང་ཐུང་གི་བསམ་ཚུལ་མེད་པར་གཞུང་དེའི་བཤད་བྱའི་དོན་ཡོངས་སུ་རྫོགས་པ་ཉམས་འོག་ཏུ་ཆུད་པར་བྱས་ཏེ། དེ་ནས་སྐབས་རེ་ཚིག་དོན་གཉི་ག་བསྡུས་པ་དང་། སྐབས་རེ་ཚིག་རྒྱས་ལ་དོན་བསྡུས་པ། སྐབས་རེ་དོན་བསྡུས་ལ་ཚིག་རྒྱས་པ། སྐབས་རེ་ཚིག་དོན་གཉི་ག་རྒྱས་པ་ལྟ་བུའི་མི་འདྲ་བ་སྣ་ཚོགས་ཐོག་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་དང་ཐབས་ལམ་གཉིས་ཀ་ཡོད་མུས་རེད། ལ་ལ་ལས་དོན་གཞན་ལས་ཚིག།།གཞན་ལས་རྣམ་གྲངས་མིང་གིས་ཏེ།། མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང།། དོན་བསྡུས་དེ་ཙམ་ཤེས་པར་བྱ།། ཞེས་གསུངས་པ་བཞིན་སེམས་མི་འགོང་བ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་མ་བྱུང་ན་བརྩོན་འགྲུས་མི་ཡོང་། སྡུག་རུས་བྱས་པས་ཕན་ཐོགས་གང་ཡང་མེད། དེ་ནི་དཀའ་ལས་ཁག་རོགས་རེད། བརྩོན་པ་ཡོད་ན་ཆུ་ཚོད་ཉེར་བཞི་ལ་སློབ་སྦྱོང་བྱེད་ནའང་དཀའ་ལས་ཁག་རྒྱུ་མེད། དེས་ན། བརྩོན་གང་དགེ་ལ་སྤྲོ་བ་འོ།། ཞེས་བསླབ་བྱའི་དོན་ལ་ཇི་ཙམ་སློབ་སྦྱོང་བྱས་པ་དེ་ཙམ་གྱིས་བསམ་བློའི་ནང་དགའ་སྤྲོ་དང་ཚིམས་པ་སླེབས་རྒྱུ་ཞིག་ལ་བརྩོན་འགྲུས་ཟེར། གང་ལྟར་སློབ་ཕྲུག་གི་བསམ་བློ་དེ་ཞུམ་པ་མེད་པ་ཆགས་ན། དེ་ནས། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། ཅེས་བསླབ་བྱའི་དོན་རྣམས་བསྟན་དགོས་པ་ཡིན། དཔེ་ཆ་འཁྲིད་པའི་རྗེས་སུ་དཔེ་ཆར་གོ་བ་རྙེད་རྒྱུ་དང་གཏིང་ཟབ་པས་དོན་གོ་དཀའ་བར་བྱུང་ན་དེ་སེལ་རྒྱུ་དེ་དགེ་རྒན་གྱི་ལས་ཀ་རེད། དེར་བརྟེན། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། ཞེས་རྗེ་བཙུན་བྱམས་པ་མགོན་པོས་བསྡོམས་ཆེན་པོ་ཞིག་བརྒྱབས་ཡོད། དེ་ལྟར་སློབ་གཉེར་བྱེད་མཁན་ཡིན་ནའང་བསྡོམས་བརྒྱབས་ནས་འགྲོ་རྒྱུ་ཞིག་ཡོད་རེད། སློབ་ཁྲིད་གནང་མཁན་ཡིན་ནའང་བསྡོམས་བརྒྱབས་ནས་ཕེབས་ཐུབ་རྒྱུ་ཡོད་པ་ཞིག་རེད། དེས་ན་ད་ལྟ་འདིར་སློབ་གཉེར་གྱི་ལས་རིམ་ཚུགས་པ་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པ་དང༌། དེ་བཞིན་བསྟན་པ་ལ་འཇུག་པའི་གོ་རིམ་མ་འཆོལ་བ་དང་བསྟན་པའི་རྣམ་གཞག་ཆ་ཚང་བ་ཤེས་པར་ཕན་ཐོགས་ཡོད།

བོད་ནི་རྒྱ་མིའི་བཙན་འོག་ཏུ་ཧ་ཅང་དཀའ་ངལ་ནང་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་ཞེས་པའི་ཕྱི་ལ་ཡོད་པའི་བོད་པའི་དགོན་སྡེ་མང་ཆེ་བ་འདུ་འཛོམས་ཀྱིས་ཐག་གཅོད་ཅིག་གནང་འདུག  དེ་ནི་དགོན་པ་ཆུང་ཁག་ཡིན་ན་དམིགས་བསལ་མ་གཏོགས། གྲྭ་པ་བརྒྱ་ཕྲག་ཡོད་པའི་དགོན་པ་ཞིག་ཡིན་ཕྱིན་བཤད་གྲྭ་དང་། སྒྲུབ་གྲྭ། སློབ་གྲྭ་བཅས་གསུམ་པོ་ངེས་པར་དུ་དགོན་པས་འཛིན་སྐྱོང་བྱེད་དགོས་ཞེས་པ་དེ་རེད། ཉེ་ཆར་བོད་ནས་ཕེབས་མཁན་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས་སོང་ལ། ན་ནིང་ང་འབྲས་སྤུངས་ལ་ཁོང་ཚོ་ཐུག་དུས་དེ་འདྲ་གསུང་གི་འདུག