༈ ༢༠༡༥ ཕྱི་ཟླ་ ༥ ཚེས་ ༣༠ ཉིན་དྷ་སྟེང་བོད་ཁྱིམ་དུ་གཞི་རིམ་འོག་མའི་དགེ་རྒན་གྱི་ཟབ་སྦྱོང་དུ་ཡོངས་འཛིན་གྱི་ལས་འགན་ཐོག་གནང་བའི་གསུང་བཤད།

༄༅།།. དེ་རིང་འདིར་ཤེས་རིག་ལས་ཁུངས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་དང་། དེ་བཞིན་ཕྱོགས་མཐའ་མང་པོ་ནས་ཕེབས་པའི་གཞི་རིམ་འོག་མའི་དགེ་རྒན་རྣམ་པ་ཚོ། ཁྱེད་རང་ཚོ་འདིར་ཟབ་སྦྱོང་གནང་བའི་གོ་སྐབས་དང་བསྟུན་ནས་མཇལ་རྒྱུ་དང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་། ཚང་མར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཡོད།

སྤྱིར་བཏང་དགེ་རྒན་ནི་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་ནང་གལ་ཆེན་པོ་བརྩི་བ་རེད། ཆོས་དང་ཆབ་སྲིད་གཉིས་ཀའི་ནང་ལས་ཀྱི་སྣེ་མོ་བ་དང་དམིགས་བསལ་ཁྱད་ལས་པའི་ངོ་བོ་ཅན་གྱི་སྡེ་ཚན་ཞིག་ཆགས་ཀྱི་ཡོད། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་མཚོན་ན། དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་གྱི་སྲིད་བྱུས་ཤིག་ཡིན་ཞེས་འཁོད་ཡོད། དགེ་རྒན་དབུས་སུ་བཞག་པ་དང་དགེ་ཕྲུག་དབུས་སུ་བཞག་པ་ཟེར་བའི་ཐ་སྙད་དེ་སྲོལ་རྒྱུན་གྱི་ཐ་སྙད་མིན་པར། དེང་རབས་ཀྱི་ཐ་སྙད་ཅིག་རེད། ཡིན་ནའང་དེང་རབས་ཀྱི་ཐ་སྙད་དེའི་ནང་སྲིད་བྱུས་དང་ལམ་སྲོལ་ག་རེ་བཟོས་ནའང་དེའི་ལྟེ་བའམ་འབྱུང་ཁུངས་ལྟ་བུ་དེ་དམིགས་བསལ་གང་ཟག་བྱེ་བྲག་གམ་དངོས་པོ་བྱེ་བྲག་པ་གཅིག་ལ་ངོས་བཟུང་ནས་དེའི་མཐའ་འཁོར་དུ་སྲིད་བྱུས་དེ་བསྐྲུན་སྐབས་གཞི་རིམ་གྱི་ལྟ་གྲུབ་ངོས་ནས་འགྲོ་སྟངས་མི་འདྲ་བ་དང་། མཐའ་མའི་འབབ་ས་མི་འདྲ་བ་ཏན་ཏན་ཡོང་གི་ཡོད།

དེང་རབས་ནུབ་ཕྱོགས་པའི་ཤེས་ཡོན་སྲིད་བྱུས་མང་ཆེ་བ་དགེ་ཕྲུག་དབུས་སུ་བཞག་པའི་སྲིད་བྱུས་དང་ཐབས་ལམ་ཡིན་ཞེས་ཚང་མས་གསུང་གི་ཡོད། དེའི་དབང་གིས་དགེ་རྒན་གྱི་གལ་གནད་དང་། ལྷག་པར་དུ་སློབ་སྟོན་ཐབས་ལམ་ཐོག་དགེ་ཕྲུག་གིས་དགེ་རྒན་གར་ཁྲིད་ལྟ་བུ་ཡིན། མདོར་ན་ལམ་ཕྱོགས་གང་འདྲ་ཞིག་ལ་འགྲོ་མིན་དེ་དགེ་ཕྲུག་གི་ཁམས་དང་། བསམ་པ། བག་ལ་ཉལ། མངོན་འདོད་དབང་གིས་འགྲོ་རྒྱུ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ཤེས་ཡོན་གྱི་ངོ་བོ་དང་། ཤེས་ཡོན་གྱི་དགོས་པ། ཤེས་ཡོན་གྱི་དམིགས་ཡུལ། ཤེས་ཡོན་གྱི་ཐབས་ལམ་བཅས་སྲོལ་རྒྱུན་དང་མི་འདྲ་བ་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་དང་བསྡུར་ན་མི་འདྲ་བ་ཆེན་པོ་རེད། ལར་ནས་ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་སྐོར་ཞིབ་ཚགས་པོས་ཉམས་ཞིབ་དང་། ཐོས་བསམ། དཔྱད་གླེང་གནང་མཁན་ཉུང་ཉུང་ཡིན་སྟབས། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཙོ་ཆེ་བ་རྣམས་དགེ་རྒན་དང་། དགེ་ཕྲུག ལས་བྱེད་ཚང་མས་དེ་ཙམ་མཁྱེན་གྱི་མེད་པ་ལྟ་བུ་ཞིག་ཡོད། ཕྱི་མིས་མཐོང་ཚུལ་ལའང་དེ་འདྲ་ཞིག་ཡོད་ལ། ང་རང་གིས་ཀྱང་དེ་འདྲ་ཞིག་མཐོང་གི་འདུག སྔ་ལོའི་ནང་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་གྱི་ཁྱད་ལས་པ་ཁ་ཤས་ལ་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཕྱོགས་སྐོར་བསྐྱར་ཞིབ་བྱེད་རྒྱུར་བཀོད་མངགས་གནང་འདུག ཁོང་ཚོས་བསྐྱར་ཞིབ་གནང་བའི་གྲུབ་དོན་སྙན་ཐོ་དེ་ངས་མཐོང་སོང་། ང་སྐབས་དེ་དུས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་གནས་ནས་ཁྱུར་མེད། དེའི་ནང་ཁོང་ཚོས་ཤེས་ཡོན་སྲིད་བྱུས་ཀྱི་གནད་དོན་ཡོངས་སུ་རྫོགས་པ་ད་ལྟ་དགེ་རྒན་དང་། དགེ་ཕྲུག ལས་བྱེད་ཚང་མས་ཞིབ་ཚགས་པོ་རྟོགས་མེད་པའི་རྣམ་པ་གསལ་པོ་འདུག་ཅེས་བཀོད་འདུག སྤྱིར་བཏང་ནས་ཕུགས་རྒྱང་རིང་པོའི་དམིགས་ཚད་ཡོད་པའི་བྱ་བ་ཞིག་གི་བྱེད་ཕྱོགས་དང་ཐབས་ལམ་གྱི་ཇུས་ཤིག་བཏིང་བའི་སྐབས་སུ། ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཁ་ཤས་ལ་ལམ་སེང་ཚོར་སྣང་ཡོང་བ་དང་སེམས་འགུལ་ཐེབས་པའི་གནས་སྟངས་མེད་པ་ཡོང་སྲིད། དེང་སང་མང་ཆེ་བས་ཤེས་ཡོན་སྲིད་བྱུས་འགྲེལ་བརྗོད་བྱེད་སྐབས་སྔོན་འགྲོ་སློབ་གྲྭ་ནས་ཨིན་ཡིག་གཙོ་བོར་གྱུར་པའི་སྐད་ཡིག་མང་པོ་སྡེབ་གཅིག་ཏུ་སློབ་ཀྱི་མེད་ཚུལ་ཙམ་རེད་ཅེས་སྟབས་བདེ་པོས་གསུང་གི་འདུག དེ་བཞིན་འཛིན་གྲྭ་བཞི་པ་ནས་མ་གཏོགས་སྐད་ཡིག་གཞན་མི་བསླབ་པ་དེ་ཙམ་ཤེས་ཡོན་སྲིད་བྱུས་ཀྱི་རྣམ་གཞག་ཡིན་པ་ལྟ་བུར་དགོངས་པ་བཞེས་མཁན་དང་བཀའ་གནང་མཁན་ཡོང་གི་འདུག དེ་དག་གིས་ཤེས་ཡོན་སྲིད་བྱུས་ཀྱི་རྒྱ་ཆེ་གཏིང་ཟབ་ཀྱི་དགོངས་དོན་མང་པོའི་ནང་ནས་གནད་དོན་བྱེ་བྲག་པ་ཞིག་ཟུར་བཏོན་གྱིས་གཟིགས་པ་མ་གཏོགས། ཁྱོན་ཡོངས་ཀྱི་སྒྲོམ་གཞིའི་གནས་སྟངས་དེ་མ་གཟིགས་པ་རེད། ཤེས་ཡོན་སྲིད་བྱུས་ལ་བསྔགས་པ་བརྗོད་ནས་ཉམས་ལེན་བྱ་རྒྱུའི་ཐུགས་འདུན་ཡོད་མཁན་ཡིན་ནའང་རེད། ཡང་ཤེས་ཡོན་སྲིད་བྱུས་ལ་དགག་པ་བརྒྱབས་ནས་ལག་ལེན་དུ་བསྟར་རྒྱུ་མེད་ཅེས་གསུང་མཁན་ཡིན་ནའང་རེད། གཉིས་ཀས་སྔོན་ལ་ཤེས་ཡོན་སྲིད་བྱུས་ཀྱི་གནས་སྟངས་ཆ་ཚང་བ་མཁྱེན་དགོས་པ་ཐུགས་གལ་ཆེན་པོ་རེད། མ་མཁྱེན་པར་དགག་པ་བརྒྱབས་པའམ་བསྔགས་པ་བརྗོད་པ་བཅས་གང་བྱས་ཀྱང་གཉིས་ཀ་དོན་མེད་རེད། དེར་བརྟེན་ཉམས་ལེན་གནང་རྒྱུའི་ཐུགས་འདོད་ཡོད་པ་ཡིན་ནའང་འདྲ། སྤང་རྒྱུའི་ཐུགས་འདོད་ཡོད་པ་ཡིན་ནའང་འདྲ། གང་ལྟར་དེའི་ཁྱོན་ཡོངས་ཀྱི་སྒྲོམ་གཞི་དང་། ལྟ་གྲུབ་ཀྱི་རྣམ་གཞག རྒྱབ་ལྗོངས་ཀྱི་རྒྱུ་མཚན། ས་མཚམས་དང་ལས་རིམ་སོགས་ཡོངས་སུ་རྫོགས་པ་གསལ་པོ་དཔྱད་ཞིབ་དང་མཁྱེན་རྟོགས་དགོས་པ་ཧ་ཅང་ཐུགས་གལ་ཆེན་པོ་རེད།

