༈  གནས་མཆོག་རྡོ་རྗེ་གདན་དུ་མཛད་འཕྲིན་བསྐྱངས་པ།

༄༅།།  ༢༠༡༩ ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྔ་དྲོ་སྦེང་ལོར་ནས་ཕེབས་ཐོན་གྱིས་ཝཱ་རཱ་ཎ་སཱི་བརྒྱུད་ག་ཡཱ་གནམ་ཐང་དུ་འབྱོར་རྒྱུ་ཡིན་རུང་།  གནམ་གྲུ་ཕྱིར་འཐེན་བྱས་པར་བརྟེན། པཊ་ནཱ་བརྒྱུད་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་སྐབས་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་ལས་སྣེ་རྣམ་པས་བསུས་ཏེ་དུས་འཁོར་ཐང་ཆེན་གྱི་ཉེ་འགྲམ་དུ་ཆགས་པའི་གསོལ་མགྲོན་ཁང་ Seven Inn དུ་གདན་དྲངས།

ཚེས་ ༣༡ ཉིན་རྒྱབ་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པ་ཚོའི་ལྷན་དུ་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་སྟོན་པའི་སྐུ་བརྙན་བྱིན་ཅན་ལ་མཆོད་མཇལ་དང་ཞལ་འདོན་གནང་།

༢༠༢༠ ཕྱི་ཟླ་ ༡ ཚེས་ ༡ ཉིན་ཡུལ་གྲུ་སྣ་ཚོགས་ནས་ཕེབས་པའི་མི་སྣ་མཇལ་ཞུ་བ་རྣམས་ལ་དུས་ཚོད་བསྩལ།

ཚེས་ ༢ ཉིན་སྔ་དྲོ་༧གོང་ས་མཆོག་གིས་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་གནང་བར་བཅར།

ཉིན་རྒྱབ་རྒྱ་ནག་དང་ལྷོ་ཀོ་རི་ཡ་ནས་ཕེབས་པའི་མི་ཚོགས་དང་། དེ་བཞིན་གཞན་དག་བཅས་མཇལ་བཅར་བ་རྣམས་ལ་དུས་ཚོད་གནང་།

ཕྱི་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ནས་གསོལ་འདེབས་ཞུས་པ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་ Seven Inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པར་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་བསྐྱེད་རྒྱས་པའི་རྩ་ཚིག་ཐོག་ནས་འགྲེལ་བཤད་གནང་མགོ་ཚུགས།

ཚེས་ ༣ ཉིན་སྔ་དྲོ་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་དབང་གནང་བར་བཅར།

ཉིན་རྒྱབ་ཕྱི་རྒྱལ་ཡུལ་གྲུ་སྣ་ཚོགས་ནས་ཕེབས་པའི་མི་ཚོགས་དང་། དེ་བཞིན་གཞན་དག་བཅས་མཇལ་བཅར་བ་རྣམས་ལ་དུས་ཚོད་གནང་།

ཕྱི་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པར་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་བསྐྱེད་རྒྱས་པའི་རྩ་ཚིག་ཐོག་ནས་འགྲེལ་བཤད་མུ་མཐུད་གནང་།

ཚེས་ ༤ ཉིན་སྔ་དྲོ་༧གོང་ས་མཆོག་གིས་འཇམ་དབྱངས་ཆོས་སྐོར་སྔ་ལོའི་འཕྲོ་སྐྱོང་གནང་བར་བཅར།

ཕྱི་དྲོ་ཨ་རི་དང་བལ་ཡུལ་ནས་ཕེབས་པའི་མི་ཚོགས་སྐོར་གཅིག་ལ་མཇལ་ཁ་བསྩལ།

ཕྱི་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པར་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་བསྐྱེད་རྒྱས་པའི་རྩ་ཚིག་ཐོག་ནས་འགྲེལ་བཤད་མུ་མཐུད་གནང་།

ཚེས་ ༥ ཉིན་སྔ་དྲོ་༧གོང་ས་མཆོག་གིས་འཇམ་དབྱངས་ཆོས་སྐོར་མུ་མཐུད་གནང་བར་བཅར།

ཕྱི་དྲོ་ཡུལ་གྲུ་སྣ་ཚོགས་ནས་ཕེབས་པའི་མཇལ་བཅར་བ་རྣམས་ལ་དུས་ཚོད་གནང་།

ཕྱི་དྲོ་བོད་ཟླ་ ༡༡ ཚེས་ ༡༠ ལ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་གྱི་ Seven Inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བྲག་གཡབ་རྟོག་ལྡན་རིན་པོ་ཆེ་དང་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པས་བདེ་མཆོག་དང་འབྲེལ་བའི་བླ་མ་མཆོད་པའི་ཚོགས་རྒྱས་པ་ཞིག་འབུལ་སྐབས་བཅར།

ཚེས་ ༦ ཉིན་སྔ་དྲོ་༧གོང་ས་མཆོག་གིས་འཇམ་དབྱངས་ཆོས་སྐོར་མུ་མཐུད་གནང་བར་བཅར།

ཉིན་གུང་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་གདན་འདྲེན་ཞུས་པ་བཞིན་བྲག་གཡབ་རྟོག་ལྡན་རིན་པོ་ཆེ་དང་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པའི་ལྷན་དུ་རྡོ་རྗེ་གདན་གྱི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཉིན་གུང་གསོལ་ཚིགས་ལ་བཅར།

