༈ ཞི་གནས་དང་ལྷག་མཐོང་།

༄༅།། དེང་སང་སྒོམ་ཟེར་བའི་སྐབས་སུ་འབར་མའི་ (Burma) ཐེག་པ་ཐུན་མོང་བའི་བརྒྱུད་རིམ་ཡོད་པ་གོ་ཡེན་ཀ་ (Goenka) སར་ཕྱིན་ན་མ་གཏོགས་སྒོམ་བརྒྱབ་ས་མེད་པ་ལྟ་བུ་དང་།  ནང་པའི་ཐེག་པ་ཆེན་པོའི་རིག་གཞུང་གི་ནང་སྦྱིན་སྲེག་དང་།  མཆོད་འབུལ།  བསྐང་གསོ།  དབང་།  རྗེས་གནང་སོགས་སྤྲོས་པ་རྒྱས་པོ་ཤ་སྟག་མ་གཏོགས།   སེམས་ཉེ་བར་ཞི་བར་བྱེད་པའི་སྒོམ་གྱི་རྣམ་གཞག་ལ་ཕལ་ཆེར་བོད་པ་མཁས་པོ་མེད་པར་བསམ་མཁན་མང་པོ་རེད།  བོད་པའི་ཆོས་ཚོགས་ཁག་ནང་འཛུལ་མཁན་གྱི་ནུབ་ཕྱོགས་པ་ཚོ་སྒོམ་བརྒྱབ་རྒྱུར་དེ་ཙམ་དོ་སྣང་མེད་པར།  རྗེས་གནང་དང་དབང་ཞིག་ཐོབ་མིན། བསྙེན་པ་ཞིག་གཏོང་ཐུབ་མིན། གྲྭ་ཆས་ཡ་མ་ཟུང་ཞིག་གྱོན་ཐུབ་མིན་སོགས་བལྟས་པ་མ་གཏོགས། རྩ་བའི་སེམས་འདུལ་བར་བྱེད་པའི་སྒོམ་ལ་དེ་ཙམ་དོན་གཉེར་གནང་གི་མེད།

སྒོམ་ལའང་དཔྱད་སྒོམ་དང་འཇོག་སྒོམ་གཉིས་རེད། ཞི་གནས་ཀྱི་སྒོམ་ནི་སྒོམ་གྱི་ཡན་ལག་ཅིག་རེད།  སྒོམ་ཟེར་བའི་སྐབས་སུ་ཞི་གནས་དང་ལྷག་མཐོང་(Vippassana)  མ་གཏོགས་དེ་ལས་གཞན་པའི་སྒོམ་བརྒྱབ་རྒྱུ་ཁྱོན་ནས་མེད་པར་བསམ་པ་དེའང་ལོག་རྟོག་རེད།  ང་ཚོ་བོད་པས་སྒོམ་ཉམས་ལེན་བྱེད་པའི་སྐབས་སུ་ཕར་ཕྱིན་མཐའ་མ་གཉིས་ལ་སློབ་པའི་སྐབས་སུ་ཞི་གནས་སྒོམ་པ་རེད་མ་གཏོགས།  གཞན་མགོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་བསླབ་པའི་བར་དུ་དཔྱད་སྒོམ་དང་འཇོག་སྒོམ་སྤེལ་མར་འགྲོ་བ་རེད། ལྷག་པར་དུ་ང་ཚོའི་བོད་ཀྱི་ནང་པའི་རིག་གཞུང་ནང་སྔགས་བླ་མེད་ལ་བསྐྱེད་རིམ་དང་རྫོགས་རིམ་དང་། རྒྱུད་སྡེ་འོག་མ་ལ་ཟབ་གསལ་གཉིས་སུ་མེད་པའི་རྣལ་འབྱོར་སོགས་སྒོམ་གྱི་རྣམ་གཞག་ཧ་ཅང་མང་པོ་གསུངས་ཡོད་ཀྱང་།  དེང་སང་མི་ཚོའི་ཁ་རྒྱུན་ལ་བོད་པ་ལ་སྒོམ་ཡོད་མ་རེད་མདོག་མདོག་བཤད་མཁན་དེ་འདྲ་ཡོད།

ཞི་གནས་ཀྱིས་སེམས་ཉེ་བར་ཞི་བར་བྱེད་པའི་སྒོམ་ཐམས་ཅད་ཀྱི་རྟེན་བྱེད་པ་མ་ཟད།  འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མང་པོ་ཞིག་གི་སེམས་རྟེན་བྱེད་ཀྱི་ཡོད།  ང་ཚོ་ད་ལྟ་འདོད་པའི་ཁམས་ཀྱི་གང་ཟག་རེད།  ཞི་གནས་མཚན་ཉིད་པ་ཐོབ་པའི་རྗེས་སུ་དེ་ནི་གཟུགས་ཀྱི་སས་བསྡུས་ཀྱི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཁོངས་གཏོགས་སུ་འགྱུར།  དེ་ནས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་དེ་བྱུང་ན།  དགྲ་བཅོམ་པའི་གོ་འཕང་བར་དུ་སེམས་རྟེན་དེ་ལ་བརྟེན་ནས་མཛོད་ནས་གསུངས་པའི་ཟག་མེད་ས་དགུའི་དང་པོ་དེ་སྒྲུབ་ཐུབ། དེ་ནི་གནས་སྐབས་འགའ་ཤས་ལ་དངོས་གཞི་ལས་ཀྱང་ལྷག་པའི་སེམས་རྟེན་བྱེད་ཐུབ།  དེ་ལྟ་བུ་ལ་ཞི་གནས་ཟེར།  དེ་འདྲའི་ཞི་གནས་དངོས་སུ་སྒྲུབ་མཁན་ཡིན་ན།  སྒོམ་གྱི་རྣམ་གཞག་ཆ་ཚང་བ་ཤེས་དགོས་པ་དེ་གལ་ཆེན་པོ་རེད།  དེར་བརྟེན།  ངས་ཞི་གནས་སྒོམ་པའི་རྣམ་གཞག་ཚོགས་ཐེངས་ (period) གཅིག་ནང་བཤད་རྒྱུ་དེ་དྲང་པོ་མིན་མོད། འོན་ཀྱང་ཚང་མ་མགོ་སྨོས་ཙམ་རེ་བྱེད་ཐུབ་མིན་བལྟ་རྒྱུ་ཡིན།

ཐོག་མར་ཞི་གནས་སྒོམ་པའི་སྔོན་དུ་ཞི་གནས་ཀྱི་ཚོགས་བསྟེན་དགོས་པ་རེད།  དེ་ནི་ཞི་གནས་སྒོམ་པའི་གྲ་སྒྲིག་བྱེད་རྒྱུ་དེ་རེད།  དེ་ལ་གང་དང་གང་དགོས་ཞེ་ན།  སྒོམ་རིམ་དང་བྱང་ས་ནས་གསུངས་པ་བཞིན། མཐུན་པའི་ཡུལ་དུ་གནས་པ་དང་།  འདོད་པ་ཆུང་བ།  ཆོག་ཤེས་པ།  བྱ་བ་མང་པོ་སྤོང་བ།  ཚུལ་ཁྲིམས་རྣམ་པར་དག་པ། འདོད་པ་ལ་སོགས་པའི་རྣམ་རྟོག་སྤོང་བ་བཅས་དྲུག་པོ་ཞི་གནས་ཀྱི་ཚོགས་བསྟེན་པའི་ནང་མེད་དུ་མི་རུང་བ་རེད།

མཐུན་པའི་ཡུལ་དུ་གནས་པ་ནི་ཧ་ཅང་ཟིང་ཆ་ཆེ་བའི་ས་ཆར་ཕྱིན་ནས་བསྒོམ་གྱི་ཡིན་ཞེ་ན་དེ་ནི་ཡོང་ཐབས་མེད།     དེས་ན་མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པ་བཞིན་ལེགས་པར་རྙེད་ཅེས་པས་ནི་སྒོམ་བརྒྱབ་སའི་ས་ཆ་ཅི་འདྲ་དགོས་མིན་དེ་གསུངས་པ་རེད།  དེ་ཡང་ངེས་པར་དུ་དགོས་པའི་མཐུན་རྐྱེན་རྣམས་ལས་སླ་པོ་རྙེད་པ་ཞིག་དགོས་ཤིང་། དཔེར་ན་ཆུ་མེད་སའི་ས་ཆ་ལ་བསྡད་དེ་བཏུང་རྒྱུ་དང་ཁྲུས་ཕྱིར་ཐག་རིང་པོར་ཆུ་ལེན་དུ་འགྲོ་དགོས་བྱུང་ན།  ཆུ་ལེན་རྒྱུར་བྲེལ་ནས་སྒོམ་བརྒྱབ་རྒྱུ་མི་ཡོང་།  དེ་བཞིན་མེ་ཤིང་དང་བཟའ་བཅའི་རིགས་རྣམས་ཐག་ཉེ་པོ་ནས་ཉོ་རྒྱུ་ཡོད་པ་སོགས་ངེས་པར་མཁོ་བའི་ཅ་ལག་དེ་དག་རྙེད་ཆོག་ཡོད་པ་ཞིག་ལ་ལེགས་པར་རྙེད་པ་ཞེས་ཟེར།    གནས་བཟང་བ་ནི་ཁང་པའི་མཐུན་རྐྱེན་ཡོད་པ་དང་།  ལྷག་པར་དུ་སྒྲ་ཆུང་བ་ཞིག་ཏུ་དགོས་ཤིང་།  བསམ་གཏན་གྱི་ཚེར་མ་སྒྲ་ཡིན་སྟབས་སྣུམ་འཁོར་གྱི་ལམ་གྱི་ཉེ་འགྲམ་ལྟ་བུ་དང་།  མི་ཚོགས་ཆེ་བའི་ས་ཁུལ་སོགས་སུ་མི་འགྲིགས།  དེ་ནི་རྟག་ཏུ་སྒྲ་མེད་པར་འཇམ་ཐིང་ངེར་ཡོད་པ་ཞིག་དགོས། དཔེར་ན་ལ་དྭགས་ཀྱི་རི་མགོ་ལ་བསྡད་པ་ལྟ་བུ་དགོས།  ས་བཟང་བ་ནི་ས་མི་འཕྲོད་པ་མེད་པ་ཞིག་ལ་གོ་དགོས། གྲོགས་བཟང་བ་ནི་འཁྲིས་ལ་རྩོད་པ་རྒྱག་མཁན་མེད་པ་དང་།  ན་ཚ་བྱུང་ན་ལྟ་རྟོག་བྱེད་མཁན་དང་མངགས་ས་ཡོད་པ་ཞིག་ལ་གོ་དགོས། སྔགས་ཀྱི་རྟོགས་པ་མཐོན་པོར་སླེབས་པའི་རྣལ་འབྱོར་པ་ཡིན་ན་མ་གཏོགས། རོགས་པ་མེད་པར་གཅིག་པུར་བསྡད་རྒྱུ་དེ་ཡག་པོ་མེད་ལ། མི་མང་དྲགས་ནའང་ཡག་པོ་མེད། གང་ལྟར་འཁྲིས་ལ་སྡོད་མཁན་དེ་འཁྲུགས་པ་ཚ་པོ་མ་ཡིན་པ་དང་།  སྐད་ཆ་མང་པོ་མི་བཤད་པ།  བྱུས་མེད་བྱུས་འཁྲི་སོགས་མེད་པར་འཇམ་ཐིང་ངེར་སྡོད་མཁན་ཞིག་དགོས།  རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན་ཞེས་པ་ནི་ཡོ་བྱད་ཀྱི་ཉུང་མཐའ་དེ་ངེས་པར་དུ་དགོས་པའི་དོན་རེད། དེ་ནི་འོག་ལ་སྟན་བདེ་བ་དང་། ཁང་པ་ལ་རླུང་འགྲོ་ཡོད་པ། གསལ་པོ་དང་ནག་ཁུང་བྱེད་རྒྱུ་ཡོད་པའི་ཁང་པ་སྟབས་བདེ་པོ་ཞིག་དགོས། དེ་བཞིན་གྱོན་གོས་ཀྱང་ཧ་ཅང་དྲོ་བ་མ་ཡིན་ལ་ཧ་ཅང་བསིལ་བ་མ་ཡིན་པ་སྟེ། མི་འཁྱགས་པ་དང་མི་འཚིག་པ་ཞིག་དགོས། གང་ལྟར་ཟས་གོས་གནས་མལ་སོགས་བདེ་བའི་ཡོ་བྱད་དང་ལྡན་པ་ཞིག་དགོས། དེས་ན་མཐུན་པའི་ཡུལ་དུ་གནས་པ་ཞེས་པ་དེ་ལེགས་པར་རྙེད་པ་དང་།  གནས་བཟང་བ།  ས་བཟང་བ། གྲོགས་བཟང་བ། རྣལ་འབྱོར་བདེ་བའི་ཡོ་བྱད་དང་ལྡན་པ་བཅས་ལ་ཟེར།