སྲོལ་རྒྱུན་གྱི་ངོས་ནས་བལྟས་ན། དགེ་རྒན་ནི་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་ལྟ་བུར་བརྩི། དེང་རབས་ཀྱི་ལྟ་སྟངས་ཐོག་ནས་བལྟས་ན། དགེ་རྒན་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་གྱི་མདུན་ལམ་ཁ་ལོ་སྒྱུར་མཁན་ལྟ་བུར་ཆ་འཇོག་བྱེད་ཀྱི་ཡོད། དཔེར་ན་ད་ལྟའི་མི་རབས་ཀྱི་ཤེས་ཡོན་གྱི་གནས་སྟངས་ཡག་པོ་མ་བྱུང་ན། མ་འོངས་པར་བྱུང་བ་རིག་པ་བས་དེའི་འགན་གཙོ་བོ་སྐབས་དེ་དུས་ཀྱི་དགེ་རྒན་ཚོར་དཀྲི་རྒྱུ་དང་། དགེ་རྒན་དེས་རང་གི་ལས་དུས་སྐབས་སུ་མི་རིགས་དང་། རྒྱལ་ཁབ། བྱུང་རབས་བཅས་ལ་འགན་འཁུར་བའི་ཐོག་ནས་ཕྱག་ལས་མ་གནང་བའི་ཉེས་འཛུགས་ཤིག་ཡོང་རྒྱུའི་གཞི་རྩ་ཏན་ཏན་ཡོད། དཔེར་ན། ད་ལྟའི་མི་རབས་ནང་མི་ཁ་ཤས་ཀྱིས་ཕྱི་ལོ་ ༡༩༥༣ ལོར་བོད་རྒྱ་མིའི་བཙན་འོག་ཏུ་འགྲོ་དགོས་པ་དང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོས་དབུས་པའི་བོད་གཞུང་མང་བཙན་བྱོལ་སྐྱབས་བཅོལ་དུ་ཕེབས་དགོས་པ། ད་བར་ལོ་དྲུག་ཅུ་རེ་གྲངས་ཤིག་རིང་བོད་ཕྱི་ནང་ལ་ཡོད་པའི་བོད་མི་ཚང་མ་རྒྱ་དམར་གྱི་བཙན་གནོན་འོག་དམྱལ་བ་མི་ཡུལ་དུ་བྱུང་བ་ལྟ་བུའི་དཀའ་ངལ་མྱོང་བ། བོད་ཀྱི་མི་རིགས་དང་རྒྱལ་ཁབ་བཅས་པ་ཆགས་འཇིག་གི་གནས་སུ་གྱར་དགོས་པ་བཅས་ནི་མི་རབས་གོང་མ་ཚོའི་སྐབས་སུ་སྤྱིར་ཤེས་ཡོན་དང་། ལྷག་པར་དུ་དེང་རབས་ཀྱི་ཤེས་ཡོན་ལ་དོ་སྣང་འདང་ངེས་དང་ཚད་ལྡན་མེད་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་རེད་ཅེས་དགོངས་མཁན་དང་གསུང་མཁན་མང་པོ་ཡོད།

དེའི་ནང་བདེན་པ་ག་ཚོད་ཡོད་མེད་དཔྱད་གཞི་རེད། ངས་གོང་དུ་བཤད་པ་དེ་ཚོ་བདེན་པ་རེད་ཅེས་བརྗོད་ཀྱི་མེད། ཡིན་ནའང་དེ་འདྲའི་བསམ་ཚུལ་དང་བཤད་ཚུལ་ཞིག་ཡོད་པ་དེ་ད་ལྟའི་རྒན་ལགས་རྣམ་པ་ཚོས་གསན་ཡོད་ཀྱི་རེད།

སྤྱིར་བཏང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་སེར་རྒྱལ་ཁབ་མགོ་མཇུག་ལོག་པ་རེད། སྐབས་དེ་དུས་ཀྱི་རྒྱ་ནག་གི་མགོ་ཁྲིད་གྲགས་ཅན་དེ་ཚོ་ཐའེ་ཝན་ལ་བྲོས་ནས་གབ་དགོས་པ་བྱུང་། རྒྱ་ནག་ཡོངས་སུ་རྫོགས་པ་དམར་པོས་དབང་སྒྱུར་བྱས་པ་རེད། དེའི་སྐབས་སུའང་རྒྱ་ནག་གི་མང་ཚོགས་ནང་དེང་རབས་ཤེས་ཡོན་གྱིས་མ་འདང་བའི་གནས་སྟངས་ཤིག་མེད། བརྒྱ་ཕྲག་བཅུ་དགུ་པའི་མཇུག་དང་། བརྒྱ་ཕྲག་ཉི་ཤུའི་མགོ་སྟོད་དུ་འཇིག་རྟེན་ཁྱོན་ཡོངས་ལ་འཕར་འབུབ་མང་པོ་བྱུང་ཞིང་། དེའི་ནང་དམག་ཆེན་གཉིས་ཀྱང་ཚུད་ཡོད། དེ་བཞིན་རྒྱལ་ཁབ་དང་མི་རིགས་ཁ་ཤས་ལ་རྒྱལ་ཁ་ཐོབ་པ་དང་། ཁ་ཤས་ཤོར་བ། ཁ་ཤས་མགོ་བཏགས་ཞུས་པ། ཁ་ཤས་ཧ་ཅང་གིས་ངོ་ཚ་ཁ་སྐྱེངས་བྱུང་བ་སོགས་སྐབས་དེ་དུས་ཀྱི་མི་རིགས་དང་རྒྱལ་ཁབ་ཀྱི་གནས་བབ་ལ་གཟིགས་ན། དེང་རབས་ཀྱི་ཤེས་ཡོན་ཡོད་པའང་ཡོད་ལ། མེད་པའང་ཡོད།

འདས་པའི་ལོ་ཤས་ནང་འཇིག་རྟེན་ཁྱོན་ཡོངས་སུ་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་ནང་ནས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དེ་ཁ་འཐོར་དུ་ཕྱིན་པ་རེད། སྐབས་དེར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་མང་ཚོགས་ནང་དེང་རབས་ཤེས་ཡོན་གྱིས་མ་འདང་བ་དང་དེང་རབས་ཀྱི་ཤེས་ཡོན་མེད་པ་རྩ་བ་ནས་མིན། དེར་བརྟེན་ང་ཚོའི་ད་ལྟའི་གནས་བབ་དེ་ང་ཚོའི་མི་རབས་གོང་མ་ཚོའི་སྐབས་སུ་དེང་རབས་ཤེས་ཡོན་གྱིས་མ་འདང་བའི་དབང་གིས་བྱུང་བ་དང་། ཆོས་ལ་དོ་སྣང་ཆེ་དྲགས་པའི་དབང་གིས་བྱུང་བ་རེད་ཅེས་ལས་སླ་པོས་བཤད་ཆོག་ཆོག་ཅིག་མེད། བསམ་ཚུལ་དང་བརྗོད་ཚུལ་ཡོད་པ་དེ་ཚོར་ཞིབ་འཇུག་བྱེད་དགོས་པ་ཞིག་རེད། ཡིན་ནའང་ད་ལྟ་བསམ་ཚུལ་དེ་འདྲ་ཞིག་ཡོད་མུས་རེད། ད་ལྟའི་ང་ཚོའི་མི་རབས་འདི་རྫོགས་པའམ། ཡང་ན་ད་ལྟ་ནས་བརྩིས་པས་ལོ་བརྒྱ་ཙམ་རྗེས་སུ་སྐབས་དེ་དུས་ཀྱི་མི་རབས་ཚོས་ཕྱི་བལྟས་སློག་པའི་སྐབས་སུ་ད་ལྟའི་དགེ་རྒན་དང་ད་ལྟའི་ཤེས་ཡོན་གོ་སྒྲིག་བྱེད་མཁན་གྱི་ལས་ཀྱི་སྣེ་མོ་བ་ཚོས་འགྲིག་དང་མ་འགྲིག་པའི་ཐོག་བསྐྱར་ཞིབ་ཅིག་ཡོང་རྒྱུ་ཡིན་པ་བཤད་མི་དགོས། སྐབས་དེར་ད་ལྟའི་དགེ་རྒན་ཚོས་མི་རིགས་དང་བྱུང་རབས་ལ་འགན་འཁུར་སྟངས་དེ་ཚད་ལྡན་ཞིག་བྱུང་མེད་ན། ང་ཚོའི་མི་ཚེའི་རིང་ལ་སོ་སོས་ལྷག་བསམ་རྣམ་དག་བྱས་པ་དང་། དཀའ་ལས་མང་པོ་བརྒྱབས་པ། བློས་བཏང་ཆེན་པོ་བྱས་པ་ཡིན་སྙམ་པ་ཡོད་ཀྱང་། ང་ཚོའི་བྱེད་སྤྱོད་དེ་ཚོ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཀྱི་གཞི་རྩ་ཞིག་མེད་པར། ཚང་མས་དམོད་འབོར་བའི་གཞི་རྩ་ཞིག་ཆགས་ན་ཧ་ཅང་ཕངས་པོ་རེད།

དེར་བརྟེན་ད་ལྟའི་གནས་སྐབས་ཀྱི་དགེ་རྒན་གྱི་སྤྱི་ཚོགས་སྤྱི་དང་། ལྷག་པར་དུ་གཞི་རིམ་འོག་མའི་དགེ་རྒན་གྱི་སྤྱི་ཚོགས་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད། གཞི་རིམ་འོག་མ་ནས་གཞི་རིམ་གོང་མར་སླེབས་པའི་སྐབས་སུ་སློབ་ཕྲུག་གི་རྨང་གཞིའི་འགྲོ་སྟངས་དེ་གང་ལ་གང་འཚམས་གཏན་འཁེལ་བ་ཆགས་ཟིན། གཞི་རིམ་འོག་མ་དང་མི་འདྲ་བར་གཞི་རིམ་གོང་མའི་དགེ་རྒན་ཚོས་སློབ་ཚན་མང་པོ་སློབ་ཐུབ། དེ་ལ་དེ་ཙམ་དཀའ་ངལ་མེད། འོན་ཀྱང་གཞི་རིམ་འོག་མའི་ནང་ནས་སྐད་ཡིག་དང་སློབ་ཚན་གྱི་ཆེད་དུ་དགོས་མཁོ་ཡོད་པའི་ཤེས་ཡོན་འདང་ངེས་ཤིག་བཟོ་མ་ཐུབ་ན། གཞི་རིམ་བར་མ་དང་གཞི་རིམ་གོང་མར་དཀའ་ངལ་ཡོང་རྒྱུ་རེད།

གང་ཟག་དེ་མ་འོངས་པར་སོ་སོ་བོད་པ་ཡིན་བསམ་པ་དང་། བོད་མི་རིགས་དང་རྒྱལ་ཁབ་སྤྱི་ཚོགས་བཅས་ལ་འགན་ཞིག་ཡོད་བསམ་པའི་བསམ་ཚུལ་ཡོད་མཁན་ཡ་རབས་སྤྱོད་བཟང་ལྡན་པའི་བོད་མི་ཚད་ལྡན་ཞིག་ཡོང་དང་མ་ཡོང་ཐོག་མའི་ས་བོན་དེ་གཞི་རིམ་འོག་མ་ནས་བཏབ་ཟིན་དགོས་པ་ཡིན། གཞི་རིམ་འོག་མ་ནས་བཞག་པའི་རྨང་གཞི་དེ་གཞི་རིམ་བར་མ་དང་གཞི་རིམ་གོང་མའི་དགེ་རྒན་ཚོས་བཟོ་བཅོས་གཏང་རྒྱུ་ཁག་པོ་ཡོད་ལ། སློབ་ཕྲུག་སོ་སོས་ཀྱང་བཟོ་བཅོས་གཏོང་དཀའ། དེ་ལྟར་གཞི་རིམ་འོག་མའི་དགེ་རྒན་ནི་དམིགས་བསལ་གྱིས་ཐུགས་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་གཞི་རིམ་འོག་མའི་དགེ་རྒན་རྣམས་ཤེས་ཡོན་གནས་ཚད་ཀྱི་ཆ་ནས་གཞི་རིམ་གོང་མའི་དགེ་རྒན་དང་མཉམ་པ་དགོས་རྒྱུ་དང་། མཐུན་རྐྱེན་གྱི་ཆ་ནས་ཀྱང་གཅིག་གྱུར་དགོས་པ། ལྷག་པར་དུ་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་ནང་སྐྱེས་པ་དང་བུད་མེད་གཉིས་ཀྱི་ནང་ནས་བུད་མེད་བྱུང་ན་ཁྱད་དུ་འཕགས་པ་ཡིན་པ་སོགས་བཀོད་པར་རྒྱབ་ལྗོངས་ཀྱི་རྒྱུ་མཚན་མང་པོ་ཡོད་པ་ཞིག་རེད། དེ་ཚོ་ཚང་མའི་དགོངས་པར་མངའ་གསལ་ཡིན་རུང་། ངས་དྲན་གསོའི་ཚུལ་དུ་ཞུས་པ་ཡིན།