ཉིན་རྒྱབ་ཡུལ་གྲུ་གང་ས་ནས་ཕེབས་པའི་མཇལ་ཞུ་བ་རྣམས་ལ་དུས་ཚོད་བསྩལ།

ཕྱི་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པར་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་བསྐྱེད་རྒྱས་པའི་རྩ་ཚིག་ཐོག་ནས་འགྲེལ་བཤད་མུ་མཐུད་གནང་།

ཚེས་ ༧ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་མཧཱ་བོདྷཱིའི་ཚོགས་ཁང་དུ་༧སྐྱབས་རྗེ་ཀིརྟིའི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བ་དེར་བཅར།

ཉིན་གུང་ཀིརྟིའི་གྲྭ་ཚང་ནས་གདན་འདྲེན་ཞུས་པ་བཞིན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་ལྷན་དུ་གསོལ་ཚིགས་ལ་བཅར།

ཉིན་རྒྱབ་གང་ས་ནས་ཕེབས་པའི་མཇལ་བཅར་བ་རྣམས་ལ་དུས་ཚོད་གནང་།

ཚེས་ ༨ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བྲག་གཡབ་རྟོག་ལྡན་རིན་པོ་ཆེ་དང་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་རྣམ་པའི་ལྷན་དུ་རྒྱལ་པོའི་ཁབ་ཀྱི་རི་བོ་ངོས་ཡངས་སུ་བཀའ་བསྡུ་དང་པོ་གནང་ཡུལ་ལོ་མ་བདུན་པའི་རི་ཕུག་(བདེ་ཅན་ཕུག) གནས་མཇལ་དུ་ཕེབས་ཏེ།  ཞལ་འདོན་གནང་བ་མ་ཟད།  སློབ་དཔོན་ཟམ་གདོང་རིན་པོ་ཆེས་གནས་བཤད་ཀྱང་གནང་།

ཚེས་ ༩ ཉིན་རྒྱབ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བྲག་གཡབ་རྟོག་ལྡན་རིན་པོ་ཆེ་དང་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་རྣམ་པའི་ལྷན་དུ་ག་ཡཱའི་གྲོང་ཁྱེར་གྱི་ཉེ་འདབས་ག་ཡཱ་མགོ་རིར་(དེང་སང་ས་ཆ་དེར་རྒྱ་གར་བས་བྲཧྨ་ཡོ་ནཱི་ཞེས་འབོད།) གནས་མཇལ་དུ་ཕེབས་ཤིང་།  དེ་ཉིན་པཎ་ཆེན་བསོད་ནམས་གྲགས་པའི་དགོངས་རྫོགས་འཁེལ་བར་བརྟེན་གནས་མཆོག་དེར་གསོལ་འདེབས་པད་ཚལ་བཞད་པའི་ཉིན་བྱེད་གཙོས་ཞལ་འདོན་རྣམས་གནང་བ་མ་ཟད།  སློབ་དཔོན་ཟམ་གདོང་རིན་པོ་ཆེས་གནས་བཤད་ཀྱང་གནང་།

ཚེས་ ༡༠ ཉིན་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་ཉེ་འགྲམ་དུ་ཆགས་པའི་སམནྦཡ་བསྟི་གནས་སུ་སྐུ་ཞབས་དྭཱརིཀཱ་སུནྡརཱནཱི་མཆོག་མཇལ་འཕྲད་གནང་ཞིང་།  ཁོང་ནི་དགུང་ལོ་ ༩༧ སོན་པའི་གཱཾནྡྷཱིའི་རྗེས་འཇུག་གྲགས་ཅན་ཞིག་ཡིན།

ཉིན་རྒྱབ་ཡུལ་གྲུ་གང་ས་ནས་ཕེབས་པའི་མཇལ་བཅར་བ་རྣམས་ལ་དུས་ཚོད་བསྩལ།

ཚེས་ ༡༡ ཉིན་རྒྱབ་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་མཇལ་བཅར་དང་། དེ་ནས་ Root Institute ལ་བཟོད་པ་རིན་པོ་ཆེ་མཇལ།

ཚེས་ ༡༢ སྔ་དྲོ་གནས་མཆོག་རྡོ་རྗེ་གདན་ནས་ཕེབས་འཐོན་གནང་ཁར་བྱང་ཆུབ་མཆོད་རྟེན་ལ་མཆོད་མཇལ་དུ་ཕེབས།  ཉིན་རྒྱབ་ག་ཡཱ་ནས་ཐོན་ཏེ་ཕྱི་དྲོ་དིལླཱིར་འབྱོར།

ཚེས་ ༡༣ ཉིན་སྔ་དྲོ་ཚེའི་ཡེ་ཤེས་དགེ་རྩའི་ (AyurGyan Nyas) ལས་ཁུངས་སུ་ཚོགས་འདུར་བཅར། ཕྱི་དྲོ་མི་སྣ་མཇལ་བཅར་བ་འགའ་ཞིག་ལ་དུས་ཚོད་བསྩལ།

ཚེས་ ༡༤ ཉིན་རྒྱབ་དིལླཱི་ནས་འཐོན་མཁན་ཡིན་རུང་། གནམ་གཤིས་ཀྱིས་རྐྱེན་པས་གནམ་གྲུ་མ་འཕུར།

ཚེས་ ༡༥ ཉིན་སྔ་དྲོ་དིལླཱི་ནས་ཐོན་ཏེ་དྷརྨ་ཤཱ་ལཱར་འབྱོར་བ་བཅས།