༈ སྔོན་གླེང་།

༈ སྔོན་གླེང་།

༄༅།། པུར་རྒྱལ་བོད་ཀྱི་ཡུལ་ནི་ས་ཡི་གོ་ལའི་ཡང་ཐོག་དེར་བཅུད་ཀྱི་སེམས་ཅན་ཆགས་པ་ནས་བཟུང་ལོ་གྲངས་ཁྲི་ཕྲག་མང་པོའི་རིང་སྣོད་བཅུད་གཉིས་ཐད་ནས་ཁྱིམ་མཚེས་རྒྱལ་ཁམས་གཞན་ལས་ཁྱད་ཞུགས་པའི་ཁྱད་ཆོས་མང་པོའི་བྱུང་རབས་ངོ་མཚར་ཅན་ཡོད་ནའང་། ད་ལྟ་སྤྱོད་བཞིན་པའི་ཡིག་གཟུགས་དང་བརྡ་སྤྲོད་ཀྱི་ལམ་སྲོལ་དར་ཕྱིས་པའི་དབང་གིས་ཆེས་གནའ་དུས་ཀྱི་དེ་བྱུང་ཡིག་ལམ་དུ་འཁོད་པ་མེད། ཡིག་གཟུགས་དང་བརྡ་སྤྲོད་རིག་གནས་དར་རྒྱས་བྱུང་རྗེས་སུའང་བོད་མིས་ནང་དོན་རིག་པ་གཙོ་བོར་གྱུར་པའི་ཕྱི་ནང་གི་རིག་པའི་གནས་ཀྱི་གཞུང་ལུགས་གྲངས་ལས་འདས་པ་ཞིག་གཞི་རྐང་རྒྱ་གར་འཕགས་པའི་ཡུལ་དང་།

དེ་མཚུངས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སྐད་ཡིག་ཅི་རིགས་ནས་བོད་སྐད་དུ་སྒྲ་བསྒྱུར་དང་།  དེ་དག་ལ་ཉན་བསམ་འཆད་རྩོམ་གྱི་བྱ་གཞག་འཇིག་རྟེན་འདིའི་མི་རིགས་གཞན་སུས་ཀྱང་དོ་ཟླ་མི་ཐུབ་པའི་རླབས་ཆེན་ཞིག་དུས་ཡུན་ཐུང་ངུའི་ནང་བརྩམས་ཡོད་ཅིང་། མི་འབོར་དང་དུས་ཡུན་ལ་གཞིགས་ཏེ་སྒྲ་བསྒྱུར་དང་རྩོམ་རིག་བོད་ལས་གྲངས་མང་བ་དང་སྤུས་དག་པ་རྒྱལ་ཁམས་གཞན་གང་དུའང་མ་བྱུང་བ་ཚིག་ཐག་ཆོད་པོས་བརྗོད་ཐུབ།  འོན་ཀྱང་རང་རེའི་གཞི་རྒྱ་ཆེ་བའི་ཡིག་འཇོག་དེའི་ཁྲོད་ཅུང་ཞན་ཆའི་རྣམ་པ་ཡོད་པ་ནི་ “དེ་ལྟ་བུའི་བྱུང་བ་” ཡིན། ཕྱོགས་གཅིག་ནས་ཆོས་ཕྱོགས་ཀྱི་བྱུང་བ་ (ཆོས་འབྱུང་) ལ་གནད་ཆེར་བརྩིས་པ་ལས་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར། ཤེས་ཡོན། ཡུལ་མི་ཕལ་པའི་གནས་བབ། གང་ཟག་སྒེར་གྱི་མི་ཚེའི་བྱུང་བ་སོགས་ཡིག་ཐོག་ཏུ་བཀོད་པ་ཉུང་ཞིང་། ཕྲན་བུ་ཡོད་རིགས་ཀྱང་། དེ་བྱུང་དང་། རྟོགས་བརྗོད། སྒྲུང་གཏམ། ཉེ་བར་བཀོད་པ་སོགས་འདྲེས་མར་གྱུར་ཏེ་རྣམ་དབྱེ་ཕྱེ་དཀའ་བ་དང་། སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་ཤིན་ཏུ་མང་མོད། དེ་དག་ཕལ་ཆེར་མཐུན་སྣང་ཡོངས་གྲགས་ཀྱི་མཛད་སྤྱོད་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་རྣམས་གཅིག་ཏུ་བསྲེས་ཏེ་དེའི་ཁྲོད་ནས་དེ་བྱུང་གི་གནས་ཚུལ་འབུར་ཐོན་མངོན་དཀའ་བར་གྱུར། སྤྱིར་རྒྱལ་བའི་བཀའ་ལ་གསུང་རབ་ཡན་ལག་དགུའམ་བཅུ་གཉིས་སུ་དབྱེ་བའི་སྐབས་ “དེ་ལྟ་བུའི་བྱུང་བ་” (History) ཟུར་དབྱེ་ཡོད་ནའང་། དེ་བྱུང་གི་མཚན་ཉིད་སྟོན་པའི་རིག་པའི་གཞུང་ལུགས་ (Historiography) བོད་དུ་མ་དར་བས། སྔོན་བྱོན་མཁས་དབང་སྤྱི་དང་། ཁྱད་པར་སྒྲོལ་བའི་མགོན་པོ་དང་རིན་ཆེན་གྲུབ་ལྟ་བུ་དེ་བྱུང་གི་གཞུང་ལུགས་རྒྱ་ཆེ་རྩོམ་པ་པོ་རྣམས་ཀྱིས་ཀྱང་དེ་བྱུང་རིག་པའི་མཚན་ཉིད་ལ་ཐུགས་སྣང་དེ་ཙམ་མ་གནང་བ་ལྟ་བུར་མངོན།

གནས་ཚུལ་ཕལ་ཆེར་འབྱུང་བཞིན་པའི་སྐབས་ “དེ་བྱུང་” གི་གལ་ཆེའི་རང་བཞིན་ལྡན་པ་མི་མངོན་པས་ཐོ་འགོད་ཡིག་འཇོག་གི་ངལ་བ་མི་བསྟེན་གཤིས། འདས་ནས་དུས་རིང་སོང་རྗེས་གནས་ཚུལ་བྱུང་སྐབས་ཀྱི་མི་རབས་རྫོགས་པའམ་དྲན་ལམ་ནས་ཡལ་རྗེས་གཟོད་འཚོལ་ཞིབ་བྱེད་སྐབས་ཆ་ལག་ཚང་བ་ཞིག་རྙེད་དཀའ། བྱུང་རབས་ཀྱི་དན་རྟགས་གཙོ་བོ་ཡིག་ཆ་དང་། ཕལ་པ་ངག་རྒྱུན། གནའ་རྫས་སོགས་ལ་བརྟེན་དགོས་ཤིང་། ཡིག་ཆ་ལས་གཞན་པའི་དན་རྟགས་རྣམས་ཀྱིས་ཚོད་དཔག་རགས་པ་ཙམ་ལས་ཡིད་ཆེས་འཕེར་བའི་ངེས་པ་སྟེར་དཀའ་བས། བྱུང་རབས་སྨྲ་བ་རྣམས་ཀྱིས་འགྲེལ་བརྗོད་མི་མཐུན་པ་འོང་བ་ཆོས་ཉིད་དུ་སྣང་། གངས་རིའམ་ས་རྡུལ་སྟེང་གོམ་བགྲོད་བྱེད་སྐབས་རྐང་རྗེས་ཤིན་ཏུ་གསལ་བ་རང་གི་བགྲོད་ཤུལ་དུ་བཀོད་ནའང་། ཡུད་ཙམ་རྗེས་ཁ་ཆར་གསར་བབས་སམ། རླུང་འཚུབ་ཅི་རིགས་ཀྱིས་བསུབ་པའི་རྐང་རྗེས་བསྐྱར་འཚོལ་གྱིས་དེའི་རྣམ་བཤད་བྱས་པ་ནི་ཚོད་དཔག་རགས་པ་ཙམ་ལས། འཕྱུག་མེད་དོན་སྟེང་དུ་འཁེལ་བ་བྱ་རྡོ་ལམ་འཕྲད་ལྟ་བུ་སྟེས་དབང་གིས་བྱུང་སྲིད་པ་ཙམ་ལས་མ་འདས། དོན་གྱི་དབང་འདིས་ཉེ་བའི་དུས་ཀྱི་རྩོམ་པ་པོ་དེ་བྱུང་རིག་པ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པར་གྲགས་པ་མདོ་སྨད་པ་དགེ་ཆོས་ཀྱིས་ཀྱང་། “དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན།། བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས།། སྟོང་པའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི།། ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད།།” ཅེས་དཀའ་ཚེགས་ངོས་ལེན་གྱི་གཤུང་ཚིག་ཤོར་བ་ཐུགས་མད། སྒྱུ་མ་ནི་ཇི་ཙམ་ངོ་མཚར་ཆེ་ཡང་སྣང་གནས་མི་མཐུན་པ་ཞིག་ལས་ཡོང་ཐབས་བྲལ།

