༈ འཕགས་པའི་བདེན་པ་བཞིའི་སྐོར།

༄༅།། སྤྱིར་བསྟན་པ་སྤྱིའི་རྣམ་གཞག་སྐོར་ལ། ཉིན་དང་པོར། ལུང་གི་བསྟན་པ་སྡེ་སྣོད་གསུམ་གྱི་རྣམ་བཞག་དང་། དེ་ནས་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ། དེ་རྗེས་རྟོགས་པའི་བསྟན་པ་བསླབ་པ་གསུམ་གྱི་རྣམ་གཞག་བཅས་བཤད་ཟིན། དེ་བཞིན་གཤེགས་པས་གདུལ་བྱ་ལམ་དུ་བཀྲི་བའི་རིམ་པའམ་གདུལ་བྱ་ལ་ཆོས་བསྟན་པའི་རིམ་པའི་དབང་དུ་བྱས་ན། འཕགས་པའི་བདེན་པ་བཞི་དེ་གྲུབ་མཐའ་ལ་བློ་ཁ་ཕྱོགས་པ་དང་མ་ཕྱོགས་པ་ཚང་མས་ཤེས་དགོས་པ་ཞིག་རེད། དེར་བརྟེན་དེ་རིང་བདེན་པ་བཞིའི་རྣམ་གཞག་བཤད་རྒྱུ་ཡིན།

སངས་རྒྱས་ཀྱིས་བསྟན་པ་ལ་བཀྲི་བའི་རིམ་པ་དེ་བདེན་པ་བཞིའི་སྒོ་ནས་མཛད་པ་ནི་ཆོས་ཀྱི་འཁོར་ལོ་ཐོག་མར་སྐོར་བའི་ཚེ་ན། བདེན་པ་བཞིའི་རྣམ་གཞག་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད། ཕྱོགས་གཅིག་ནས་བཤད་ན་སངས་རྒྱས་བསྟན་པའི་གནད་ཐམས་ཅད་བདེན་པ་བཞིའི་ནང་འདུས་ཀྱི་རེད་ཅེས་བརྗོད་ཆོག  སྤྱིར་བཏང་སངས་རྒྱས་ཀྱི་ཆོས་འདི་གང་ནས་བཤད་ནའང་ཆོས་ཀྱི་རྣམ་གཞག་ཡོངས་སུ་རྫོགས་འགྲོ་བ་རེད། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་ཁྱེར་བ། ང་ཡི་བླ་མའི་ཁྱད་ཆོས་ཡིན། ཞེས་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་ཁྱེར་བ་ཞེས་པའི་བཀའ་གདམས་པའི་གསུང་ཚུལ་ཞིག་ཡོད་ཅིང་། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་སྟངས་ལ་བཤད་ཚུལ་མི་འདྲ་བ་ཁ་ཤས་ཡོད་ཀྱང་། འདིར་རས་གྲུ་བཞི་ཞིག་དཔེར་བཞག་པ་ཡིན། དེ་ནི་བཤད་ཚུལ་གྲགས་ཆེ་ཤོས་རེད། གལ་ཏེ་རས་གྲུ་བཞི་ཞིག་ཡོད་ན། ཕྱོགས་གང་ནས་འཐེན་ནའང་གྲུ་གཞན་པ་ཚང་མ་མཉམ་དུ་འཐེན་ཡོང་བ་རེད། དཔེར་ན་གདིང་བ་ལྟ་བུ་ཡིན་ན། ཕྱོགས་བཞི་ག་ནས་གཟུང་དགོས་པ་མེད།  ཕྱོགས་གཅིག་ནས་འཐེན་ན་ཕྱོགས་གཞན་པ་ཚང་མ་མཉམ་དུ་ཡོང་བ་ལྟར། སྡེ་སྣོད་གསུམ་གྱི་སྐོར་ལ་བཤད་ནའང་། བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་དེའི་ནང་སླེབས་ཡོང་གི་ཡོད། བསླབ་པ་གསུམ་གྱི་སྐོར་ལ་བཤད་ནའང་བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་དེའི་ནང་སླེབས་ཡོང་གི་ཡོད། སྐྱབས་འགྲོའི་སྐོར་ལ་བཤད་ནའང་།  བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་དེའི་ནང་ལ་སླེབས་ཡོང་གི་ཡོད། བདེན་པ་བཞིའི་སྐོར་ལ་བཤད་ནའང་། བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་དེའི་ནང་ལ་སླེབས་ཡོང་གི་ཡོད། དེ་ནི་ཐ་སྙད་མི་འདྲ་བ་དང་བཤད་ཚུལ་མི་འདྲ་བ་ཙམ་གྱི་ཁྱད་པར་མ་གཏོགས། དོན་དམ་པར་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཡོང་བ་དེ་ང་ཚོའི་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། དེར་བརྟེན་གང་བཤད་ནའང་ལམ་ཡོངས་སུ་རྫོགས་པ་རང་བཞིན་གྱིས་བཤད་ཡོང་བ་མ་གཏོགས། ཁ་ཤས་ཐོར་བ་ལྟ་བུ་མེད། གལ་ཏེ་སྐྱབས་འགྲོའི་རྣམ་གཞག་ཡག་པོ་ཤེས་ན། དེས་བསྟན་པ་སྤྱི་ལ་གོ་བ་ཞིག་ཆགས་ཚར་བ་རེད། སྡེ་སྣོད་གསུམ་གྱི་རྣམ་གཞག་ཡག་པོ་ཤེས་ནའང་། བསྟན་པ་སྤྱི་ལ་གོ་བ་ཞིག་ཆགས་ཚར་བ་རེད། དེ་བཞིན་བསླབ་པ་གསུམ་གྱི་རྣམ་གཞག་ཡག་པོ་ཤེས་ནའང་། དེས་བསྟན་པ་སྤྱི་ལ་གོ་བ་ཞིག་ཆགས་ཚར་བ་རེད། གལ་ཏེ་དེ་མགོ་མཇུག་ལོག་ནས་བཤད་ན། བསྟན་པ་སྤྱིའི་རྣམ་གཞག་ལ་གོ་བ་ཡག་པོ་མ་ཆགས་བར་དུའམ། ཡང་ན་བསྟན་པ་སྤྱིའི་ཕུབ་མ་འབུག་གི་བར་དུ་ནང་པའི་ཆོས་ཐོར་བུ་བ་དེ་ཚོའང་ལས་སླ་པོས་ཆ་ཚང་བ་ཞིག་ཤེས་རྒྱུ་ཁག་པོ་རེད། དཔེར་ན། སྐྱབས་འགྲོའི་རྣམ་གཞག་ཆ་ཚང་ཤེས་དགོས་ནའང་། ནང་པའི་བསྟན་པ་སྤྱིའི་རྣམ་གཞག་ཡག་པོ་མ་ཤེས་ན། སྐྱབས་འགྲོ་དེ་ཡག་པོ་ཞིག་ཆགས་རྒྱུ་མེད། དེ་བཞིན་སྡེ་སྣོད་གསུམ་གྱི་རྣམ་གཞག་ཡག་པོ་ཤེས་དགོས་ན། བསྟན་པ་སྤྱིའི་རྣམ་གཞག་ཡག་པོ་མ་ཤེས་པར་སྡེ་སྣོད་གསུམ་ཡང་ཤེས་ཐབས་མེད། དེར་བརྟེན་ཕན་ཚུན་བལྟོས་གྲུབ་ལྟ་བུ་རེད། དེས་ན་བསྟན་པའི་རྣམ་གཞག་གང་ནས་སློབ་སྦྱོང་བྱེད་ནའང་རྣམ་གཞག་ཐམས་ཅད་ཤེས་དགོས་པའི་གནས་ཚུལ་དེ་ལྟར་རེད།

དེ་རིང་ཞོགས་པ་ལམ་སྒྲོན་བཤད་པའི་སྐབས་སུ་ཚིག་མང་པོ་ནོར་ནས་བཤད་འདུག  དེ་ནི་སང་ཉིན་ནོར་བཅོས་བྱེད་རྒྱུ་ཡིན།  དུས་རབས་གསར་པའི་ནང་དུ་མིའི་རྒྱབ་ལ་དེད་མཁན་དྲག་ཤོས་དང་མིའི་བསམ་བློ་ལ་གནོན་ཤུགས་ (Pressure) ཆེ་ཤོས་སྤྲོད་མཁན་དེ་དུས་ (Time) དང་ཕྱོགས་ (Space) གཉིས་རེད།  ང་ཚོ་འདིར་དུས་དང་ཕྱོགས་གཉིས་ཀ་འདེང་ངེས་མེད། ཕྱོགས་འདེང་ངེས་མེད་ཙང་གུ་དོག་པོར་བསྡད་དགོས་ཀྱི་ཡོད།  དུས་འདེང་ངེས་མེད་ཙང་ཚར་ལ་མ་ཚར་ངང་དྲི་བའི་ལན་ཚང་མ་ཕྱེད་ཀ་བཞག་ནས་འགྲོ་དགོས་ཀྱི་ཡོད།  འདིས་ང་ཚོ་ལ་དུས་དང་ཕྱོགས་ཟེར་བ་དེ་གང་ཡིན་པ་དྲན་གསོ་བྱེད་ཀྱི་ཡོད། འདི་ལ་ནང་པས་ཇི་ལྟར་བལྟ་དགོས་པ་དེ་བསམ་བློ་གཏོང་དགོས་པ་ཞིག་རེད། གཅིག་བྱས་ན་སང་གནངས་དུས་ཚོད་བྱུང་ན། ནང་པས་དུས་དང་ཕྱོགས་ལ་ལྟ་སྟངས་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་དུས་ཚོད་ཡོང་རྒྱུ་རེད།