འདོད་པ་ཆུང་བ་ནི་དགོས་མཁོ་མང་པོ་མེད་པ་ལ་ཟེར།  དཔེར་ན་ཡི་གེ་གཏང་དགོས་ཀྱི་འདུག   རླུང་འཕྲིན་ཉན་དགོས་ཀྱི་འདུག  ཚགས་པར་ཀློག་དགོས་ཀྱི་འདུག  གྱོན་གོས་འདྲ་མིན་ལྔ་དྲུག་ཙམ་དགོས་ཀྱི་འདུག གདན་དགོས་ཀྱི་འདུག ཅོག་ཙེ་དགོས་ཀྱི་འདུག་ཅེས་འཇིག་རྟེན་པའི་དགོས་མཁོ་ལ་མཐའ་ཁྱོན་ནས་མེད། མི་ཚང་ཆེན་པོ་ཚོ་ལ་ལྟོས་དང་།  ཁང་པ་ཆེན་པོ་ཞིག་བཟོས་ཚར་ནའང་། དེའི་ནང་ཡོ་བྱད་མཐའ་དག་བསྒྲིགས་ཚར་བ་རེད་ཟེར་བ་ཁྱོན་ནས་མེད།   རྟག་ཏུ་གཅིག་བྱེད་དགོས་ཀྱི་ཡོད་ཅིང་། སྐབས་རེ་འབོལ་གདན་ཞབས་སྟེགས་སྒྲིག་པ་དང། སྐབས་རེ་ཡོལ་བ་བརྗེ་པོ་རྒྱག་པ། སྐབས་རེ་ས་གདན་བརྗེ་པོ་རྒྱག་པ། སྐབས་རེ་ཅོག་ཙེ་གསར་པ་འཇོག་པ། སྐབས་རེ་ཐབས་ཆས་གསར་པ་མངགས་པ་སོགས་མི་ཚེ་ཆ་ཚང་གསར་པ་ཞིག་ཉོ་མ་ཚར་བ་དང་།  གསར་པ་ཞིག་སྒྲིག་མ་ཚར་བའི་ངང་བསྡད་ཀྱི་ཡོད། དེ་འདྲའི་རིགས་ལ་འདོད་པ་ཆེ་བ་ཟེར།  འདོད་པ་ཆུང་བ་དང་ཆོག་ཤེས་པ་གཉིས་སྤྱིར་དོན་གཅིག་ཀྱང་། ཞིབ་ཕྲ་བྱེད་ན་ཕྲན་བུའི་ཁྱད་པར་ཡོད།  འདོད་པ་ཆུང་བ་ནི་སྤྱིར་བཏང་དགོས་མཁོ་ཉུང་ཉུང་ལ་བརྗོད་ཅིང་། དཔེར་ན་བོད་ཀྱི་གྲྭ་སར་ཡོད་པའི་གྲྭ་རྐྱང་ལྟ་བུ་ཞིག་དགོས་ཤིང་། གྲྭ་པ་དེ་ལ་ཟླ་གམ་གཅིག་དང་། ཚོགས་ཕོར་གཅིག ཚོགས་ཁུག་གཅིག ལུས་ལ་ཡོད་པའི་གྱོན་གོས།  དཔེ་ཆ་འཇོག་སའི་སྒམ་གཅིག དེ་ནས་རྩམ་པ་བྲེ་བདུན་བརྒྱད་ཡོད་ན། ཉིན་གྲངས་བཅུ་གྲངས་རྩམ་པ་ལ་སེམས་ཁྲལ་མེད་བསམས་ནས་ཧ་ཅང་ཕྱུག་པོ་རེད། དེས་ན་ལྷམ་བྱུང་ན་རྒྱས་སྤྲོས་རེད། ཕྱི་ལ་སྐོར་བར་འགྲོ་བའི་སྐབས་སུ་ལྷམ་གྱོན་ན་མ་གཏོགས། ལྷམ་གྱོན་པའི་གོ་སྐབས་ཧ་ཅང་ཉུང་ཉུང་རེད། གང་ལགས་ཤེ་ན། ཚོགས་ལ་འགྲོ་ན་ཕུད་དགོས་པ་དང་། གྲྭ་ཤག་ཏུ་འགྲོ་ན་ཕུད་དགོས། མང་ཇ་ལ་འགྲོ་ན་ཕུད་དགོས། དེས་ན་ལྷམ་ཡོད་ནའང་འགྲིགས་པ་རེད་ལ།  མེད་ནའང་འགྲིགས་པ་རེད། དེ་བཞིན་ཉལ་ཆས་ཡོད་ནའང་འགྲིགས་ལ་མེད་ནའང་འགྲིགས། ཟླ་གམ་ཡོད་སྟབས་ཉིན་མོར་གྱོན་ནས་ཕྱི་ལ་འགྲོ་བ་དང་། མཚན་མོར་གྱོན་ནས་ཉལ་བར་བརྟེན། ཉལ་ཆས་དང་གདན་གཉིས་ཀའི་གོ་ཆོད་པ་རེད།  ཚོགས་ཁུག་ནི་སྔས་མགོ་ལ་འཇོག་པ་དང་། ཁྲུས་ནི་ཚོགས་ཕོར་ནང་རྒྱག་པ། གསང་སྤྱོད་ནི་སྤྱི་པ་ལ་ཡོད། དེ་ལྟར་དགོས་མཁོ་ཉུང་ཉུང་ཆགས་པའི་སྐབས་སུ་འདོད་པ་ཆུང་བ་ཟེར་གྱི་རེད། དེ་ནས་ཆོག་ཤེས་པ་ནི་དགོས་མཁོ་ཉུང་ཉུང་གང་ཡོད་པ་དེ་ལ་ཆོག་ཤེས་པ་ལ་ཟེར། དཔེར་ན་ཕོར་པ་ཐབས་ཆག་ཅིག་མ་གཏོགས་མེད་ནའང་དེ་ལ་ཆོག་ཤེས་པ་རེད། དེ་ནི་ཟས་གོས་དང་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་རེད། དཔེར་ན་འཕགས་པའི་རིགས་བཞི་བགྲང་པའི་སྐབས་སུ་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པ། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ། སྤོང་བ་དང་བསམ་གཏན་ལ་མངོན་པར་དགའ་བ་བཅས་རེད། གང་ལྟར་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ཟེར་བའི་སྐབས་སུ་ཐབས་ཆག་ཅིག་བྱུང་ནའང་དེ་གས་འགྲིག་པ་རེད། བོད་དུ་གྲྭ་ས་ལ་དཔེ་ཆ་མཁས་པ་མང་པོ་ཤམ་ཐབས་རལ་ནས་ལྷན་པའི་སྒང་ལ་ལྷན་པ་བརྒྱབས་ནས་རྗེས་སུ་ཐོག་མའི་གོས་དེ་མཐོང་རྒྱུ་མེད་ཅིང་།  གང་ལྟར་ལྷན་པ་ཤ་སྟག་མཐུད་པ་མ་གཏོགས་རྩ་བ་ནས་མཐོང་རྒྱུ་མེད། དེ་བཞིན་ལྟོ་ཆས་ཀྱང་ཧ་ཅང་སྐྱོ་པོ་དང་། གོས་ཀྱང་ཧྲུལ་པོ་མ་གཏོགས་མེད་རུང་། ཐོས་བསམ་གྱི་ནོར་ཡོད་པས་དངོས་གནས་ཕྱུག་པོ་རེད། དེས་ན་གང་བྱུང་ནའང་ཆོག་ཤེས་པ་ཞིག་དགོས་པ་ལས། འདི་ཏོག་ཙམ་སྡུག་དྲགས་འདུག འདི་ཏོག་ཙམ་ཉུང་དྲགས་འདུག འདི་ཏོག་ཙམ་ཆུང་དྲགས་འདུག་ཅེས་ཆོག་ཤེས་མེད་པ་བྱེད་རྒྱུ་མེད། དཔེར་ན་རྗེ་བཙུན་མི་ལ་རས་པས་ཐོག་མ་བཞེས་ཐུག་ནང་བཏབ་རྒྱུའི་མར་དང་ཚིལ་ཕྲན་བུ་ཡོད་ཀྱང་རྗེས་སུ་དེ་རྫོགས་པ་རེད། ཉིན་གཅིག་ཚྭ་ཡང་རྫོགས་པ་རེད། སྐབས་དེར་ཟྭ་ཚོད་སྦར་མོ་གང་བླངས་ཏེ་འདི་མར་ཡིན་ཞེས་དང་། ད་དུང་སྦར་མོ་གང་བླངས་ནས་འདི་ཚྭ་ཡིན་ཞེས་བླུགས་ནས་བཞུགས་པ་རེད། ཉིན་གཅིག་རྫ་མ་དེའང་ཆག་པ་རེད། དེས་ན། རྫ་ད་ལྟ་ཡོད་པ་ད་ལྟ་མེད། དཔེ་འདིས་འདུས་བྱས་ཀྱི་ཆོས་ཀུན་མཚོན། །ཞེས་སོགས་གསུངས་ཏེ། ད་ལྟ་བར་དུ་རྫ་མ་ཡོད་པར་འཁྲིལ་ཏེ་མེ་གཏང་རྒྱུ་དང་། དེའི་ནང་ཟྭ་ཚོད་བཙོ་བ་སོགས་ཀྱིས་དུས་ཚོད་མང་པོ་འཕྲོ་བརླག་འགྲོ་བ་དང་། ད་ནི་རྫ་མ་ཆག་པ་ཤིན་ཏུ་ཡག་པོ་བྱུང་སོང་དགོངས་ནས་གང་བྱུང་ལམ་དུ་ཁྱེར་བ་ལྟ་བུ་རྫ་མ་ཡོད་ན་ཡག་པོ་རེད། རྫ་མའི་ནང་བསྐོལ་རྒྱུ་ཡོད་པ་དང་། རྫ་མ་མེད་ན་ལས་ཀ་གཅིག་རྫོགས་པ་རེད། ད་ནི་ཤིན་ཏུ་ཡག་པོ་བྱུང་སོང་། དེ་ནི་ལས་ཀ་ཧ་ཅང་མང་པོ་བཟོ་མཁན་ཞིག་རེད་འདུག  ཐོག་མར་རྡོ་གསུམ་གྱི་སྒྱེད་བུ་ཞིག་བཙུག་དགོས་ཀྱི་འདུག ཤིང་དགོས་ཀྱི་འདུག མེ་སྤར་དགོས་ཀྱི་འདུག ཆུ་བླུག་དགོས་ཀྱི་འདུག དེ་ལས་ཟྭ་ཚོད་དེ་བཏོག་སྟེ་ལམ་སེང་བཟས་ནས་ཆུ་ཞིག་བཏུང་ན་ཡག་ཤོས་རེད་གསུངས་པ་རེད། དེས་ན་ཇི་ཙམ་ཉུང་བ་དང་སྟབས་བདེ་བ་དེ་ལེགས།