བོད་ཀྱི་གནའ་བོའི་དེ་བྱུང་སྤྱི་དང་། ཁྱད་པར་སྲིད་དོན་གྱི་བྱུང་རབས་རྒྱལ་སྤྱིའི་ནང་རྩོད་མེད་ཁུངས་འཕེར་ཞིག་རང་སྐད་དུ་དཀོན་པས། ཕྱི་མིས་སྐད་ཡིག་གཞན་གྱི་ཐོག་བྲིས་པ་དག་ལ་རེ་བཅོལ་བྱ་དགོས་ཀྱི་དུས་སྐབས་ལན་མང་བྱུང་སྣང་། རང་རིགས་གཞོན་སྐྱེས་བོད་ཀྱི་དེ་བྱུང་ལ་ཉམས་ཞིབ་བྱེད་འདུན་ཡོད་པ་རྣམས་ལའང་ཁུངས་བཅོལ་བྱ་ཡུལ་རྒྱལ་ཁབ་གཞན་གྱི་དེ་བྱུང་དང་། སྐད་ཡིག་གཞན་དུ་ཡོད་པ་རྣམས་ལ་བྱ་དགོས་འོང་བཞིན་པ་མཐོང་ཆོས་སུ་གྲུབ་ཁར། ལར་ནས་བོད་མི་རྒན་གཞོན་ཚང་མར་བོད་ཀྱི་ཡུལ་དང་མི་རིགས་ཀྱི་དེ་ལྟ་བུའི་བྱུང་བའི་རྣམ་གཞག་གི་གོ་རྟོགས་དང་། རྒྱུན་ཤེས་ཀྱི་གནས་ཚད་ཇི་བཞིན་མ་ལོངས་པའི་གནས་བབ་འདི་ངོ་གནོང་དགོས་པ་ཞིག་ཡིན། ཞན་ཆ་འདི་རིགས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་དེ་བྱུང་རིག་གནས་ཀྱི་སྲོལ་རྒྱུན་བོད་དུ་དར་ཁྱབ་ཚད་ལོངས་མ་བྱུང་བའི་དབང་གིས་མི་རིགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བའི་དངོས་བྱུང་གནས་ཚུལ་རྣམས་འཕྲལ་འཕྲལ་ཡིག་ལམ་དུ་འགོད་སྲོལ་མ་བྱུང་བའི་ཁར། ཡིག་ལམ་དུ་ཡོད་པ་རྣམས་ཀྱང་ཡིག་ཚགས་ཀྱི་ལས་དོན་ཚད་ལྡན་མ་བྱུང་བ་དེ་ལ་ཐུག་པ་སྨོས་མ་དགོས།

ཁྱད་པར་ད་ལྟའི་གཞིས་བྱེས་བོད་མིའི་ལས་དབང་དང་ཐད་ཀར་འབྲེལ་བ་ཆེ་བའི་གནས་ཚུལ་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་འགོ་ཙམ་ནས་བྱུང་བའི་བོད་ཀྱི་རྒྱལ་སྤྱིིའི་འབྲེལ་ལམ་སྤྱི་དང་། ཁྱད་པར་དམག་འཐབ་ཆིངས་འཇོག་ཚོང་འབྲེལ་སོགས་ཀྱི་བྱུང་རིམ་གལ་ཆེ་ཁག་གི་ཡིག་ཆའི་ཆ་ལག་དང་། སྒྲིག་འཛུགས་ཀྱི་དྲན་པ་གཉིས་ཀ་ཇི་བཞིན་མེད་པའི་དཀའ་རྙོག་གི་མྱོང་ཚོར་རང་རེར་རྒྱུན་དུ་ཡོང་བཞིན་པ་དངོས་མཐོང་ཡང་། ད་དུང་ཉམས་མྱོང་དེ་དག་ལས་བསླབ་བྱ་བླངས་ཏེ་བོད་མི་གཞུང་སྒེར་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཡར་རྒྱས་ཀྱི་རྣམ་པ་ཤིན་ཏུ་ཕྲ་བར་འདུག  ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པའི་སྨད་ཆ་ཙམ་ནས་བཟུང་ད་ལྟའི་བར་ལོ་བརྒྱ་དང་བཞི་བཅུ་སྐོར་གྱི་རིང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སྤྱི་དང་། བྱེ་བྲག་བོད་དང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འབྲེལ་ལམ་ལ་ཛ་དྲག་རང་བཞིན་ལྡན་པའི་འཕར་འབུག་ཇི་སྙེད་ཅིག་བྱུང་བ་ཕལ་ཆེར་ད་ཆ་དྲན་ལམ་དང་ཡིག་ལམ་གཉིས་ཀ་ནས་ཧ་ལམ་མི་མངོན་པ་ལྟ་བུར་གྱུར་པའི་དབང་གིས་འདས་པའི་ནོར་འཁྲུལ་ཁག་བསྐྱར་ལྡབ་མི་ཡོང་བ་དང་། ནོར་བཅོས་བྱ་རྒྱུ། ཉམས་མྱོང་དེ་རྣམས་འབྱུང་འགྱུར་བྱེད་འཆར་གྱི་རྨང་གཞིར་སྨན་པའི་བརྒྱུད་རིམ་ལྡན་པ་ཞིག་བྱེད་མ་ཐུབ་པར། གལ་ཆེའི་ཆབ་སྲིད་ཀྱི་ལས་དོན་མང་པོ་འཕྲལ་རྐྱེན་གང་བྱུང་ལ་བརྟེན་པའི་སྣང་བ་གདོང་འདེད་ཀྱིས་ཐག་གཅོད་བྱ་དགོས་བྱུང་བར་བརྟེན། བར་སྐབས་བོད་མིའི་སྣེ་མོ་བ་མང་དག་ལ་ “འཕྲལ་སེལ་རིང་ལུགས་པ་” ཞེས་དཔྱོད་ལྡན་འགས་སྐྱོན་བརྗོད་གནང་བའང་གཞི་མེད་ཡིན་པར་བརྗོད་དཀའ།

ད་ལྟ་འཚོ་བཞུགས་ཡོད་པའི་གཞིས་བྱེས་བོད་མི་རྒན་གྲས་རྣམས་ཀྱི་མི་ཚེའི་ནང་དངོས་བྱུང་གི་གནས་ཚུལ་དཔེར་ན། རྒྱ་ནག་དམར་ཤོག་གི་དབང་བསྒྱུར། བོད་ལ་དཔུང་འཇུག གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ། ༧གོང་ས་མཆོག་རྒྱ་ནག་དང་རྒྱ་གར་དུ་ཆིབས་བསྒྱུར། བོད་ཡུལ་སྟོད་སྨད་གང་སར་རྒྱ་དམར་ལ་གྱེན་ལོག་རྒོལ་འཛིངས། ཕྱི་ལོ་ ༡༩༥༩ ལོར་ཞི་བའི་གྱེན་ལངས། ༧གོང་ས་མཆོག་སྟོན་འཁོར་དང་བོད་མི་ཁྲི་ཚོ་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་དུ་འབྱོར་བ། གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་དུ་བཏང་བའི་གསལ་བསྒྲགས། རང་བཙན་བསྐྱར་གསོའི་ལས་འགུལ། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་བའི་རིམ་པ། བཙན་བྱོལ་བོད་མིའི་འཚོ་ཐབས་དང་། ཆོས་དང་རིག་གཞུང་ལེགས་བྱང་སྐད་ཡིག་སྲུང་སྐྱོབ། ན་གཞོན་རྣམས་ལ་གནའ་དེང་ལམ་སྲོལ་གཉིས་ལྡན་གྱི་ཤེས་ཡོན་ཁྱབ་སྤེལ། དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས། བོད་རྒྱའི་འབྲེལ་ལམ་གསར་འཛུགས་དང་ཆད་མཐུད་སོགས་བྱུང་རབས་ཀྱི་དོན་སྙིང་རླབས་ཆེན་ལྡན་པའི་ལས་དོན་མང་པོ་ཞིག་བྱུང་ཡོད་པས། དུས་རབས་འདི་ནི་བོད་མིའི་ཡོངས་གྲགས་ཀྱི་ལོ་གྲངས་ཉིས་སྟོང་སུམ་བརྒྱ་ཙམ་གྱི་དེ་ལྟ་བུའི་བྱུང་བའི་ནང་འཕར་འབུབ་འགྱུར་བ་ཆེ་ཤོས་དང་འཁྲུགས་ཆ་དོད་ཤོས་ཤིག་ཏུ་གྱུར་ཡོད། དུས་རབས་འདིའི་བྱུང་བ་རྣམས་གནའ་དུས་དང་བསྡུར་ན་ཡིག་འཇོག་གི་ལས་རིམ་ཡར་རྒྱས་མི་དམན་ཙམ་བྱུང་ཡོད་པ་མ་ཟད། གནས་འབྲེལ་དང་། གསར་འགྱུར་བརྒྱུད་ལམ་སོགས་རྒྱལ་སྤྱིའི་ཡིག་ལམ་ཁག་ཏུའང་ཚུད་ཡོད་ཀྱང་། ཡིག་ཚགས་ཚད་ལྡན་མེད་པ་དང། བར་སྐབས་ཡིག་ཚགས་ཀྱི་ལས་གཞི་འགའ་ཤས་བརྩམས་པའང་དོན་འཁྱོལ་མ་བྱུང་བ་བཅས། མདོ་དོན་ད་ལྟའང་རང་དབང་ཅན་གྱི་ཡུལ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རང་ངོས་ནས་ཡིག་འཇོག་དང་། ཡིག་ཚགས་གཉིས་ཀ་དེང་རབས་རྒྱལ་སྤྱིའི་གནས་ཚད་ལོངས་པའི་འདོད་བློ་ཁེངས་ངེས་ཤིག་གཏན་ནས་བྱུང་མེད་ཁར། འགའ་རེས་ཆགས་སྡང་ཕྱོགས་ལྷུང་གིས་དངོས་དོན་འཁྱོག་བཤད་བྱས་པའི་ཡིག་ཆའང་མི་ཉུང་བ་ཞིག་བྱུང་བ་རྣམས་བཏང་སྙོམས་སུ་ལུས་པས་འབྱུང་འགྱུར་ད་ལྟའི་མི་རབས་རྫོགས་རྗེས་ལོག་རྟོག་དང་སོམ་ཉིའི་གནས་ཇི་སྙེད་ཅིག་འོང་བའི་ཉེན་ཁའང་ཡོད་བཞིན་པ་ཡིན། དོན་གྱི་དབང་འདི་དག་ལ་ལེགས་པར་གཞིགས་ན་བོད་མི་ཡོངས་དང་། ཁྱད་པར་རང་དབང་ལུང་པར་ཡོད་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱིས་སྒེར་རམ། སྒྲིག་འཛུགས། སྤྱི་ཚོགས་ཀྱི་ལས་རིམ་ཇི་བྱུང་དང་པོའི་མཐོང་སྣང་དུ་གལ་གནད་ཆེ་ཆུང་ཇི་མངོན་ལ་མ་ལྟོས་པར་དངོས་དོན་རང་བཞིན་བརྗོད་པའི་ཡིག་ཆ་སྒྲོ་སྐུར་གྱིས་མ་བསླད་པ་འཇོག་དགོས་དང་། ཡིག་རིགས་དེ་རྣམས་དེང་རབས་ཚན་རིག་དང་མཐུན་པའི་ཡིག་ཚགས་ཚད་ལྡན་དགོས་གལ་ཤིན་ཏུ་ཆེ། འདི་ནི་འབྱུང་འགྱུར་དེ་ལྟ་བུའི་བྱུང་བའི་གཞི་རྟེན་ཙམ་དུ་མ་ཟད། ད་ལྟ་བོད་དོན་བདེན་མཐའ་གསལ་ཐབས་དང་། མི་རིགས་ཀྱི་འཕྲལ་ཕུགས་ཀྱི་མངོན་འདོད་སྒྲུབ་པའི་ལས་དོན་རྣམས་ཐག་གཅོད་དང་ལག་བསྟར་བྱ་བར་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ཡིན།

ཀུན་གྱིས་མཁྱེན་གསལ་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བོད་མིའི་ཁྲིམས་མཐུན་གྱི་གཞུང་བཙན་བྱོལ་དུ་ཕེབས་འབྱོར་བྱུང་འཕྲལ་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ཡང་དག་པའི་མང་གཙོའི་ལམ་དུ་འཁྲིད་གནང་མཛད་པ་དང་ཆབས་ཅིག་བོད་ཀྱི་རང་བཙན་བསྐྱར་གསོ་ཡོང་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ཡང་། རྒྱ་ནག་གི་སྟོབས་ཤུགས་དང་། རྒྱལ་སྤྱིའི་གནས་བབ། དེང་རབས་ཀྱི་གནོན་ཤུགས། འཇིག་རྟེན་སྤྱིའི་ཆབ་སྲིད་དཔལ་འབྱོར་དང་དམག་ཤུགས་ཁོ་ནའི་དབང་བསྒྱུར་འོག་ཚུད་པ་སོགས་ཀྱི་ཉེར་ལེན་ལས། རང་བཙན་རྩོལ་སྒྲུབ་ཀྱི་བྱ་བར་གྲུབ་འབྲས་སྨིན་རྒྱུ་ཕར་བཞག