དེ་ནས་ད་ལྟ་བདེན་པ་བཞིའི་རྣམ་གཞག་བཤད་མུས་རེད། བདེན་པ་བཞི་ནི་སྡུག་བསྔལ་བདེན་པ་དང་།  ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་རེད། སངས་རྒྱས་ཀྱིས་ཡུལ་ཝཱ་རཱ་ཎ་སཱིར་ལྔ་སྡེ་བཟང་པོ་ལ་ཆོས་ཀྱི་འཁོར་ལོ་ཐོག་མར་སྐོར་བའི་ཚེ། བདེན་བཞི་ལན་གསུམ་སྟེ་རྣམ་གྲངས་བཅུ་གཉིས་ཆ་ཚང་བ་བསྟན་པ་རེད། ལན་གསུམ་དང་རྣམ་གྲངས་བཅུ་གཉིས་སུ་བསྟན་པའི་བདེན་བཞི་ཆོས་འཁོར་དེ་ཐེག་པ་ཐུན་མོང་བ་སྟེ་ཐེག་དམན་དང་། ཐེག་ཆེན་པ་ཚང་མས་འདོད་པ་རེད། ཆོས་ཀྱི་འཁོར་ལོ་གསུམ་ནི་ཐེག་ཆེན་པས་མ་གཏོགས་ཐེག་དམན་པས་འདོད་ཀྱི་མེད། ཐེག་དམན་པ་ལ་ཆོས་ཀྱི་འཁོར་ལོ་གཅིག་མ་གཏོགས་མེད་ཅིང་། སངས་རྒྱས་ཀྱིས་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད་ཅེས་བརྗོད་པ་མ་གཏོགས་ཆོས་ཀྱི་འཁོར་ལོ་དང་པོ་དང་།  གཉིས་པ་ཞེས་བརྗོད་ཀྱི་མེད།  ཐེག་ཆེན་པས་འཁོར་ལོ་བར་པ་དང་།  འཁོར་ལོ་མཐའ་མ། དེ་བཞིན་སྔགས་ཀྱི་ཆོས་འཁོར་བཅས་འདོད། འཁོར་ལོ་དང་པོའི་ནང་བདེན་པ་བཞིའི་རྣམ་གཞག་བསྟན་པ་ཡིན་ཙང་། ཐེག་པ་ཐུན་མོང་བས་སློབ་སྦྱོང་བྱེད་རྒྱུ་དང་གང་དུ་ཡིན་ནའང་འགྲོ་བ་ཞིག་རེད། དེས་ན་བདེན་པ་བཞིའི་རྣམ་གཞག་ལ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་སྤང་བྱ་དང། རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་བླང་བྱ་བཅས་གཉིས་སུ་ཕྱེ། སུ་ཡང་སྡུག་བསྔལ་མི་འདོད་ལ། བདེ་བ་འདོད་པར་བརྟེན། སྡུག་བསྔལ་དེ་སྤང་དགོས་ཀྱི་ཡོད། བདེ་བ་དེ་བསྒྲུབ་དགོས་ཀྱི་ཡོད། སྡུག་བསྔལ་སྤང་བ་ལ་འཁོར་བ་དེ་མ་སྤང་ན་འགྲིག་ཐབས་མེད། འཁོར་བ་དེ་སྡུག་བསྔལ་གྱི་འབྱུང་གནས་ཡིན། དཔེར་ན། ཆུ་བོའི་འབྱུང་ཁུངས་བཀག་ན་ཆུ་བོ་འགགས་པ་དང་། དེ་བཞིན་ཚེར་མའི་སྡོང་པོའི་ཡལ་ག་བཀོག་པས་མི་ཕན་པར། དེའི་རྩ་བ་ནས་བཀོག་དགོས་པ་བཞིན་སྡུག་བསྔལ་ཐམས་ཅད་འབྱུང་བའི་གཞི་རྩ་དེ་ཀུན་འབྱུང་ཡིན་ཙང་། ཀུན་འབྱུང་གི་བདེན་པ་དེ་ས་བོན་དང་བཅས་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་མ་སྤང་ན། སླར་ཡང་སྐྱེ་བ་ཡིན། དེས་ན་སྡུག་བསྔལ་དེ་བཟློག་དགོས་པ་དང་།  དེ་བཟློག་པ་ལ་དེའི་རྒྱུ་རྩ་བ་ནས་མེད་པར་བཟོ་དགོས་པ་ཡིན།  དེ་དག་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གཉིས་རེད། རྣམ་བྱང་ཕྱོགས་ཀྱི་བདེན་པ་གཉིས་ལ། སྡུག་བསྔལ་གྱི་རྩ་བ་ཀུན་འབྱུང་མེད་པར་བཟོ་བ་ལ། ལམ་གྱི་བདེན་པ་ལ་བརྟེན་དགོས། དེ་ལ་བརྟེན་ནས་འབྲས་བུ་འགོག་པ་ཐོབ་པ་རེད། དེས་ན་དེ་གཉིས་རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་གཉིས་རེད།

མགོན་པོ་བྱམས་པས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།། བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར།། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ།། ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ།། ཞེས་ནད་ལྟ་བུར་དཔེར་བཀོད་དེ། ཐོག་མར་ནད་དེ་ངོས་བཟུང་དགོས་ཤིང་། ནད་ལ་ནད་ཡིན་པ་མཐོང་དགོས། ནད་ལ་ནད་ཡིན་པར་ཤེས་ན་སྡུག་བསྔལ་ཤེས་བྱ་ཞེས་པ་དེ་རེད། དེ་ནས་ནད་དེའི་རྒྱུ་ལ་རྟོག་དཔྱོད་བྱེད་དགོས། ནད་ཀྱི་རྒྱུ་དེ་རྩད་ཆོད་པའི་སྐབས་སུ་ཀུན་འབྱུང་བདེན་པ་མཐོང་བ་རེད། དེ་ནས་དེའི་རྒྱུ་དེ་སྤང་དགོས་ཀྱི་ཡོད། དཔེར་ན། ཐ་མག་འཐེན་ནས་ནད་བཟོ་གི་ཡོད་ན། ཐ་མག་དེ་གཞག་དགོས་ཀྱི་ཡོད། དེའི་རྒྱུ་དེ་སྤོང་བར་བྱེད་པ་ལ་དེའི་རྒྱུ་སྤོང་བྱེད་ཀྱི་གཉེན་པོ་དེ་བསྟེན་དགོས། དེ་ནས་རྒྱུ་དེ་དང་བྲལ་བའི་བྲལ་བ་དེ་འཐོབ་རྒྱུ་རེད།

བདེན་པ་བཞི་ལ་འཕགས་པའི་བདེན་པ་ཞེས་གསུང་དགོས་པ་གང་ཡིན་ཞེ་ན། འཕགས་པ་རྣམས་ཀྱི་གཟིགས་ངོ་ལ་བདེན་པ་རེད་མ་གཏོགས། ང་ཚོས་བདེན་པར་མཐོང་གི་མེད། ང་ཚོས་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པ་མཐོང་གི་མེད། གང་ལགས་ཤེ་ན།  སྡུག་བསྔལ་བདེན་པའི་ནང་འཁོར་བས་བསྡུས་པའི་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཡོད་སྟབས། དེ་དག་སྡུག་བསྔལ་རེད་ཅེས་བརྗོད་ན། སུ་གང་གི་རྣ་བར་མི་འགྲོ་བ་རེད། དཔེར་ན་མི་ཚང་ཕྱུག་པོ་ཞིག་ལ་སྣུམ་འཁོར་དང་། གྲང་གློག་གི་ཁང་པ། འཁོར་གཡོག་སོགས་ཡོད་ན་དེ་ནི་སྐྱིད་པོ་མ་གཏོགས་སྤང་དགོས་ཀྱི་འདུག་བསམ་པའི་བློ་སྐྱེ་གི་མེད། དེས་ན་དེ་ནི་སྡུག་བསྔལ་མི་ཤེས་པ་ལྟ་བུ་རེད། འཕགས་པས་གཟིགས་པའི་སྐབས་སུ། འཕགས་པ་མིག་དང་འདྲ་བ་ཡིས།། འདི་ཡི་ཡིད་ཀྱང་ཤིན་ཏུ་འབྱུང།།  ཞེས་དེ་རིང་སྔ་དྲོ་ཞུས་པ་བཞིན་རེད། གང་ལྟར་འཁོར་བས་བསྡུས་པའི་ཆོས་རྣམས་སྡུག་བསྔལ་ཡིན་པ་དེ་འཕགས་པའི་གཟིགས་ངོ་ལ་བདེན་པ་རེད་མ་གཏོགས། སོ་སྐྱེ་ཡི་སྣང་ཚུལ་ལ་བདེན་པ་མ་རེད། དེ་ནི་སྡུག་བསྔལ་རེད་ཅེས་ངོ་སྤྲད་དགོས་པ་ཞིག་ཆགས་ཡོད། ཡང་ན་བསྒོམས་ནས་སྡུག་བསྔལ་དེ་སྡུག་བསྔལ་ཡིན་པར་ཤེས་དགོས་པ་ཞིག་ཆགས་ཡོད། སྐབས་འདིར་བདེན་དང་མི་བདེན་ཟེར་བ་ནི་བདེན་གཉིས་ཀྱི་བདེན་རྫུན་གྱི་དབྱེ་བ་བཤད་པའི་བདེན་པའང་མིན་ལ། བསྟན་བྱའི་དོན་ལ་བསླུ་བ་དང་མི་བསླུ་བའི་བདེན་པ་དང་རྫུན་པའི་རྣམ་གཞག་བཤད་པའང་མིན། སྤྱིར་བདེན་རྫུན་ལ་རིམ་པ་མང་པོ་འཇོག་ཚུལ་ཡོད། བདེན་གཉིས་བཤད་པའི་སྐབས་སུ་བདེན་རྫུན་གྱི་རྣམ་གཞག་དེ་ལོགས་ཀ་རེད། བདེན་བཞི་བཤད་པའི་སྐབས་སུ་ཐ་སྙད་དུ་གང་མཐོང་བ་ལྟར་དོན་ལ་གནས་པ་ཞིག་ལ་བདེན་པ་ཟེར། ལས་དང་ཉོན་མོངས་ལས་སྡུག་བསྔལ་ཡོང་བ་དེ་འཕགས་པས་བདེན་པར་གཟིགས་པ་རེད་མ་གཏོགས། ང་ཚོས་ལས་དང་ཉོན་མོངས་ལས་སྡུག་བསྔལ་ཡོང་གི་ཡོད་པ་དེ་མཐོང་གི་མེད།

འཕགས་པའི་གཟིགས་ངོར་མ་གཏོགས་བདེན་པ་མངོན་སུམ་དུ་མི་མཐོང་བ་ཡིན་སྟབས། ལམ་དང་འགོག་པ་གཉིས་པོ་དེ་འཕགས་རྒྱུད་ལ་མ་གཏོགས་སོ་སོ་སྐྱེ་བོའི་རྒྱུད་ལ་མེད། དེས་ན་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གཉིས་པོའང་འཕགས་པས་གཟིགས་པ་བཞིན་སོ་སྐྱེ་ཡིས་མི་རིག་པ་ཡིན་སྟབས། དེའི་དབང་གིས་འཕགས་པའི་བདེན་པ་ཞེས་བརྗོད།

དེ་བཞིན་གཤེགས་པས་སྡུག་བསྡལ་གྱི་བདེན་པ་ལ་ཁྱད་ཆོས་གང་སྦྱར་ནས་གསུངས་ཡོད་ཅེ་ན། སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་ཡོད། དེ་བཞིན་ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང་སྤང་བར་བྱ་ཞེས་དང་། ལམ་བདེན་ལ་ལམ་བསྒོམ་པར་བྱ། འགོག་བདེན་ལ་འགོག་པ་མངོན་དུ་བྱ་ཞེས་གསུངས་ཡོད། སྡུག་བསྔལ་ཤེས་པར་བྱ་ཞེས་པ་དེས་སྡུག་བསྔལ་ལ་སྡུག་བསྔལ་མཐོང་བར་བྱ་དགོས་པ་དང་།  སྡུག་བསྔལ་ལ་སྡུག་བསྔལ་དུ་མཐོང་ནས་དེ་སྤོང་འདོད་ཀྱི་ངེས་འབྱུང་གི་བསམ་པ་སྐྱེ་དགོས་པ། ཀུན་འབྱུང་དེ་སྡུག་བསྔལ་བྱུང་བའི་རྒྱུ་ཡིན་སྟབས། དེ་སྤང་དགོས་པ། ལམ་ནི་རང་ཤུགས་ཀྱིས་རྒྱུད་ལ་མི་སྐྱེ་བར་དེ་བསྒོམས་ནས་ཐོབ་དགོས་པ་ཡིན་སྟབས། ལམ་བསྒོམ་པར་བྱ་ཞེས་གསུངས་པ་རེད།