དེང་རབས་ཀྱི་ཤེས་ཡོན་གྱི་ལམ་སྲོལ་ནང་དགེ་རྒན་བྱེད་པར་དགེ་རྒན་འོས་སྦྱོང་ཟེར་བ་དེ་ཐོན་དགོས་ཀྱི་ཡོད། དེ་ནི་རྒྱལ་ཁབ་དང་མི་རིགས་སོ་སོའི་ནང་སློབ་ཚན་འདྲ་མིན་དང་དུས་ཡུན་རིང་ཐུང་ཅི་རིགས་ཡོད་པ་ཞིག་རེད། ང་རང་ཚོའི་གནས་ཚང་རྒྱ་གར་ལྟ་བུར་མཚོན་ན། ད་ལྟའི་བར་དུ་སྤྱིར་དགེ་རྒན་འོས་སྦྱོང་དེ་དུས་ཡུན་ཟླ་བ་དགུ་ལས་མི་ཉུང་བ་རེད། འོན་ཀྱང་དམའ་རིམ་གྱི་དགེ་རྒན་འོས་སྦྱོང་དེ་དུས་ཡུན་དེ་ལས་རིང་བ་དང་། ལག་འཁྱེར་ཡང་འདྲ་མིན་སྣ་ཚོགས་སྤྲད་ནས་འགྲོ་རྒྱུ་ཞིག་རེད། དེ་བཞིན་དགེ་རྒན་འོས་སྦྱོང་གི་སློབ་ཚན་ནང་སློབ་བཞིན་པའི་གནས་ཚུལ་མང་ཆེ་བ་ང་ཚོ་རྒྱ་གར་དང་བོད་པའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་ནང་མེད་པ་གསར་པ་ཞིག་གང་ཡང་མེད། དེ་དག་ནི་ང་ཚོའི་རིག་པའི་གཞུང་ལུགས་ནང་ཡོད་པ་དེ་ཚོ་ཐ་སྙད་ཕྲན་བུ་མི་འདྲ་བ་དང་། ཡང་ན་ལག་ལེན་བྱེད་སྟངས་ཕྲན་བུ་མི་འདྲ་བའི་ཐོག་ནས་བཤད་པ་ཞིག་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་དང་། ཕྱི་ལོ་ ༡༩༦༠ རེ་གྲངས་ནང་༧གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གིས་བོད་མིའི་ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་དེ་གལ་གནད་ཆེ་ཤོས་དང་པོར་གཟིགས་ནས་སློབ་གྲྭ་ཁག་གསར་འཛུགས་གནང་བ་རེད། དེའི་ཐོག་ཧ་ཅང་གི་ཐུགས་སྣང་ཆེན་པོས་ཕྱག་ལས་མང་པོ་གནང་ཡོད། སྐབས་དེ་དུས་གཞི་རིམ་གྱི་ཕྱག་ལས་གནང་ཕྱོགས་དང་སྲིད་བྱུས་བཏིང་ཕྱོགས་ལ་དེང་སང་བལྟས་པའི་སྐབས་སུ་དངོས་གནས་ཧ་ལས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ང་ཚོ་རྒྱ་གར་དུ་སླེབས་ནས་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ཀྱི་ངོས་ནས་དགོན་པ་བཟོས་ཡོད་པ་མ་རེད་ལ། ལྷ་ཁང་ཡང་བཟོས་མེད། མི་དང་དཔལ་འབྱོར་གྱི་མཐུན་རྐྱེན་གང་ཡོད་ཚང་མ་བོད་མིའི་འཚོ་ཐབས་སུ་གཞིས་ཆགས་ཁག་དང་། ལྷག་པར་དུ་ན་གཞོན་གྱི་ཤེས་ཡོན་ཐོག་སྤུངས་ནས་བཏང་བ་ཞིག་རེད། དེར་བརྟེན་ད་ལྟའི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ན་གཞོན་ཡིག་རྨོངས་མེད་པ་དང་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་མེད་མཁན་དེ་དངོས་གནས་བཙན་བྱོལ་སྤྱི་ཚོགས་ཀྱི་དམིགས་བསལ་གཟེངས་སུ་ཐོན་པའི་གནས་བབ་སྤོབས་པ་བྱེད་འོས་པ་ཞིག་རེད་བསམ་གྱི་ཡོད།

དེ་དུས་ང་ཚོར་དགེ་རྒན་འོས་སྦྱོང་ཐོན་པ་གཅིག་ཀྱང་མེད། དགེ་རྒན་ན་གཞོན་དེ་ཚོ་བཙན་ཐབས་སུ་ཛ་དྲག་གིས་དགེ་རྒན་འོས་སྦྱོང་བྱེད་ས་ལཁ་ནཨཱུ་ (Lucknow) སོགས་སུ་བཏང་བ་རེད། དེའི་རྗེས་སུ་ཛེ་སྨད་རིན་པོ་ཆེ་དམ་པ་དེས་དབུ་ཁྲིད་འོག་དྷརྨ་ཤཱ་ལཱར་དགེ་རྒན་འོས་སྦྱོང་གི་སློབ་གྲྭ་ཞིག་ཟུར་དུ་བཙུགས་ཏེ་བཙན་བྱོལ་བོད་མི་གནས་ཡུལ་ཚང་མ་ནས་སྐད་ཡིག་ཕྲན་བུ་ཤེས་པ་དེ་ཚོའི་ནང་ནས་འདེམས་སྒྲུག་བསྡུ་བསྐོང་བྱས་པ་རེད། སྐབས་དེར་ཁེ་ན་ཌ་ནས་ཕེབས་པའི་ལྕམ་ཇུ་དྲི་ (Judy) ལགས་ཞུ་བ་ཞིག་ཡོད། ཁོ་མོ་དེང་རབས་ཀྱི་དགེ་རྒན་འོས་སྦྱོང་ཐོན་པའི་མཁས་དབང་ཞིག་རེད། ཁོང་གི་རྩ་ནས་དགེ་རྒན་འོས་སྦྱོང་གི་སློབ་ཚན་བཟོ་རྒྱུ་དང་། སློབ་ཚན་དེ་གཞིར་བཟུང་གིས་འོས་སྦྱོང་སྤྲོད་པ་སོགས་ཀྱི་ལས་རིམ་དེ་དབུ་ཚུགས་པ་རེད།

སྐབས་དེར་དེང་རབས་དགེ་རྒན་འོས་སྦྱོང་གི་སློབ་ཚན་རེ་རེ་བཞིན་བཤད་སྐབས་ཧོབ་སྟེ་བལྟས་དུས་དེ་ཧ་ཅང་ཡག་པོ་འདུག་བསམས་པ་ཞིག་ཡོང་གི་ཡོད། ཉིན་གཉིས་པ་དང་གསུམ་པ་ལ་སླེབས་དུས་དེ་དག་ང་ཚོའི་རིག་པའི་གཞུང་ལུགས་ནང་ཡོད་པ་དེ་ཚོ་རེད་འདུག གསར་པ་གང་ཡང་རེད་མི་འདུག་སྙམ་པའི་ཚོར་སྣང་ཞིག་ག་དུས་ཡིན་ནའང་ཡོང་གི་ཡོད།

ཡིན་ནའང་དེས་ང་ཚོར་ཕན་ཐོགས་ག་རེ་བྱུང་བ་རེད་ཅེ་ན། ང་ཚོའི་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་ནང་ཡོད་པའི་ཤེས་ཡོན་གྱི་ལྟ་གྲུབ་དང་ཐབས་ལམ་དེ་ཚོ་དེང་སང་མིང་དེ་འདྲ་ཞིག་བཏགས་པ་དང་། བེད་སྤྱོད་དེ་འདྲ་ཞིག་གཏོང་གི་ཡོད་པའི་རྭ་འཕྲོད་ལྟ་བུ་ཞིག་ཡོང་གི་ཡོད་པ་མ་གཏོགས། གཞན་སྔར་མ་ཤེས་པ་དང་སྔར་གོ་མ་མྱོང་བ་ཞིག་གསར་དུ་གོ་རྒྱུ་ཧ་ལམ་མེད་པ་ལྟ་བུ་རེད། དེའི་ཐོག་ནས་ང་ཚོའི་སྲོལ་རྒྱུན་ཤེས་ཡོན་གྱི་རིན་ཐང་དེ་བསྐྱར་དུ་རྭ་སྤྲོད་ཡོང་རྒྱུའི་གནས་སྟངས་གསལ་པོ་ཞིག་སྐབས་དེ་དུས་ནས་ཚོར་སྣང་བྱུང་།