བྱ་བ་མང་པོ་སྤོང་བ་ནི་སྒོམ་མཁན་གྱིས་བྱ་བ་གཞན་རྣམས་སྤོང་དགོས་ཤིང་། ལར་ནས་ལས་ཀ་མང་པོ་ཡོད་མཁན་ཚོས་སྒོམ་བརྒྱབ་རྒྱུ་མེད། ཁ་ཤས་ཉིན་བཅུའི་རིང་སྒོམ་བརྒྱབ་ཏུ་ཡོང་རུང་བསམ་བློའི་ནང་དུ་ལས་ཀ་ཤིན་ཏུ་མང་པོ་མཉམ་དུ་ཡོད་ཅིང་། གང་ལྟར་དེའི་རིང་ཉིན་བཅུའི་ལས་ཀ་གང་པོ་ཐོ་བརྒྱབས་ཏེ་ཉིན་བཅུ་ཟིན་རྗེས་དེ་དང་བྱེད་དགོས་བསམ་གྱི་ཡོད། དེ་དག་ལ་ཧོབ་སྟེ་བལྟས་ན་བྱ་བ་མང་པོ་སྤོང་བ་ལྟ་བུ་ཞིག་ཡོད་ཀྱང་། བསམ་བློའི་ནང་བྱ་བ་མང་པོ་བང་བསྒྲིགས་ནས་ཡོད། དེས་ན་བྱ་བ་མང་པོ་ནི་བསམ་བློ་ནས་སྤང་དགོས་མ་གཏོགས། ལུས་དང་ངག་གིས་སྤངས་པས་ཕན་ཐོགས་རྒྱུ་མེད།  སྐབས་དེར་སྒོམ་བརྒྱབ་རྒྱུ་རྐྱང་པ་མ་གཏོགས་ལས་ཀ་གཞན་དག་མེད་དགོས།

ཚུལ་ཁྲིམས་རྣམ་པར་དག་པ་ནི་གལ་ཆེ་ཤོས་དེ་རེད། ཚུལ་ཁྲིམས་རྣམ་དག་མེད་ན་སྒོམ་ལ་ཡར་རྒྱས་འགྲོ་རྒྱུ་མེད། ཚུལ་ཁྲིམས་རྣམ་པར་དག་པ་ནི་གལ་ཏེ་ཁྱིམ་པ་ཡིན་ན་མི་དགེ་བཅུ་སྤོང་དང་བསླབ་པ་ལྔའི་ཚུལ་ཁྲིམས་སོགས་དང་། རབ་བྱུང་ཡིན་ན་དགེ་ཚུལ་སློང་གི་སྡོམ་པ། དེ་བཞིན་སྔགས་དང་བྱང་སེམས་ཀྱི་སྡོམ་པ་སོགས་གང་ཡིན་རུང་། རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ལྟུང་བ་དང་ཉེས་པས་མ་གོས་པར་བྱེད་རྒྱུ་དེ་རེད། ཅི་སྟེ་ལྟུང་བ་དང་ཉེས་པས་གོས་ནའང་ཞག་ཏུ་མ་འགྲོགས་པར་འཕྲལ་དུ་བཤགས་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེ་ལྟ་བུ་ནི་ཚུལ་ཁྲིམས་རྣམ་པར་དག་པ་རེད།

འདོད་པ་ལ་སོགས་པའི་རྣམ་རྟོག་སྤོང་བ་ནི་ལུས་རི་ཁྲོད་ལ་བསྡད་ནའང་སེམས་ཀྱིས་རྒྱལ་ཁམས་བསྐོར་ཏེ། གཅིག་བྱུང་ན་བསམ་པ་དང་། ཞི་གནས་གྲུབ་སྟེ་ང་ལ་མངོན་ཤེས་དང་རྫུ་འཕྲུལ་ཞིག་ཐོབ་ན་ང་སྐད་གྲགས་ཆེན་པོ་ཆགས་རྒྱུ་དང་། འབུལ་བ་འབུལ་མཁན་མང་པོ་ཡོང་བ་སོགས་ཀྱི་བསམ་བློ་དེ་རྣམ་རྟོག་མང་བ་རེད། དེ་འདྲའི་རྣམ་རྟོག་ཡོད་ན་ཞི་གནས་བསྒྲུབ་རྒྱུ་མེད། དེས་ན་འདོད་པ་ལ་སོགས་པའི་རྣམ་རྟོག་དེ་དག་ཧ་ཅང་ཉུང་ཉུང་དགོས། གལ་ཏེ་འདོད་ཆགས་ཀྱི་རྣམ་རྟོག་ཡོད་ན་ག་དུས་ཡིན་ནའང་ཆགས་ཡུལ་དེ་དྲན་གྱི་རེད། ཁ་ཤས་ནི་དངུལ་མེད་ཀྱང་ཁྲོམ་དུ་ཅ་ལག་ཅིག་ལ་འདོད་པ་ཟུག་ཏེ་ཉིན་ཤས་རིང་དེ་ཧ་ཅང་ཡག་པོ་འདུག་ཀྱང་ཉོ་རྒྱུ་རག་མ་སོང།  དེའི་ཚོས་གཞི་དང་ཚད་གཞི་འདི་འདྲ་འདུག་བསམས་ནས་དེ་རང་ལ་བསམ་བློ་གཏོང་གི་ཡོད། དེ་བཞིན་ཞེ་སྡང་ལྟ་བུ་ཡིན་ན་ཁོས་ང་ལ་མི་མང་པོའི་ནང་ལ་ཧ་ཅང་ངོ་ཚ་པོ་བཟོས་སོང་ཞེས་རྣམ་པར་རྟོག་ནས་ཞེ་སྡང་གི་ཡུལ་དེ་ཡང་ཡང་དྲན་ནས་ཁོང་ཁྲོ་ལང་གི་ཡོད།  དེ་ལྟ་བུའི་འདོད་པ་ལ་སོགས་པའི་རྣམ་རྟོག་དེ་སྤོང་དགོས།  འདི་ཡན་ཞི་གནས་ཀྱི་ཚོགས་བསྟན་པ་རེད། དེ་ལྟ་བུའི་ཞི་གནས་ཀྱི་ཚོགས་དྲུག་པོ་དེ་བྱུང་ན་ཞི་གནས་སྒོམ་པའི་མཐུན་རྐྱེན་ཚང་བ་རེད།  དེ་མ་ཡིན་པའི་ཚོགས་གཞན་མང་པོ་ཡོད་ཀྱང་། འདིར་བྱང་ས་དང་སྒོམ་རིམ་ནས་གསུངས་པའི་གལ་ཆེ་བ་རྣམས་བསྡུས་ཡོད།