ལམ་ཙམ་ལ་ལམ་གྱི་བདེན་པ་ཟེར་གྱི་མེད། ལམ་གྱི་བདེན་པ་འདི་ཇི་ལྟར་ཐོབ་ཀྱི་རེད་ཅེ་ན། ཚོགས་ལམ་གྱི་གནས་སྐབས་ནས་ལམ་དེ་རྒྱུད་ལ་སྐྱེ་བ་རེད། དེ་སྦྱོར་ལམ་གྱི་གནས་སྐབས་སུ་དོན་སྤྱི་ཙམ་གྱིས་རྟོགས་པའི་བློ་ཡི་ངོ་བོ་ལ་སྒོམ་གྱི་ཡོད། དེ་ཡི་བསྒོམས་པ་མཐར་ཐུག་པའི་སྐབས་སུ་མངོན་སུམ་ལ་འགྱུར་བ་རེད། སྐབས་དེར་མཐོང་ལམ་ཆགས་པ་རེད་ལ། ལམ་གྱི་བདེན་པའང་ཆགས་པ་རེད། དེ་ནི་ཀུན་འབྱུང་གི་གཉེན་པོ་བྱེད་ཐུབ་པའི་ནུས་པ་ཞིག་ཏུ་གྱུར་པ་ཡིན་སྟབས་དེ་ལ་ལམ་གྱི་བདེན་པ་ཟེར་བ་རེད། ལམ་གྱི་བདེན་པའི་མཉམ་བཞག་ལས་ལངས་པའི་སྐབས་སུ་འགོག་པའི་བདེན་པ་དེ་མངོན་དུ་བྱས་ཟིན། གང་ལྟར་རྣམ་གྲོལ་ལམ་ཐོབ་པ་དང་འགོག་པའི་བདེན་པ་ཐོབ་པ་དུས་མཉམ་རེད།

སྡུག་བསྔལ་བདེན་པའི་གོ་དོན་རགས་ཙམ་བཤད་ན། རང་གི་རྒྱུ་ཀུན་འབྱུང་བདེན་པ་ལས་བྱུང་བའི་འཁོར་བས་བསྡུས་པའི་ཆོས་ཤིག་ལ་སྡུག་བསྔལ་བདེན་པ་ཟེར་གྱི་རེད། དེ་ནི་རང་གི་རྒྱུ་ཀུན་འབྱུང་བདེན་པ་ལས་བྱུང་བ་དང་། འཁོར་བས་བསྡུས་པའི་དངོས་པོ་ཞིག་ལ་སྡུག་བསྔལ་བདེན་པ་ཞེས་བརྗོད། སྡུག་བསྔལ་བདེན་པ་ལ་དབྱེ་ན། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་བཅས་གཉིས་རེད།  བཅུད་ཀྱི་སེམས་ཅན་ཟེར་དུས་གང་ཟག་དེ་སྡུག་བསྔལ་བདེན་པ་རེད་ཅེས་ཟེར་གྱི་མེད། གང་ཟག་དེའི་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་པར་ཤེས་པའི་ཕུང་པོ་བཅས་ལྔ་པོ་སྡུག་བསྔལ་བདེན་པ་རེད་ཟེར། མངོན་པ་ཀུན་བཏུས་ལས། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ།། ཞེས་གསུངས་པ་བཞིན་ང་ཚོས་ལོངས་སྤྱད་བྱར་གྱུར་པའི་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་དེ་དག་སྡུག་བསྔལ་བདེན་པ་རེད། ང་ཚོ་ཚང་མ་སོ་སོ་སྐྱེ་བོ་རེད། སོ་སོ་སྐྱེ་བོ་རྣམས་ཀྱིས་རང་རང་གི་ངོ་སྐལ་གྱི་ལོངས་སྤྱད་བྱར་གྱུར་པའི་སྣོད་ཀྱི་འཇིག་རྟེན་ནང་འཇིག་རྟེན་གྱི་བཀོད་པ་ཡོངས་སུ་རྫོགས་པ་དེ་ཡོད་རེད། ང་ཚོ་བསྡད་སའི་ཁང་པ་དང་ས་ཆ་སོགས་ཚང་མ་སྣོད་ཀྱི་འཇིག་རྟེན་ནང་དུ་འདུས་པ་རེད།  དེ་དག་ནི་ང་ཚོས་བསགས་པའི་ལས་ཀྱི་དབང་གིས་གྲུབ་པ་རེད། མངོན་པ་མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ།། ཞེས་གསུངས་པ་ལྟ་བུ་རེད། ཕྱིའི་སྣོད་ཀྱི་འཇིག་རྟེན་ལའང་སེམས་ཅན་སྤྱིའི་ལོངས་སྤྱད་བྱར་གྱུར་པའི་ཐུག་མོང་མ་ཡིན་པའི་སྣོད་ཀྱི་འཇིག་རྟེན་དང་། གང་ཟག་རེ་རེའི་ལོངས་སྤྱད་བྱར་གྱུར་པའི་ཐུན་མོང་མ་ཡིན་པའི་སྣོད་ཀྱི་འཇིག་རྟེན་རེ་ཡོད། སྤྱིར་སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་པ་ཡིན་ཟེར་གྱི་རེད། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་ནང་གང་ཟག་བྱེ་བྲག་པ་རེ་རེའི་ལས་ཀྱང་ཞལ་འདེབས་ལྟ་བུ་དེའི་ནང་དུ་ཐེབས་ཡོད།  སྤྱིར་བཏང་སྤྱི་མཐུན་གྱི་ལས་ལས་སྣོད་ཀྱི་འཇིག་རྟེན་འདི་གྲུབ་ཀྱང་། རང་གི་ལས་ལས་གྲུབ་པའི་སྣོད་ཀྱི་འཇིག་རྟེན་འདི་ནི་རང་གི་ཐུན་མོང་མ་ཡིན་པའི་ལོངས་སྤྱད་བྱ་མ་གཏོགས་གཞན་གྱིས་མི་སྤྱོད་པ་རེད།  དཔེར་ན། སྐྱེས་བུ་ལྷས་བྱིན་གྱི་ལོངས་སྤྱད་བྱར་གྱུར་པའི་སྣོད་ཀྱི་འཇིག་རྟེན་འདི་སྐྱེས་བུ་ཆོས་བྱིན་གྱིས་མི་མཐོང་བའམ་ལོངས་མི་སྤྱོད་པ་དང་། དེ་བཞིན་སྐྱེས་བུ་ཆོས་བྱིན་གྱི་ལོངས་སྤྱད་བྱར་གྱུར་པའི་སྣོད་ཀྱི་འཇིག་རྟེན་འདི་སྐྱེས་བུ་ལྷས་བྱིན་གྱིས་མི་མཐོང་བའམ་ལོངས་མི་སྤྱོད་པ་རེད། རང་གི་ཕུང་པོ་ལ་ཆ་བཞག་ན། ཕུང་པོ་ནི་བྱེ་བྲག་པ་མ་གཏོགས།  སྤྱིའམ་ཐུན་མོང་གི་ལོངས་སྤྱད་བྱར་གཞག་རྒྱུ་གང་ཡང་མེད།

ཡང་སྡུག་བསྔལ་བདེན་པ་ལ་དབྱེ་བ་ཕྱེ་ཚུལ་གཞན་ཞིག་ནི་ཁ་སང་བཤད་པ་བཞིན་སྡུག་བསྔལ་གྱི་སྡུག་བསྔལ་གྱི་ངོ་བོར་གྱུར་པའི་སྡུག་བསྔལ་བདེན་པ་དང། འགྱུར་བའི་སྡུག་བསྔལ་གྱི་ངོ་བོར་གྱུར་པའི་སྡུག་བསྔལ་བདེན་པ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ངོ་བོར་གྱུར་པའི་སྡུག་བསྔལ་བདེན་པ་བཅས་གསུམ་རེད། དེ་ལས་ཚོར་བ་སྡུག་བསྔལ་འདི་སྡུག་བསྔལ་གྱི་སྡུག་བསྔལ་བདེན་པ་དང་།  ཟག་བཅས་ཀྱི་ཚོར་བ་བདེ་བ་གང་ཡིན་པ་དེ་འགྱུར་བའི་སྡུག་བསྔལ་གྱི་སྡུག་བསྔལ་བདེན་པ། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་སམ་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་འདི་འདུ་བྱེད་ཀྱི་སྡུག་བསྔལ་བདེན་པ་བཅས་རེད།  དེས་ན་སྡུག་བསྔལ་བདེན་པ་ནི་ཧ་མི་གོ་བ་མེད། དཔེར་ན་ང་ཚོའི་མགོ་དང་།  ལག་པ། རྐང་པ། ཁང་པ། དེབ་དང་སྨྱུ་གུ་སོགས་ལོངས་སྤྱད་བྱར་གྱུར་པ་ཆ་ཚང་སྡུག་བསྔལ་བདེན་པ་རེད། ཡིན་ནའང་བོད་ལ་བུམ་པ་སྡུག་བསྔལ་བདེན་པ་ཡིན་མིན་ཐོག་དུས་རབས་ཉི་ཤུ་པ་འདིའི་ནང་སོག་པོ་རབ་གསལ་དང་ཨ་མདོའི་མཁས་པ་ཞིག་གི་བར་རྩོད་པ་ཆེན་པོ་བྱུང་སྟེ་དགག་པ་དང་དགག་ལན་པོ་ཏི་བཞི་ལྔ་ཞིག་བརྩམས་ཡོད། དེ་ནི་རྩ་བའི་གཞུང་ཆེན་པོ་ལ་ཐོས་པ་བྱས་པའི་གང་ཟག་གིས་བཤད་པ་ཡིན་སྟབས། གོ་རྒྱུ་ཆེན་པོ་ཡོད་མོད། ཡིན་ནའང་བུམ་པ་སྡུག་བསྔལ་བདེན་པ་ཡིན་རུང་མིན་རུང་ལམ་གྱི་རྣམ་གཞག་ལ་ཧ་ཅང་ཕན་གནོད་འགྲོ་རྒྱུ་གང་ཡང་མེད། འོན་ཀྱང་ལམ་སྒོམ་པའི་སྐབས་སུ་ཀུན་བཏུས་ལས་གསུངས་པ་བཞིན་བུམ་པ་སོགས་རང་གི་ལོངས་སྤྱད་བྱར་གྱུར་པའི་སྣོད་ཀྱི་འཇིག་རྟེན་ཚང་མ་སྡུག་བསྔལ་བདེན་པ་ཡིན་ཤག་བྱས་ན། དེ་ལ་བརྟེན་པའི་ཆགས་པ་ལྡོག་པ་ལ་ཕན་ཐོགས་ཆེ་བ་ཡོད། སྡུག་བསྔལ་བདེན་པ་འདི་ཙམ་གྱིས་འགྲིགས་པ་བྱ་རྒྱུ་ཡིན།

