༈ དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཐོག་དུས་འཁོར་དང་འབྲེལ་བའི་ཐོག་གནང་བའི་གསུང་བཤད།

ཀ༽ སྔོན་འགྲོའི་གསུང་བཤད།

༄༅།། དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཐེངས་དང་པོར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང་། མཁས་དབང་རྣམ་པ། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པ། གཞན་ཡང་ཟུར་ཉན་པ་སོགས་ཚང་མར་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཟླ་བ་གཅིག་གི་སྔོན་དུ་གྲྭ་ཚང་གི་སྐུ་ཞབས་གཅིག་ངའི་སར་ཕེབས་ནས་བགྲོ་གླེང་གི་ཚོགས་འདུ་འདི་འདྲ་ཞིག་ཡོད། དེའི་ཉིན་མ་གཅིག་ལ་གཏམ་བཤད་བྱེད་དགོས་ཞེས་བཀའ་གནང་སྐབས་ངས་སྤྱིར་བཏང་ནས་སྔགས་ཀྱི་སྐོར་ལ་སློབ་སྦྱོང་དེ་ཙམ་བྱས་མེད་ལ། དེའི་ནང་ནས་དུས་འཁོར་གྱི་སྐོར་ལ་གང་ཡང་ཤེས་ཀྱི་མེད། དུས་འཁོར་དང་འབྲེལ་བ་ཡོད་པའི་གཞུང་དེ་རིགས་ཀློག་རྒྱུ་དང་ཐོས་བསམ་བྱེད་པའི་གོ་སྐབས་བྱུང་མེད། རྒྱུད་སྡེ་གཞན་དག་ལའང་ཐོས་བསམ་བྱས་ཡོད་ཅེས་བརྗོད་རྒྱུ་མེད་ཀྱང་། བླ་མ་ཚོའི་སྐུ་མདུན་ནས་བསྐྱེད་རྫོགས་ལ་སོགས་པའི་ཟབ་ཁྲིད་དེ་རིགས་ཕྲན་བུ་ཐོབ་ཡོད་སྟབས་ཕྲན་བུ་ཞིག་རྒྱུས་མངའ་ཡོད་ཅེས་ཞུས་པ་ཡིན།

དུས་འཁོར་ནི་ཕྱོགས་གཅིག་ནས་རྒྱུད་སྡེ་གཞན་དང་བཤད་ཚུལ་མི་མཐུན་པ་ཡོངས་གྲགས་དང་། ཕྱོགས་གཞན་ནས་གཞུང་རྒྱ་ཆེན་པོ་རེད། དེ་བཞིན་རྒྱུད་གྲྭས་མཚོན་པའི་སྔགས་ཀྱི་གདན་ས་དེ་ཚོའི་ནང་དུས་འཁོར་ཟུར་དུ་གསན་བསམ་གནང་བའི་སྲོལ་རྒྱུན་མེད། ང་ཚོ་རི་བོ་དགེ་ལྡན་པའི་བཤད་གྲྭ་ཁག་གི་ནང་ཕལ་ཆེར་རྣམ་རྒྱལ་གྲྭ་ཚང་དུས་འཁོར་གྱི་དཀྱིལ་འཁོར་འབྲི་སྒྲུབ་དང་བསྙེན་པའི་ཆོ་ག་ལ་སོགས་པ་རྒྱུན་དུ་གནང་མཁན་ཞིག་ཆགས་ཡོད། དེར་བརྟེན་དོན་དག་ཡོད་པའི་སྐད་ཆ་གཅིག་ཀྱང་བཤད་རྒྱུ་མེད་པ་ལ་སྐུ་མགྲོན་གཙོ་བོའི་མིང་བཏགས་པ་དང་། དུས་ཚོད་རིང་པོ་བཤད་དགོས་ཞེས་གསུངས་པ་འདི་མ་འོས་པ་ལྟ་བུ་ཞིག་མཐོང་སོང་།

