༈  ལྷོ་ཕྱོགས་མོན་གོར་དུ་མཛད་འཕྲིན་བསྐྱངས་པ།

༄༅།།  ༢༠༢༠ ཕྱི་ཟླ་ ༢ ཚེས་ ༡༢ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ནས་ཕེབས་ཐོན་གྱིས་སྦེང་ལོར་བརྒྱུད་ཧུབ་ལི་གནམ་ཐང་དུ་འབྱོར་སྐབས་འབྲས་སྤུངས་བློ་གསལ་གླིང་གི་ཕྱག་མཛོད་དང་ཚྭ་བ་ཁང་ཚན་གྱི་ལས་སྣེ་སོགས་ཀྱིས་བསུས་ཏེ་ཉིན་གུང་གསོལ་ཚིགས་ཆེད་ཟ་ཁང་དུ་ཞིག་ཏུ་གདན་འདྲེན་ཞུས།  དེ་ནས་ཕྱི་དྲོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཕེབས་འབྱོར་སྐབས་དབུ་ཆོས་གསུམ་དང་ཕྱག་མཛོད་སོགས་ཀྱིས་བསུས།

ཚེས་ ༡༣ ཉིན་མཇལ་མཁན་རྣམས་ལ་གོ་སྐབས་བསྩལ།

ཚེས་ ༡༤ ནས་ཚེས་ ༡༨ བར་ཉིན་ལྔའི་རིང་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་ཤེས་ཀྱི་འགྲེལ་པ་བུདྡྷཔཱལིཏའི་བཀའ་ཁྲིད་མུ་མཐུད་ཀྱིས་མཇུག་སྐྱོང་གནང་ཞིང་།  གསུང་ཆོས་ཀྱི་སྔོན་དང་རྗེས་སུ་མཇལ་མཁན་མང་པོར་གོ་སྐབས་བསྩལ།

ཚེས་ ༡༩ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་གཙུག་ལག་ཁང་ཆེན་མོར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་།  ཤར་པ་ཆོས་རྗེ་རིན་པོ་ཆེ་བློ་བཟང་རྡོ་རྗེ་མཆོག  བློ་གླིང་མཁན་ཟུར་རྟོག་ལྡན་རིན་པོ་ཆེ་མཆོག  བློ་གླིང་མཁན་ཟུར་དཀོན་མཆོག་པ་སངས་མཆོག  བློ་གླིང་མཁན་ཟུར་བློ་བཟང་ཡེ་ཤེས་མཆོག  རྒྱུད་སྨད་མཁན་ཟུར་མཐུ་སྟོབས་མགོན་པོ་མཆོག  སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་གྲྭ་ཚང་གི་གནས་བརྟན་བགྲེས་སོང་རྣམས་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་མ་ཟད།  ཉིན་གུང་གསོལ་ཚིགས་ཀྱང་ལྷན་རྒྱས་བཏེགས། ཕྱི་དྲོ་མཇལ་མཁན་རྣམས་ལ་གོ་སྐབས་བསྩལ།

ཚེས་ ༢༠ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་ནས་གསོལ་འདེབས་ཞུས་པ་བཞིན་གྲྭ་ཚང་གི་གཙུག་ལག་ཁང་ཆེན་མོར་དགེ་འདུན་འདུས་མང་ཡོངས་ལ་སློབ་མས་བླ་མ་ཇི་ལྟར་བསྟེན་པའི་ཚུལ་དང་། དེང་དུས་སུ་རབ་བྱུང་བ་ཚོར་ཤེས་ཡོན་དང་ཀུན་སྤྱོད་ཅི་འདྲ་ཞིག་དགོས་མིན་ཐོག་གསུང་བཤད་གནང་། ཕྱི་དྲོ་མཇལ་མཁན་རྣམས་ལ་གོ་སྐབས་བསྩལ།

ཚེས་ ༢༡ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་ལྷན་འཛོམས་སར་ཕེབས་བཞུགས་མཛད། ཕྱི་དྲོ་མཇལ་མཁན་རྣམས་ལ་གོ་སྐབས་བསྩལ།

ཚེས་ ༢༢ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ནས་ཕེབས་ཐོན་གྱིས་ཕྱི་དྲོ་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཀྲྀཥྞམཱུརྟི་ཐེབས་རྩ་ཁང་དུ་འབྱོར།  བོད་ཀྱི་ལོ་གསར་རིང་དེར་སྐུ་ལྷོད་གནང་།

ཚེས་ ༢༦ ཉིན་སྔ་དྲོ་ཀྲྀཥྞམཱུརྟི་ཐེབས་རྩ་ཁང་ནས་ཕེབས་ཐོན་གྱིས་ཕྱི་དྲོ་དིལླཱིར་འབྱོར།

ཚེས་ ༢༧ ཉིན་སྔ་དྲོ་དིལླཱི་ནས་དྷརྨཤཱལཱར་འཐོན་རྒྱུ་ཡིན་རུང་། དྷ་སའི་གནམ་གཤིས་ངན་པས་གནམ་གྲུ་འཕུར་མ་ཐུབ་པར་བརྟེན། ཕྱི་དྲོ་དིལླཱི་ནས་ཨམྲྀཏསར་ཐོན་ཏེ་མཚན་ཕྱིས་པོར་དྷརྨཤཱལཱར་འབྱོར་བ་བཅས།