ཞི་གནས་དངོས་ལ་འཇུག་པའི་སྐབས་སུ་ཇི་ལྟར་དགོས་ཤེ་ན། ཐོག་མར་ལུས་ཀྱི་གནད་བཅོས་པའམ་ལུས་ཀྱི་སྡོད་སྟངས་དེ་རེད། དེ་ནི་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དེ་རེད།  རྒྱལ་བ་རིགས་ལྔའི་ནང་ནས་སངས་རྒྱས་རྣམ་པར་སྣང་མཛད་དེ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་དག་ཆ་དེ་རེད། དེས་ན་ང་ཚོའི་ལུས་གནད་བཅོས་ནས་སྡོད་སྟངས་དེ་ལ་རིན་འབྱུང་གི་ཆོས་བདུན་ལྡན་དང་མི་བསྐྱོད་པའི་ཆོས་བདུན་ལྡན་ཞེས་མ་བཤད་པར་རྣམ་སྣང་གི་ཆོས་བདུན་ལྡན་ལབ་དགོས་པ་ནི་རྣམ་སྣང་གཟུགས་ཕུང་དག་པའི་དག་ཆ་ཡིན་པའི་དབང་གིས་ཡིན་སྟབས།  ད་ལྟ་ནས་རྣམ་སྣང་གི་བཞུགས་སྟངས་ལྟར་བཞུགས་ན་ཡོན་ཏན་ཆེན་པོ་འཐོབ་རྒྱུ་ཡོད་པར་བརྟེན་ལུས་གནད་བཅོས་ཚུལ་དེ་ལྟར་བྱ་དགོས།

ཞི་གནས་ནི་དམིགས་པ་གང་རུང་ལ་སེམས་བཞག་ནས་བསྒོམ་དགོས། སྒོམ་རིམ་ནང་དམིགས་པ་ལ་མང་པོ་ཞིག་བཤད་ཅིང་། ཁྱབ་པའི་དམིགས་པ་དང་། སྤྱད་པ་རྣམ་སྦྱོང་གི་དམིགས་པ། མཁས་པའི་དམིགས་པ། ཉོན་མོངས་རྣམ་སྦྱོང་གི་དམིགས་པ་བཅས་སུ་དབྱེ། ལམ་སྒྲོན་ནང་དམིགས་པ་མི་འདྲ་བ་གང་གསུངས་ཡོད་ཅེ་ན།  ཞི་གནས་ལ་མཚན་མ་དང་བཅས་པ་དང་མཚན་མ་མེད་པ་བཅས་སྒོམ་ཚུལ་གཉིས་རེད། མཚན་མ་དང་བཅས་པ་དང་མཚན་མ་མེད་པ་ནི་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པ་ལ་ཟེར་གྱི་མེད། དམིགས་པ་མེད་པ་ལ་བསྒོམ་རྒྱུ་གང་ཡང་མེད། དེ་ནི་དམིགས་པ་ལ་གཟུགས་ལ་སོགས་པའི་མཚན་མ་ཡོད་པ་དང་མེད་པའི་དོན་ཡིན། གཟུགས་ལ་སོགས་པའི་མཚན་མ་མེད་པ་ནི་ཆོས་ཉིད་ལ་དམིགས་པའི་ཞི་གནས་སྒྲུབ་སྟངས་དེ་རེད། སྟོང་ཉིད་རྟོགས་པའི་ཤེས་རབ་སྔོན་དུ་བསྒྲུབས་ནས་དེའི་རྗེས་སུ་ཞི་གནས་བཙལ་རྒྱུ་ལ་མཚན་མ་མེད་པའི་དམིགས་པ་ཟེར།  མཚན་མ་དང་བཅས་པའི་ཞི་གནས་སྒྲུབ་སྟངས་ཀྱི་དམིགས་པ་ལ་ཁ་ནང་བལྟས་དང་ཁ་ཕྱིར་བལྟས་གཉིས་རེད། ཁ་ནང་དུ་བལྟས་པ་ཞེས་པ་ནི་སོ་སོ་ལ་ཚུར་བལྟས་པ་ལ་ཟེར། སོ་སོ་ལ་ཚུར་བལྟས་པ་ལ་རང་གི་ལུས་ལ་དམིགས་པ་དང་ལུས་ལ་བརྟེན་པ་ལ་དམིགས་པ་གཉིས་རེད། ལུས་ཉིད་ལྷའི་རྣམ་པར་དམིགས་པ་ཟེར་བ་ནི་ལུས་ལྷ་སྐུ་ལ་བསྐྱེད་ནས་སྐྱེད་རིམ་སྒོམ་པ་དང་། སྐྱེད་རིམ་ཐོག་ནས་ཞི་གནས་བསྒྲུབ་རྒྱུ་དེ་སྔགས་ཀྱི་ལུགས་རེད། སྐྱེད་རིམ་རགས་པ་ལ་བརྟན་པ་ཐོབ་ན་དེའི་ཐོག་ནས་ཞི་གནས་སྒྲུབ་ཚུལ་ལ་ལྷ་མི་འདྲ་བའི་ཁྱད་པར་གྱིས་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པ་དང་། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ། སྙིང་གི་དཀྱིལ་དུ་འོད་ཀྱི་ཐིག་ལེ་སྒོམ་ཚུལ་སོགས་དང་། ཡང་ན་ལྷ་སྐུ་རགས་པ་ལ་དམིགས་པའི་ཞི་གནས་སྒྲུབ་ཚུལ་སོགས་མང་པོ་ཡོད།  དེས་ན་ལུས་ལ་ལྷའི་རྣམ་པར་དམིགས་ནས་སྒོམ་པ་དེ་སྔགས་ལུགས་ཀྱི་ཞི་གནས་སྒོམ་སྟངས་དེ་རེད། ཀེང་རུས་སོགས་མི་སྡུག་པའི་རྣམ་པར་བསྒོམས་ནས་ཞི་གནས་བསྒྲུབ་རྒྱུ་དེ་མདོ་ལུགས་ནས་བཤད་པའི་ཞི་གནས་སྒྲུབ་སྟངས་དེ་རེད། དེ་བཞིན་ཁ་ཊཱཾ་ག་ལ་སོགས་པ་མཚན་མ་ཁྱད་པར་ཅན་ལ་དམིགས་པའང་ཡོད། ཁ་ཊཱཾ་ག་ལ་དང་པོ་ཡུ་བ་དེ་རེད། དེའི་སྒང་དུ་རྡོ་རྗེ་རྒྱ་གྲམ་ཕྱེད་པ། དེའི་སྒང་ལ་བུམ་པ། དེའི་སྟེང་དུ་མི་མགོ་གསུམ། དེའི་སྟེང་དུ་རྩེ་གསུམ། དེ་ནས་དར་རྐྱང་བཅས་ཆ་ཚང་བ་ལ་ཁ་ཊཱཾ་ག་ཟེར། དེ་ལྟར་ཁ་ཊཱཾ་ག་ལ་དམིགས་ཚུལ་རེད།

དེ་ནས་ལུས་ལ་བརྟེན་པ་ལ་རྣམ་པ་ལྔ་ཡོད་ཅིང་། དབུགས་ལ་དམིགས་པ་སྟེ། དེང་སང་འབར་མ་ (Burma) དང་ཐ་ཡི་ལེན་ཌ་ (Thailand) སོགས་མང་ཆེ་བས་དབུགས་ལ་དམིགས་པ་དེ་གནང་གི་ཡོད། མཚན་མ་ཕྲ་མོ་ལ་དམིགས་པ་ནི་ཐིག་ལེ་ལ་སོགས་པ་ལ་དམིགས་པ་རེད། འོད་ཟེར་གྱི་ཡན་ལག་ལ་དམིགས་པ། དགའ་བ་དང་བདེ་བ་ལ་དམིགས་པ་སྟེ་ཚོར་བ་ལ་དམིགས་པ་རེད། དེ་ནི་ལུས་ཀྱི་ཚོར་བ་བདེ་བ་དང་སེམས་ཀྱི་ཚོར་བ་དགའ་བ་ལ་དམིགས་པ་བཅས་རེད།

ཁ་ཕྱིར་བལྟས་པ་ལ་ཁྱད་པར་ཅན་དང་ཕལ་པ་ཅན་བཅས་གཉིས་རེད། ཁྱད་པར་ཅན་ལ་སྐུ་ལ་དམིགས་པ་དང་གསུང་ལ་དམིགས་པ་བཅས་གཉིས་རེད། སྐུ་ལ་དམིགས་པ་ནི་སངས་རྒྱས་ཀྱི་སྐུ་ལ་དམིགས་པ་དང་།  གསུང་ལ་དམིགས་པ་ནི་ཨོཾ་ཨཱ་ཧཱུྃ་ལ་སོགས་པའི་ཡི་གེ་རང་གདངས་ལ་དམིགས་པ་རེད། ཕལ་པ་ནི་ཁ་ཕྱིར་བལྟས་བྱས་ཏེ་གང་དུ་དམིགས་ནའང་འགྲིགས།  དཔེར་ན་རྭ་མགོ་དང་བོང་བུ་སོགས་ནམ་རྒྱུན་གང་ལ་གོམས་པ་ཆེ་བ་དེ་ལ་དམིགས་ན་འགྲིགས། དེ་ལྟ་བུ་ནི་ཞི་གནས་ཀྱི་དམིགས་རྟེན་བཙལ་རྒྱུ་དེ་རེད། དེ་ནས་དམིགས་རྟེན་གཏན་འཁེལ་དུས་ཞི་གནས་བསྒྲུབ་རྒྱུ་མགོ་ཚུགས་པ་རེད། གལ་ཏེ་དམིགས་རྟེན་འཚོལ་བ་ལ་ཟླ་བ་འགོར་ནའང་འགོར་དུ་བཅུག་རྒྱུ་རེད། དམིགས་རྟེན་འཇོག་ས་ནི་དཔྲལ་བའི་མདུན་གྱི་ཕར་ཁྲུ་གང་ཙམ་གྱི་ཐད་མཚམས་སུ་ཡིན།  དཔེར་ན་གཟུགས་སུ་གྲུབ་པ་ཞིག་ཡིན་ན་མིག་གིས་ལྟ་དུས་ཡར་དང་མར་བལྟ་མི་དགོས་པར་མིག་རང་བབས་སུ་བཞག་ནས་མཐོང་རྒྱུ་ཡོད་པ་ཞིག་དགོས། ཆེ་ཆུང་ནི་བློ་དང་བསྟུན་པ་རེད། འོན་ཀྱང་མང་ཆེ་བ་ཡུང་འབྲུ་ཙམ་ནས་མཐེབ་ཟུར་ཙམ་གྱི་བར་ཞིག་ལ་འཇོག  ཇི་ཙམ་ཆུང་ནའང་ཡུང་འབྲུ་ཙམ་དང་། དེ་མིན་སྲན་མ་ཙམ་དང་མཐེབ་ཟུར་ཙམ་ལ་གཞག་དགོས། མཐེབ་ཟུར་ལས་ཆེ་བ་མ་བཞག་ན་ཡག་པ་ཡོད། ཡུང་འབྲུ་ཙམ་བྱེད་རྒྱུ་དེ་ཧ་ཅང་ཁག་པོ་རེད། དམིགས་པ་གང་ཡིན་ནའང་གསལ་པོ་མ་བྱུང་བར་ཡང་ཡང་བློས་རྣམ་པར་བརྟགས་ནས་བསྒོམ་དགོས།