སྐབས་དེར་དུས་འཁོར་སྐོར་ཤེས་ཀྱི་མེད་ཅེས་ཞུས་པ་ཡིན་རུང་། ཤེས་ཀྱི་མེད་ཀྱང་ཡོང་དགོས་རེད་ཅེས་གསུངས་སོང་། དེ་ནི་ང་ཚོ་བོད་ཀྱི་གཏམ་དཔེར། མགོ་སྤུ་མེད་ལ་རལ་པའི་ཁྲལ་ཞེས་མི་མགོ་དམར་ཞིག་ལ་རལ་པ་ཆིངས་ཤོག་བརྗོད་ན་བཅིང་རྒྱུ་གང་ཡང་མེད་པ་ལྟ་བུ་རེད། འབྲས་སྤུངས་ཚོགས་ཆེན་ཞལ་ངོ་སྐུ་དབང་ཧ་ཅང་ཆེན་པོར་བརྩི་ཞིང་། ཚོགས་ཆེན་ཞལ་ངོས་ཚོགས་གཏམ་གཏོང་སྐབས་ཀྱང་། ལུག་བལ་ཅན་ལ་བལ་དང་། ཉ་སྤུ་མེད་ལ་ཁྲམ་ཞེས་གང་ཡོད་པ་དེ་ལེན་གྱི་ཡིན་ཟེར་བ་མ་གཏོགས་མེད་པ་དེ་ལེན་གྱི་ཡིན་བརྗོད་ཀྱི་མེད། དེས་ན་དེ་ལྟར་ཁྲལ་ལྟ་བུ་ཞིག་ཕོག་པ་ཡིན་སྟབས། དུས་འཁོར་གྱི་མཁས་པའི་དབང་པོ་ཚོའི་མདུན་ལ་དུས་འཁོར་དང་འབྲེལ་བ་ཡོད་པའི་གཏམ་བཤད་ཞུ་རྒྱུ་དེ་སོ་སོའི་ཞབས་འདྲེན་ཞུ་རྒྱུ་དང་། སྔོ་ལོ་འཆར་རྒྱུ་ལྟ་བུ་ཞིག་ལས་གང་ཡང་མེད།

ཁ༽ དུས་འཁོར་དང་འབྲེལ་བའི་རིག་གནས་སློབ་གཉེར།

འོན་ཀྱང་སྤྱིར་བཏང་ཤེས་བྱའི་ངོ་བོའི་ཐོག་ཆུང་དུས་ནས་གོ་བ་དང་ཚོར་བ། ལྷག་པར་དུ་བར་ལམ་ཞིག་ནས་ང་རང་གི་བསམ་བློའི་ཚོར་བའི་ནང་གསང་བདེ་འཇིགས་གསུམ་དང་ཀྱེ་རྡོར་ལ་སོགས་པའི་བླ་མེད་ཀྱི་རྒྱུད་སྡེ་མང་ཆེ་བའི་བཤད་སྒྲུབ་ཀྱི་རྒྱུན་ཡག་པོ་ཡོད་པ་དང་། དུས་འཁོར་གྱི་སྐོར་ཇོ་ནང་པའི་རྗེས་འཇུག་ཙམ་མ་གཏོགས། སྤྱིར་བཏང་བཤད་གྲྭ་དང་སྒྲུབ་གྲྭ་ཆེ་བའི་ནང་ཞིབ་ཚགས་པོས་སློབ་སྦྱོང་གནང་རྒྱུའི་ཕྱག་སྲོལ་མེད་པ། སྤྱིར་དུས་འཁོར་གྱི་བསྐྱེེད་རྫོགས་ཀྱི་རིམ་པ་དང་། ལྷག་པར་དུ་སྦྱོར་དྲུག་གི་རིམ་པ། དེའི་ཡན་ལག་ཏུ་ཕྱི་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཀྱི་ཆགས་སྟངས། ནང་དུས་ཀྱི་འཁོར་ལོའི་རྩ་རླུང་དང་། སྤྱིར་བཅུད་ཀྱི་སེམས་ཅན་གྱི་སྤྱི་ཡོངས་ཀྱི་རྣམ་གཞག དེ་དང་འབྲེལ་བའི་སྨན་དང་། སྐར་རྩིས། འཕྲུལ་འཁོར། སྒྱུ་རྩལ་སོགས་རིག་པའི་གནས་མང་པོ་ཞིག་འདིའི་ནང་འདུས་པ་ཞིག་རེད། དེ་དག་ཡོངས་རྫོགས་ད་ལྟའི་གནས་སྐབས་སུ་སྐར་རྩིས་ཡིན་ན་སྐར་རྩིས་ལོགས་སུ་སློབ་སྦྱོང་བྱེད་པ་ལས་དུས་འཁོར་གྱི་རྒྱུད་དང་འགྲེལ་པ་ཟུར་བཏོན་གྱིས་དེ་དང་སྦྱར་ནས་སློབ་སྦྱོང་བྱེད་མཁན་མེད་པ་ལྟ་བུ་རེད། སྨན་ལ་ཆ་མཚོན་ནའང་དེ་བཞིན་རེད། སྤྱིར་བཏང་བོད་ཀྱི་གསོ་བ་རིག་པའི་རྒྱུད་བཞི་དེ་གཞུང་རང་མཚན་པ་ལས། དུས་འཁོར་ལ་བསྟེན་པ་ལྟ་བུ་ཞིག་རྒྱུད་བཞིའི་ནང་གསལ་གྱི་མེད། དེ་འདྲའི་དབང་གིས་སྨན་གྱི་སློབ་སྦྱོང་དེའང་དུས་འཁོར་དང་འབྲེལ་བ་དེ་ཙམ་མེད་པ་ལྟ་བུ་རེད།