དེ་རིང་ངས་གཏམ་བཤད་བྱ་རྒྱུའི་བརྗོད་གཞི་དེ་ཡོངས་འཛིན་སྐོར་རེད་འདུག གཅིག་བྱས་ན་ཡོངས་འཛིན་སྐོར་ངས་ཟབ་སྦྱོང་སྔོན་མ་ཚོའི་ནང་མདོར་བསྡུས་ཞུས་ཡོད་རེད། གང་ལགས་ཤེ་ན། ཟབ་སྦྱོང་གཞན་པ་ཁ་ཤས་ནང་ཕྱག་དཔེ་གཟིགས་མྱོང་མཁན་གྱི་དགེ་བཤེས་དེ་འདྲ་ཡོད་པར་བརྟེན་ང་ཚོས་ཡོངས་འཛིན་སྐོར་བཤད་པ་རེད། ལྷག་པར་དུ་ནུབ་ཕྱོགས་པའི་མཁས་པ་ཁ་ཤས་ཀྱིས་དེའི་སྐོར་ངས་བཤད་པ་དེ་ཚོ་ལག་བསྟར་བྱེད་རྒྱུ་དང་རྩོམ་ཡིག་ཁ་ཤས་བྲིས་འདུག དེའི་དབང་གིས་གཅིག་བྱས་ན་ཤེས་རིག་ལས་ཁུངས་ཀྱིས་ཡོངས་འཛིན་ཟེར་བ་དེ་གལ་ཆེན་པོ་ཡིན་པ་དགོངས་ཡོད་རེད་བསམ་གྱི་འདུག དཔེར་ན། རྒྱ་གར་ནང་འཐག་པའི་ཁཱ་དཱིའི་རས་དེ་ཚོ་འདིར་ཉོ་དུས་རིན་གོང་ཧ་ཅང་ཆུང་ཆུང་རེད། ཕྱི་རྒྱལ་དུ་བཙེམས་ནས་ཚུར་སླེབས་དུས་རིན་གོང་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད། དེ་བཞིན་ང་ཚོའི་སྐད་ཆའང་འདིར་རིན་ཐང་དེ་ཙམ་མེད་ནའང་། ནུབ་ཕྱོགས་ཀྱི་མཁས་པ་དང་ལྷག་པར་དུ་ཨ་རིའི་མཁས་པ་ཚོས་བསྔགས་བརྗོད་བྱེད་སྐབས་གཞི་ནས་དེ་དངོས་གནས་རེད་བསམས་ནས་ཚང་མ་ཧེབ་ལངས་ཀྱི་ཡོད། གང་ལྟར་ཡོངས་འཛིན་ཞེས་པའི་ཚིག་དེ་རྗེ་བཙུན་བྱམས་པ་མགོན་པོས་མངོན་རྟོགས་རྒྱན་སྐབས་དང་པོའི་སྦྱོར་ལམ་སྐབས་སུ་གསུངས་ཡོད། དེའི་ནང་བྱང་སེམས་སྦྱོར་ལམ་པ་དེ་ཉན་ཐོས་སྦྱོར་ལམ་པ་དང་།  རང་རྒྱལ་སྦྱོར་ལམ་པ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་ཁ་ཤས་གསུངས་པ་དེ་དང་འབྲེལ་ནས་ཡོང་བ་ཞིག་རེད།  འོན་ཀྱང་རྗེས་སུ་བོད་ལ་ཡོངས་འཛིན་ཞེས་པའི་ཚིག་དེ་རྒྱུན་སྤྱོད་ནང་བླ་མ་ཆེན་པོ་ཚོའི་དགེ་རྒན་ལ་ཞུས་པ་མ་གཏོགས། གྲྭ་པ་གྲྭ་རྐྱང་གི་དགེ་རྒན་ལ་མི་བརྗོད་པ་དེས་ཚིག་དེ་བེད་སྤྱོད་གཏོང་ས་གཞན་ཞིག་ཆགས་པ་རེད།

ང་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ། གུ་རུ་ཞེས་པའི་ཚིག་དེ་བོད་སྐད་དུ་བླ་མ་དང་། ཀལྱཱཎ་མིཏྲ་ཞེས་པ་དེ་དགེ་བའི་བཤེས་གཉེན། པརི་གྲཱཧཀ་ཞེས་པའི་ཚིག་དེ་ཡོངས་འཛིན་ལ་བསྒྱུར་ཡོད། དེར་བརྟེན་ནང་པ་དང་ཕྱི་རོལ་པའི་ཐ་སྙད་སྦྱོར་སྟངས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་རེད། དཔེར་ན་བླ་མ་ཞེས་པའི་ཚིག་དེ་སྔགས་ཀྱི་སྐབས་སུ་བེད་སྤྱོད་མང་བ་གཏོང་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་དགེ་བའི་བཤེས་གཉེན་ཞེས་པ་དེ་མང་བ་བེད་སྤྱོད་གཏོང་གི་ཡོད། བོད་སྐད་ནང་གྲོགས་པོ་དང་བཤེས་གཉེན་ཞེས་པའི་ཚིག་གཉིས་སྤྱིར་བཏང་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་ཡིན། འོན་ཀྱང་ཀལྱཱཎ་མིཏྲ་ཞེས་པའི་ཚིག་དེ་བླ་མ་ལ་བསྒྱུར་བའི་སྐབས་སུ་དགེ་བའི་བཤེས་གཉེན་དང་། གྲོགས་པོ་ལ་བསྒྱུར་བའི་སྐབས་སུ་དགེ་བའི་གྲོགས་པོ་ཡིན། དེས་ན་མིཏྲ་ཞེས་པའི་ཚིག་གཅིག་ལའང་བོད་སྐད་ནང་ཐ་སྙད་མི་འདྲ་བ་གཉིས་སུ་གྱུར།

དེ་བཞིན་ཡོངས་འཛིན་ཞེས་པའི་ཚིག་དེ་བློ་གསལ་གླིང་གི་ཡིག་ཆ་གཞིར་བཞག་བྱས་ན། བླ་མ་ཡིན་ན་ཡོངས་འཛིན་ཡིན་པ་མ་ཁྱབ་ཅེས་སློབ་མ་ཞིག་གི་བླ་མ་ཡིན་ནའང་དེའི་ཡོངས་འཛིན་མ་ཡིན་པ་ཡོང་སྲིད། དཔེར་ན། ཚིགས་བཅད་གཅིག་ཙམ་ཉན་པ་ལའང།། གང་གིས་བླ་མར་མི་འཛིན་ན།། ཁྱི་ཡི་སྐྱེ་བ་བརྒྱར་བླངས་ནས།། རྨེ་ཤ་ཅན་དུ་སྐྱེ་བར་འགྱུར།། ཞེས་གསུངས་པ་བཞིན་ཆོས་ཀྱི་ཚིགས་བཅད་གཅིག་ཚུན་ཉན་སའི་གང་ཟག་དེ་ལའང་བླ་མ་ཟེར་བའི་ཐ་སྙད་དེ་འཇུག ཡིན་ནའང་དགེ་ཕྲུག་གི་ཚེ་འདི་ཕྱི་གཉིས་ཀའི་མདུན་ལམ་ཡོངས་སུ་རྫོགས་པ་ཆ་ཚང་ལམ་སྟོན་བྱེད་མཁན་དང་ཆ་ཚང་ལ་རོགས་བྱེད་མཁན་ལ་ཡོངས་འཛིན་ཞེས་བརྗོད། ཡོངས་ཞེས་པ་ཐམས་ཅད་དང་། འཛིན་ཞེས་པ་བཟུང་བའམ་བཏེགས་པ་ལ་གོ  ཨིན་སྐད་དུ་ Uphold ཞེས་བརྗོད།

ཕྱི་རོལ་པའི་གཞུང་ལུགས་ནང་དགེ་རྒན་དང་བླ་མ་ལ་གུ་རུ་ཞེས་པའི་ཚིག་མ་གཏོགས། ཀལྱཱན་མིཏྲ་ཞེས་པའི་ཚིག་དེ་ནམ་ཡང་བེད་སྤྱོད་བཏང་མེད། གང་ལགས་ཤེ་ན། ཁོང་ཚོས་ངེས་པར་དུ་བླ་མ་ཟེར་དུས་མཐོ་པོ་ཞིག་དང་། དགེ་རྒན་དགེ་ཕྲུག་གཉིས་དབར་ཁྱད་ཡོད་པ་ཞིག་བྱེད་ཀྱི་ཡོད། ནང་པས་དགེ་བའི་བཤེས་གཉེན་ཞེས་པའི་ཚིག་དམིགས་བསལ་བེད་སྤྱོད་གཏོང་དགོས་པ་དེ་གང་རེད་ཅེ་ན། དགེ་ཕྲུག་གི་ངོས་ནས་དགེ་རྒན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་དགོས་ཚུལ་གསུངས་ཀྱང་། དགེ་རྒན་གྱི་ངོས་ནས་དགེ་ཕྲུག་དང་འདྲ་མཉམ་མམ་གྲོགས་པོའི་འདུ་ཤེས་མ་གཏོགས། གྲལ་རིམ་མཐོ་དམན་ཡོད་པའི་འདུ་ཤེས་མེད་དགོས་པ་དེ་ཚིག་རང་གི་ཐོག་ནས་སྟོན་གྱི་ཡོད། གནས་སྟངས་དེ་དམིགས་བསལ་བ་ཞིག་རེད་ལ། གལ་ཆེན་པོ་ཞིག་ཀྱང་རེད། ཕལ་ཆེར་བླ་མ་དང་དགེ་རྒན་ལ་དགེ་བའི་བཤེས་གཉེན་ནམ་དགེ་བའི་གྲོགས་པོ་ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་བ་དེ་ནང་པའི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་ཤིག་རེད། དེ་བཞིན་ཡོངས་འཛིན་ཞེས་པ་ནི་དེ་བས་ཀྱང་ནང་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཐ་སྙད་མ་གཏོགས། ཐེག་པ་དམན་པའི་ཐ་སྙད་ནང་མེད། དེ་ཡང་མངོན་རྟོགས་རྒྱན་ལས། སེམས་མི་འགོང་བ་ཉིད་ལ་སོགས།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། ཞེས་གསུངས། དེར་འཕགས་པ་གྲོལ་སྡེས་འགྲེལ་པ་རྒྱག་སྟངས་དང་སློབ་དཔོན་སེང་གེ་བཟང་པོས་འགྲེལ་པ་རྒྱག་སྟངས་དབར་རྩོད་པ་ཕྲན་བུ་ཡོད་ཀྱང་། འདིར་འབྲེལ་བ་ཆགས་ཀྱི་མི་འདུག གང་ལྟར་ཡོངས་འཛིན་གྱི་ལས་འགན་གསུམ་དེའི་ནང་གསལ་པོ་གསུངས་ཡོད། དང་པོ་ནི། སེམས་མི་འགོང་བ་ཉིད་ལ་སོགས།། ཞེས་པ་འདིའི་ནང་སོགས་སྒྲ་ཞིག་ཡོད། སེམས་མི་འགོང་བ་ཞེས་པ་ནི་སེམས་མི་ཞུམ་པར་བྱེད་པ་དང་། སེམས་མི་སྐྲག་པར་བྱེད་པ། སེམས་འཇིགས་པ་ལས་གྲོལ་བར་བྱེད་པ་ལ་བརྗོད། དེ་ནི་རང་གིས་ཡོངས་སུ་འཛིན་བྱའི་དགེ་ཕྲུག་གི་བསམ་བློའི་ནང་སློབ་ཚན་དང་ཤེས་བྱའི་གནས་སོགས་གང་གི་ཐོག་ཏུའང་སེམས་མི་ཞུམ་པ་དང་སེམས་ནང་ལ་འཇིགས་པ་མེད་པ་བཟོ་དགོས་པ་དེ་གལ་ཆེ་ཤོས་ཤིག་རེད། སློབ་ཚན་མ་བསླབ་པའི་སྔོན་དུ་སློབ་ཚན་དེའི་ཐོག་སེམས་ཀྱི་སྤྲོ་སྣང་བཟོ་དགོས་ཀྱི་ཡོད།

ང་ཚོ་བོད་པའི་དགེ་རྒན་དང་ཤེས་ཡོན་གྱི་བྱ་བར་ཐེ་གཏོགས་ཡོད་པའི་སྤྱི་ཚོགས་ནང་ལོ་མང་སྔོན་ནས་སྐད་ཆ་ཞིག་ཡོངས་གྲགས་སུ་ཡོད་པ་ནི་ད་ལྟ་སློབ་གྲྭ་ཁག་ནང་ཤེས་ཡོན་གྱི་གནས་ཚད་དམའ་རུ་འགྲོ་གི་འདུག འཛིན་གྲྭ་བཅུ་གཉིས་ཐོན་པ་ཚོས་སྙན་ཞུ་ཞིག་ཀྱང་འབྲི་ཤེས་ཀྱི་མི་འདུག་ཟེར་བ་ལྟ་བུའི་གནས་ཚུལ་མང་པོ་ཡོང་བསྡད་པ་རེད། ཤེས་རིག་ལས་ཁུངས་ཀྱིས་ཚོགས་འདུ་ཚོགས་ཚད་ནང་ཤེས་ཡོན་གྱི་གནས་ཚད་མཐོ་རུ་ཇི་ལྟར་གཏོང་དགོས་ཞེས་གང་ལྟར་ཤེས་ཡོན་གྱི་གནས་ཚད་དེས་ང་ཚོའི་བློ་ཁ་མ་ཁེངས་པ་ཞིག་ཡོད་པ་དང་། བློ་ཁ་ཁེངས་པ་བཟོ་བར་ཐབས་ལམ་ཞིག་བཙལ་དགོས་ཀྱི་ཡོད་པའི་གནས་ཚུལ་དེ་ཡོངས་གྲགས་ལྟ་བུ་རེད། དཔེར་ན་ང་ལྟ་བུར་ཆ་བཞག་ན། ཤེས་རིག་ཚོགས་ཆེན་དང་པོ་ནས་བཟུང་སྟེ་ཡོད་པ་རེད། ཤེས་རིག་ཚོགས་ཆེན་དང་པོ་དང་གཉིས་པ་༧སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་ཉི་མ་བསྟུད་ནས་ཚོགས་པ་རེད། དེ་ཚོའི་གྲོས་གཞི་དང་བགྲོ་གླེང་གྲོས་ཆོད་སོགས་དང་།  དེ་མིན་སྤྱི་ཚོགས་ནང་གི་སྐད་ཆ་བཅས་ལ་གཟིགས་ན། ཁག་འགན་ཕར་དཀྲི་ཚུར་དཀྲི་མང་པོ་ཡོད་རེད། དེའི་ནང་དགེ་རྒན་གྱིས་ཡག་པོ་བྱེད་ཀྱི་མེད་པར་བརྟེན་ཉམས་པ་དང་། ཤེས་རིག་ལས་ཁུངས་ཀྱི་བྱེད་སྟངས་འགྲིག་གི་མེད་པས་ཉམས་པ། ཕ་མ་ཚོས་ཡག་པོ་བྱེད་ཀྱི་མེད་པ་དེའི་དབང་གིས་ཉམས་པ་སོགས་དང་། ལྷག་པར་དུ་དགུ་བཅུ་གོ་གྲངས་དང་ཉིས་སྟོང་གཡས་གཡོན་ལ་དགེ་རྒན་མང་ཆེ་བས་ཕ་མ་ཚོ་དཔལ་འབྱོར་ཡག་པོ་ཆགས་ནས་དངུལ་མང་པོ་བསྐུར་ཡོང་བ་དེས་ཕྲུ་གུ་འཕྲོ་བརླག་འགྲོ་གི་འདུག་ཅེས་སོགས་གསུང་རྒྱུ་མང་པོ་རེད། ཡིན་ནའང་ཕ་མར་དྲིས་ན། དགེ་རྒན་དང་འཛིན་སྐྱོང་ལ་ཁག་མང་བ་དཀྲི་བ་དང་། དགེ་རྒན་དང་འཛིན་སྐྱོང་ལ་དྲིས་ན་ཕ་མར་ཁག་མང་བ་དཀྲི་བ། གཉིས་ཀ་འཛོམས་ན་སྤྱི་ཚོགས་ལ་ཁག་དཀྲི་བ་མ་ཟད། དུས་རབས་ལའང་ཁག་དཀྲི་གི་རེད། དེང་སང་ཡང་དགེ་རྒན་མང་པོ་ཞིག་གིས་ཕ་མས་ཕྲུ་གུའི་སློབ་སྦྱོང་ཐོག་དོ་སྣང་ཡག་པོ་བྱེད་ཀྱི་མི་འདུག ཕྲུ་གུའི་སློབ་སྦྱོང་གི་དམིགས་ཡུལ་འཇོག་སྟངས་དཔལ་འབྱོར་འདུ་འགོད་རང་ལ་བསམ་བློ་བཏང་ནས་བྱེད་ཀྱི་འདུག ཕ་མས་ཕྲུ་གུ་གཅེས་ལངས་གཏོང་གི་འདུག དེར་བརྟེན་ཕྲུ་གུས་སློབ་སྦྱོང་ལ་དོ་སྣང་སྤྲོད་ཀྱི་མི་འདུག་ཅེས་ང་ལ་གསུང་མྱོང་ཡོད། སྤྱིར་ཕྲུ་གུ་ཨ་མའི་ཁོག་པ་ནས་སྐྱེ་དུས་ནས་སློབ་སྦྱོང་ལ་དོ་སྣང་ཡོད་པ་ཞིག་ཡོང་མི་སྲིད། ཕྲུ་གུས་སློབ་སྦྱོང་ལ་དོ་སྣང་ཡོང་བར་ཕ་མ་དང་དགེ་རྒན་གཉིས་མཉམ་རུབ་ཐོག་ནས་མི་ཚེ་སྤྱི་ཡོངས་ཀྱི་འགྲོ་སྟངས་དང་བསམ་བློ་འཁྱེར་སྟངས་སོགས་ཚང་མར་ཐབས་ལམ་ཞིག་སྤྲད་དེ་སློབ་སྦྱོང་ལ་དོ་སྣང་ཡོད་པ་བཟོ་དགོས།

ད་ལྟ་དེང་རབས་ཀྱི་འཕྲུལ་ཆས་ལ་ཕྲུ་གུས་ཅིའི་ཕྱིར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དཔེར་ན། iPad དང་། Laptop དེ་བཞིན་ Mobile ཟེར་བ་དེ་ཚོ་བེད་སྤྱོད་གཏོང་སླ་བ་ཡོད་པ་དང་།  དེ་ཚོར་མགོ་བོ་མང་པོ་འཁོར་བ་དེ་སློབ་ཕྲུག་རང་ཉིད་སྐྱེས་པའི་སྐབས་ནས་རང་བཞིན་གྱིས་ཡོད་པ་རེད་དམ་ཞེ་ན། དེ་ནི་ཕྱི་ནང་གི་རྒྱུ་རྐྱེན་ལ་བརྟེན་ནས་རྗེས་སུ་བྱུང་བ་རེད། འདས་པའི་ལོ་ཉིས་བརྒྱ་ཡས་མས་ནང་འཇིག་རྟེན་འདིའི་ཐོག་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་ཚང་མས་མཁྱེན་གསལ་རེད། དེ་ལ་ནུབ་ཕྱོགས་པས་བཤད་སྟངས་ལྟར་ན། དུས་རབས་མང་པོར་བགོས་ཏེ་བཤད་སྲོལ་ཡོད་རུང་། དེ་ཚོ་བཤད་མི་དགོས་པ་བྱ་རྒྱུ་ཡིན། རགས་པ་ཙམ་བཤད་ན། ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་དང་བཅུ་དགུ་ཉི་ཤུའི་ནང་འཇིག་རྟེན་ཐོག་འགྱུར་བ་ཆེ་ཤོས་ཤིག་དཔལ་འབྱོར་གྱི་ལམ་སྲོལ་དང་དཔལ་འབྱོར་གྱི་གནས་བབ་ཐོག་ཕྱིན་པ་རེད། དེ་ཇི་ལྟར་ཕྱིན་པ་རེད་ཅེ་ན། སྲོལ་རྒྱུན་ནམ་གནའ་བོའི་དུས་སུ་མི་སོ་སོར་དངོས་ཡོད་དགོས་མཁོ་འདང་ངེས་ཀྱི་ཅ་ལག་བཟོ་བསྐྲུན་བྱེད་པའི་ནུས་པ་ཡོད། ཅ་ལག་ཀྱང་ཚང་མ་ལག་པས་བཟོ་བསྐྲུན་བྱེད་ཀྱི་ཡོད། དཔེར་ན། མི་བདུན་བརྒྱ་ཡོད་པའི་གྲོང་གསེབ་ཅིག་ལ་ཆ་བཞག་ན། དེའི་ནང་ལྷམ་བཟོ་དང་། ཤིང་བཟོ། འཚེམ་པོ་བ། སྐྲ་བཞར། སོ་ནམ་པ། མགར་བ། སྨན་པ། ཆོས་བཤད་མཁན། ཆོ་ག་གཏོང་མཁན་སོགས་མི་ཚེའི་ནང་དགོས་མཁོ་ཡོད་པ་ཚང་མ་ཡོད། དེར་བརྟེན་ལྷམ་བཟོ་ཞིག་ལ་མཚོན་ན། མི་བདུན་བརྒྱར་འདང་ངེས་ཀྱི་ལྷམ་བཟོ་ཐུབ། བཟོས་པའི་རྗེས་སུ་འདིས་ལོ་ལྔ་འདང་གི་རེད། ཧ་ཅང་མཁྲེགས་པོ་ཡོད་ཅེས་ཀྱང་བཤད་ཀྱི་རེད། དེང་སང་ལོ་ལྔ་འདང་བའི་ལྷམ་ཞིག་སུས་ཉོ་གི་རེད། ཟླ་བ་ཁ་ཤས་ནང་བརྗེ་པོ་བརྒྱབ་རྒྱུ་རེད། དེ་འདྲ་ཡིན་དུས་ཕྱོགས་གཅིག་ནས་དགོས་མཁོ་ལས་མང་བའི་དངོས་པོ་ཐོན་སྐྱེད་བྱེད་ཀྱི་མེད་ལ། ཕྱོགས་གཞན་ནས་ཡུལ་མི་སུའང་ལས་མེད་ལྷག་འདུག་ཟེར་བ་དེའང་མེད། དཔེར་ན་ཕ་འཚེམ་པོ་བ་ཡིན་ན་ཕྲུ་གུའང་འཚེམ་པོ་བ་ཆགས་རྒྱུ་རེད། ཕ་ཤིང་བཟོ་ཡིན་ན་ཕྲུ་གུའང་ཤིང་བཟོ་ཆགས་རྒྱུ་རེད། གང་ལྟར་རང་བཞིན་གྱིས་ཕ་བརྒྱུད་བུ་བརྒྱུད་ཀྱི་ལས་ཀ་དེ་ཟིན་ཡོང་དུས། དེང་སང་བཤད་པའི་ལས་མེད་ (Unemployment) ཅེས་པ་དེའང་མེད། དུས་རབས་བཅོ་བརྒྱད་པའི་མཇུག་ཙམ་ནས་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཕྱིན་པའི་དབང་གིས་འཁོར་ལོའི་ཐོག་ནས་བཟོ་བསྐྲུན་བྱེད་པའི་གནས་བབ་དེ་སླེབས་དུས། མིའི་སྤྱི་ཚོགས་ཀྱི་དགོས་མཁོ་ལས་ཀྱང་ཧ་ཅང་མང་བ་ཐོན་སྐྱེད་བྱེད་མགོ་ཚུགས་པ་རེད། དཔེར་ན་གྲོང་གསེབ་གཅིག་ནང་མི་བདུན་བརྒྱའི་ལྷམ་དགོས་ཀྱི་ཡོད་ན་མི་བདུན་སྟོང་གིས་བེད་སྤྱོད་གཏོང་རྒྱུའི་ལྷམ་བཟོ་ཐུབ་པའི་ནུས་པ་དེ་སླེབས་པ་རེད། དེར་བརྟེན་དགོས་མཁོ་ལས་མང་བའི་ཐོན་སྐྱེད་དེ་ཚོ་གང་དུ་གཏོང་དགོས་མིན་ཐོག་ཉམས་ཞིབ་བྱས་པ་རེད། དེ་ལ་ཨིན་སྐད་དུ་ Market Research ཟེར་བ་དེ་རེད། དེ་ནི་ཉམས་ཞིབ་བྱེད་སྟངས་ཀྱི་ནང་ནས་གལ་ཆེ་བ་མ་ཟད། བྱེད་སྟངས་ཀྱང་ཐུན་མོང་མ་ཡིན་པ་ཞིག་རེད། དེ་འདྲ་བྱེད་དུས་མིའི་བསམ་བློའི་ནང་འདོད་རྔམས་ཆེ་རུ་གཏོང་བའི་ཐབས་ལམ་དེ་ཁོང་ཚོར་རྙེད་པ་རེད། དེ་ནི་མཚུངས་བསྡུར་དང་འགྲན་བསྡུར་གཉིས་རེད། སོ་སོའི་དགོས་མཁོ་གང་ཡིན་ལ་མ་བལྟས་པར། མི་གཞན་ལ་གང་ཡོད་པ་དང་། མི་གཞན་ལ་ཡོད་པ་དེ་ང་ལའང་དགོས་བསམས་པའི་འདོད་རྔམས་དེ་སྤེལ་བའི་ཆེད་དུ་ཁྲོམ་རྭའི་ལམ་སྲོལ་དང་བག་མེད་ལོངས་སྤྱོད་རིང་ལུགས་དེ་བྱུང་བ་རེད།  གང་ལྟར་ཐོག་མར་མཚུངས་བསྡུར་དང་། རིམ་པས་འགྲན་བསྡུར་བྱ་རྒྱུ་དེ་བྱུང་།  ཁྲོམ་རྭའི་ལམ་སྲོལ་ཟེར་བ་ནི་ཨིན་སྐད་དུ་ Market Economy ཞེས་བརྗོད། བག་མེད་ལོངས་སྤྱོད་རིང་ལུགས་ཟེར་བ་ནི་ཨིན་སྐད་དུ་ Consumerism ཞེས་པ་དེ་རེད། སྔོན་མ་ང་ཚོ་བེད་སྤྱོད་གཏོང་མཁན་ (User) རེད། དེང་སང་བག་མེད་ལོངས་སྤྱོད་བྱེད་མཁན་ (Consumer) རེད། དེ་ལ་རྩ་མེད་གཏོང་མཁན་ཞེས་ཀྱང་བརྗོད་ཆོག  དེང་སང་ཇི་ཙམ་བག་མེད་ལོངས་སྤྱོད་དམ་རྩ་མེད་གཏོང་ཐུབ་པ་དེ་ཙམ་གྱིས་ཡར་ཐོན་དུ་བརྩི།