སྡུག་བསྔལ་བདེན་པ་དེ་རང་རྒྱུ་ཀུན་འབྱུང་ལས་བྱུང་བས། ཀུན་འབྱུང་བདེན་པའི་དོན་རགས་ཙམ་བཤད་ན། རང་གི་འབྲས་བུ་སྡུག་བསྔལ་བདེན་པ་སྐྱེད་བྱེད་ཀྱི་འཁོར་བས་བསྡུས་པའི་ཆོས་ལ་ཀུན་འབྱུང་བདེན་པ་ཟེར། དེ་ལ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་བཅས་གཉིས་རེད། ཉོན་མོངས་པའི་ཀུན་འབྱུང་ལ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་གསུམ་རེད། དེ་གསུམ་གའི་རྩ་བའམ་འཁོར་བའི་རྩ་བར་གྱུར་པ་དེ་མ་རིག་པ་རེད། གང་ལ་བརྟེན་ནས་ལས་གསོག་མཁན་གྱི་ཉོན་མོངས་ཚང་མ་ཉོན་མོངས་པའི་ཀུན་འབྱུང་རེད། དཔེར་ན། སྐྱེ་བ་ཕྱི་མ་མིར་འཕེན་བྱེད་ཀྱི་ལས་དེ་ཇི་ལྟར་གསོག་གི་ཡོད་ཅེ་ན། ཐོག་མར་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དེས་གནས་ལུགས་ལ་བསྒྲིབས་པའམ་དངོས་པོའི་གནས་ཚུལ་ཇི་ལྟ་བ་བཞིན་དུ་མི་མཐོང་བའི་སྒྲིབ་བྱེད་དེ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་བློའི་འགྱུར་བ་དེ་གང་འདྲ་ཡོང་གི་ཡོད་ཅེ་ན། ཆགས་སྡང་ཡོང་གི་ཡོད། རང་གི་ཕྱོགས་ལ་ཆགས་པ་དང་། ང་དང་ང་ཡི་བ་ལ་ཆགས་པ་དང་། ང་དང་ང་ཡི་བ་མ་ཡིན་པ་ལ་སྡང་བ་སོགས་ཆགས་སྡང་གི་ཀུན་རྟོག་སྐྱེད་ཀྱི་ཡོད། ཆགས་སྡང་གི་ཀུན་རྟོག་དེ་ལ་བརྟེན་ནས་དགེ་བའམ་དགེ་བ་མ་ཡིན་པའི་ལས་དེ་རང་ཤུགས་ཀྱིས་གསོག་པ་རེད། གང་ལྟར་ཉོན་མོངས་དབང་གིས་ལས་ལ་འཇུག་པ་འདི་ང་ཚོས་མཐོང་བཞིན་པ་རེད། ང་ཚོས་ད་ལྟའི་གནས་སྐབས་སུ་ལས་བཟང་ངན་གང་བསག་ནའང་། ཉོན་མོངས་ཅན་མ་ཡིན་པའི་ལས་བསག་རྒྱུ་དེ་ཧ་ཅང་ཁག་པོ་རེད། དཔེར་ན་ལས་བཟང་པོ་ཞིག་བསག་ནའང། ལས་བཟང་པོ་དེའི་རྒྱབ་ཏུ་འཁོར་བ་མངོན་མཐོའི་གོ་འཕང་འདོད་པའི་འདུན་པ་དེ་ཡོད་སྟབས། དེའི་དབང་གིས་བསགས་པའི་ལས་རྣམས་ལས་ཀྱི་ཀུན་འབྱུང་རེད། དེ་ལྟ་བུའི་ལས་འདི་བསགས་ནས་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག་པ་ལ་བརྟེན་ནས་ཡང་བསྐྱར་སྡུག་བསྔལ་བདེན་པ་གསར་པ་ཞིག་འགྲུབ་པ་རེད། ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་ཀུན་འབྱུང་གཉིས་ལ་བརྟེན་ནས་དེའི་འབྲས་བུར་གྱུར་པའི་སྡུག་བསྔལ་བདེན་པ་གསར་པ་ཞིག་སྐྱེ་བ་དང་། དེའི་འབྲས་བུར་གྱུར་པའི་སྡུག་བསྔལ་བདེན་པ་གསར་པ་ཞིག་སྐྱེ་བ་དང་འདས་པའི་སྐབས་སུའང་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་ཡོད་པ་དང་། དེའི་སྐབས་ཀྱི་ཉོན་མོངས་པའི་ཀུན་འབྱུང་ལ་བརྟེན་ནས་ཡང་བསྐྱར་ལས་ཀྱི་ཀུན་འབྱུང་བསགས་པ་སོགས་ཁྱོན་ནས་རྫོགས་རྒྱུ་མེད་པ་ཟོ་ཆུན་གྱི་ཁྱུད་མོ་བཞིན་དུ་འགྲོ་བ་འདི་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ཀྱིས་བྱེད་ཀྱི་ཡོད།

དེ་ཟློག་པའི་ཐབས་ནི་ལས་ཀྱི་ཀུན་འབྱུང་འདི་ཉོན་མོངས་པའི་ཀུན་འབྱུང་ལས་བྱུང་བ་དང་། ཉོན་མོངས་པའི་ཀུན་འབྱུང་འདི་མ་རིག་པ་ལས་བྱུང་བ། མ་རིག་པ་འདི་དེ་དང་འཛིན་སྟངས་འགལ་བའི་བློས་བཀག་ནས་འགགས་པའི་སྐབས་སུ་དེས་དྲངས་པའི་ཉོན་མོངས་པ་དེ་མི་སྐྱེ། ཉོན་མོངས་པ་དེ་འགགས་པའི་སྐབས་སུ་དེས་དྲངས་པའི་ལས་དེ་གསོག་གི་མེད་པ་བཅས་ཟློག་པའི་རིམ་པ་དེ་ལྟར་རེད།

འགོག་པའི་བདེན་པ་ནི་བྲལ་བ་ཞིག་ལ་ཟེར། བྲལ་བ་ཞེས་པ་ནི་སྤང་བྱ་སྤངས་པའི་ཟད་པ་ཙམ་ལ་འཇོག དེ་ཡང་སྤང་བྱ་སྤངས་པའི་གྲུབ་པའི་ཆ་དེ་མིན་པར། སྤང་བྱ་སྤངས་པའི་ཟད་པའི་ཆ་དེའམ། ཡང་ན་ཟད་པ་དང་མི་སྐྱེ་བའི་ཆ་དེ་ལ་ཟེར། གྲུབ་མཐའ་འོག་མ་བའི་བཤད་ཚུལ་བཞིན་བཤད་ན། ཟད་ཚར་བ་དང་། ཡང་བསྐྱར་སྐྱེ་རྒྱུ་མེད་པ།  གང་ལྟར་ཟད་པ་དང་མི་སྐྱེ་བ་ཞིག་ཐོབ་པའི་སྐབས་སུ་ཟད་པའམ་བྲལ་བའི་ཆ་དེ་ལ་འགོག་པའི་བདེན་པ་ཟེར། འདིའི་ངོ་བོ་ཇི་ལྟར་གཞག་དགོས་ཤེ་ན། རང་འཐོབ་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྒྲིབ་པ་དང་བྲལ་བའི་བྲལ་ཆ་དེ་རེད། འགོག་པ་འཐོབ་པའི་སྔོན་དུ་བར་ཆད་མེད་ལམ་ཞིག་འགྲོ་དགོས། བར་ཆད་མེད་ལམ་ནི་ཉོན་མོངས་པའི་དངོས་གཉེན་བྱེད་མཁན་གྱི་ལམ་ཞིག་རེད། བར་ཆད་མེད་ལམ་དེས་རང་གི་ངོ་སྐལ་གྱི་སྤང་བྱའི་ཉོན་མོངས་པ་གང་ཡང་རུང་བའི་དངོས་གཉེན་བྱས་ནས་རྣམ་གྲོལ་ལམ་ལ་ལྡང་བའི་སྐབས་སུ་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་པའི་བྲལ་བ་ཐོབ་པ་ཡིན།  བྲལ་བ་ཞེས་པ་ནི་གྲུབ་མཐའ་མང་ཆེ་བས་འདུས་མ་བྱས་ཀྱི་རང་བཞིན་ལ་འཇོག དེ་ལྟ་བུའི་བྲལ་བ་ནི་ཟད་པ་དང་། འགགས་ཟིན་པའི་འགགས་པ་ཙམ་རེད། དེ་ལ་བྲལ་འབྲས་ཀྱང་ཟེར། དེ་ནི་བྲལ་འབྲས་མ་གཏོགས། འབྲས་བུ་ཡིན་ཟེར་གྱི་མ་རེད། དེས་ན་རང་གི་ངོ་སྐལ་གྱི་སྤང་བྱ་ཟད་པའི་ཟད་པ་ཙམ་མམ།  སྤང་བྱ་སྤངས་པའི་སྤངས་པ་ཙམ་མམ། སྤང་བྱ་སྤངས་པའི་འགགས་པ་ཙམ་ལ་འགོག་པ་ཟེར།

དེ་ནས་ལམ་བདེན་གྱི་ངོ་བོ་གང་འདྲ་རེད་ཅེ་ན། རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་འཐོབ་བྱེད་ཀྱི་ཐབས་ཀྱི་རིགས་སུ་གནས་པ་དེ་རེད།  དེ་ལ་རིགས་སུ་གནས་པ་ཞེས་པའི་ཚིག་དགོས་པ་ནི་ལམ་བདེན་ཡིན་ཚད་རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་འཐོབ་བྱེད་ཀྱི་ཐབས་ཡིན་དགོས་ཀྱི་མེད། དེ་ནི་རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་འཐོབ་བྱེད་ཀྱི་ཐབས་ཡིན་པའམ། རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་འཐོབ་བྱེད་ཀྱི་ཐབས་དང་འབྲེལ་བ་ཡོད་པ་གང་རུང་ལ་ལམ་བདེན་ཟེར། དཔེར་ན། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་མཁྱེན་ལྟ་བུ་དེ་རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་འཐོབ་བྱེད་ཀྱི་ཐབས་དངོས་མིན། གང་ལགས་ཤེ་ན། རྣམ་མཁྱེན་གྱི་ངོ་སྐལ་དུ་གྱུར་པའི་སྤང་བྱ་མེད། རྣམ་མཁྱེན་ཐོབ་པའི་སྐབས་སུ་སྤང་བྱ་ཐམས་ཅད་སྤངས་ཟིན་པ་རེད། གང་ལྟར་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྒོམ་སྤང་ཉོན་མོངས་ཆུང་ངུའི་ཆུང་ངུའང་སྤངས་ཏེ་སློབ་པའི་ལམ་ཟད་ནས་མི་སློབ་པའི་ལམ་དུ་འགྲོ་སྐབས་རྣམ་མཁྱེན་ཐོབ་པ་རེད། རྣམ་མཁྱེན་གྱིས་སྤང་བྱ་གང་གིའང་དངོས་གཉེན་བྱེད་ཀྱི་མེད་ཀྱང་།  ད་དུང་ལམ་བདེན་ཡིན་ཞེས་བརྗོད་ཀྱི་རེད། ལམ་བདེན་ཡིན་ཞེས་བརྗོད་དགོས་པ་དེ་གང་རེད་ཅེ་ན།  མཐོང་ལམ་དང་སྒོམ་ལམ་གྱི་གནས་སྐབས་སུ་ཉོན་མོངས་པའི་གཉེན་པོ་བྱེད་པའི་ཡེ་ཤེས་དེའི་འཕེལ་བ་མཐར་ཐུག་པའི་ངོ་བོ་ཡིན་སྟབས། དེ་ལམ་བདེན་ཡིན་པ་མ་གཏོགས། དེ་ལམ་བྱས་ནས་དེའི་ངོ་སྐལ་གྱི་སྤང་བྱ་གང་ཡང་མེད། དེས་ན་སྔོན་གྱི་སློབ་དཔོན་ཚོས་ལམ་གྱི་སྒྲ་བཤད་གསུང་བའི་སྐབས་སུ། གང་ནས་འོངས་པའི་ལམ་དང། གང་དུ་ཕྱིན་པའི་ལམ་ཞེས་གཉིས་བཤད་པ་རེད། མཐོང་ལམ་དང་སྒོམ་ལམ་ལ་ལམ་གྱི་ཐ་སྙད་འཇོག་རྒྱུ་དེ་གང་ནས་འོངས་པའི་ལམ་སྟེ།  ལམ་གང་འདྲ་ཞིག་གི་ནང་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགྲོ་དགོས་པ་དེ་རེད། དགྲ་བཅོམ་པའི་གོ་འཕང་ངམ་སངས་རྒྱས་ཀྱི་ས་ལ་ལམ་བརྗོད་དགོས་པ་དེ་གང་རེད་ཅེ་ན། དེ་ནི་གང་དུ་ཕྱིན་པའི་ལམ་སྟེ།  གང་དུ་སླེབས་པའི་ལམ་མམ།  ཡང་ན་གང་ནས་འོངས་པའི་ལམ་གྱི་འཕེལ་བ་མཐར་ཐུག་པ་དེ་ཡིན་སྟབས། དེ་ལ་ལམ་གྱི་བདེན་པ་དང་། ལམ་གྱི་བདེན་པའི་གྲངས་སུ་འགྲོ་རུང་། དེའི་ངོ་སྐལ་གྱི་སྤང་བྱ་གང་ཡང་མེད། དེར་བརྟེན་རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་འཐོབ་བྱེད་ཀྱི་ལམ་ཞེས་བརྗོད་ན་འགྲིག་གི་མེད། ཡིན་ནའང་རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་འཐོབ་བྱེད་ཀྱི་ལམ་གྱི་རིགས་སུ་གནས་པའམ་དེའི་ཕྱོགས་སུ་གཏོགས་པ་སློབ་པའི་ལམ་གྱི་གནས་སྐབས་སུའང་མང་པོ་རེད། དཔེར་ན་བར་ཆད་མེད་ལམ་གང་ཡིན་པ་དེ་རང་གི་ངོ་སྐལ་དུ་གྱུར་པའི་བྲལ་འབྲས་ཀྱི་འཐོབ་བྱེད་རེད་མ་གཏོགས། རྣམ་གྲོལ་ལམ་ལྟ་བུ་ལ་རང་གི་བྲལ་འབྲས་སུ་གྱུར་པ་མེད་ལ། རྗེས་ཐོབ་ཀྱི་གནས་སྐབས་ཀྱི་ལམ་ལ་རང་གི་བྲལ་འབྲས་མེད། འོན་ཀྱང་བར་ཆད་མེད་ལམ་དེ་དང་བྲལ་མི་རུང་བའི་ཚུལ་གྱིས་འབྲེལ་བ་ཡོད་པ་ཡིན་སྟབས། དེ་དག་ཚང་མ་ལམ་གྱི་བདེན་པ་ལ་བཞག་པ་རེད། དེས་ན་ལམ་གྱི་བདེན་པའི་ངོ་བོ་ལ་འཕགས་པའི་མངོན་རྟོགས་ཐམས་ཅད་འཇོག་གི་རེད།  འཕགས་པའི་མངོན་རྟོགས་ལ་ཐབས་དང་ཤེས་རབ་ཀྱི་ཆ་གཉིས་ཀ་ཡོད། ཡིན་ནའང་ཤེས་རབ་ཀྱི་ཆ་གཙོ་བོར་བཞག་པ་ཡིན་སྟབས། རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་འཐོབ་བྱེད་ཀྱི་རིགས་སུ་གནས་པ་ཞེས་བརྗོད་དགོས་པ་དེ་རེད།