དུས་བསྟུན་གྱི་སྲིད་བྱུས་རྒྱལ་སྤྱིའི་ངོས་ལེན་དང་རྒྱབ་སྐྱོར་འཐོབ་འོས་ཤིག་མ་གཟུང་ན་བོད་ཀྱི་བདེན་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དུས་ཡུན་ཐུང་ངུའི་ནང་རྩ་ཡལ་དུ་འགྲོ་བའི་ཉེན་འཚབ་ཡོད་པ་དངོས་གཟིགས་ཀྱིས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས་ཟབ་ཡངས་དཀྱེལ་ཆེའི་དགོངས་བཞེས་བླ་མེད་ཀྱིས་ཕྱི་ལོ་ ༡༩༧༤།༧༥ ཙམ་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གསར་གཏོད་མཛད་རྒྱུའི་ནང་དོན་གོ་སྒྲིག་འཐུས་ཚང་གནང་སྟེ། ཕྱི་ལོ་ ༡༩༧༩ ལོར་རྒྱ་དམར་དབུ་ཁྲིད་ཀྱིས་༧གོང་ས་མཆོག་ལ་འབྲེལ་བ་ཐོག་མར་ཞུ་སྐབས་དེ་འཕྲལ་ངོས་བཞེས་འབྲེལ་མོལ་གནང་ཆོག་ཡོད་ཅིང་། ལོ་གྲངས་ཉི་ཤུའི་རིང་འབྲེལ་ལམ་གཏན་ཆད་སོང་བ་ཞིག་བསྐྱར་མཐུད་ཐུབ་པ་བྱུང་། དེ་ལ་བརྟེན་ནས་གཞིས་བཞུགས་བོད་མི་ཡོངས་ལ་རེ་བ་དང་བློ་སྤོབས་རླབས་ཆེན་ཞིག་གསར་རྙེད་དང་། དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་དང་། ལྷག་པར་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་གདེང་སྤོབས་ཀྱི་སྣང་བ་གསལ་པོ་ཐོབ་སྟེ་བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆར་གནས་ཚད་སྔར་ལྷག་གོང་མཐོར་སྲ་བརྟན་དུ་སོང་བ་དང་། རྒྱལ་ཁབ་མང་པོའི་གཞུང་ཕྱོགས་ནས་བོད་མི་དང་། བོད་དོན་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་འདོད་ཡོད་མཁན་ཚང་མར་གནང་བདེའི་གོ་སྐབས་ཐོབ་ཅིང་། ལྷག་པར་གཞིས་བཞུགས་བོད་མི་རྣམས་ལ་དེ་སྔོན་གྱི་གནས་སྟངས་ལ་གཞིགས་པའི་ཅུང་གུ་ཡངས་ཀྱི་གནས་བབ་ཐོབ་ཁར། དགོན་སྡེ་དང་ཤེས་ཡོན་བསྟི་གནས་ཁག་གང་འཚམས་བསྐྱར་གསོ་དང་། ཡང་སྒོས་ན་གཞོན་མང་པོ་བཙན་བྱོལ་བོད་མིའི་ཆོས་སྡེ་དང་སློབ་གྲྭ་ཁག་ཏུ་གཞུང་ཆེན་དང་། ཤེས་ཡོན་སློབ་སྦྱོང་ཆེད་ཡོང་ཐུབ་པ་སོགས་ཡུལ་དུས་གནས་སྐབས་ལ་གཞིགས་