དེ་ལྟར་བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་དང་ཁྲོམ་རྭའི་ལམ་སྲོལ་དར་བ་ནས་བཟུང་མི་སོ་སོའི་དགོས་མཁོ་གང་ཡིན་ཤེས་རྒྱུའི་ནུས་པ་དེ་བཟོ་གྲྭ་བདག་པོ་ཚོས་འཕྲོགས་པ་རེད། དེ་ཡང་དྲིལ་བསྒྲགས་ཤུགས་ཆེ་དང་ཀླད་པ་བཀྲུ་བའི་ལས་རིམ་ལ་བརྟེན་ནས་བྱུང་། དེར་བརྟེན་སོ་སོའི་དགོས་མཁོ་གང་ཡིན་བཟོ་གྲྭ་བདག་པོས་ཐག་གཅོད་བྱེད་ཀྱི་རེད། དཔེར་ན། ལྷམ་ལྟ་བུ་གཅིག་ལ་མཚོན་ན། ཞོགས་པ་འཆམ་འཆམ་དང་། ཉིན་གུང་ལས་ཁུངས། ཕྱི་དྲོ་རྩེད་མོ། འཁྲུས་ཁང་སོགས་ཀྱི་ཆེད་དུ་ལྷམ་འདི་དང་འདི་དགོས་པར་བརྟེན། ངེས་པར་དུ་ཉོ་དགོས་ཞེས་བརྗོད་ཀྱི་རེད། གང་ལྟར་ལྷམ་བཟོ་བསྐྲུན་བྱེད་མཁན་དེས་མི་ཚོའི་ཀླད་པ་བཀྲུས་ཏེ་དགོས་མཁོ་མེད་ནའང་དགོས་མཁོ་ཡོད་པ་ཞིག་ལ་བསམ་བློ་གཏོང་དུ་འཇུག་པ་ཡིན།

དེའི་དབང་གིས་འཇིག་རྟེན་ཁྱོན་ཡོངས་ལ་མ་རྩའི་རིང་ལུགས་ཟེར་བ་དེ་བྱུང་བ་རེད། ཞིང་པ་ཡིན་ནའང་ས་བདག་དེ་ཚོས་ཁེ་བཟང་འཁྱེར་བ་མ་གཏོགས། དཀའ་ལས་རྒྱག་མཁན་ཞིང་པ་རྣམས་ལ་དེའི་ཁེ་བཟང་མ་ཐོབ་པ་དང་། མ་རྩའི་བདག་པོ་དེ་ཚོས་འཕྲུལ་ལས་ལ་བརྟེན་པའི་ཐོན་སྐྱེད་ཀྱི་ཁེ་བཟང་བརྒྱ་འགྱུར་སྟོང་འགྱུར་ཡོད་ཀྱང་བཟོ་པར་ལྟོགས་ཤི་མ་ཐེབས་ཙམ་གྱི་གླ་ཆ་སྤྲད་པ་མ་གཏོགས། ཁེ་བཟང་ཚང་མ་མ་རྩའི་བདག་པོས་འཁྱེར་བ་ཡིན་སྟབས། ཞིང་པའི་གྲལ་རིམ་དང་བཟོ་པའི་གྲལ་རིམ་ལ་བཟོད་པར་དཀའ་བའི་བཤུ་གཞོག་བྱུང་བ་རེད།

བཤུ་གཞོག་དེའི་ཁ་གཏད་དང་ངོ་རྒོལ་དུ་སྤྱི་ཚོགས་རིང་ལུགས་བྱུང་བ་རེད། དེ་སྲོལ་གཏོད་པ་པོ་ནི་ཀཱལ་མག་ས་ (Karl Marx) རེད། དཱས་ཀ་པི་ཊལ་ (Das Kapital) ཞེས་པ་ནི་ཁོང་གི་རིག་པའི་གཞུང་ལུགས་ཆེ་ཤོས་དེ་རེད། དེང་སང་དེབ་ཕྲེང་གཉིས་གསུམ་ནང་རུག་རུག་བཟོས་འདུག་མ་གཏོགས། སྔོན་མ་དེབ་ཕྲེང་བཅུ་གཅིག་བཅུ་གཉིས་ཙམ་ཡོད། དེའི་ནང་གཙོ་བོ་རིན་ཐང་ལྷག་མ་ (Surplus value) ནི་བཟོ་པ་དང་ཞིང་པར་འགྲོ་དགོས་ཞེས་པ་དེ་རེད། གང་ལྟར་དངོས་སུ་ཐོན་སྐྱེད་བྱེད་མཁན་གྱི་ཞིང་པ་དང་བཟོ་པར་ཁེ་བཟང་ལྷག་མ་དེ་འཐོབ་དགོས་ཟེར་གྱི་ཡོད། དེའི་དབང་གིས་འཇིག་རྟེན་ཁྱོན་ཡོངས་མ་རྩའི་རིང་ལུགས་ཀྱི་ཕྱོགས་སུ་འགྲོ་མཁན་གྱི་བཤུ་གཞོག་གཏོང་མཁན་དང་། དེ་ལ་ཁ་གཏད་གཅོག་མཁན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱོགས་སུ་འགྲོ་མཁན་བཅས་སྡེ་ཚན་གཉིས་སུ་སོང་། དེ་ནས་དམག་ཆེན་གཉིས་བྱུང་བ་རེད། དེ་ལྟར་ཨ་རིའི་ཕྱོགས་གཏོགས་དང་ཨུ་རུ་སུའི་ཕྱོགས་གཏོགས་བཅས་གཉིས་སུ་གྱུར། དེ་ལ་བརྟེན་ནས་བོད་ཀྱང་ཤོར་བ་རེད།

ནུབ་ཕྱོགས་པའི་མིས་སྐབས་རེ་ང་ལ་ག་རེ་བྱས་ནས་བོད་རྒྱ་མིས་དབང་སྒྱུར་བྱས་པ་རེད་ཅེས་འདྲི་གི་འདུག ངས་དེའི་ལན་དུ་ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་དར་བའི་དབང་གིས་བོད་རྒྱ་ནག་གི་དབང་འོག་ཏུ་ཕྱིན་པ་རེད་ཅེས་ཁ་ཐུག་བརྗོད་ཀྱི་ཡོད། ཁོང་ཚོས་མ་རྩའི་རིང་ལུགས་ནུབ་ཕྱོགས་སུ་དར་བ་དང་བོད་རྒྱ་ཁོངས་སུ་ཤོར་བ་གཉིས་ལ་འབྲེལ་བ་གང་ཡོད་ཅེས་གསུང་གི་འདུག ངས་དེའི་ལན་དུ་དེ་ལ་འབྲེལ་བ་ཆེན་པོ་ཡོད། བོད་དེ་རྒྱ་ནག་དང་། ཨུ་རུ་སུ། སོག་པོ། རྒྱ་གར་བཅས་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཆེན་དེ་ཚོ་དང་སྲིད་པ་ཆགས་དུས་ནས་མཉམ་དུ་ཡོད་པ་མ་གཏོགས། དུས་རབས་ཉི་ཤུའི་པའི་ནང་བོད་དེ་གསར་པ་སླེབས་པ་ཞིག་མིན། འདས་པའི་ལོ་སྟོང་ཕྲག་མང་པོའི་བྱུང་རབས་ལ་ཕྱིར་བལྟས་སློག་ན། བརྒྱ་ཕྲག་བཅུ་གསུམ་པའི་ནང་ལོ་ཉི་ཤུ་རྩ་གྲངས་ཤིག་རིང་བོད་དེ་སོག་པོའི་འོག་ཏུ་བསྡད་པ་མ་གཏོགས། རྒྱལ་ཁབ་གཞན་གང་གི་འོག་ཏུའང་འགྲོ་མྱོང་མེད་ལ། ག་དུས་ཡིན་ནའང་མངའ་དབང་ཅན་གྱི་རྒྱལ་ཁབ་གཙང་མ་ཞིག་ཏུ་བསྡད་པ་རེད། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དེ་དམར་པོའི་རིང་ལུགས་ཆགས་པ་རེད། དེ་རྗེས་ཕྱི་ལོ་ ༡༩༥༡ ལོར་བོད་དེ་རྒྱ་ནག་དམར་པོས་བཙན་དབང་བཏང་ནས་བཟས་པ་རེད། དེའང་རྒྱ་ནག་དམར་པོ་ཆགས་དགོས་དོན་ནི་ཨུ་རུ་སུ་དམར་པོ་ཆགས་པའི་དབང་གིས་བྱུང་། ཨུ་རུ་སུ་དམར་པོ་ཆགས་དགོས་དོན་ནི་ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་དར་བ་དེས་བྱུང་། གལ་ཏེ་ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་དར་མེད་ན་དམར་པོའི་རིང་ལུགས་ཡོང་དགོས་དོན་མེད། དེར་བརྟེན་རྒྱུ་མ་ཕུ་འདེད་བྱེད་པ་ཡིན་ན་བོད་རྒྱ་འོག་ཏུ་ཤོར་བའི་འགན་ཆ་ཚང་ནུབ་ཕྱོགས་པའི་མ་རྩའི་རིང་ལུགས་དང་། ཁྲོམ་རྭའི་ལམ་སྲོལ། བག་མེད་ལོངས་སྤྱོད་རིང་ལུགས་ཁོ་ནར་ཐུག་ཅེས་བརྗོད་ཀྱི་ཡོད། དེས་ན་དེའི་གནས་བབ་ལ་འགྱུར་བ་མ་འགྲོ་བར་དུ་བོད་ཀྱི་གནས་བབ་དེ་བཟང་དུ་འགྲོ་དཀའ།

