༈  དབུས་གཙང་ལོ་རྒྱུས་ཆེན་མོའི་ཕྱག་དེབ་དབུ་འབྱེད་གནང་བ།

༄༅།། ༢༠༢༠ ཕྱི་ཟླ་ ༣ ཚེས་ ༣ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ་དབུས་གཙང་ལོ་རྒྱུས་ཆེན་མོའི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོར་གདན་འདྲེན་ཞུས་པ་བཞིན་ཆེད་ཕེབས་གནང་ཞིང་།  ཐོག་མར་དབུས་གཙང་ཚོགས་པའི་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་ནས་ངོ་སྤྲོད་གསུང་བཤད་དང་།

ཕྱག་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་སློབ་དཔོན་སྟོབས་ལགས་ནས་ཕྱག་དེབ་ཀྱི་སྐོར།  སྐུ་བཅར་རྣམ་རྒྱལ་གྲྭ་ཚང་སློབ་གྲྭའི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་དཔེ་དེབ་བཀླགས་པའི་མྱོང་ཚོར།  དབུས་གཙང་ཚོགས་པའི་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་སློབ་ཡོན་ཐེབས་རྩ་དབུ་འབྱེད།  དཔེ་དེབ་ཀྱི་རྩོམ་སྒྲིག་པ་དང་ཞུ་དག་པ་པར་སྐྲུན་སྦྱིན་བདག་བཅས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་གསོལ་བསྩལ་སོགས་གྲུབ་རྗེས།

སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྐད་ཡིག་གི་གལ་གནད་དང་སྤུས་ཚད་སོགས་དང་།  བོད་དུ་དེ་བྱུང་རིག་པའི་གནས་སྟངས་ཧ་ཅང་ཞན་ཚུལ།  དེ་བྱུང་རིག་པར་གང་དང་གང་མཁོ་མིན་སོགས་ལས་བརྩམས་ཏེ་གསུང་བཤད་རྒྱས་པར་བསྩལ།  དེ་ནས་ཚོགས་པའི་ངོས་ནས་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་ཞིག་འབུལ་ལམ་ཞུས། མཐར་ཚོགས་པའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ།  སྐབས་དེར་སྤྱི་འཐུས་ལས་ཟུར་དང་། ཤེས་ཡོན་པ།  གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ་སོགས་ཕེབས་འདུག