སྤྱིར་སྐར་རྩིས་རིག་པ་དང་། ལྷག་པར་དུ་དབྱངས་འཆར་ལ་སོགས་པ་དེ་དག་ཀྱང་རྩིས་ཀྱི་རིགས་ཟུར་དུ་མ་གཏོགས་དུས་འཁོར་དང་སྦྱར་བ་མེད། དེ་ལས་གཞན་པའི་དུས་འཁོར་ནས་བཤད་པའི་དུས་ཕྱིས་སུ་བྱུང་བའི་རྒྱ་གར་གྱི་ལྟ་གྲུབ་ཁག་དང་། ལྷག་པར་དུ་དེང་རབས་ཀྱི་ཚན་རིག་དང་འབྲེལ་བ་ཡོད་པ། འབྲེལ་བ་ཡོད་པ་ཞེས་བཤད་དུས་བརྗོད་བྱ་གཅིག་པ་ཡིན་པ་ལས། མཚུངས་པ་དང་མི་མཚུངས་པའི་རྣམ་གཞག་གང་ཡང་ཤོད་ཀྱི་མེད། གང་ལྟར་བརྗོད་གཞི་གཅིག་གི་ཐོག་ཏུ་སླེབས་པ་མང་པོ་ཞིག་ཡོད་པ་དེ་དག་ངེས་པར་དུ་ད་ལྟའི་དུས་རབས་འདི་ལ་ང་ཚོར་ཕྱོགས་གཉིས་ཀའི་མཐུན་རྐྱེན་འཛོམས་ཀྱི་ཡོད་སྟབས། དེང་རབས་ཀྱི་ཤེས་ཡོན་དང་། དུས་འཁོར་རང་གི་བཤད་སྒྲུབ་ཀྱི་རྒྱུན་གཉིས་ཀ་ཡོད་པར་བརྟེན། དེ་གཉིས་ཀར་སློབ་སྦྱོང་བྱས་ནས་ཕན་ཚུན་བློ་སྐྱེད་སྤེལ་རེས་བྱེད་རྒྱུ་གང་ཞིག་ཡོད་པ་དང་། ལྷག་པར་དུ་དུས་འཁོར་ནས་གསུངས་པའི་གནས་ཚུལ་རྣམས་ཚན་རིག་གིས་མཚོན་པའི་དེང་རབས་ཀྱི་རིག་གནས་ལ་སྦྱར་ན་དེ་ལ་ཕན་ཚུན་གོ་རྟོགས་སྤེལ་རྒྱུ་དང་། ཕན་ཐོགས་ཡོང་བའི་གནས་ཚུལ་གང་ཞིག་ཡོད་པ། ཡང་སྒོས་དུས་འཁོར་གྱི་རྒྱུད་ནས་བསྟན་པའི་རིག་པའི་གནས་ཡོངས་སུ་རྫོགས་པ་ཡན་ལག་ཆ་ཚང་བ་ཞིག་རྒྱུད་རང་གི་འཆད་ཉན་དང་སྦྱར་ནས་བྱེད་རྒྱུ་བྱུང་ན་དེ་ནི་གསར་གཏོད་མིན་ནའང་། དངོས་གནས་ཉམས་པ་སོར་ཆུད་རླབས་ཆེན་ཞིག་ཡོང་གི་མེད་དམ་སྙམ་པ་ཡང་ཡང་བསམ་བློར་འཁོར་གྱི་འདུག