༧གོང་ས་༧སྐྱབས་མགོན་ཆེན་པོས་ཀྱང་བོད་ཀྱི་དཀའ་རྙོག་དེ་བོད་མི་ས་ཡ་དྲུག་སྒེར་གྱི་དཀའ་ངལ་ཞིག་མ་རེད། འཇིག་རྟེན་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གཏིང་ཟབ་པོའི་དཀའ་རྙོག་ཅིག་ཡོད་པ་དེའི་མཚོན་རྟགས་སམ་ནད་རྟགས་ཤིག་རེད་ཅེས་ཡང་ཡང་དུ་གསུང་གི་ཡོད།  དེ་ནི་དངོས་ཡོད་ཀྱི་གནས་ཚུལ་རེད། དེ་ནི་ང་ཚོ་བོད་མི་ས་ཡ་དྲུག་སྒེར་གྱི་བྱེད་སྟངས་ནོར་བ་ལས་མིན་པར། འཇིག་རྟེན་ཁྱོན་ཡོངས་ཀྱི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར་གྱི་གནས་སྟངས་ཤིག་གི་ཐོག་ནས་གནས་ཚུལ་དེ་བྱུང་།

དེར་བརྟེན་ང་ག་རེ་ཞུ་གི་ཡོད་ཅེ་ན། ཁྲོམ་རྭའི་རིང་ལུགས་ཀྱི་མི་དེ་ཚོས་བཙོང་རྒྱུའི་དངོས་པོ་བྱེ་བྲག་པ་ཞིག་ཐོག་ཕྲུ་གུའི་དོ་སྣང་དྲངས་ཐུབ་ཀྱི་ཡོད་ན། དགེ་རྒན་ཞིག་གིས་ཆུ་ཚོད་ ༢༤ དགེ་ཕྲུག་མཉམ་དུ་བསྡད་ནས་སློབ་སྦྱོང་ཐོག་དོ་སྣང་བཟོ་མི་ཐུབ་པ་དེ་མི་སྲིད་པ་ཞིག་རེད། འབད་བརྩོན་བྱས་ན་མི་ཐུབ་པ་མེད་པ་དེ་གསལ་པོ་རྭ་འཕྲོད་ཀྱི་རེད། དེར་བརྟེན་ཕྲུ་གུས་དོ་སྣང་བྱེད་ཀྱི་མི་འདུག་ཅེས་གསུང་རྒྱུའི་ཚབ་ཏུ་ངས་ཕྲུ་གུའི་དོ་སྣང་ལེན་ཐུབ་ཀྱི་མི་འདུག་ཅེས་དྲང་པོ་གསུང་དགོས། གང་ལྟར་ཕྲུ་གུས་སློབ་སྦྱོང་ཐོག་དོ་སྣང་ཡོང་རྒྱུར་ངས་ཐབས་ཤེས་ཐུབ་མ་སོང་ཞེས་བརྗོད་དགོས། གལ་ཏེ་ཕྲུ་གུས་དོ་སྣང་བྱེད་ཀྱི་མི་འདུག་ཅེས་དེ་གར་བཞག་ན་རྫོགས་པ་རེད། བྱེད་རྒྱུ་གང་ཡང་མེད། དེས་ན་དོ་སྣང་མེད་པ་ལ་དོ་སྣང་ཡོད་པ་བཟོ་རྒྱུ་དེ་ཡོངས་འཛིན་གྱི་ལས་འགན་དང་པོ་རེད། དོ་སྣང་མེད་པ་དེ་དོ་སྣང་ཡོང་བའི་ཆེད་དུ། སེམས་མི་ཞུམ་པའམ་སེམས་མི་སྐྲག་པ་དང་། ལྷག་པར་དུ་ཕྱི་བཤོལ་གྱི་ལེ་ལོ་དང་། སྒྱིད་ལུག་པའི་ལེ་ལོ། བྱ་བ་ངན་ཞེན་གྱི་ལེ་ལོ། བདག་ཉིད་ལ་བརྙས་པའི་ལེ་ལོ་རྣམས་མེད་པར་བཟོ་དགོས། ལེ་ལོ་བཞིའི་གཉེན་པོ་བསྟེན་སྟངས་ཀྱང་རིག་པའི་གཞུང་ལུགས་ནང་ཡོད། ཐབས་ལམ་དེ་ཚོའི་ཐོག་ནས་ཕྲུ་གུའི་དོ་སྣང་ལེན་ཐུབ་པའི་ཐབས་ཤེས་གནང་དགོས། བྱ་བ་ངན་ཞེན་གྱི་ལེ་ལོ་ནི་གློག་བརྙན་བལྟ་རྒྱུ་དང་། ཀམ་པུ་ཀྲར་ནང་རྩེད་མོ་རྩེད་རྒྱུ་སོགས་རེད། དེ་ལྟ་བུའི་བྱ་བ་ངན་པར་ཞེན་པ་ལ་བྱ་བ་ངན་ཞེན་གྱི་ལེ་ལོ་ཞེས་བརྗོད། ཕྱི་བཤོལ་གྱི་ལེ་ལོ་ནི་དེ་རིང་བྱེད་རྒྱུའི་ལས་ཀ་དེ་སང་ཉིན་གནངས་ཉིན་བྱེད་ཀྱི་ཡིན་ཞེས་པ་ལྟ་བུ། སྒྱིད་ལུག་པའི་ལེ་ལོ་ནི་སྒྱིད་ལ་ངན་པོ་བྱས་པ་སྟེ། ཏོག་ཙམ་ངལ་གསོ་རྒྱག་དགོས་ཞེས་ལས་རྩོལ་མ་བྱེད་པ་ལྟ་བུ། བདག་ཉིད་ལ་བརྙས་པའི་ལེ་ལོ་ནི་ལེ་ལོ་ཚང་མའི་ནང་ནས་སྡུག་ཤོས་དེ་རེད། དེ་ནི་ངས་དེ་ཐུབ་ཀྱི་མ་རེད་སྙམ་པ་ལྟ་བུ། དེ་ཚོ་མེད་པ་བཟོས་ནས་དོ་སྣང་ལེན་ཐུབ་པའི་ཐབས་ཤེས་གནང་དགོས་པ་ནི་སེམས་མི་འགོང་བ་བྱེད་པ་རེད། སེམས་མི་འགོང་བ་ཆགས་རྗེས་སློབ་ཚན་དེ་སློབ་དགོས་པ་ཡིན། ཇི་ལྟར་སློབ་དགོས་པ་དང་། སློབ་པའི་སྐབས་སུ་དགེ་ཕྲུག་གི་བསམ་བློའི་ནང་འཇུག་ཆེ་ཤོས་ཀྱི་ཐབས་དང་སྒྱུ་རྩལ་རྣམས་བཙལ་དགོས་པ་དེ་ཡིན། དེ་ལས་རིམ་གཉིས་པ་ངོ་བོ་ཉིད་མེད་སོགས་སྟོན་ཞེས་པ་དེ་རེད། བསླབས་པའི་རྗེས་སུ་སློབ་ཕྲུག་དེས་ལམ་སེང་ཤེས་ཁག་པོ་རེད། གལ་ཏེ་ཤེས་པ་ཡིན་ནའང་ཐེ་ཚོམ་ཚང་མ་ཆོད་པ་ཞིག་མི་ཡོང་། དེ་མཚུངས་སློབ་སྦྱོང་བྱེད་པའི་སྐབས་སུ་དཀའ་ངལ་གྱི་གནས་ཚུལ་མང་པོ་ཡོང་སྲིད། དེ་ཚོ་ཚང་མ་རེ་རེ་བཞིན་ངོས་ཟིན་པར་བྱས་ནས་སེལ་ཐབས་དེ་བསྟན་དགོས། དེ་མིན་ངས་འཛིན་གྲྭའི་ནང་བསླབས་ཚར་བ་ཡིན། སང་ཉིན་ཡིག་རྒྱུགས་འཕྲོད་རུང་མ་འཕྲོད་རུང་ཁྱད་པར་མེད་ཅེས་སྣང་མེད་བཏང་ན། དགེ་རྒན་གྱི་ལས་འགན་ཕལ་ཆེར་འགྲིགས་ཡོད་ཀྱི་རེད། འོན་ཀྱང་ཡོངས་འཛིན་གྱི་ལས་འགན་བསྒྲུབས་མེད། ཡོངས་འཛིན་གྱི་ལས་འགན་ནང་ཆ་ཚང་བློ་ལ་མ་ངེས་བར་དུ་བསླབ་པ་དང་། བསླབས་པའི་རྗེས་སུ་དཀའ་ངལ་གང་དང་གང་ལ་གདོང་ལེན་བྱེད་པའི་ཐབས་ཤེས་གནང་དགོས་པ་དེ་མེད་དུ་མི་རུང་བའི་གནད་འགག་ཅིག་རེད། དེར་བརྟེན་གསུམ་པ་དེ་ཡི་མི་མཐུན་ཕྱོགས་བོར་བ་ཞེས་པ་དེ་བྱུང་། གང་ལྟར་རྡོག་རྡོག་ཞུ་ན། ཐོག་མར་དོ་སྣང་མེད་པ་ལ་དོ་སྣང་བསྐྲུན་རྒྱུ་དེ་ལས་འགན་དང་པོ་དང་། གཉིས་པ་སློབ་ཚན་ག་རེ་ཡིན་པ་དེ་ཡག་པོ་བྱས་ནས་བསླབ་རྒྱུ་དེ་ལས་འགན་གཉིས་པ་རེད། བསླབས་པའི་རྗེས་སུ་ཕྲུ་གུ་དེས་ཤེས་རྟོགས་ཡོང་བར་དཀའ་ངལ་གང་འཕྲད་རྣམས་ངོས་ཟིན་པར་བྱས་ནས་དཀའ་ངལ་དེ་སེལ་ཐབས་བྱེད་པ་ནི་ལས་འགན་གསུམ་པ་རེད།