ལམ་བདེན་དང་འགོག་བདེན་གཉིས་ཀ་ལ་དབྱེ་བ་གཅིག་པ་རེད། ལམ་བདེན་གྱི་དབྱེ་བ་བཤད་པའི་སྐབས་སུ་ཉན་ཐོས་ཀྱི་ལམ་བདེན་དང་། རང་རྒྱལ་གྱི་ལམ་བདེན། ཐེག་ཆེན་གྱི་ལམ་བདེན་བཅས་གསུམ་རེད། དེ་བཞིན་འགོག་བདེན་གྱི་དབྱེ་བ་བཤད་པའི་སྐབས་སུའང་ཉན་ཐོས་ཀྱི་འགོག་བདེན་དང་། རང་སངས་རྒྱས་ཀྱི་འགོག་བདེན། ཐེག་པ་ཆེན་པོའི་འགོག་བདེན་བཅས་གསུམ་རེད། དབྱེ་བ་ཕྱེ་ཚུལ་གཞན་ཞིག་ནི་ལམ་བདེན་ལ་ཉན་ཐོས་ཀྱི་མཐོང་ལམ་དང་སྒོམ་ལམ་མི་སློབ་ལམ་གསུམ་དང་། རང་རྒྱལ་གྱི་མཐོང་ལམ་དང་སྒོམ་ལམ་མི་སློབ་ལམ་གསུམ། ཐེག་པ་ཆེན་པོའི་མཐོང་ལམ་དང་སྒོམ་ལམ་མི་སློབ་ལམ་གསུམ་རེད།

ལམ་དང་ལམ་བདེན་གཉིས་ལ་ཁྱད་པར་འབྱེད་དགོས། ལམ་ཡིན་ཚད་ལམ་བདེན་མིན། དཔེར་ན། ཚོགས་ལམ་དང་སྦྱོར་ལམ་གྱིས་སྤང་བྱའི་དངོས་གཉེན་མི་བྱེད་པའམ། ཡང་ན་འཕགས་པའི་ལམ་མིན་པར་བརྟེན། ལམ་གྱི་བདེན་པ་ལ་མི་འཇོག་པར། ལམ་ཙམ་ལ་བཞག་པ་རེད།

མཚན་ཉིད་ཀྱི་གཞུང་ནས་བདེན་བཞིའི་རྣམ་གཞག་རྒྱ་ཆེན་པོ་བཤད་པའི་སྐབས་སུ། བདེན་པ་བཞི་པོ་རེ་ལ་རྣམ་པ་མི་འདྲ་བ་བཞི་རེ་བཤད། འདིར་རྣམ་པ་ཞེས་པ་ནི་ཁྱད་ཆོས་ཙམ་མ་རེད། བདེན་བཞིའི་རྣམ་པ་ཞེས་པའི་རྣམ་པའི་དོན་ལ་མཚན་ཉིད་པ་ཚོར་མི་མཐུན་པ་ཏོག་ཙམ་ཡོད། སྤྱིར་བཏང་ནས་མཁྱེན་གསུམ་གྱི་རྣམ་པ་ཟེར་བ་དང་། བདེན་བཞིའི་རྣམ་པ་ཟེར་བ། རྣམ་མཁྱེན་གྱི་རྣམ་པ་ཟེར་བ་སོགས་སྐབས་མི་འདྲ་བ་མང་པོར་གོ་རྒྱུ་མི་འདྲ་བ་རེད། དཔེར་ན་རྣམ་པ་ཞེས་པ་དེ་སྔོ་འཛིན་མིག་ཤེས་ཀྱི་རྣམ་པ་ལ་གོ་བ་དང་། མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་ལ་གོ་བ། དེ་བཞིན་བདེན་པ་བཞིའི་རྣམ་པ་བཅུ་དྲུག་ལ་གོ་བ་སོགས་ཐ་དད་རེད། དེས་ན་ད་ལྟ་འདི་ལ་རྙོག་ཁྲ་མང་པོ་མི་དགོས་པར། སྐབས་འདིར་བདེན་བཞིའི་རྣམ་པ་ཟེར་བ་འདི་བདེན་བཞིའི་སྟེང་དུ་ཡོད་པའི་ཁྱད་ཆོས་ལྟ་བུ་ཞིག་རེད། བདེན་བཞིའི་ཡོན་ཏན་ཞེས་བརྗོད་ན་འགྲིག་ཀྱང་། སྡུག་བདེན་གྱི་ཡོན་ཏན་ཞེས་བརྗོད་ན་མི་འགྲིག་པ་ལྟ་བུ་རེད། སྤྱིར་བཏང་ཡོན་ཏན་ཟེར་བ་དེ་ལེགས་པ་ལ་གོ་བ་ཡིན་རུང་། འདིར། གང་ཕྱིར་དངོས་པོ་མཐོང་བ་ཡི།། ཡོན་ཏན་མཐའ་དག་མཐོང་བ་ཉིད།། ཟེར་བའི་ཡོན་ཏན་ཙམ་ལ་གོ་ན་འགྲིག་གི་རེད། ཕྱོགས་གཞན་ཞིག་ནས་བཤད་ན། སྡུག་བདེན་དང་ཀུན་འབྱུང་བདེན་པའི་སྐྱོན་དང་། འགོག་བདེན་དང་ལམ་གྱི་བདེན་པའི་ཡོན་ཏན་ཞེས་བརྗོད་ནའང་འགྲིག་གི་རེད། གང་ལྟར་ཁྱེད་ཚོ་ལ་ངས་ཧ་ཅང་གསལ་པོ་ཏག་ཏག་ཅིག་བཤད་ཤེས་ཀྱི་མི་འདུག

གོ་བ་རགས་ཙམ་བྱས་ན། བདེན་པ་བཞི་རེ་ལ་ཁྱད་པར་མི་འདྲ་བ་བཞི་རེ་གཞུང་ནས་བཤད་ཡོད། སྡུག་བསྔལ་བདེན་པའི་རྣམ་པ་ལ། མི་རྟག་པ། སྡུག་བསྔལ་བ། སྟོང་བ། བདག་མེད་པ་བཅས་བཞི་དང་། ཀུན་འབྱུང་བདེན་པའི་རྣམ་པ་ལ། རྒྱུ། ཀུན་འབྱུང། རབ་སྐྱེས། རྐྱེན་བཅས་བཞི། ལམ་གྱི་བདེན་པའི་རྣམ་པ་ལ། ལམ། རིག་པ། སྒྲུབ་པ། ངེས་འབྱིན་བཅས་བཞི། འགོག་པའི་བདེན་པ་ལ། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཅས་བཞི་རེད།