དེ་ནི་ཧ་ཅང་རླབས་ཆེན་གྱི་ཐག་གཅོད་ཅིག་རེད། སློབ་གྲྭ་འཛུགས་རྒྱུ་ནི་དེང་རབས་ཀྱི་དགོས་མཁོ་དང་བསྟུན་ལོ་གཞོན་པ་ཚོར་གལ་ཆེན་པོ་ཆགས་ཡོད། བཤད་གྲྭ་དང་སྒྲུབ་གྲྭ་གཉིས་དགེ་འདུན་གྱི་སྡེའི་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད། དེར་བརྟེན་བཙན་འོག་ཏུ་ཡོད་པའི་དགོན་སྡེ་ཚོས་དེ་ཙམ་དགོངས་བཞེས་ཀྱིས་བློ་ཁོག་གནང་ཐུབ་པ་དེ་ཧ་ཅང་གཟི་བརྗིད་ཆེན་པོ་རེད། ང་ཚོ་འདིར་རང་དབང་ལུང་པའི་ནང་ཡོད་པ་ཚོས་དེ་བས་ཀྱང་འཐུས་ཤོར་མ་ཕྱིན་པ་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པའི་རབ་བྱུང་ཞིག་བྱེད་དགོས་ཞེས་བཀའ་གནང་བ་དེར་གོ་རྒྱུ་ཆེན་པོ་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་ནང་པའི་རབ་བྱུང་བྱས་ནས་བསྡད་ཐུབ་རྒྱུར་ཀླན་ཀ་ (Challenge) ཧ་ཅང་མང་པོ་རེད། གལ་ཏེ་ལག་ཐོགས་ཁ་པར་དང་།  Laptop, Computer, iPad སོགས་འཁྱེར་བ་ཞིག་ལ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པའི་རབ་བྱུང་ཡིན་པར་དགོངས་ན་རྦད་དེ་ནོར་བ་རེད། གང་ལྟར་དེ་ཚོའི་མཉམ་དུ་བསྡད་ནས་ད་དུང་སོ་སོའི་འདུལ་ཁྲིམས་དང་ཞི་ཞིང་དུལ་བའི་སེམས་དེ་སྲུང་སྐྱོབ་ཐུབ་པ་ཞིག་དགོས་ཤིང་། ཕྱིའི་ཀླན་ཀའི་གཞན་དབང་དུ་མ་སོང་བ་ཞིག་གི་ཐོག་ནས་བསྡད་ཐུབ་དགོས།  ད་ལྟ་ང་ཚོ་ལས་དང་པོ་བ་རེད། སྔོན་མ་ཡིན་ན་དེ་ཙམ་ཟིང་ཆ་དང་འཁྲུག་ཆ་དོད་པོ་མེད་པའི་སྐབས་སུའང་འདུ་འཛི་ལས་གཡོལ་བའི་དབེན་པ་བསྟེན་རྒྱུ་དེ་ལས་དང་པོ་བའི་བྱེད་སྟངས་ཤིག་རེད། ང་ཚོར་ད་ལྟ་དེའི་གོ་སྐབས་མེད། དུས་རབས་ཉེར་གཅིག་པའི་ནང་ཚང་མའི་མཉམ་དུ་བཤིབས་ནས་འགྲོ་རྒྱུ་མ་གཏོགས་བྲོས་ནས་འགྲོ་ས་གང་ཡང་མེད། ཕྲ་རྒྱས་སྤངས་པ་མ་ཡིན་དང༌།། ཡུལ་ནི་ཉེ་བར་གནས་པ་དང༌།། ཚུལ་བཞིན་མ་ཡིན་ཡིད་བྱེད་ལས།། ཉོན་མོངས་རྒྱུ་ནི་ཚང་བ་ཡིན།། ཞེས་གསུངས་པ་བཞིན་ད་ལྟའི་གནས་སྐབས་སུ་ཉོན་མོངས་སྐྱེ་བའི་ཡུལ་ཧ་ཅང་མང་པོ་ཉེ་བར་གནས་པ་དེ་ཡོད་མུས་རེད། དེ་ཚོ་དང་མཉམ་དུ་གནས་པའི་ཐོག་ནས་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཇེ་ཉུང་དུ་བཏང་ནས་ཕྱིའི་འདུ་འཛིའི་རྣམ་པ་དེ་ཚོས་ནང་སེམས་ཀྱི་ཞི་དུལ་མ་བརླགས་པ་ཉར་ཐུབ་པའི་ཐབས་ཤེས་བྱེད་རྒྱུ་དེ་ཏན་ཏན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པའི་ཆོས་པ་བྱེད་པའི་དགོངས་དོན་གཙོ་བོ་དེ་འདྲ་ཞིག་ཡིན་དགོས་ཀྱི་རེད། དེ་དང་ཆབས་ཅིག་ཏུ་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་བརྡ་འཕྲིན་གྱི་དུས་རབས་ (Age of information) རེད་ཅེས་བརྗོད་ཀྱི་ཡོད། དེའི་བརྒྱུད་ནས་ང་ཚོའི་ནང་པའི་གཞུང་ལུགས་ཀྱི་ནང་དུ་ཡོད་པའི་གལ་གནད་ཆེ་བའི་དོན་དེ་ཚོ་འཇིག་རྟེན་ཡོངས་ཀྱིས་མཉམ་སྤྱོད་དང༌། འཇིག་རྟེན་ཡོངས་ལ་ཁྱབ་སྤེལ་བྱེད་པའི་ལས་འགན་དེའང་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པར་ཡོད་པ་ཞིག་རེད།