མངོན་རྟོགས་རྒྱན་ནང་སྦྱོར་ལམ་གྱི་རྗེས་སུ་རིགས་ཀྱི་སྐོར་སླེབས་ཀྱི་རེད། དེ་ཡི་མི་མཐུན་ཕྱོགས་བོར་བ།། ཞེས་པའི་འགྲེལ་བཤད་དེ་རིགས་ཀྱི་སྐབས་སུ་གསལ་པོ་ཡོད། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཐོབ་པའི་ས་བོན་ནམ་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་ཡོད་ན། ཅིའི་ཕྱིར་སངས་རྒྱས་མི་ཐོབ་ཚུལ་གསུངས་པའི་སྐབས་དེར་རིགས་ཀྱི་སྐྱོན་བཞི་ཞེས་པ་ཞིག་གསུངས་ཡོད། དེ་ཡི་མི་མཐུན་ཕྱོགས་བོར་བ།། ཞེས་མི་མཐུན་པའི་ཕྱོགས་རྣམས་བསྡོམས་བརྒྱབ་ན་རིགས་ཀྱི་སྐྱོན་བཞིར་འདུ་བ་ཡིན།

དང་པོ་ཉོན་མོངས་མང་བ་ཞེས་པ་ནི་འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་རྒྱལ། ཁོང་ཁྲོ་སོགས་ཉོན་མོངས་པའི་སེམས་ཀྱི་ཚོར་བ་མང་པོ་ཡོད་པ་ལ་བརྗོད། དེ་ནས་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ། རྟག་འཛིན་གྱི་གཉེན་པོར་མི་རྟག་པ་སོགས་པ་ཉོན་མོངས་མངོན་འགྱུར་མང་བ་ཡོད་པ་དེའི་གཉེན་པོ་བསྟེན་རྒྱུ་དེ་རེད།

གཉིས་པ་གྲོགས་ངན་པ་ཞེས་པ་ནི་སྤྱིར་བཏང་སྤྱི་ཚོགས་ཀྱི་གནས་སྟངས་དང་། ལྷག་པར་དུ་རྒྱུན་ལྡན་འབྲེལ་བ་བྱེད་སའི་ནང་བཟང་ཕྱོགས་དང་ངན་ཕྱོགས་སུ་འཁྲིད་མཁན་གྱི་གྲོགས་སྣ་ཚོགས་ཡོང་སྲིད་པ་ཡིན་སྟབས། ཡོངས་འཛིན་གྱི་ལས་འགན་ནི་གྲོགས་ངན་པ་དང་མི་འཕྲད་པར་གྲོགས་བཟང་པོ་དང་འགྲོགས་འཇུག་པའི་ཐབས་ཤེས་བྱེད་རྒྱུ་དེ་རེད།

གསུམ་པ་དེ་ཕོངས་པ་ཞེས་པ་ནི་མཐུན་རྐྱེན་མ་འཛོམས་པར་ཟེར།། དེའང་སྣ་ཚོགས་ཡོང་སྲིད། དེང་སང་བཟའ་རྒྱུ་དང་འཐུང་རྒྱུ་སོགས་ཀྱི་མཐུན་རྐྱེན་མ་འཛོམས་པ་ཕལ་ཆེར་ཉུང་ཉུང་རེད། ཡིན་ནའང་སློབ་ཚན་བྱེ་བྲག་པ་ཞིག་ལ་དམིགས་བསལ་གྱིས་སློབ་སྦྱོང་བྱེད་འདོད་ཡོད་ནའང་། དེབ་མ་ཐོབ་པ་དང་། དགེ་རྒན་མ་རྙེད་པ། ས་མིག་མ་ཐོབ་པ་སོགས་ཀྱི་མཐུན་རྐྱེན་མ་འཛོམས་པའི་གནས་ཚུལ་མང་པོ་ཡོང་གི་ཡོད། དེ་ལྟ་བུའི་ཕོངས་པ་བསལ་རྒྱུའི་ཐབས་ཤེས་བྱེད་དགོས་པ་དེ་ཡོངས་འཛིན་གྱི་ལས་འགན་གལ་ཆེ་ཞིག་རེད།

བཞི་པ་གཞན་གྱི་དབང་དུ་གྱུར་པ་ཞེས་པ་ནི་དེང་སང་གི་གནས་ཚུལ་སྡུག་ཤོས་ཤིག་རེད། ད་ལྟ་ང་ཚོའི་མི་རབས་གསར་པ་དེ་ཚོ་འབ་སུ་མ་འདུས་པ་དེ་གང་རེད་ཅེ་ན། རང་དབང་གི་བསམ་བློ་བཏང་ནས་རང་ཐག་རང་གིས་གཅད་རྒྱུའི་ནུས་པ་དེ་བརླགས་ཚར་བའམ་ཁྲོམ་རྭ་བདག་པོ་དེ་ཚོས་ནུས་པ་དེ་འཕྲོགས་ཚར་བ་དེ་རེད། སོ་སོར་རང་དབང་གིས་ཐག་གཅོད་བྱ་རྒྱུ་དེ་ཡོད་ན་ཁྲོམ་རྭ་དེ་ཡོང་མི་ཐུབ།  དཔེར་ན་ང་ལ་ལྷམ་ཆ་གཅིག་ཡོད་ན་དེས་ལོ་གཅིག་རིང་འདང་གི་རེད་སྙམ་པའི་ཐག་གཅོད་ཅིག་བྱེད་ཐུབ་ན། དེ་ལས་ལྷག་པ་ཉོ་དགོས་དོན་མེད། དེ་བཞིན་ཁ་ལག་ལྟ་བུ་ཡིན་ནའང་། འདི་ངའི་གཟུགས་པོར་འཕྲོད་པ་དང་། འདི་མི་འཕྲོད་པ། འདི་ཙམ་བཟའ་དགོས་བསམས་པའི་རང་ཐག་རང་གཅོད་ཅིག་ཡོད་ན། དྲིལ་བསྒྲགས་སོགས་ག་རེ་བྱུང་ནའང་གཡོ་འགུལ་མི་ཐེབས་པ་ཡིན། དེང་སང་རྒྱ་གར་ལ་མཚོན་ན། བཟའ་བཏུང་རིགས་དང་། སྨན། ཐ་ན་སྲུང་བ་དང་ལྷའི་སྐུ་ཡང་བརྙན་འཕྲིན་དང་རླུང་འཕྲིན་སོགས་ནས་དྲིལ་བསྒྲགས་ཡོང་གི་ཡོད། དཔེར་ན་ལྷ་སྐུ་དེ་འདྲ་ཞིག་ཉར་ན་རྒྱུ་ཆེན་པོ་ཆགས་ཀྱི་རེད། སྲུང་བ་འདི་འདྲ་ཞིག་བཏགས་ན་བརྡབ་སྐྱོན་ཡོང་གི་མ་རེད་ཅེས་པ་ལྟ་བུ་རེད།  དེ་ཚོ་ནི་དྲིལ་བསྒྲགས་རང་རེད།  འོན་ཀྱང་དྲིལ་བསྒྲགས་དེའི་དབང་གིས་རང་དབང་གི་བསམ་བློ་དེ་མེད་པ་ཆགས་འགྲོ་གི་ཡོད། དེ་ལྟར་ཉོན་མོངས་མང་བ་དང་། གྲོགས་ངན་པ། མཐུན་རྐྱེན་གྱིས་ཕོངས་པ། རང་དབང་བྲལ་བ་བཅས་མི་མཐུན་པའི་ཕྱོགས་རྣམས་ཇི་ལྟར་ལྡོག་དགོས་པ་དང་། དེ་ནས་སོ་སོའི་དགོས་མཁོ་དང་། སོ་སོའི་ལེགས་པ་དང་ཉེས་པའི་གནས་སྟངས་དེ་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་ཐག་གཅོད་ཐུབ་པ་བཟོ་དགོས། དེར་བརྟེན་ཤེས་ཡོན་སྲིད་བྱུས་ཀྱི་ཤེས་ཡོན་གྱི་ངོ་བོ་དང་ཤེས་ཡོན་གྱི་དགོས་དམིགས་ནང་རང་དབང་དེ་ཧ་ཅང་གིས་རྩལ་དུ་བཏོན་ནས་བྲིས་ཡོད།

ང་ཚོའི་ཁ་ནས་བོད་ལ་རང་དབང་ངམ་རང་བཙན་དགོས་ཞེས་བཤད་ཀྱི་ཡོད། འོན་ཀྱང་སོ་སོ་ཇི་ལྟར་རང་དབང་བཞག་དགོས་པ་དེའི་ཐོག་བསམ་བློ་གཏོང་མཁན་སུའང་མེད། སོ་སོའི་རང་དབང་ཤོར་ཚར་བའི་རྗེས་སུ་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་རྩོད་རྒྱུ་ཡིན་ཞེས་པ་དེ་རྫུན་གཏམ་རེད། སྔོན་ལ་སོ་སོ་རང་དབང་ཡོད་པ་ཞིག་བཟོ་དགོས། སོ་སོར་རང་དབང་ཡོད་ན། རང་གི་བྱུང་རབས་རང་གིས་ཤེས་པ་དང་། རང་གི་རིག་པའི་གཞུང་ལུགས་ལ་རང་གིས་དོ་སྣང་ཡོད་པ། རང་གི་གནས་བབ་དེ་རང་གིས་ཐག་གཅོད་བྱེད་ཐུབ། དེ་བྱུང་ན་དེ་ནས་ངས་རྒྱལ་ཁབ་དང་མི་རིགས་ལ་རང་དབང་བསྒྲུབ་རྒྱུ་ཡིན་ཟེར་ན་རྣ་བར་འགྲོ་རྒྱུ་ཞིག་རེད། དེ་འདྲ་མིན་པར། སོ་སོ་ཁྲོམ་རྭའི་ནང་བརྒྱ་ཆ་བརྒྱ་ཐམ་པ་གཞན་དབང་དུ་འགྲོ་ཚར་མཁན་གྱི་མི་ཞིག་གིས་རང་དབང་ཞེས་བརྗོད་ན་དེ་ནི་མིང་ཙམ་རེད་མ་གཏོགས། དོན་དུ་རང་དབང་ལ་འགྲོ་རྒྱུ་གང་ཡང་མེད།

མདོར་ན། སེམས་མི་འགོང་བ་ཉིད་ལ་སོགས།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། ཞེས་པ་ནི་ཐོག་མར་བསམ་བློའི་ནང་དོ་སྣང་བསྐྲུན་དགོས་རྒྱུ་དང་། དེའི་རྗེས་སུ་སློབ་ཚན་ཡང་དག་པ་བསླབ་རྒྱུ། བསླབས་པའི་རྗེས་སུ་མི་མཐུན་པའི་ཕྱོགས་ལས་བསྲུང་རྒྱུ་བཅས་གསུམ་པོ་ཆ་ཚང་གནང་མཁན་དེ་ནི་དགེ་རྒན་ཙམ་དུ་མ་ཟད། ཡོངས་འཛིན་ཞེས་པའི་ཐ་སྙད་ཀྱང་ཐོགས་ཞེས་པའི་དོན་ཡིན། དུས་ཚོད་ཀྱི་ཆ་ནས་འདིར་གཞག་རྒྱུ་ཡིན། དེ་རྗེས་དྲི་བ་དྲིས་ལན་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།

(འདི་ནི་ ༢༠༡༥ ཕྱི་ཟླ་ ༥ ཚེས་ ༣༠ ཉིན་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གཞི་རིམ་འོག་མའི་དགེ་རྒན་ ༢༥༠ ཙམ་ཕེབས་པའི་ཟབ་སྦྱོང་དུ་ཡོངས་འཛིན་གྱི་ལས་འགན་ཞེས་པའི་ཐོག་གསུང་བཤད་གནང་བ་ཞིག་རེད།)