པའི་ཁེ་ཕན་བསམ་བརྗོད་ལས་འདས་པ་བྱུང་ཡོད། བོད་རྒྱའི་དབུ་ཁྲིད་རྣམ་པའི་བར་འབྲེལ་མོལ་དང་། གཞིས་བྱེས་བོད་མིའི་དབར་ཐུག་འཕྲད་འགྲུལ་བཞུད་བྱ་རྒྱུའི་སྐལ་བཟང་འདི་རིགས་སྐབས་དེའི་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ཆབ་སྲིད་གནས་བབ་ལ་གཞིགས་ན་ཡོང་ཐབས་ཧ་ཅང་དཀའ་བ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རང་ནུས་ཀྱི་བསྒྲུབ་ཐུབ་པའི་བྱ་བ་ཞིག་གཏན་ནས་མིན་ཡང་། ༧གོང་ས་༧སྐྱབས་མགོན་ཐུགས་རྗེའི་གཏེར་ཆེན་མཆོག་གི་འཕྲིན་ལས་ཀྱི་འཇུག་པ་ཉག་གཅིག་ལས་བྱུང་བ་ཡིན་པ་ཀུན་གྱི་མཐུན་སྣང་དུ་གྲུབ། དེ་འདྲའི་ངོ་མཚར་དངོས་བྱུང་གི་འགྱུར་འགྲོས་དེའི་བརྒྱུད་རིམ་ནང་། ཕྱི་ལོ་ ༡༩༧༩ ནས་བཟུང་ ༡༩༨༥ བར་༧གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྐུ་ཚབ་ཚོགས་པ་སྔ་རྗེས་ཐེངས་བཞི་ཆོལ་གསུམ་བོད་ཀྱི་ས་གནས་སོ་སོར་གཟིགས་སྐོར་དུ་ཕེབས་ཏེ་གཞིས་བཞུགས་བོད་མི་སེར་སྐྱ་མང་པོར་མཇལ་འཕྲད་འཚམས་འདྲི་དང་། འཕྲོས་མོལ་གནང་ཐུབ་པ་བྱུང་བ་ནི་དེ་བྱུང་གི་དོན་སྙིང་དམིགས་བསལ་ལྡན་པ་ཞིག་ཡིན་པ་མ་ཟད། བོད་མིའི་དྲན་ལམ་དུ་ཟུབ་ཏུ་མེད་པའི་འདུ་ཤེས་ཁྱད་འཕགས་ཤིག་བསྐྲུན་ཡོད།

དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་དང་། བོད་རྒྱ་འབྲེལ་ལམ་བྱུང་རྗེས་ཀྱི་ལམ་རིམ་ནང་བོད་དུ་སྐུ་ཚབ་གཟིགས་སྐོར་སྔ་ཕྱིར་ཕེབས་ཏེ་གཞིས་བཞུགས་མང་ཚོགས་དང་ཐད་འབྲེལ་བྱུང་བ་ནི་མཛད་གཙོ་རྣམ་པའི་དབར་གཞུང་འབྲེལ་གྲོས་མོལ་ལས་ཀྱང་གལ་གནད་ཆེ་བ་ཞིག་ཡིན་སྟབས། དེ་ཚོའི་མཛད་རིམ་མཐའ་དག་ལྷག་ཆད་མེད་པར་བྱུང་རབས་ཀྱི་དེབ་ཐེར་ནང་ཞིབ་འགོད་ཀྱིས་དོ་སྣང་ཅན་གྱི་མང་ཚོགས་དང་། ལས་དོན་ལ་འབྲེལ་ཡོད་ཚང་མས་དགོས་གལ་ནམ་བྱུང་ལྟ་ཀློག་ཐུབ་པའི་མཐུན་རྐྱེན་བསྐྲུན་དགོས་པ་ནི་སྒྲིག་འཛུགས་དང་སྐབས་ཀྱི་སྣེ་མོར་གཏོགས་པ་སུ་ཡིན་གྱི་གཡོལ་དུ་མེད་པའི་རང་འཁྲིའི་ལས་འགན་གལ་ཆེ་ཞིག་ཡིན་པ་བསྙོན་དུ་མེད།

