༈ གུཝཱཧཱཊཱི་ལ་དྲན་རྟེན་གསུང་བཤད་གནང་བ།

༄༅།། ༢༠༢༠ ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཨསམ་མངའ་སྡེའི་རྒྱལ་ས་གུཝཱཧཱཊཱིར་རྟེན་གཞི་བྱས་པའི་ GLP Social Circle ཞེས་པའི་ཚོགས་པའི་གོ་སྒྲིག་འོག་ཤྲཱིམནྟ་ཤཾཀརདེབ་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོར་སྐུ་ཞབས་ཇི་ཨེལ་ཨགྲཝཱལ་གཤེགས་པའི་ལོ་དང་པོའི་དྲན་རྟེན་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་གདན་འདྲེན་ཞུས་པ་བཞིན་ཆེད་ཕེབས་གནང་ཞིང་།

ཐོག་མར་མར་མེ་ཞལ་འབྱེད་དང་། དེ་ནས་སྡིངས་ཆའི་ཐོག་བཞུགས་པའི་སྐུ་མགྲོན་རྣམས་ལ་མངོན་བསྟོད་ཕྱག་རྟགས་འབུལ་བཞེས། GL Publications Ltd. དེའི་ངེས་སྟོན་པ་ལྕམ་ནེཧཱ་ཨགྲབཱལ་མཆོག་གི་དགའ་བསུའི་གསུང་བཤད། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་ཌོཀ་ཊར་མུཀུནྡམ་ཤརྨཱ་མཆོག་གིས་སྐུ་ཞབས་ཇི་ཨེལ་ཨགྲཝཱལ་དམ་པ་དེའི་སྐུ་ཚེ་དང་ཕྱག་ལས་ཐོག་གསུང་བཤད།

སྐུ་མགྲོན་གཙོ་བོ་རིན་པོ་ཆེའི་སྐོར་ངོ་སྤྲོད་མདོར་བསྡུས། དེ་རྗེས་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཞི་བདེ་དང་དྲང་བདེན་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། ད་ལྟའི་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་འདིའི་འོག་དངོས་ཡོད་ཀྱི་ཞི་བདེ་དང་དྲང་བདེན་ཡོང་ཐབས་དཀའ་ལུགས་དང་། ཞི་བདེ་དང་དྲང་བདེན་ངོ་མ་ཞིག་ཡོང་བར་གང་དང་གང་གནང་དགོས་སོགས་རྒྱས་པར་གསུངས།

ཚོགས་འདུའི་ཚོགས་གཙོ་ཨསམ་སཱཧིཏྱ་སབྷཱའི་ཚོགས་གཙོ་ཌོཀ་ཊར་ཀུལདྷར་སེཀིཡ་མཆོག་གི་གསུང་བཤད། མཐར་ GLP Social Circle ཚོགས་པའི་ཚོགས་གཙོ་སྐུ་ཞབས་སམཱིར་ཨགྲབཱལ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ།  སྐབས་དེར་ཁུལ་དེའི་ཤེས་ཡོན་པ་དང་། དཔོན་རིགས། དགེ་རྒན་སོགས་ཕྱོགས་ཡོངས་ནས་མི་སྣ་ཕེབས་ཡོད།  GLP Social Circle ཞེས་པའི་ཚོགས་པ་དེས་རིན་པོ་ཆེ་མཆོག་ལ་ཟླ་ཤས་སྔོན་ནས་གདན་ཞུ་ཕུལ་བ་ཞིག་ཡིན་འདུག ཚེས་ ༡༥ ཉིན་གུང་གུཝཱཧཱཊཱི་ནས་ཕེབས་ཐོན་གྱིས་ཕྱི་དྲོ་དིལླཱིར་འབྱོར་དང་ཚེས་ ༡༦ ཉིན་སྔ་དྲོ་དིལླཱི་ནས་ཕེབས་ཐོན་གྱིས་དྷརྨཤཱལཱར་བདེ་འབྱོར་བྱུང་བ་བཅས།