ཉེ་ཆར་ཝཱ་རཱ་ཎ་སཱིར་ཡོད་སྐབས་སློབ་དཔོན་ཆེན་པོ་རག་རྡོ་རིན་པོ་ཆེས་དགོངས་པ་དེ་འདྲ་ཞིག་ཡོད་ཅེས་གསུངས་སྐབས། ངས་དེ་ནི་ཧ་ཅང་ཡག་པོ་འདུག ངེས་པར་དུ་གནང་དགོས་ཞེས་ཞུ་རྒྱུ་བྱུང་། རྒྱུད་ནས་བཤད་པའི་ཡན་ལག་ཚང་མ་རྒྱུད་རང་གི་འགྲེལ་པ་དང་བསྟུན་ནས་གཟིགས་ན། ད་ལྟ་ང་ཚོས་སྡེ་ཚན་ཟུར་པ་བྱས་ནས་གཟིགས་པ་ལས་ཕྲན་བུ་མི་འདྲ་བ་ཆགས་ཀྱི་མེད་དམ་སྙམ་གྱི་འདུག གཞན་པ་ཕར་བཞག སྒྲ་རྒྱན་དང་སྙན་ངག་གི་སྐོར་ལ་ཡིན་ནའང་། བསྡུས་རྒྱུད་དེ་སྔགས་ཀྱི་རྒྱུད་གཞན་དང་མི་འདྲ་བར་ཚང་མ་མགོ་ནས་མཇུག་བར་སྡེབ་སྦྱོར་གཅིག་པ་ཡིན་པར་བརྟེན། དེ་ལའང་རྩོམ་རིག་གི་རིན་ཐང་ཡོད་པ་ཞིག་དང་། དེའི་ཐོག་ནས་སྙན་ངག་དང་ཚིག་རྒྱན་གྱི་དོན་ལའང་གཅིག་བྱས་ན་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཆགས་སྲིད་པ་རེད་བསམ་གྱི་འདུག

སྤྱིར་བཏང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ནང་དུའང་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེང་རབས་ཀྱི་ཚན་རིག་དང་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་དགོས་པ་དེ་གལ་ཆེན་པོ་ཡིན་པ་གསུངས་པ་དེ་དངོས་དོན་གྱི་སྒྲ་ཇི་བཞིན་ཞུ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེས་ན་དེ་ཚོའི་སྐོར་ལ་བསམ་འཆར་རམ་དྲན་ལམ་དུ་ཡོད་པ་ཁ་ཤས་ཤིག་ཞུ་ན་བསམས་བྱུང་།