ཇི་ལྟར་སྒོམ་པའི་ཚུལ་ནི་དེ་འདྲ་བའི་དམིགས་པ་དེ་ལ་གསལ་པོ་དང་།  ངར་དང་ལྡན་པ། མི་རྟོག་པ་བཅས་གསུམ་ལྡན་ཐོག་ནས་བློའི་ཆ་ཤས་ཐམས་ཅད་དེའི་ཐོག་ཏུ་རྩེ་གཅིག་ཏུ་འཇོག་རྒྱུ་ལ་ཞི་གནས་སྒོམ་པ་ཟེར། གང་ལྟར་སེམས་ཆ་ཚང་རུག་རུག་བཟོས་པའམ་གཟབ་གཟབ་བྱས་ནས་དམིགས་པའི་སྒང་དུ་འཇོག་པ་ལ་ཟེར། སྤྱིར་རྟོག་པ་ཞེས་པ་ནི་གསེས་ནས་འགྲོ་རྒྱུ་དེ་རེད། རྟོག་པའི་སྐད་དོད་ལ་བིཀལྤ་ཟེར་བའི་སྐབས་སུ་གཉིས་གཉིས་དབྱེ་བ་ཕྱེ་ནས་འགྲོ་རྒྱུ་དེ་རེད། དཔེར་ན་ཞི་གནས་ཀྱི་དམིགས་པར་སངས་རྒྱས་ཀྱི་སྐུ་ཡོད་ན། དེ་ལྟ་བུའི་སངས་རྒྱས་ཀྱི་སྐུའི་གཙུག་ཏོར་དེ་སྔོན་པོ་རེད་དམ་ནག་པོ་རེད། སྐུ་དེ་སེར་པོ་རེད་དམ་གང་འདྲ་རེད། ན་བཟའ་གང་འདྲ་མཆོད་འདུག  ག་རེ་ཆེ་བ་འདུག ག་རེ་ཆུང་བ་འདུག དེ་འདྲའི་རྟོག་པ་དེ་ལ་རྟོག་པ་དང་བཅས་པ་ཟེར་གྱི་རེད། རྟོག་པ་མེད་པ་ཞེས་པ་ནི་དམིགས་པའི་སྒང་ལ་རྟོག་པའི་བྱ་བ་གང་ཡང་མི་བྱེད་པ་དང་།  དཔྱད་པའི་བྱ་བ་གང་ཡང་མི་བྱེད་པ། ཞིབ་འཇུག་གི་བྱ་བ་གང་ཡང་མི་བྱེད་པར་སེམས་ཡོངས་སུ་རྫོགས་པ་དམིགས་པའི་སྒང་ལ་ཧྲེང་ངེར་རྩེ་གཅིག་ཏུ་གཞག་རྒྱུ་ནི་ཞི་གནས་སྒོམ་ཚུལ་དེ་རེད།

ཇི་ལྟར་སྒོམ་དགོས་ཞེ་ན། རྗེ་བཙུན་བྱམས་པ་མགོན་པོའི་དབུས་མཐའ་ལས་ཉེས་པ་ལྔ་སྤོང་བ་དང་། འདུ་བྱེད་བརྒྱད་བསྟེན་ཚུལ་གསུངས་པ་དེ་རེད།  ཉེས་པ་ལྔ་ནི་ལེ་ལོ་དང་། དམིགས་པ་བརྗེད་པ།  བྱིང་བ་དང་རྒོད་པ། གཉེན་པོ་མངོན་པར་འདུ་མི་བྱེད་པ། གཉེན་པོ་མངོན་པར་འདུ་བྱེད་པ་བཅས་རེད། དམིགས་པ་བརྗེད་པ་ལ་སྐབས་འགར་གདམས་ངག་བརྗེད་པ་ཞེས་བྱུང་བས་གདམས་ངག་བརྗེད་པ་དང་དམིགས་པ་བརྗེད་པ་གཉིས་གཅིག་རེད། བྱིང་བ་དང་རྒོད་པ་གཉིས་མཉམ་དུ་བརྩི་བ་དེ་དབུས་མཐའི་ལུགས་རེད།  སའི་དངོས་གཞིའི་ནང་གསུངས་པ་བཞིན་བྱིང་བ་དང་རྒོད་པ་གཉིས་ལོགས་སུ་བརྩི་ན་ཉེས་པ་དྲུག་ཏུ་གྱུར།  འདིར་བྱིང་བ་དང་རྒོད་པ་གཉིས་མཉམ་དུ་བརྩིས་པ་རེད། གཉེན་པོ་མངོན་པར་འདུ་མི་བྱེད་པ་ནི་བྱིང་རྒོད་བྱུང་བའི་ཚེ་གཉེན་པོ་མངོན་པར་འདུ་མི་བྱེད་པ་དེ་ཉེས་པ་རེད། གཉེན་པོ་མངོན་པར་འདུ་བྱེད་པ་ནི་བྱིང་རྒོད་དང་བྲལ་བའི་ཚེ་གཉེན་པོ་མངོན་པར་འདུ་བྱེད་པ་དེའང་ཉེས་པ་རེད།

གཉེན་པོ་འདུ་བྱེད་བརྒྱད་ནི་དད་པ་དང་། འདུན་པ། རྩོལ་བ། ཤིན་སྦྱངས། དྲན་པ། ཤེས་བཞིན། གཉེན་པོ་འདུ་བྱེད་པའི་སེམས་པ། བཏང་སྙོམས་བཅས་རེད།

ཉེས་པ་ལྔ་ཇི་ལྟར་ཡོང་གི་ཡོད་ཅེ་ན། ཐོག་མར་སྒོམ་ལ་འཇུག་ཏུ་མི་བཅུག་མཁན་དེ་ལེ་ལོ་རེད། དཔེར་ན་རྒྱུན་ཧ་ཅང་རིང་པོར་བསྒོམས་པ་ཡིན། སྐེད་པ་ན་གི་འདུག  སང་ཉིན་སྔ་དྲོ་བསྒོམ་ན་འགྲིག་གི་རེད་ཅེས་སོགས་ཕྱི་བཤོལ་བྱེད་རྒྱུ་དེ་ཉེས་པ་དང་པོ་ལེ་ལོ་རེད། ལེ་ལོ་མེད་པར་བཟོ་བ་ལ་ཞི་གནས་དང་ལྷག་མཐོང་གི་བསམ་གཏན་གྱི་ཡོན་ཏན་ལ་དད་པའི་དད་པ་དང་། དེ་འཐོབ་པར་འདོད་པའི་འདུན་པ། དེ་འཐོབ་པར་བྱེད་པའི་བརྩོན་འགྲུས་སམ་རྩོལ་བ།  དེའི་གྲོགས་སུ་གྱུར་པའི་ཤིན་སྦྱངས་ཏེ།  ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་བཅས་བཞི་པོས་ལེ་ལོ་དེ་བཀག་དགོས།  དེས་ན་ལེ་ལོ་བྱུང་མ་ཐག་ཏུ་ལེ་ལོའི་གཉེན་པོ་དད་པ་དང་། འདུན་པ། རྩོལ་བ། ཤིན་ཏུ་སྦྱངས་པ་བཅས་བཞི་པོ་ལ་བརྟེན་ནས་ལེ་ལོའི་ཉེས་པ་དེ་བཀག་དགོས། ལེ་ལོའི་ཉེས་པ་བཀག་ནས་སྒོམ་ལ་འཇུག་པའི་སྤྲོ་བ་བྱུང་བའི་སྐབས་སུ་སྐྱོན་གང་ཡོང་གི་ཡོད་ཅེ་ན། སངས་རྒྱས་ཀྱི་སྐུ་ལ་སོགས་པ་དམིགས་རྟེན་གང་བཙལ་ཡོད་ནའང་། དེ་ལྟ་བུའི་དམིགས་རྟེན་ལ་སེམས་འཇོག་པའི་སྐབས་སུ་སེམས་འཁྲུགས་ནས་དམིགས་རྟེན་ཡང་ཡང་བརླགས་པར་བརྟེན། དེའི་གཉེན་པོ་ལ་དྲན་པ་དང་ཤེས་བཞིན་བསྟེན་དགོས། སེམས་ཀྱི་བརྒྱ་ཆ་དགུ་ཅུ་གོ་དགུ་དེ་དམིགས་རྟེན་གྱི་ཐོག་ཏུ་བཞག་པ་གང་ཞིག་ལ། སེམས་ཀྱི་ཟུར་གཅིག་ནས་དམིགས་རྟེན་བརླག་སོང་ངམ་བརླག་མ་སོང་ལྟ་བའི་བྱ་ར་བྱེད་མཁན་གྱི་དྲན་པ་ཞིག་དགོས། དྲན་པས་དམིགས་རྟེན་བརླག་པ་མཐོང་མ་ཐག་ཏུ་ལམ་སེང་ངོས་ལེན་བྱེད་མཁན་གྱི་ཤེས་བཞིན་ཞིག་དགོས། དྲན་པ་དང་ཤེས་བཞིན་ཞེས་པ་གཉིས་ཀ་སེམས་བྱུང་གི་བྱེད་ལས་ཀྱི་སྒོ་ནས་བཏགས་པའམ་སོ་སོའི་བྱ་བ་བྱེད་སྟངས་ཀྱི་མི་འདྲ་བའི་ཁྱད་པར་ཙམ་ལས། དོན་དུ་བློ་གཅིག་པ་རེད།