རྣམ་གཞག་རགས་པ་ཙམ་གོ་བ་ཆགས་པའི་ཆེད་དུ་བཤད་ན། མི་རྟག་པ་ནི་རྒྱུན་གྱི་མི་རྟག་པ་སྟེ།  སྡུག་བསྔལ་བདེན་པ་གང་འདྲ་ཞིག་ཡིན་ནའང་དེའི་ངོ་བོ་ནི་རྟག་པར་མི་གནས་པར་མི་རྟག་པ་ཡིན་པ་དེས་སྡུག་བསྔལ་ཡིན་པ་དེ་ཤུགས་ཆེ་རུ་ལྟ་བུ་གཏོང་གི་ཡོད། གལ་ཏེ་ཟག་བཅས་ཀྱི་ཕུང་པོ་འདི་རྟག་པ་ཡིན་ན། ང་ཚོ་རྒྱུན་རིང་པོ་བསྡད་རྒྱུའི་གོ་སྐབས་ཡོད་པ་ཡིན་སྟབས། དེ་ཙམ་གྱིས་སྡུག་བསྔལ་མི་ཡོང་།  དེ་བཞིན་འདི་རྒ་རྒྱུ་མེད་པ་དང་། སྐྱེས་ནས་མ་ཤི་བར་དུ་འགྱུར་བ་མེད་པར་གཅིག་པ་སྡོད་མཁན་ཞིག་ཡིན་ན། ཕྲན་བུ་དྲག་པ་ཡོང་རྒྱུ་རེད། དཔེར་ན། སྐྱེ་དུས་ནས་ལོ་ཉི་ཤུ་རྩ་ལྔ་ཚོད་ཙམ་ཡིན་པ་དང་། རྗེས་སུ་འཆི་བའི་སྐབས་སུའང་དེ་རང་འགྱུར་བ་འགྲོ་རྒྱུ་མེད་ན། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་འདི་ལས་དྲག་པ་ཡོང་རྒྱུ་རེད།  དེ་བཞིན་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁང་པ་ལྟ་བུ་ཡིན་ན། ཉམས་གསོ་སོགས་མི་དགོས་པར་ཏག་ཏག་སྡོད་མཁན་ཞིག་ཡོད་ན།  ཏོག་ཙམ་དྲག་པ་ཡོང་རྒྱུ་རེད།   འོན་ཀྱང་དེ་འདྲ་མེད་ཅིང་། སྐད་ཅིག་རེ་རེ་ནས་མི་གནས་པ་རེད། མི་རྟག་པའི་རང་བཞིན་ཡིན་པས་སྐད་ཅིག་སྔ་མ་དེ་ཕྱི་མ་ལ་མི་གནས་པར་འཇིག་པ་རེད། འདི་ནི་སྡུག་བསྔལ་གྱི་རྣམ་འགྱུར་ཞིག་རེད། སྡུག་བསྔལ་ཡིན་པའི་རྣམ་འགྱུར་ལྟ་བུ་དེ་མི་རྟག་པ་རེད། སྡུག་བསྔལ་བའི་སྐབས་སུ་ཚོར་བ་སྡུག་བསྔལ་ལ་གོ་ན་འགྲིགས། ཚོར་བ་སྡུག་བསྔལ་ཟེར་བ་ནི་ཡིད་དུ་མི་འོང་བའི་རྣམ་པ་ཅན་གྱི་ཚོར་བ་རེད། ཚོར་བ་དེ་མྱོང་བའི་སྐབས་སུ་ཡིད་དུ་མི་འོང་བ་ཞིག་ཡོད། སྟོང་པ་ནི་གཙང་བས་སྟོང་པ་རེད། ང་ཚོའི་བསམ་པ་ལ་སྣོད་ཀྱི་འཇིག་རྟེན་དང་ལུས་འདི་ཚང་མ་གཙང་མ་ཡིན་བསམ་པ་ཡོད་རུང་། འོན་ཀྱང་དེ་ནི་གཙང་བས་སྟོང་པ་རེད།  གང་ལྟར་མི་གཙང་བ་རེད། དེ་ནི་མི་གཙང་བའི་རྫས་སུམ་ཅུ་སོ་གཉིས་ཀྱིས་ཁེངས་པ་སོགས་རེད། བདག་མེད་པ་ནི་དེ་ལ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་ཅིང་། གང་ཟག་གི་བདག་ལྟ་བུ་བདག་ཏུ་འཛིན་མཁན་གྱི་བདག་ཅིག་མེད། དེས་ན་སྡུག་བསྔལ་གྱི་རྣམ་པ་བཞི་པོ་མདོར་བསྡུས་ན་དེ་ལྟར་རེད།

ཀུན་འབྱུང་ལ་སྦྱར་ན། སྡུག་བསྔལ་བདེན་པའི་རྒྱུ་བྱེད་ཀྱི་ཡོད་པས་རྒྱུ་ཡི་རྣམ་པ་རེད། སྡུག་བསྔལ་ཐམས་ཅད་འབྱུང་བར་བྱེད་པའི་གཞི་ཡིན་པས་ཀུན་འབྱུང་གི་རྣམ་པ་རེད། སྡུག་བསྔལ་ཐམས་ཅད་རབ་ཏུ་སྐྱེ་བར་བྱེད་པ་ཡིན་པས་རབ་སྐྱེའི་རྣམ་པ་རེད།  སྡུག་བསྔལ་ཐམས་སྐྱེད་པར་བྱེད་པའི་རྐྱེན་བྱས་པ་ཡིན་པས་རྐྱེན་གྱི་རྣམ་པ་རེད། དེ་དག་ལ་ཁྱད་པར་ཆེན་པོ་མི་འདུག་བསམ་པ་ཡོང་སྲིད་ཀྱང་། དེ་ནི་ཞིབ་ཏུ་སྒོམ་པའི་སྐབས་སུ་མ་གཏོགས་མི་ཤེས། དེ་དག་ནི་རྒྱུ་བྱེད་པ་ཙམ་དང་། ཀུན་འབྱུང་ཡིན་པ།  རབ་སྐྱེ་ཡིན་པ། རྐྱེན་གྱི་རྣམ་པ་བཅས་ཡིན་པའི་ཆ་ནས་གང་འདྲ་བྱས་ཀྱང་རང་དབང་མེད་པ་ཡིན། ལས་གཅིག་བསགས་ཚར་བའི་རྗེས་སུ། ལས་ཀྱི་རྣམ་པར་སྨིན་པ་རང་ཤུགས་ཀྱིས་ཡོང་བ་མ་གཏོགས། ལས་དེའི་བདག་པོའམ་གང་ཟག་དེ་ལ་རང་དབང་ཁྱོན་ནས་མེད། རྒྱུ་དང་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་པ་རྣམས་མཐོང་བའི་སྐབས་སུ། ལས་དང་ཉོན་མོངས་པའི་ཀུན་འབྱུང་འདི་ཤུགས་ཆེན་པོ་ཇི་ཙམ་ཡིན་པ་དང་། ལས་དང་ཉོན་མོངས་པའི་ཀུན་འབྱུང་འདི་རྩད་ནས་མ་ཆོད་ཀྱི་བར་དུ་ཁྱོན་ནས་ལྡོག་ཐབས་མེད་པ་སོགས་རྣམ་པ་བཞི་པོ་འདིའི་ཐོག་ནས་ཤེས་ཐུབ།

འགོག་བདེན་གྱི་རྣམ་པ་བཞི་པོས་འགོག་བདེན་གྱི་ཕན་ཡོན་བསྟན་པ་རེད།  དེ་དག་ནི་འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཅས་བཞི་རེད། སྡུག་བསྔལ་རྩ་བ་ནས་འགོག་པར་བྱེད་པ་ཡིན་པས་འགོག་པ་དང་། སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ་སྤྲོས་པ་ཐམས་ཅད་ཞི་བ་ཡིན་པས་ཞི་བ། གང་ལྟར་མི་ཞི་བ་ཐམས་ཅད་མེད་པ་ཡིན། གྱ་ནོམ་པ་ནི་སྤྱིར་བཏང་ནས་ཚོར་བ་བདེ་བའི་ངོ་བོར་གྱུར་པའི་བདེ་བ་ལ་ཟེར་གྱི་མེད། དེ་ནི་ཚིམས་པའི་རྣམ་པ་ཅན་གྱི་རང་བཞིན་ཞིག་ལ་བརྗོད། གང་ལྟར་འགོག་ལམ་དེ་ཐོབ་ཚར་བའི་སྐབས་སུ་བློ་ཁ་མ་ཁེངས་པའི་ཚོར་བ་གཏན་ནས་མེད་པར་བརྟེན། ལྷོད་ཐིང་ཐིང་ལྟ་བུ་ཡོང་བ་རེད། མདོར་ན་གྱ་ནོམ་ནི་ཕུན་སུམ་ཚོགས་པ་རེད། ཕུན་སུམ་ཚོགས་པའི་ནང་ནས་ཀྱང་ཚོར་བ་ལ་འབྲེལ་བ་ཡོད་པ་ཞིག་རེད། དེ་ནས་ངེས་པར་འབྱུང་བ་ནི་ངེས་པར་བྱུང་ཟིན་པ་རེད། དཔེར་ན་འཐོན་ས་ཞིག་ནས་ཐོན་ནས་གཙང་མ་ཆགས་ཟིན་པའམ། ཡང་ན་འཁྲིལ་ཐག་རྦད་དེ་བཅད་ཟིན་པ་ཞིག་ལ་ཟེར།  ལམ་གྱི་བདེན་པས་ངེས་པར་འབྱིན་པ་དང་། འགོག་བདེན་གྱིས་ངེས་པར་འབྱུང་བ་རེད། ལམ་གྱི་བདེན་པས་ཇི་ལྟར་ངེས་པར་འབྱིན་པ་བཞིན་འགོག་བདེན་གྱི་ནང་དུ་ངེས་པར་བྱུང་ཟིན་པ་ལ་བཤད།

དེ་ནས་ལམ་བདེན་ལ། ཐར་པ་སྒྲུབ་པའི་ལམ་ཡིན་པས་ལམ་གྱི་རྣམ་པ་དང་། བདེན་པ་རིག་པ་ཡིན་པས་རིག་པའི་རྣམ་པ། སྒྲུབ་པའི་ངོ་བོ་ཡིན་པའམ་ཐར་པ་སྒྲུབ་བྱེད་ཡིན་པས་སྒྲུབ་པའི་རྣམ་པ། སྡུག་བསྔལ་ལམ་ཉོན་མོངས་པ་ལས་ངེས་པར་འབྱིན་པར་བྱེད་པ་ཡིན་པས་ངེས་པར་འབྱིན་པའི་རྣམ་པ་བཅས་རེད། དེ་དག་ནི་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་ལྡོག་པའི་ཆ་ནས་ལྟ་སྟངས་མི་འདྲ་བ་བཞིའི་དབང་གིས་དེ་ལྟར་བཤད་པ་རེད།

བདེན་པ་བཞིའི་སྟེང་གི་རྣམ་པ་བཞི་པོ་ཡག་པོ་མཐོང་ན། དེའི་ནང་དུ་ཐེག་དམན་གྱི་ལམ་ཡོངས་སུ་རྫོགས་ཡོད། གང་ལྟར་ཐེག་པ་དམན་པའི་ལམ་ཆ་ཚང་འདིའི་ནང་རྫོགས་པ་རེད། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་འཐོབ་པ་ལ་བདེན་བཞིའི་སྟེང་གི་རྣམ་པ་བཅུ་དྲུག་དྲན་པ་ཉེར་གཞག་བཞིའི་སྒོ་ནས་སྒོམ་པའི་སྐབས་སུ་ཉོན་མོངས་སྤངས་ནས་ཉན་ཐོས་ཀྱི་གོ་འཕང་འཐོབ་པ་རེད། དེ་བཞིན་བདེན་བཞིའི་རྣམ་པ་བཅུ་དྲུག་དེ་ཐེག་དམན་གྱི་ལམ་ཁོ་ནར་སྦྱར་རྒྱུ་མེད། ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་བདེན་པ་བཞིའི་རྣམ་པ་བསྒོམས་པ་ལ་བརྟེན་ནས་ཐེག་པ་ཆེན་པོའམ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་རེད། དེ་ལྟར་ཐེག་པ་ཆེ་ཆུང་གཉིས་ཀའི་ལམ་གྱི་རྣམ་གྲངས་ཆ་ཚང་བ་བདེན་བཞིའི་མི་རྟག་སོགས་བཅུ་དྲུག་ནང་འདུས་ཡོང་བ་འདིའང་ནང་པའི་ཐུན་མོང་མ་ཡིན་པའི་ལམ་གྱི་སྒྲོམ་མམ་ལམ་གྱི་ཆིངས་རྒྱག་སྟངས་ཤིག་རེད། འདིར་གཞག་རྒྱུ་ཡིན། དེ་ནས་དྲི་བ་དྲིས་ལན་གྱི་དུས་ཚོད་ཡིན།

དྲི་བ།   རྒྱུ་དང་ཀུན་འབྱུང་གཉིས་ལ་ཁྱད་པར་གང་ཡོད་དམ།

ལན།  རྒྱུ་དང་ཀུན་འབྱུང་གཉིས་ལ་ཁྱད་པར་ཆེན་པོ་མེད། དེའི་རྣམ་པ་བཤད་པའི་སྐབས་སུ་རྒྱུ་དེའང་ཀུན་འབྱུང་རེད། ཀུན་འབྱུང་དེའང་རྒྱུ་རེད། དེར་བརྟེན་དེ་གཉིས་ལ་ཁྱད་པར་དེ་ཙམ་ཕྱེ་དགོས་པ་མེད། ཡིན་ནའང་ངས་ཚིག་སྐྱོན་མ་བཅད་པར་བཤད་ན། རང་འབྲས་སྡུག་བསྔལ་བདེན་པའི་རྒྱུ་ཡིན་པ་ཙམ་གྱི་ཆ་ནས་རྒྱུ་ཞེས་དང་། རང་འབྲས་སྡུག་བསྔལ་བདེན་པའི་རྒྱུ་ཡིན་པ་ཙམ་མ་ཟད། རང་འབྲས་སྡུག་བསྔལ་བདེན་པ་ཆ་ཚང་འབྱུང་བར་བྱེད་པའི་ངེས་པ་ཅན་གྱི་རྒྱུ་ཡིན་པའི་ཆ་ནས་ཀུན་འབྱུང་ཞེས་བརྗོད། ཀུན་འབྱུང་བདེན་པ་ནི་ལམ་ལ་བརྟེན་ནས་ལྡོག་དགོས་ཤིང་། དཔེར་ན། ས་བོན་ལྟ་བུ་རྒྱུ་ཡིན་རུང་། ཀུན་འབྱུང་ཆགས་གྲབས་ཡོད་མེད་ཧ་གོ་རྒྱུ་མེད། གལ་ཏེ་དེ་མེས་འཚིག་ན་རྒྱུ་མ་ཡིན་པ་ཆགས་རྒྱུ་རེད་ལ། ཀུན་འབྱུང་མ་ཡིན་པ་ཆགས་རྒྱུ་རེད། དེས་ན་འདིས་གང་གསལ་བ་ཡིན་ཞེ་ན། ཀུན་འབྱུང་གི་བདེན་པ་འདི་ལམ་གྱིས་ལྡོག་པ་ཉག་ཅིག་རེད། དེ་མིན་འབྲས་བུ་སྡུག་བདེན་སྦྱིན་པ་ལ་ངེས་པ་ཡིན་པས་ཀུན་འབྱུང་གི་རྣམ་པ་ཟེར། ཕྱོགས་གཞན་ནས་བཤད་ན། འབྲས་བུ་ཆ་ཚང་བའམ་འབྲས་བུ་ཡོངས་སུ་རྫོགས་པ་འབྱུང་བར་བྱེད་པ་ཡིན་པས་ཀུན་འབྱུང་གི་རྣམ་པ་རེད།

དྲི་བ། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཅས་བཞི་བཤད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

ལན། དེ་དག་ནི་སྒོམ་པ་པོའི་གང་ཟག་གིས་འཛིན་པ་མི་འདྲ་བ་རེ་བཀག་པའི་སྒོ་ནས་བཤད་ཡོང་གི་ཡོད། དཔེར་ན། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཅས་བཞི་བཤད་དགོས་པ་དེ་གང་རེད་ཅེ་ན། གཙང་བར་འཛིན་པ་དང་། བདེ་བར་འཛིན་པ།  རྟག་པར་འཛིན་པ། བདག་ཏུ་འཛིན་པ་བཅས་བཞིའི་གཉེན་པོ་ལ་སྡུག་བདེན་གྱི་རྣམ་པ་བཞི་གསུངས་པ་རེད། དེ་བཞིན་རྒྱུ་མེད་དུ་འཛིན་པ་དང་། མི་མཐུན་པའི་རྒྱུ་ལས་བྱུང་བར་འཛིན་པ། རྒྱུ་མ་ཚང་བ་ལས་བྱུང་བར་འཛིན་པ། བྱེད་པ་པོའི་རྒྱུ་ལས་བྱུང་བར་འཛིན་པའི་གཉེན་པོར་ཀུན་འབྱུང་གི་རྣམ་པ་བཞི་གསུངས་པ་རེད། ལོག་རྟོག་མི་འདྲ་བ་རེའི་གཉེན་པོའམ་འགལ་ཟླ་ལ་རྣམ་པ་མི་འདྲ་བ་རེ་གསུངས་ཡོད། སྐབས་དེ་དུས་ཀྱི་ལོག་རྟོག་གི་རྣམ་གྲངས་ལ་བལྟོས་པའི་བདེན་བཞིའི་རྣམ་པ་འདི་ལྟར་བཤད་པ་རེད་མ་གཏོགས། ལོག་རྟོག་གི་རྣམ་གྲངས་དེ་ལས་གཞན་པ་བྱུང་ན། བདེན་བཞིའི་རྣམ་པ་དེ་ཚོ་འགྱུར་ཆོག་གི་རེད་ལ། མི་འདྲ་བ་ཆགས་ཆོག་རྒྱུ་རེད།

དྲི་བ། གང་ཟག་དེ་སྡུག་བསྔལ་བདེན་པ་ཡིན་ནམ།

ལན། གང་ཟག་དེ་སྡུག་བསྔལ་བདེན་པ་ཡིན་ཟེར་གྱི་མ་རེད། གང་ཟག་དེ་སྡུག་བསྔལ་བདེན་པ་ཡིན་ན། གང་ཟག་དེ་སྤང་བྱ་ཆགས་ཀྱི་རེད། གང་ཟག་དེ་སྤང་བྱ་ཆགས་ན། གང་ཟག་དེ་ཐར་པའི་ས་ལ་མི་འགྲོ་བ་རེད། འོན་ཀྱང་གང་ཟག་གི་ཕུང་པོ་དེ་སྡུག་བསྔལ་བདེན་པ་ཡིན་ཟེར་གྱི་རེད། གལ་ཏེ་བཤད་སྟངས་མི་འདྲ་བ་ཞིག་བཤད་ན། རང་རྒྱུ་ལས་ཉོན་གྱིས་འཕངས་པའི་ཟག་བཅས་ཀྱི་གང་ཟག་དེ་སྡུག་བསྔལ་བདེན་པ་རེད་དམ་ཞེ་ན། དེ་ནི་སྡུག་བསྔལ་བདེན་པ་རེད་ཟེར་གྱི་རེད། སྤྱིར་བཏང་གང་ཟག་དེ་སྡུག་བསྔལ་བདེན་པ་རེད་དམ་ཞེ་ན། དེ་ནི་མ་རེད་ཟེར་གྱི་རེད།

དྲི་བ། བདེན་པ་བཞི་དེ་བདེན་པ་གཉིས་ནང་སྡུད་ཚུལ་ཇི་ལྟར་ཡིན་ནམ།

ལན། དཔེར་ན། ཐལ་འགྱུར་བ་ལྟ་བུ་ཡིན་ན་འགོག་བདེན་དེ་དོན་དམ་བདེན་པའི་ནང་བསྡུས་ཤིང་། དེ་མིན་བདེན་པ་གསུམ་པོ་ཀུན་རྫོབ་བདེན་པའི་ནང་བསྡུས། དེ་ནས་འགོག་བདེན་དོན་དམ་བདེན་པར་མི་འདོད་པའི་གྲུབ་མཐའ་སྨྲ་བའི་ལུགས་ལ་བདེན་པ་བཞི་ག་ཀུན་རྫོབ་བདེན་པའི་ནང་བསྡུས། སྤྱིར་ཕར་ཚུར་བསྡུ་དགོས་པ་གང་ཡང་མེད། ལམ་གྱི་རྣམ་གཞག་ཉམས་སུ་ལེན་པའི་སྐབས་སུ་བདེན་པ་བཞི་དེ་བདེན་པ་གཉིས་སུ་བསྡུས་ནས་བལྟ་དགོས་མེད་ལ། བསྒོམ་དགོས་པ་མེད། སྤྱིར་བཏང་གཞིའི་རྣམ་གཞག་གི་ཆ་ནས་འགོག་བདེན་དོན་དམ་བདེན་པར་འདོད་པའི་ལུགས་ལ་འགོག་བདེན་དེ་དོན་དམ་བདེན་པ་དང་། གཞན་གསུམ་པོ་དེ་ཀུན་རྫོབ་བདེན་པ་རེད། དེ་བཞིན་མི་འདོད་པའི་ལུགས་ལ་བདེན་པ་བཞི་ག་ཀུན་རྫོབ་བདེན་པའི་ཁོངས་སུ་བསྡུ་བ་ཡིན།

དྲི་བ། འགོག་བདེན་ཐོབ་ཟིན་པའི་རྗེས་སངས་རྒྱས་ཀྱི་གོ་འཕང་ཆེད་བརྩོན་པ་བྱེད་པའི་དགོས་པ་གང་ཡོད་དམ།

ལན། དེ་ནི་གཞན་དོན་ཆེད་རེད། རང་དོན་ཙམ་ཡིན་ན་ཉན་ཐོས་ཀྱི་ཐར་པ་དང་རང་སངས་རྒྱས་ཀྱི་ཐར་པ་དེས་འགྲིགས་པ་རེད། རང་དོན་སྤངས་པ་མཐར་ཐུག་དེ་ཐོབ་མེད་ཀྱང་། རང་གི་དོན་ཙམ་ཡིན་ན་ཞི་བའི་གོ་འཕང་དེས་འགྲིགས་པ་རེད། འདི་ལ་ཞི་བའི་མཐའ་ཟེར་དགོས་པ་དེ་གང་རེད་ཅེ་ན། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཧ་ཅང་སྐྱོན་བྱེད་ཀྱི་ཡོད་ཙང་དེ་ལྟར་བརྗོད། དེ་འདྲ་བའི་གང་ཟག་དེས་གཞན་དོན་བསྒྲུབ་དགོས་མེད་ན་གྱ་ནོམ་པའི་ནང་དུ་བསྡད་ན་དེ་གས་འགྲིག་གི་རེད། གལ་ཏེ་འགོག་པའི་ལམ་ཐོབ་པའམ།  ལན་གཅིག་ཉན་ཐོས་ཀྱི་ཐར་པ་ཐོབ་ན། དེའི་ནང་ལྷག་ནས་བསྐལ་པ་ནས་བསྐལ་པའི་བར་དུ་མཉམ་པར་བཞག་པ་རེད། གང་མཚམས་ཤིག་ལ་རྒྱལ་བ་རྣམས་ཀྱིས་འགོག་པ་ལས་བསླངས་ཏེ་ཐེག་པ་ཆེན་པོའི་ལམ་ལ་མ་བཀོད་བར་དུ་དེའི་ནང་དུ་ལུས་པར་བརྟེན། སྤང་བྱའི་སྒྲིབ་པ་ཡོངས་རྫོགས་སྤངས་མེད། ད་ལྟ་ཤེས་སྒྲིབ་ཚང་མ་སྤང་རྒྱུ་བསྡད་ཡོད། འཁོར་བའི་སྔུག་བསྔལ་ལས་ཐར་བ་ཙམ་མ་གཏོགས། དེ་ལས་སྤྲོས་པའི་ཧ་ལས་རྒྱུ་གང་ཡང་བྱུང་མེད། དེར་བརྟེན་གཞན་དོན་བསྒྲུབ་དགོས་ཀྱི་ཡོད། གཞན་དོན་བསྒྲུབ་དགོས་ཀྱི་ཡོད་པ་དེ་གང་རེད་ཅེ་ན། སེམས་ཅན་ཐམས་ཅད་རང་ཉིད་ལ་ཧ་ཅང་དྲིན་ཆེན་པོ་ཆགས་ཡོད་ཙང་། དྲིན་ལན་མ་བསབ་པར་ལུས་ན། གང་ཟག་དེ་ནི་མ་རབས་དང་ཐ་ཤལ་ཆགས་རྒྱུ་རེད། དེས་ན་རང་ཉིད་མ་རབས་དང་ཐ་ཤལ་མི་ཡོང་བའི་དོན་དུ་སེམས་ཅན་གྱི་དྲིན་ལན་བསབ་དགོས་ཀྱི་ཡོད། དེ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་པའི་སྒོ་ནས་བསབ་དགོས་ཀྱི་ཡོད། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པ་ལ་ཐོག་མར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་ཀྱི་ཡོད་པར་བརྟེན། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཙམ་གྱིས་མི་ཆོག་པར་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་དགོས་པའི་རྒྱུ་མཚན་དེ་རེད། དེས་ན་ད་ལྟ་ཁྱེད་རང་གིས་བཤད་པ་བཞིན་དམིགས་ཡུལ་དེ་ལ་ལྷོད་ཤིག་ཤིག་བྱུང་ན་བསམ་པ་མ་གཏོགས། དེ་ལས་ལྷག་པའི་དམིགས་ཡུལ་མེད་ན། ཞི་བའི་གོ་འཕང་དེས་འགྲིགས་ཡོད་རེད།