དེ་དུས་འཁོར་གྱི་རྣམ་བཤད་ཅིག་ཆགས་ཀྱི་མེད་ཀྱང་། དུས་འཁོར་དང་འབྲེལ་བ་ཡོད་པའི་རྣམ་བཤད་ཅིག་ཆགས་རྒྱུ་རེད། སྔ་མོ་ང་ཝཱ་རཱ་ཎ་སཱིར་ཡོད་པའི་སྐབས་སུ་པཱ་ལི་དགེ་རྒན་གྱི་རྒྱུགས་སྤྲོད་ཅིག་བླངས་པ་རེད། པཱ་ལི་དགེ་རྒན་གྱི་རྒྱུགས་སྤྲོད་ལེན་མཁན་རྒྱ་གར་གྱི་གནས་བརྟན་བགྲེས་སོང་བྷདནྟ་ཨཱནནྡ་ཀཽསལྱཱཡན་ཞུ་མཁན་ཞིག་ཡོད། ཁོང་པཱ་ལིའི་མཁས་པ་ཆེན་པོ་ཞིག་རེད། རྒྱུགས་སྤྲོད་བླངས་ཟིན་རྗེས་ཁོང་གིས། འདིས་པཱ་ལི་སྐོར་ལ་ཧ་ཅང་ཡག་པོ་བཤད་རྒྱུ་འདུག ཡིན་ནའང་པཱ་ལི་ཤེས་ཀྱི་མི་འདུག་ཅེས་གསུངས་པ་རེད། དེ་ལྟ་བུ་བྱས་ནས་དུས་འཁོར་སྐོར་གྱི་གནས་ཚུལ་རེ་ཟུང་བྱ་གཏོང་སྙན་སྒྲོན་གྱི་ཚུལ་དུ་ཞུ་ན་བསམས་བྱུང་། མ་འོངས་པ་ལའང་དེ་ཚོའི་ཐོག་ཏུ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གིས་དབུ་ཁྲིད་འོག་སློབ་སྦྱོང་དང་ཉམས་ཞིབ་ཀྱི་ལས་གཞི་སྤེལ་ཐུབ་ན། སྤྱིར་སྔགས་ཀྱི་བསྟན་པ་དང་། ལྷག་པར་དུ་དཔལ་དུས་ཀྱི་འཁོར་ལོའི་བསྟན་པར་ཕན་རླབས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག

ག༽ བྱང་ཕྱོགས་ཤམྦྷ་ལའི་ཞིང་ཁམས་ཀྱི་རྣམ་གཞག་སྐོར།

དུས་འཁོར་བཤད་པའི་སྐབས་སུ་ཤམ་བྷ་ལ་དེ་མེད་དུ་མི་རུང་བ་ཞིག་རེད། ཁ་སང་འདིར་༸སྐྱབས་མགོན་རིན་པོ་ཆེས་ཤམ་བྷ་ལ་ཡོད་དམ་མེད། ཡོད་ན་གང་དུ་ཡོད་མེད་སྐོར་བཀའ་འདྲི་གནང་སོང་། ཤམ་བྷ་ལ་ཡོད་མེད་ཀྱི་དཔྱད་པ་བྱེད་སྟངས་དེ་ཕྲན་བུ་ཧམ་པ་ཚ་པོ་ལྟ་བུ་ཆགས་ཀྱི་ཡོད་ཀྱང་། དེའི་སྐོར་ལ་ཕྲན་བུ་འགྲེལ་བཤད་ཅིག་མེད་ན་རྨོངས་དད་ལྟ་བུ་ཞིག་ཆགས་ཉེན་ཡོད། སྤྱིར་བཏང་དག་པའི་ཞིང་དང་མ་དག་པའི་ཞིང་གི་དབྱེ་བ་འབྱེད་ཚུལ་མི་འདྲ་བ་གཉིས་གསུམ་ཡོད་པ་གང་ལ་བལྟས་ཀྱང་ཤམ་བྷ་ལ་འདི་རྒྱུད་དང་རྒྱ་གཞུང་ཚང་མའི་དགོངས་ཚུལ་བྱས་ན་མ་དག་པའི་ཞིང་ཞིག་ཡིན་པ་ཕལ་ཆེར་ཡོངས་གྲགས་རེད།

ཤམ་བྷ་ལར་མུ་སྟེགས་པ་ཡང་ཡོད་ཅེས་བརྗོད་ཀྱི་ཡོད་ལ། དུད་འགྲོ་ལ་སོགས་པའང་ཡོད་དགོས་པ་ལྟ་བུ་ཞིག་རེད། མཁའ་སྤྱོད་དང་ས་སྤྱོད་ཀྱི་གནས་གཉིས་བརྩིས་པའི་ནང་ནས་ས་སྤྱོད་ཡིན་པའང་ཡོངས་གྲགས་རེད། ཡིན་ནའང་དཔེར་ན་རི་བོ་པོ་ཏ་ལ་དང་། རི་བོ་རྩེ་ལྔ་སོགས་ལྷག་པའི་ལྷའི་གནས་མང་པོ་མ་དག་པའི་ཞིང་དང་ས་སྤྱོད་ཀྱི་གནས་ཡིན་ནའང་ད་ལྟའི་སའི་གོ་ལ་འདིའི་ཐོག་འཚོལ་སྐབས་དེ་དང་འདི་རེད་ཅེས་མཛུབ་མོ་འཛུགས་ས་ཞིག་རག་གི་ཡོད།  ཡིན་ནའང་དེ་རང་ཡིན་མིན་དཔྱད་པ་བྱ་རྒྱུའི་གཞི་ཞིག་རེད།