ད་ལྟ་ང་ཚོ་དུས་ཚོད་ལྔ་བརྒྱའི་ཕྲག་ཐ་མ་འདི་འདྲ་ཞིག་ལ་སླེབས་ཡོད་ནའང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ལྟ་བུའི་ལམ་སྟོན་གྱི་དགེ་བའི་བཤེས་གཉེན་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ། སློབ་གཉེར་བྱེད་པའི་གཞུང་སོགས་མ་ཚང་བ་མེད་པ་ཡོད་པའི་སྐབས་འདིར་ཧ་ཅང་གི་དོན་ཆེན་པོ་ཡིན་དགོངས་ནས་ཚང་མས་ཐོས་བསམ་སློབ་གཉེར་དང་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བར་རྒྱུན་དུ་བརྩོན་པ་ཞིག་བྱུང་ན། རང་གི་མི་ཚེ་དོན་དང་ལྡན་པ་དང་། འཇིག་རྟེན་སྤྱིའི་སེམས་ཅན་ཡོངས་རྫོགས་ལ་ཕན་ཐོགས་པ། བོད་ཀྱི་བསྟན་པ་དང་མི་རིགས་ཀྱི་ཞབས་འདེགས་འགྲུབ་པ་ཡིན་ལ། དལ་བ་དོན་དང་ལྡན་པའང་ཆགས་པ་རེད།

ལྷག་པར་དུའང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་མིན་ཐོས་པ་ཐོས་རྐྱང་ལ་ཕྱིན་ནས་ལམ་གོལ་ཉེན་ཡོད། རྗེ་རིན་པོ་ཆེས། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།། བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི།། རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག།།ཅེས་གསུངས་པ་བཞིན་ཐོས་བྱུང་གི་ཤེས་རབ་དེ་མངོན་པ་འོག་མའི་ནང་རང་གི་ཤེས་རབ་མིན་པར་གཡར་བའི་ཤེས་རབ་ཡིན་ཞེས་གསུངས་ཡོད། དེར་བརྟེན་ཐོས་བྱུང་གི་ཤེས་རབ་དེ་རིགས་པ་བཞིས་བརྟགས་ཤིང་དཔྱད་དེ་བསམས་བྱུང་གི་བློས་ངེས་ཤེས་རྙེད་པ་ཞིག་མ་བྱུང་ན་མི་འགྲིགས་པ་ཡིན། བསམས་བྱུང་གིས་ངེས་ཤེས་རྙེད་པའི་རྗེས་སུ་བར་ཆད་མ་བྱུང་ན་ཚེ་འདིའི་འཁྲི་བ་ཆོད་པ་དེ་རང་བཞིན་གྱིས་ཡོང་རྒྱུ་ཞིག་རེད། གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ།། བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ།། ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས།། དབེན་པ་བསྟེན་ནས་ཚུལ་བཞིན་བསྒྲུབ་པར་ཤོག །ཅེས་རྗེ་རིན་པོ་ཆེས་ཐུགས་སྨོན་གནང་བ་བཞིན་ང་ཚོས་ཀྱང་སྨོན་ལམ་བརྒྱབས་ཏེ་གང་ཐུབ་ལག་ལེན་དུ་བསྟར་རྒྱུའི་ཐབས་ཤེས་གནང་ན་བསྟན་པ་དང་འགྲོ་བ། སྤྱི་དང་སྒེར་ཚང་མར་ཕན་ཐོགས་ཡོད་པ་དང། དལ་འབྱོར་ཐོབ་པ་དོན་དང་ལྡན་པ་ཞིག་ཡོང་རྒྱུར་བརྟེན། ཚང་མས་ཐུགས་ལ་བཅང་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།། ཞེས་གསུངས།། །།

(༢༠༡༣ ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ལྷོ་ཕྱོགས་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ཐུགས་མཐུན་ཁྲིམས་གཙང་དང་ཐོས་བསམ་སློབ་གཉེར་ཞུ་ཕྱོགས་ཐད་གནང་བའི་གསུང་བཤད།)