ཕྱི་ལོ་ ༡༩༨༥ ལོར་བཀའ་ཟུར་ཀུན་གླིང་འོད་ཟེར་རྒྱལ་མཚན་གྱིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་པ་བཞི་པ་བོད་ལྗོངས་མདོ་སྟོད་སྨད་དུ་ཕེབས་སྐབས་ཚོགས་མི་དྲིལ་བསྒྲགས་རྒན་དྲུང་ཚེ་དང་ལྡན་པ་བསྟན་འཛིན་ཕུན་ཚོགས་ (ཨ་ཏི་ཤ་) ཀྱིས་ཐོག་མ་ཚོགས་མི་བཀོད་བསྒྲིགས་གནང་སྟངས་ནས་བཟུང་། མཇུག་ཏུ་གཟིགས་སྐོར་ལེགས་གྲུབ་རྗེས་ཕྱིར་ཕེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལས་བསྡོམས་སྙན་ཞུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་གཟིགས་ཚུལ་གསལ་བཤད་གནང་བའི་བར་ཉིན་རེའི་མཛད་རིམ་དངོས་བྱུང་ཞིབ་འཁོད་ཀྱིས་དེབ་གཟུགས་སུ་རྩོམ་སྒྲིག་གནང་བ་འདི་བོད་མིའི་བསྟན་སྲིད་ཀྱི་ཞབས་འདེགས་རིན་ཐང་བྲལ་བ་ཞིག་བྱུང་འདུག་པར་ཡི་རངས་བསྔགས་བརྗོད་དང་འབྲེལ་བོད་ཀྱི་དེང་རབས་ཀྱི་དེ་བྱུང་གི་སྟོང་ཆ་ཆེན་པོ་ཞིག་བཀང་ཐུབ་པ་དང་། འབྱུང་འགྱུར་མི་རབས་ནས་མི་རབས་བརྒྱུད་ཁུངས་བཅོལ་ལུངས་འདྲེན་བྱ་ཡུལ་གྱི་ཚད་ལྡན་ཡིག་ཆ་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད། རྩོམ་ཡིག་འདི་ཉིན་ཐོའི་ངོ་བོར་བཀོད་པས་བརྗོད་བྱ་ཚང་ལ་གོ་རིམ་འགྲིགས་པ། གནས་ཚུལ་སོ་སོའི་རྒྱབ་ལྗོངས་དང་བྱུང་རྐྱེན་གསལ་བས་མཐའ་ཆོད་པ། དངོས་བྱུང་ལ་རང་འདོད་ཀྱི་འགྲེལ་བརྗོད་དང་དོན་མེད་ཚིག་ཚོགས་ཀྱིས་མ་བསྒྲིབས་པས་དོན་གསལ་བ། རྗོད་བྱེད་དེང་སྐབས་རྒྱུན་སྤྱོད་ཀྱི་ཕལ་སྐད་གཙོ་བོར་བཟུང་བས་མཆོག་དམན་ཀུན་གྱིས་གོ་བདེ་བ་སོགས་ཁྱད་ཆོས་རྣམ་མང་ལྡན་པ་བྱུང་འདུག

འདིའི་ཚིག་སྦྱོར་དང་བརྡ་སྤྲོད་སོགས་ལས་སྤྲོས་ཏེ་དྲི་རྟགས་རེ་ཟུང་ཡོང་རྒྱུ་མཐའ་མ་བཀག་ཀྱང་། དེབ་ཐེར་འདི་དེ་བྱུང་གི་དངོས་དོན་རང་བཞིན་བརྗོད་པ་ཞིག་ལས། རྩོམ་རིག་གི་སྒྱུ་རྩལ་ངོམས་པ་མིན་སྟབས། འདིའི་རིན་ཐང་ཡང་དེ་བྱུང་གི་དངོས་དོན་ལས་གཞལ་དགོས་པ་མ་གཏོགས། ཚིག་རྒྱན་གྱི་ཉམས་འགྱུར་ལས་གཞལ་ག་ལ་རུང་། འོན་ཀྱང་པར་ཐེངས་གཉིས་པ་སོགས་ཀྱི་སྐབས་རྩོམ་པ་པོའམ་ཞུ་སྒྲིག་པ་སུ་རུང་གིས་ལེགས་བཅོས་གནང་འོས་གནང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ངེས་ལགས་སོ།།

དེ་ལྟར་སྔོན་གླེང་གི་གཟུགས་སུ་རང་གི་ཡིད་ཚོར་འཛེར་བའི་གཏམ་ཉོག་འདི་ཤཱཀྱའི་བཙུན་གཟུགས་ཟམ་གདོང་པས་སྨྲས་པའོ།། ཇཡ་ཇགཏ།། །།

བོད་རབ་ལོ་ ༩༩༢ ས་ཁྱི་བོད་ཟླ་ ༣ ཚེས་ ༡༥།  ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༩ ཉིན།