དཔེར་ན། ཡོངས་གྲགས་ཀྱི་རི་བོ་རྩེ་ལྔ་ཞེས་པ་ཞིག་མཇལ་རྒྱུ་ཡོད་པ་དང་། དེ་བཞིན་ཡོངས་གྲགས་ཀྱི་པོ་ཏ་ལ་ཞེས་པའང་མཇལ་རྒྱུ་ཡོད། ཡིན་ནའང་ཤམ་བྷ་ལ་འདིར་ཡོད་ཅེས་ས་ཁྲའི་ཐོག་ད་ལྟ་མཛུབ་མོ་འཛུགས་ཁག་པོ་ཆགས་ཡོད། རྒན་རབས་ཚོའི་གསུང་རྒྱུན་ལའང་ས་ཡི་བེ་རི་ཡ་ (Siberia) ནས་ཕར་ཕྱིན་ནས་བྱང་ཕྱོགས་འདས་པའི་སྐབས་སུ་ཤམ་བྷ་ལར་སླེབས་ཀྱི་རེད་ཅེས་པ་ཞིག་ཡོད། དེ་ནི་རྒྱ་གཞུང་ནང་ཞིབ་ཚགས་པོ་ཞིག་ཡོད་མེད་ངས་ཤེས་མ་སོང་། དུས་འཁོར་དང་འབྲེལ་བའི་རྒྱ་གཞུང་གི་དཔེ་ཆ་མང་པོ་ད་ལྟ་རག་གི་ཡོད། དེ་ཡང་འགྲེལ་ཆེན་དྲི་མེད་འོད་དང་བསྡུས་རྒྱུད་གཉིས་ཀ་སཾ་སྐྲི་ཏའི་སྐད་ནང་ཧ་ལམ་ཆ་ཚང་བ་ཡོད། སྔ་མོ་སྐུ་གཤེགས་སློབ་དཔོན་ཆེན་པོ་ཇགནྣཱཐ་ཨུཔཱདྷྱཱཡ་ (Prof. Jagannath Upadhyaya) མཆོག་གིས་ནེཧརཱུ་ཕེ་ལོ་ཤིཔ་ (Nehru Fellowship) ལོ་གཉིས་རིང་དེའི་ཐོག་ཕྱག་ལས་གནང་སྟེ་བོད་ཡིག་དང་གང་འཚམས་བསྡུར་ནས་ཞུ་དག་ཡག་པོ་གནང་ཡོད། དེའི་སྐབས་སུ་འགྲེལ་ཆེན་དྲི་མེད་འོད་ཁྱུག་ཙམ་བལྟ་རྒྱུའི་གོ་སྐབས་བྱུང་། འོན་ཀྱང་སྐབས་དེར་མིང་ཚིག་གི་རྣམ་གཞག་རྐྱང་པའི་ཐོག་མ་གཏོགས་རྩ་བའི་རྒྱུད་དོན་ཐོག་མཇལ་རྒྱུའི་གོ་སྐབས་བྱུང་མེད།