ང་ཚོས་དམིགས་རྟེན་ལ་སེམས་རྩེ་གཅིག་ཏུ་འཇོག་ཐབས་བྱེད་པའི་སྐབས་སུ་དམིགས་རྟེན་བརླགས་ནས་དུས་ཚོད་གང་འཚམས་སོང་བའི་རྗེས་སུ་གཞི་ནས་དམིགས་རྟེན་བརླགས་པ་ཤེས་ཀྱི་རེད། སེམས་རྣམ་རྟོག་གིས་གཡེང་བའི་ཚེ་ན་དམིགས་རྟེན་བརླགས་པ་ལམ་སེང་ངོས་ཟིན་གྱི་མེད། གང་ལྟར་ཆུ་ཚོད་སྐར་མ་ཁ་ཤས་ཕྱིན་ཚར་བའི་རྗེས་སུ་ད་གིན་ངས་སེམས་ལ་འདི་འདྲ་དྲན་འདུག་བསམ་པ་མ་གཏོགས། སྐབས་དེར་སེམས་ལ་གང་དྲན་པ་དེ་ལམ་སེང་སོ་སོས་ངོས་ཟིན་རྒྱུ་ཧ་ཅང་ཁག་པོ་རེད། དཔེར་ན་གནམ་གྲུ་གཏོང་མཁན་ཞིག་ཡིན་ན། དེང་སང་རྒྱུགས་སྤྲོད་ལེན་པའི་སྐབས་སུ་ག་ཚོད་མགྱོགས་པོ་ཞིག་བཤད་ཐུབ་མིན་ལྟ་གི་ཡོད།  དེ་མིན་གནམ་གྲུ་གཏོང་མཁན་ང་ཚོ་བཞིན་ག་ལེར་བྱེད་མཁན་ཞིག་ཡིན་ན། བསམ་བློ་གཏོང་བའི་བར་དུ་གནམ་གྲུ་ཟག་རྒྱུ་རེད། དེར་བརྟེན་འདི་བྱས་སོང་བསམས་ནས་དྲན་པས་ལམ་སེང་ཟིན་ཐུབ་པ་དང་། ཤེས་བཞིན་གྱིས་འདི་བྱེད་དགོས་ཞེས་ལམ་སེང་ཟིན་ཐུབ་པ་དགོས། ཞི་གནས་སྒོམ་མཁན་ལའང་དེ་མཚུངས་དགོས། ཞི་གནས་སྒོམ་མཁན་གྱི་དམིགས་པ་བརླགས་ན་ལམ་སེང་དམིགས་པ་བརླགས་སོང་བསམས་ནས་དྲན་པས་མཐོང་དགོས་པ་དང་། དམིགས་པ་བརླགས་ན་སླར་ཡང་སེམས་དེ་ཚུར་གཞག་དགོས་བསམས་ནས་ཤེས་བཞིན་གྱིས་ཟིན་པར་བྱེད་དགོས། དེ་ལྟར་དམིགས་རྟེན་བརྗེད་པའི་ཉེས་པའི་གཉེན་པོ་ལ་དྲན་པ་དང་ཤེས་བཞིན་གཉིས་དགོས་པ་ཡིན།

བྱིང་བ་དང་རྒོད་པ་གཉིས་བྱུང་བའི་སྐབས་སུ་གཉེན་པོ་མངོན་པར་འདུ་བྱེད་པའི་སེམས་པ་བསྟེན་རྒྱུ་རེད། བྱིང་བ་དང་རྒོད་པ་བྲལ་བའི་སྐབས་སུ་གཉེན་པོ་མངོན་པར་འདུ་མི་བྱེད་པའི་སེམས་པ་བསྟེན་པ་རེད། བྱིང་བ་དང་རྒོད་པ་བྱུང་བའི་སྐབས་སུ་དྲན་པ་དང་ཤེས་བཞིན་གྱིས་ལམ་སེང་མཐོང་བར་བྱས་ཏེ། བྱིང་བ་བྱུང་ན་ལམ་སེང་བྱིང་བ་ལས་སངས་རྒྱུའི་ཐབས་ཤེས་བྱེད་དགོས་པ་དང་། རྒོད་པ་བྱུང་ན་ལམ་སེང་རྒོད་པ་ལས་སངས་རྒྱུའི་ཐབས་ཤེས་བྱེད་དགོས། བྱིང་བ་དང་རྒོད་པ་ཟེར་བ་དེ་གང་རེད་ཅེ་ན། སེམས་དམིགས་རྟེན་ལ་གནས་བཞིན་དུ་གཉིད་ཅོག་རྒྱག་པ་བཞིན་བློའི་ངར་དེ་ཆག་པའམ།  བློའི་འཛིན་སྟངས་ཀྱི་དམ་ཆ་དེ་ཉམས་ནས་ཐིམས་པའམ་ནག་འཐོམ་འཐོམ་ལྟ་བུ་འདུག་ན་དེ་ལ་གནས་ཆ་དང་གསལ་ཆ་ཡོད་ཀྱང་། གསལ་ཆའི་ངར་དང་མི་ལྡན་པ་རེད། དེ་ལྟར་ལོ་མང་པོར་བྱིང་བ་ཕྲ་མོ་བསགས་ནས་སྒོམ་ཡག་པོ་ཆགས་ཡོད་སྙམ་རུང་། འཛིན་ཆའི་ངར་དེ་མེད་ན་སྒོམ་ཡག་པོ་མིན། དེང་སང་སྒོམ་རྒྱག་མཁན་མང་པོ་བྱིང་བ་གསོག་མཁན་དེ་འདྲ་ཡོད།  བྱིང་བ་བསགས་པ་རྣམས་སྒོམ་ཇི་ཙམ་བརྒྱབས་ཀྱང་མི་གྲུང་པོ་ཆགས་རྒྱུའི་ཚབ་ཏུ་མི་ཉོབ་ཏོ་ཆགས་པ་རེད།    སྒོམ་རྒྱག་མཁན་གྱི་མི་དེ་ཇི་ཙམ་སྒོམ་བརྒྱབས་པ་དེ་ཙམ་གྱིས་གྲུང་པོ་དང་མིག་ཁ་ཕྱེ་བ་ལྟ་བུའི་སངས་པོ་ཡོང་དགོས། སྐབས་རེ་བྱིང་བ་ཞེས་པའི་ཚིག་གི་ཚབ་ཏུ་ཞུམ་པ་བྲིས་པའང་ཡོད། བྱིང་བ་དང་ཞུམ་པ་གཉིས་གཅིག་པ་རེད། སཾ་སྐྲི་ཏའི་སྐད་དུ་ལེཧ་ཞེས་བྱུང་། ལེཧ་ནི་དཔེར་ན་སྤགས་སླ་པོ་ཙོག་ཙོག་བཞག་ནའང་ག་ལེར་ལེབ་ལེབས་ཆགས་པ་ལྟ་བུ་རེད། དེ་ལྟར་ཉམས་པ་ལ་བྱིང་བ་ཟེར།

རྒོད་པ་ནི་དཔེར་ན་ད་ལྟ་དམིགས་པར་འཇོག་པའི་སྐབས་སུ་སེམས་དེ་གཞན་ཞིག་ཏུ་སོང་ཟིན་པ་རེད། གཟུགས་པོ་འདིར་ཡོད་ནའང་སེམས་དེ་སྟོད་རྒྱ་གར་དང་སྨད་རྒྱ་ནག་སོགས་སུ་འགྲོ་གི་ཡོད། དེས་ན་བྱིང་བ་བྱུང་བའི་སྐབས་སུ་སེམས་དཔངས་བསྟོད་དགོས། འོན་ཀྱང་རྒོད་པ་བྱུང་བའི་སྐབས་སུ་སེམས་ཉམས་སྨད་དགོས། གལ་ཏེ་བྱིང་བ་དང་རྒོད་པ་ཧ་ཅང་ཤུགས་ཆེན་པོ་བྱུང་ན་ཐུན་གྲོལ་ཏེ། རྒོད་པའི་གཉེན་པོ་ལ་མི་རྟག་པ་དང་། ངན་སོང་གི་སྡུག་བསྔལ། འཁོར་བའི་ཉེས་དམིགས་སོགས་བསམས་ནས་སེམས་དམའ་རུ་གཏང་རྒྱུ་དང།  བྱིང་བ་བྱུང་ན་བྱིང་བ་སངས་པའི་གཉེན་པོ་ལ་དཀོན་མཆོག་གི་ཡོན་ཏན་དང་དལ་འབྱོར་དོན་ཆེན་རྙེད་དཀའ་སོགས་དྲན་ནས་སེམས་གཟེངས་བསྟོད་དགོས། བྱིང་བ་ཧ་ཅང་ཆེ་བ་བྱུང་ན་ཡར་ལངས་ནས་མིག་ལ་ཆུ་གཏོར་བ་དང་མགོ་བཀྲུ་བ་སོགས་བྱ་དགོས། རྒོད་པ་ཧ་ཅང་ཤུགས་ཆེ་བྱུང་ན་དམིགས་རྟེན་ཕབ་དགོས། གལ་ཏེ་དཔྲལ་བའི་མཚམས་སུ་ཡོད་ན་ལྟེ་བའི་མཚམས་སུ་འཁྱེར་དགོས། དེ་ལྟར་བྱིང་རྒོད་སེལ་བའི་ཐབས་ཤེས་མང་པོ་བླ་མ་ལ་རྒྱུགས་འབུལ་མཁན་ཡིན་ན་བླ་མས་དེ་དག་གསུང་གི་རེད། བྱིང་བ་དང་རྒོད་པའི་སྐྱོན་རྣམས་བསལ་ནས་ཡང་བསྐྱར་སེམས་དམིགས་རྟེན་སྒང་ལ་ཡག་པོ་སླེབས་ཏེ་བྱིང་བ་དང་རྒོད་པ་གཉིས་མེད་པར་བཟོས་ཚར་བའི་སྐབས་སུ་གཉེན་པོ་མངོན་པར་འདུ་བྱེད་པ་དེ་མི་དགོས་ཤིང་། གལ་ཏེ་གཉེན་པོ་མངོན་པར་འདུ་བྱེད་ན་དེ་ཉེས་པ་ཡིན་སྟབས།  དེའི་གཉེན་པོ་ལ་བཏང་སྙོམས་བསྟེན་དགོས། དེ་ལྟར་འདུ་བྱེད་བརྒྱད་པོ་བསྟེན་ནས་བསྒྲུབ་ན་མགྱོགས་པོ་ཞི་གནས་འགྲུབ་རྒྱུ་རེད། ཉེས་པ་ལྔ་ལ་འདུ་བྱེད་བརྒྱད་ཀྱི་གཉེན་པོ་བསྟེན་ནས་ཞི་གནས་ཇི་ལྟར་འགྲུབ་པ་རེད་ཅེ་ན།  སེམས་དགུ་པོ་དེ་རིམ་པས་འགྲུབ་རྒྱུ་རེད། དེ་ནི་ཞི་གནས་ཀྱི་དཔེ་རིས་ལ་གཟིགས་ན་མཁྱེན་རྒྱུ་རེད།