དྲི་བ། ནང་པའི་བསྟན་བཅོས་གང་འདྲ་ཞིག་ཡིན་ནའང་བདེན་པ་བཞིའི་རྣམ་གཞག་བཤད་ཀྱི་རེད་དམ།

ལན། ནང་པའི་བསྟན་བཅོས་ཡིན་ན། བདེན་པ་བཞི་བཤད་པའི་ཁྱབ་པ་གཟུང་མི་ཐུབ། ནང་པའི་བསྟན་བཅོས་གང་འདྲ་ཡིན་ནའང་བདེན་པ་བཞིའི་རྣམ་གཞག་བཤད་ཀྱི་རེད་ཅེས་ཀྱང་མི་ཟེར། གང་ལྟར་ནང་པའི་བསྟན་བཅོས་གང་འདྲ་ཡིན་ཡང་དངོས་དང་ཡན་ལག་ཅི་རིགས་པའི་སྒོ་ནས་བདེན་པ་བཞི་པོ་གང་རུང་དང་འབྲེལ་བའི་རྣམ་གཞག་ཅིག་ངེས་པར་དུ་བཤད་ཀྱི་རེད། གང་ལགས་ཤེ་ན། ནང་པའི་བསྟན་བཅོས་ཡིན་ཕྱིན་ཆད་ལ། དངོས་ཤུགས་གང་རུང་ནས་ཐར་པའི་ལམ་མི་བསྟན་པ་ཞིག་མེད། དེ་བཞིན་བཤེགས་པའི་གསུང་ལ་དངོས་བརྒྱུད་ཅི་རིགས་ནས་ཐར་པ་འཐོབ་པའི་ཕྱིར་དུ་མ་གསུངས་པ་གཅིག་ཀྱང་མེད་པ་ཡིན་སྟབས། སྡེ་སྣོད་གསུམ་པོ་གང་འདྲ་ཞིག་ཡིན་ནའང་། ཐར་པ་འཐོབ་པའི་ལམ་དང་རྗེས་སུ་འབྲེལ་བ་ཆགས་ཡོད། སྡེ་སྣོད་གསུམ་གང་ཡང་རུང་བའི་དགོངས་པ་འགྲེལ་མཁན་གྱི་བསྟན་བཅོས་ཤིག་ཡིན་ནའང་ངེས་པར་དུ་ཐར་པ་འཐོབ་པའི་ལམ་དང་རྗེས་སུ་འབྲེལ་བའི་ཆོས་ཤིག་བསྟན་དགོས་ཀྱི་རེད། དེས་ན་བདེན་པ་བཞི་པོ་གང་རུང་དང་འབྲེལ་བ་ཞིག་ངེས་པར་དུ་བསྟན་རྒྱུ་རེད། དཔེར་ན། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ་ཞེས་པའི་མདོས་བདེན་པ་བཞིའི་ནང་ནས་གང་བསྟན་པ་རེད་ཅེ་ན། ཧོབ་སྟེ་བལྟས་ན། འདིས་གང་ཡང་མི་སྟོན་པ་ལྟ་བུ་ཞིག་ཡོད་ཀྱང་། ཞིབ་ཏུ་བལྟས་ན་ཚུལ་ཁྲིམས་དང་འབྲེལ་བའི་བཅས་པ་ཞིག་བསྟན་གྱི་ཡོད། དེར་བརྟེན་ཚུལ་ཁྲིམས་ཀྱི་བསླབ་པའི་རྣམ་གཞག་ཅིག་བསྟན་པ་རེད། དེས་ན་ལམ་བདེན་འཐོབ་བྱེད་ཀྱི་ཡན་ལག་ཅིག་བསྟན་པ་རེད། ལམ་བདེན་འཐོབ་བྱེད་ཀྱི་ཡན་ལག་ཅིག་བསྟན་པ་ཡིན་ཙང་། ལམ་བདེན་དེ་ལ་བརྟེན་ནས་ཐར་པ་སྒྲུབ་པའི་ལམ་ཞིག་ཡོད་པ་གོ་བ་ཡིན། དེ་ནི་མགོ་མཇུག་བསློགས་ཏེ། འོ་ན་ཤམ་ཐབས་ཟླུམ་པོར་བགོ་དགོས་པ་གང་རེད་ཅེ་ན། ཤམ་ཐབས་ཟླུམ་པོར་མ་གྱོན་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཀྱི་མེད་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་ན་ཏིང་ངེ་འཛིན་ལ་གནོད་པ། ཏིང་ངེ་འཛིན་ལ་གནོད་ན་ཤེས་རབ་ལ་གནོད་པ། ཤེས་རབ་ལ་གནོད་ན་ཐར་པ་མི་འཐོབ་པ་བཅས་དེ་ལྟར་སླེབས་ཡོང་བ་རེད། གང་ལྟར་ཐར་པ་འཐོབ་པའི་ལམ་དང་རྗེས་སུ་འབྲེལ་བ་ཡིན་ཕྱིན་ཆད་ལ། བདེན་པ་བཞི་པོ་གང་རུང་དང་འབྲེལ་བ་མེད་པ་ཞིག་འགྲོ་ས་ཁྱོན་ནས་མེད།

དྲི་བ། ཐེག་པ་ཆེན་པོའི་ལམ་དེ་དབུ་མའི་ལམ་ཡིན་ས་རེད། དེ་གང་འདྲ་ཡིན་ནམ།

ལན། སྤྱིར་བཏང་ནས་ཐེག་པ་ཆེན་པོའི་ལམ་ཙམ་མ་ཡིན་པར་སངས་རྒྱས་ཀྱིས་བསྟན་པའི་ལམ་ཐམས་ཅད་སོ་སོའི་གནས་སྐབས་ལ་དབུ་མའི་ལམ་ཡིན་ཟེར་གྱི་རེད། ཡིན་ནའང་དབུ་མའི་ལམ་དེ་ལ་དབུ་མ་བརྩི་སའི་མཐའ་གཉིས་ལ་མི་འདྲ་བའི་ཁྱད་པར་ཡོད་རེད། དཔེར་ན། འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་དབུ་མའི་ལམ་ཡིན་ཞེས་བཤད་པའི་སྐབས་སུ་རང་ཉིད་གང་ལས་དབུ་མར་འཇོག་པའི་མཐའ་གཉིས་པོ་དེ་གང་རེད་ཅེ་ན། འདོད་པ་བསོད་ཉམས་ཀྱི་མཐའ་དང།  ངལ་ཞིང་དུབ་པའི་མཐའ་གཉིས་རེད། མཐའ་དེ་གཉིས་སྤངས་པའི་ལམ་དེ་ལ་དབུ་མའི་ལམ་ཟེར་གྱི་རེད། དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་རེད། དེ་ནས་ལྟ་བའི་ཆ་ནས་དབུ་མ་པ་ཟེར་བའི་སྐབས་སུ། རྟག་པའི་མཐའ་དང་ཆད་པའི་མཐའ་འམ། ཡང་ན་ཡོད་པའི་རྟག་མཐའ་དང་མེད་པའི་ཆད་མཐའ་གཉིས་པོ་དང་བྲལ་བ་ལ་དབུ་མའི་ལམ་ཟེར་གྱི་རེད། དབུ་མའི་ལམ་དང་དབུ་མའི་ལྟ་བ་གཉིས་ལ་ཁྱད་པར་ཡོད་རེད། གྲུབ་མཐའ་བཞིའི་ནང་དབུ་མ་པ་ཟེར་བ་དེ་ཐ་སྙད་ཐ་དད་ཅིག་རེད་མ་གཏོགས། གྲུབ་མཐའ་བཞིའི་ནང་གི་དབུ་མ་པ་དེ་མ་གཏོགས་གཞན་པ་རྣམས་དབུ་མའི་ལམ་མིན་པར་བསམ་རྒྱུ་མེད། དཔེར་ན། བྱེ་བྲག་སྨྲ་བའི་བསམ་པ་ལ་བྱེ་བྲག་སྨྲ་བའི་ལྟ་བ་དེ་དབུ་མའི་ལྟ་བ་ཡིན་པ་དང་མཐའ་གཉིས་དང་བྲལ་བ་ཡིན་བསམ་གྱི་ཡོད། དེས་ན་བྱེ་བྲག་སྨྲ་བ་རང་ལུགས་བཤད་ན། བྱེ་བྲག་སྨྲ་བ་དེ་དབུ་མ་པ་རེད། མདོ་སྡེ་པ་རང་ལུགས་བཤད་ན། མདོ་སྡེ་པ་དེ་དབུ་མ་པ་རེད། སེམས་ཙམ་པ་རང་ལུགས་བཤད་ན། སེམས་ཙམ་པ་དེ་དབུ་མ་པ་རེད། གཞན་པ་ཚང་མ་རྟག་ཆད་ཀྱི་མཐའ་གང་རུང་ལ་ལྷུང་ཡོད་པར་འདོད། དབུ་མ་པ་རང་གི་བཤད་སྟངས་ཡིན་ན། དེ་བས་ཀྱང་དབུ་མ་པ་མ་གཏོགས་གཞན་དག་དབུ་མ་པ་མིན་པར་འདོད། ལམ་གྱི་ཆ་ནས་བཤད་ན། ཕྱོགས་གཅིག་ནས་དབུ་མའི་ལྟ་བའི་དོན་རྟོགས་པའི་ཆ་ནས་དབུ་མའི་ལམ་ཞེས་བཤད་པའི་གོ་སྐབས་ཡོད་ཀྱང་། རྩ་བའི་ལམ་གྱི་ཆ་ནས་བཤད་པའི་སྐབས་སུ་ལམ་དབུ་མ་ཟེར་བ་དེ་གང་ལས་དབུ་མ་བྱུང་བའི་མཐའ་གཉིས་པོ་དེ་གང་འདྲ་གཞག་དགོས་པ་དང་།  དེ་ལ་བརྟེན་ནས་དབུ་མའི་ལམ་འཇོག་སྟངས་དེ་ཤེས་པར་བྱ་དགོས། ད་འགྲིགས་སོང་། འདིར་མཚམས་འཇོག་བྱ་རྒྱུ་ཡིན།

(༡༩༩༠ ཕྱི་ཟླ་ ༢ ཚེས་ ༡༤ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་པོའི་ཁབ་ཀྱི་གཞོན་ནུ་དོན་གྲུབ་མགྲོན་ཁང་དུ་སློབ་གཉེར་བ་རྒན་པ་རྣམས་ཀྱི་དགུན་ཆོས་སུ་གསུངས་པ་ཞིག་ཡིན།)