སྤྱིར་བཏང་ཤམ་བྷ་ལ་ཞེས་པའི་ཚིག་གི་གོ་དོན་དེར་བཤད་ཚུལ་མི་འདྲ་བ་གཉིས་ཡོང་གི་འདུག སེར་སྐྱའི་གྲོང་གི་ཤཱཀྱའི་རྒྱལ་རྒྱུད་ཀྱི་ཤམ་བྷ་ཀ་ཞེས་པའི་རྒྱལ་པོ་ཞིག་གིས་ཡུལ་དེ་ལ་དབང་བསྒྱུར་བྱས་པའི་ཆ་ནས་ཤམ་བྷ་ལ་ཞེས་བརྗོད་སྲོལ་ཞིག་ཡོད།  དེར་ཕལ་ཆེར་རྒྱ་གཞུང་གི་ཁུངས་ཤིག་ཀྱང་ཡོད་འདུག ད་ལྟ་ཡོངས་གྲགས་ཀྱི་ཤམ་བྷ་ལ་ཞེས་པའི་ཚིག་དེ་དོན་བསྒྱུར་བྱས་ན། ཤམ་བྷ་ཞེས་པ་བདེ་འབྱུང་དང་། ལ་ཞེས་པ་གནས།  དེ་གཉིས་འདུས་ན་བདེ་འབྱུང་གནས་ཞེས་གྲུབ་པ་དང་། བདེ་འབྱུང་ཞེས་པ་ཡོངས་གྲགས་དབང་ཕྱུག་ལ་གོ་བ་རེད། དཔེར་ན་འཁོར་ལོ་བདེ་མཆོག་ལྟ་བུ་ཡིན་ན། ཡུལ་ཉི་ཤུ་རྩ་བཞི་དང་གནས་སུམ་ཅུ་སོ་གཉིས་ལ་སོགས་པ་ཚང་མ་དབང་ཕྱུག་གི་རྒྱུད་ནས་བཤད་པའི་ཡུལ་དང་གནས་དེ་དག་དང་གཅིག་པ་འགྲོ་གི་ཡོད།

པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་ཤམ་བྷ་ལའི་རྣམ་བཤད་འཕགས་ཡུལ་གྱི་རྟོགས་བརྗོད་དང་བཅས་པ་ངོ་མཚར་བྱེ་བའི་འབྱུང་གནས་ཞེས་པ་ཞིག་ཡོད། དེར་ཁ་ཤས་ཀྱིས་ཤམ་བྷ་ལའི་ལམ་ཡིག་ཅེས་ཀྱང་འབོད་སྲོལ་འདུག དེའི་ནང་གསལ་བ་ལྟར་ན་སའི་གོ་ལའི་ཁྱོན་འདི་རྒྱ་གར་དང་། བོད། ལི་ཡུལ། རྒྱ་ནག རྒྱ་ནག་ཆེན་པོ། ཀེ་ལ་ཤ་བཅས་སའི་སྡེ་ཚན་དྲུག་ལ་བགོ་བཤའ་བརྒྱབས་པའི་དྲུག་པ་དེ་ཀེ་ལ་ཤ་རེད། ཀེ་ལ་ཤ་ཞེས་པ་དེ་ལེགས་སྦྱར་གྱི་སྐད་རེད། དེ་ནི་སྟོད་གངས་རིན་པོ་ཆེ་རེད། ཡིན་ནའང་པཎ་ཆེན་གྱི་གསུང་ནང་དེ་ཕལ་ཆེར་སའི་ཁྱོན་གྱི་ཆ་ཤས་ཤིག་རེད། ཕལ་ཆེར་འཛམ་བུ་གླིང་རང་ལ་དབྱེ་བ་ཕྱེ་བ་མིན་འགྲོ  དུས་འཁོར་ནས་བཤད་པ་བཞིན་བྱས་ན་སའི་ཁྱོན་ཡོངས་སུ་རྫོགས་པ་དེའི་ནང་གླིང་བཞི་རི་རབ་དང་བཅས་པ་ཚང་མ་ཡོད་དགོོས། དེའི་ནང་ནས་འཛམ་བུ་གླིང་གི་ས་ཁྱོན་དེ་ལ་དུམ་བུ་དྲུག་ཏུ་བགོས་པའི་དུམ་བུ་དེ་དག་གི་མིང་ལ་རྒྱ་གར་དང་། བོད། ལི་ཡུལ་ཞེས་འབོད།  རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ།།[1] ཞེས་པའི་ལི་ཡུལ་གང་དུ་ཡིན་མིན་སྔོན་གྱི་མཁས་པ་ཚོའི་བཞེད་པ་མི་འདྲ་བ་སྣ་ཚོགས་ཡོད་འདུག དགེ་འདུན་ཆོས་འཕེལ་གྱིས་[2]ཕལ་ཆེར་ལི་ཡུལ་འདི་ད་ལྟའི་ཤིན་ཅང་དང་ཏུར་ཀི་སྠཱན་མཉམ་དུ་བྱས་པ་དེར་ངོས་འཛིན་བྱས་ཡོད། རྒྱ་ནག་ལ་རྒྱ་ནག་དང་རྒྱ་ནག་ཆེན་པོ་ཞེས་གཉིས་སུ་ཕྱེ་ཡོད། རྒྱ་ནག་དེ་མི་རིགས་གྲངས་མང་འདུས་པའི་རྒྱལ་ཁབ་ཅིག་རྗེས་སུ་ཆགས་པ་རེད། སྔོན་མའི་གནས་སྐབས་བྱས་ན་ཧཱན་རང་གི་རྒྱ་ནག་ཟེར་བ་ཞིག་དང་། མི་རིགས་ལྔ་བཅུ་ང་དྲུག་ཆ་ཚང་འདུས་པ་དེར་རྒྱ་ནག་ཆེན་པོ་དེ་ལྟ་བུ་ཞིག་གསུང་གི་མེད་དམ།