སེམས་གནས་དགུ་པོ་ནི་འཇོག་པ་དང་། རྒྱུན་དུ་འཇོག་པ། གླན་ཏེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་བྱེད་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པ་བཅས་རེད། སེམས་གནས་དགུ་པོའི་དོན་མདོར་བསྡུས་ན།  སེམས་དམིགས་པ་ལ་འཇོག་ཐུབ་ཙམ་ཡོང་བ་ལ་འཇོག་པ་ཟེར། ད་ལྟ་ང་ཚོས་སེམས་དམིགས་པ་ལ་ཁྱོན་ནས་འཇོག་ཐུབ་ཀྱི་མེད། གལ་ཏེ་སེམས་དམིགས་པ་ལ་འཇོག་ཐུབ་ཙམ་ཡོད་ནའང་སྐར་ཆ་ཁ་ཤས་མ་གཏོགས་འཇོག་ཐུབ་ཀྱི་མེད། དེས་ན་སྐར་ཆ་ཁ་ཤས་རིང་སེམས་དམིགས་པ་ལ་འཇོག་ཐུབ་པ་ཡོང་བ་ལ་འཇོག་པ་ཟེར། དེ་རྒྱུན་མཐུད་ནས་སྐར་མ་གཅིག་གཉིས་ཤིག་འཇོག་ཐུབ་པ་ལ་རྒྱུན་དུ་འཇོག་པ་ཟེར། བྱིང་བ་དང་རྒོད་པའི་སྐྱོན་བྱུང་ནའང་ཐུན་མཚམས་གཅད་མི་དགོས་པར་ལམ་སེང་སེམས་དམིགས་པ་ལ་འཇོག་ཐུབ་པ་ལ་གླན་ཏེ་འཇོག་པ་ཟེར། གཡེང་བ་རགས་པ་དང་བྲལ་ནས་བྱིང་རྒོད་དེ་ཙམ་མ་ཡོང་བ་ལ་ཉེ་བར་འཇོག་པ་ཟེར། སེམས་གནས་གང་འཚམས་ཐོབ་ཚར་ན་འདོད་པས་མི་འཕྲོག་པ་ཞིག་ཡོང་རྒྱུ་ཡོད། ནམ་རྒྱུན་ཏིང་ངེ་འཛིན་སྒོམ་པའི་སྐབས་སུ་ཡང་ཡང་འདོད་པས་སེམས་དཀྲུག་གི་ཡོད། དེས་ན་འདོད་ཆགས་དང་ཞེ་སྡང་མངོན་འགྱུར་བ་ཤུགས་ཆེན་པོ་སྐྱེས་ནས་འདོད་པས་སེམས་མི་འཕྲོག་པ་ཆགས་རྒྱུ་ཡོད་པ་ལ་དུལ་བར་བྱེད་པ་ཟེར། ཞི་བར་བྱེད་པའི་སྐབས་སུ་ཏིང་ངེ་འཛིན་ལ་ཐང་ཆད་པའི་སྣང་བ་མེད། དུལ་བར་བྱེད་པ་ཐོབ་ཚར་ནའང་སྒོམ་པའི་སྐབས་སུ་དཀའ་ལས་ཁག་རྒྱུ་ཡོད་ཅིང་། ཞི་བར་བྱེད་པ་ཐོབ་ཚར་ནས་ཏིང་ངེ་འཛིན་ག་དུས་སྒོམ་ནའང་སྐྱིད་པོ་དང་ངལ་གསོ་ཐེབས་པའི་བསམ་པ་ཡང་ཡང་བྱུང་སྟེ་སྒོམ་པ་ལ་དགའ་བ་ལ་ཞི་བར་བྱེད་པ་ཟེར།  ད་གིན་དུལ་བར་བྱེད་པའི་སྐབས་སུ་འདོད་པས་མི་འཕྲོགས་པ་ཟེར་བ་དེ་འདོད་ཆགས་མི་སྐྱེ་བ་ལ་མི་ཟེར་ཞིང་། འདོད་ཆགས་སྐྱེས་ནའང་ཏིང་ངེ་འཛིན་སྒོམ་པའི་སྐབས་སུ་འདོད་ཆགས་འགགས་པ་ལ་ཟེར།  རྣམ་པར་ཞི་བར་བྱེད་པ་ཐོབ་ན་ཆགས་སེམས་དང་ཡིད་མི་བདེ་བ་དང་གཉིད་དང་རྨོངས་པ་དག་ལ་དབང་འཐོབ་རྒྱུ་ཡོད། ཡིན་ནའང་སེམས་དམིགས་རྟེན་དུ་འཇོག་པར་རྩོལ་བ་ཡོད་ཀྱང་། རྩོལ་བ་མེད་པར་བྱེད་རྒྱུ་ལ་དགའ་སྣང་སླེབས་པ་ལ་སེམས་རྩེ་གཅིག་ཏུ་འཇོག་པ་ཟེར། དེ་ལྟར་རྩོལ་བ་དེ་རྫོགས་ནས་དམིགས་རྟེན་དྲན་པ་ཙམ་གྱིས་ལམ་སེང་སེམས་རྩེ་གཅིག་ཏུ་འཇོག་ཐུབ་པའི་སྐབས་སུ་འབད་མེད་དུ་འཇུག་པ་དང་བཏང་སྙོམས་ལ་རང་དབང་ཐོབ་པ་ཟེར། གང་ལྟར་དམིགས་པ་དྲན་པ་ཙམ་གྱིས་དམིགས་པའི་ཐོག་ཏུ་འཇོག་ཐུབ་པར་འབད་བརྩོན་བྱེད་མི་དགོས་པ་ཆགས་ན་མཉམ་པར་འཇོག་པ་རེད། དེ་ལྟར་སེམས་གནས་དགུ་པ་མཉམ་པར་འཇོག་པ་ཐོབ་ཀྱང་ཞི་གནས་མ་ཐོབ་པར་གང་འཚམས་འགོར་གྱི་རེད། གལ་ཏེ་སེམས་གནས་དགུ་པ་ཐོབ་པའི་གང་ཟག་ཅིག་ཡིན་ན། སེམས་ཁྱོན་ནས་མ་འཁྲུག་པ་དང་། མ་འགུལ་བ། མ་བརྗེད་པར་དམིགས་པ་ལ་རྩེ་གཅིག་ཏུ་ཉིན་གྱི་བཞི་ཆ་གཅིག་བསྡད་ཐུབ་པ་ཡིན། གང་ལྟར་ཉིན་གཅིག་ལ་ཆུ་ཚོད་གསུམ་རིང་སེམས་དམིགས་པ་ལས་ནམ་ཡང་མ་གཡེང་བར་བསྡད་ཐུབ་མཁན་ཆགས་པའི་སྐབས་སུ་མཉམ་པར་འཇོག་པ་ཟེར། དེང་སང་སེམས་མཉམ་པར་འཇོག་པ་ཐོབ་མཁན་ཞིག་ཡོད་ན་ཧ་ལམ་དགྲ་བཅོམ་པ་རེད་ཟེར་རྒྱུའི་ཉེན་ཁ་ཡོད། དེ་འདྲ་བའི་མཉམ་པར་འཇོག་པ་དེའི་ཐོག་ཡང་ཡང་སྒོམ་པར་བྱེད་པའི་དབང་གིས་ཞི་གནས་འཐོབ་རྒྱུ་རེད།  ཞི་གནས་ཐོབ་པའི་སྐབས་སུ་སེམས་གནས་དགུ་པ་མཉམ་འཇོག་གི་སྐབས་སུ་གང་ཐོབ་པའི་སེམས་ཀྱི་གནས་ཚུལ་དེ་མ་གཏོགས། དེ་ལས་གནས་ཚུལ་ལོགས་སུ་འགྲོ་རྒྱུ་མེད། སྐབས་དེར་གསར་པ་འཐོབ་རྒྱུ་གང་ཡོད་ཅེ་ན། ལུས་ཤིན་སྦྱངས་དང་སེམས་ཤིན་སྦྱངས་གཉིས་རེད། དང་པོ་ལུས་ཤིན་སྦྱངས་ཀྱི་བདེ་བ་དང་། དེ་ལ་བརྟེན་ནས་སེམས་ཤིན་སྦྱངས་ཀྱི་དགའ་བ་ཐོབ། སེམས་ཤིན་སྦྱངས་ནི་སེམས་དེ་ལས་སུ་རུང་བ་ཆགས་ནས་དམིགས་པ་ལ་ཇི་འདོད་བཞིན་དུ་འཇུག་པའི་སེམས་ལས་སུ་རུང་བ་ཆགས་རྒྱུ་དེ་རེད། སེམས་ལས་སུ་རུང་བ་ཆགས་པའི་སྐབས་སུ་སེམས་ཤིན་ཏུ་སྦྱངས་པ་ཟེར་གྱི་རེད། སེམས་ལས་སུ་རུང་བ་ཆགས་པའི་དབང་གིས་རླུང་དེ་ལས་སུ་རུང་བ་ཆགས་ནས་གཟུགས་པོ་ཚང་མའི་ནང་ཁེངས་པ་རེད། སྐབས་དེར་རླུང་དེས་དྲངས་པའི་ཚོར་བ་ཞིག་ཡོང་རྒྱུ་ཡོད། ཐོག་མར་ཤིན་སྦྱངས་འཐོབ་པའི་སྐབས་སུ་ཀླད་པ་ལྕི་འབེར་བ་ཞིག་ཡོང་། དེ་ནི་ཚོར་བ་སྡུག་བསྔལ་གྱི་ཚོར་བ་མིན་པར། སྐྲ་བཞར་ཚར་མ་ཐག་ཏུ་མགོ་ལ་ལག་པ་ཚ་པོ་བཞག་པ་བཞིན་བདེ་བའི་ངོ་བོར་གྱུར་པ་ཞིག་རེད། དེ་ནས་རིམ་གྱིས་ལུས་ཐམས་ཅད་བདེ་བའི་རང་བཞིན་དུ་ཁྱབ་སྟེ་ལུས་ཡོངས་སུ་རྫོགས་པ་ལ་ལས་སུ་རུང་བའི་རླུང་དེས་ཁྱབ་ཡོང་བའི་སྐབས་སུ་ལུས་ཤིན་སྦྱངས་ཐོབ་པ་རེད། ལུས་ཤིན་སྦྱངས་དེའི་དབང་གིས་ཚོར་བ་བདེ་བ་ཧ་ཅང་ཤུགས་ཆེན་པོ་ཞིག་འཐོབ་རྒྱུ་ཡོད།  དེ་འདྲ་བའི་ལུས་ཀྱི་བདེ་བའི་ཚོར་བ་ལ་བརྟེན་ནས་སེམས་ལ་དགའ་བའི་ཚོར་བ་ཞིག་ཐོབ་པ་རེད། ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བའི་ཚོར་བ་གཉིས་པོ་དེ་ཤུགས་ཆེ་ཤོས་ཡོད་པའི་སྐབས་ནི་ཤིན་སྦྱངས་ཀྱི་བདེ་བ་དང་དགའ་བ་གཉིས་ཀྱི་སྐབས་རེད། ད་ལྟ་ཞི་གནས་ཐོབ་མེད། དེ་འདྲ་བའི་མངོན་འགྱུར་གྱི་དགའ་བ་དང་བདེ་བ་གཉིས་པོ་དེ་སྤྱིར་བཏང་ལྟ་བུ་ཆགས་ནས་ཡལ་འགྲོ་བའི་སྐབས་སུ་ལུས་ཀྱི་ཚོར་བ་དང་སེམས་ཀྱི་ཉམས་གཉིས་ཀ་དགའ་བ་དང་བདེ་བའི་རང་བཞིན་ལ་དུས་རྟག་ཏུ་གནས་མཁན་ཞིག་ཆགས་པ་རེད། དེ་ནས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་སྒོ་ནས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་ཆགས་པའི་སྐབས་སུ་ཞི་གནས་མཚན་ཉིད་པ་ཐོབ་པ་རེད། དེ་འདྲ་བའི་ཞི་གནས་མཚན་ཉིད་པ་ཐོབ་ཚར་བའི་སྐབས་སུ་ཉིན་ནས་ཉིན་བསྟུད་ནས་སྒོམ་བརྒྱབ་ནའང་ཐང་ཆད་རྒྱུ་མེད། སྐབས་དེར་ལུས་ཤིན་ཏུ་སྦྱངས་ནས་ལུས་ལས་སུ་མི་རུང་བ་དག་ནས་ལུས་བཀོལ་དུ་རུང་བ་ཆགས་ཚར་བ་རེད། ཉིན་གཅིག་ལ་ཁ་ཟས་ཁྱོན་ནས་མ་བཟས་པར་ཕྱག་འབུམ་བཙལ་ནའང་སྣང་དག་མེད། གང་ལྟར་གཟུགས་པོར་དཀའ་ལས་ཁག་རྒྱུ་ཁྱོན་ནས་མེད། དེ་བཞིན་བདུན་ཕྲག་འགའ་ཤས་སྒོམ་བརྒྱབས་ནས་བསྡད་ནའང་ལུས་སེམས་ཤིན་སྦྱངས་ཐོབ་ཟིན་པར་བརྟེན་སེམས་ཐང་ཆད་རྒྱུ་མེད། དེས་ན།  བཞག་ན་གཡོ་མེད་རི་ཡི་དབང་པོ་བཞིན། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། །ཞེས་གསུངས་པ་དེ་བྱུང་།

སེམས་གནས་དགུ་པོ་སྒྲུབ་པ་ལ་སྟོབས་དྲུག་བཤད་ཡོད། སྟོབས་དྲུག་པོ་ནི་ཐོས་པའི་སྟོབས་དང་། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། ཡོངས་སུ་འདྲིས་པའི་སྟོབས་བཅས་རེད། དེ་དག་གིས་ཇི་ལྟར་བྱེད་ཅེ་ན། སྟོབས་དང་པོ་ཐོས་པའི་སྟོབས་ཀྱིས་སེམས་གནས་དང་པོ་འཇོག་པ་ཞེས་པ་དེ་འདྲེན་གྱི་ཡོད་ཅིང་། ཐོས་པ་ལ་བརྟེན་ནས་སེམས་དམིགས་པ་ལ་ཇི་ལྟར་འཇོག་དགོས་ཤེས་པ་ལས་སེམས་གནས་དང་པོ་དེ་འདྲེན་པ་ཡིན། སྟོབས་གཉིས་པ་བསམ་པའི་སྟོབས་ཀྱིས་སེམས་གནས་དང་པོས་དྲངས་པའི་དམིགས་པ་ལ་འཇོག་པ་དེ་ཡང་ཡང་བསྟེན་ནས་སེམས་གནས་གཉིས་པ་རྒྱུན་དུ་འཇོག་པ་དེ་ཐོབ། སྟོབས་གསུམ་པ་དྲན་པའི་སྟོབས་ཀྱིས་བྱིང་རྒོད་ཀྱི་བར་ཆད་བསྲུངས་ནས་ཡང་ཡང་བསྒོམས་པ་ལས་སེམས་གནས་གསུམ་པ་གླན་ཏེ་འཇོག་པ་དང་སེམས་གནས་བཞི་པ་ཉེ་བར་འཇོག་པ་གཉིས་ཐོབ།    སྟོབས་བཞི་པ་ཤེས་བཞིན་གྱི་སྟོབས་ཀྱིས་སེམས་གནས་ལྔ་པ་དུལ་བར་བྱེད་པ་དང་སེམས་གནས་དྲུག་པ་ཞི་བར་བྱེད་པ་གཉིས་དྲང་བ་རེད། སྟོབས་ལྔ་པ་བརྩོན་འགྲུས་ཀྱི་སྟོབས་ལ་བརྟེན་ནས་སེམས་གནས་བདུན་པ་རྣམ་པར་ཞི་བར་བྱེད་པ་དང་སེམས་གནས་བརྒྱད་པ་རྩེ་གཅིག་ཏུ་གནས་པ་གཉིས་ཐོབ།  སྟོབས་དྲུག་པ་ཡོངས་སུ་འདྲིས་པའི་སྟོབས་དེ་ཡིས་སེམས་གནས་དགུ་པ་མཉམ་པར་འཇོག་པ་དེ་སྒྲུབ་པ་ཡིན། དེས་ན་དེ་ལྟ་བུ་ལ་བརྟེན་ནས་གྲུབ་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་སེམས་རྩེ་གཅིག་པ་དེ་ལ་ཞི་གནས་ཞེས་བརྗོད།

ལྷག་མཐོང་བཤད་པ་ལ། ང་ཚོས་ཞི་གནས་ཀྱི་སྐབས་སུ་རྟོག་པའི་བློ་དེ་བཀག་ཡོད་ཅིང་། སེམས་དམིགས་པ་ལ་རྩེ་གཅིག་ཏུ་བཞག་པ་མ་གཏོགས་རྟོག་དཔྱོད་བྱེད་ཀྱི་མེད། སེམས་རྩེ་གཅིག་པ་ཐོབ་ནས་བསམ་གཏན་དང་པོའི་སས་བསྡུས་པའི་ཞི་གནས་དེ་ཐོབ་པའི་སྐབས་སུ་རྟོག་དཔྱོད་བྱེད་སའི་གཞི་དེ་ལ་མ་གཏོགས་ག་ས་ག་ལ་སེམས་མི་ཐོར་བ་རེད། ཞི་གནས་ཀྱི་ངོ་བོ་དེ་ཏིང་ངེ་འཛིན་རེད། གང་ལྟར་སེམས་བྱུང་གི་ནང་ནས་ཏིང་ངེ་འཛིན་གྱི་ངོ་བོར་འགྲོ་བ་རེད། ཤེས་རབ་ནི་སེམས་བྱུང་ལོགས་ཀ་རེད། དེར་བརྟེན་སེམས་བྱུང་ཤེས་རབ་ཀྱི་ངོ་བོར་འགྲོ་བའི་སྐབས་སུ་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟེར། རབ་ཏུ་རྣམ་འབྱེད་ཅེས་པ་ནི་འདི་ཡག་པོ་རེད།  འདི་སྡུག་ཅག་རེད། འདི་དཀར་པོ་རེད། འདི་ནག་པོ་རེད། འདི་ཆེན་པོ་རེད། འདི་ཆུང་ཆུང་རེད་ཅེས་སོགས་ཕྱེ་བ་ལ་ཟེར། དེའི་ནང་ལྷག་མཐོང་གིས་བསྒོམ་བྱའི་གཙོ་བོ་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཆོས་ཉིད་ཀྱི་གནས་ལུགས་ལ་དཔྱོད་པ་རེད། གང་ལྟར་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་སྒོ་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཁྱད་པར་ཅན་ཞིག་ལ་ལྷག་མཐོང་ཟེར། དེ་ལྟ་བུའི་ལྷག་མཐོང་ལ་བརྟེན་ནས་ཉོན་མོངས་སྤོང་བྱེད་ཀྱི་ལམ་དེ་དག་འཐོབ་ཐུབ།

ངས་ཞི་གནས་རྒྱས་པར་བཤད་དགོས་དོན་ནི།  ཁྱེད་ཚོ་མང་པོས་བོད་པའི་ནང་པ་ལ་ཞི་གནས་སྒོམ་ཤེས་མཁན་མེད་པ་དང་། ཞི་གནས་བསྒོམ་ན་གོ་ཡེན་ཀའི་ (Goenka) འགྲམ་དུ་འགྲོ་དགོས་ཞེས་སོགས་ཟེར་གྱི་ཡོད་སྲིད། དེས་ན་སྒོམ་རིམ་དང་བྱང་ས་སོགས་མདོ་དང་བསྟན་བཅོས་མང་པོའི་ནང་ཞི་གནས་སྒོམ་ཚུལ་རྒྱས་ཤིང་རྒྱས་པ་གསུངས་ཡོད་པས་གང་དུ་གཟིགས་གཟིགས་རེད།  གལ་ཏེ་ཞི་གནས་སྒོམ་འདོད་ཡོད་ན་གཞན་ལ་འགྲམ་ཆུ་ལྡང་དགོས་པ་མེད། ཅེས་གསུངས།། །།

(༡༩༩༠ ཕྱི་ཟླ་ ༢ ཚེས་ ༡༣ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་པོའི་ཁབ་ཀྱི་གཞོན་ནུ་དོན་གྲུབ་མགྲོན་ཁང་དུ་སློབ་གཉེར་བ་རྒན་པ་རྣམས་ཀྱི་དགུན་ཆོས་སུ་གསུངས་པ་ཞིག་ཡིན།)