ཀེ་ལ་ཤ་ཞེས་པ་དེ་ལའང་དུམ་བུ་གཉིས་སུ་བགོས་ནས་ཀེ་ལ་ཤ་ཡི་བྱང་ངོས་དེའི་རྒྱབ་རི་རབ་ལ་བརྟེན་པ་དང་། མདུན་ངོས་ཆུ་བོ་སི་ཏ་ལ་བརྟེན་པ། དེ་གཉིས་དབར་ལ་ཤམ་བྷ་ལ་ཡོད་ཅེས་གསུང་གི་ཡོད། རི་རབ་ཀུན་གྱི་བྱང་ན་གནས།། ཟེར་བ་ལྟར་གླིང་བཞི་གའི་བྱང་ཕྱོགས་ལ་ཡོད་པ་ཡོངས་གྲགས་རེད། ང་རང་ཚོའི་གླིང་བཞིའི་གནས་སྟངས་ལྟར་བཤད་ན་འཛམ་བུའི་གླིང་གི་བྱང་ཕྱོགས་ལ་དེད་ནས་ཕྱིན་ན་རི་རབ་ལ་ཐུག་འགྲོ་བ་རེད། ཆུ་བོ་སི་ཏ་ཞེས་པ་དེ་ཡག་པོ་ཞིག་ངོས་ཟིན་ཐུབ་མེད། མ་གཞི་དེའི་ཐོག་ལ་དོགས་དཔྱོད་བྱེད་མཁན་ཡང་བྱུང་ཡོད་བཟོ་མི་འདུག

སྟོད་གངས་རི་ནས་བྱུང་བའི་ཆུ་བོ་བཞིའམ་ཁ་འབབ་བཞིའི་རྣམ་གཞག་བཤད་སྐབས་ཆུ་བོ་སི་ཏ་དེ་སེང་གེ་ཁ་འབབ་ཡིན་པ་ལྟ་བུ་བཤད་ཡོད།  ཕལ་ཆེར་དུང་དཀར་རིན་པོ་ཆེས་[3]དེ་ལྟ་བུ་ཞིག་གསུངས་འདུག སེངྒེ་ཁ་འབབ་ཡིན་ན་སིན་དྷུ་དང་གཅིག་པ་རེད། ཡང་སིན་དྷུ་དང་སི་ཏ་གཉིས་ཐ་དད་བཤད་མཁན་ཞིག་ཀྱང་ཡོད། སིན་དྷུ་ཡིན་ན་བོད་ནས་འབབ་ནས་ཆ་ཤས་ཤིག་ལ་དྭགས་སོགས་སུ་འགྲོ་བ་དང་།  དེ་ནས་པ་ཀི་སི་ཐན་བརྒྱུད་རྒྱ་མཚོ་ལ་འགྲོ་གི་ཡོད། སེངྒེ་ཁ་འབབ་རང་ལ་ཆ་བཞག་ན་སི་ཏ་འདི་ད་ལྟའི་སིན་དྷུ་དང་གཅིག་པ་ཡིན་དགོས། ཡིན་ནའང་ཆུ་བོ་གྲངས་འདྲེན་བྱེད་སྐབས་སི་ཏ་དང་སིན་དྷུ་སོ་སོར་བརྩི་མཁན་མང་པོ་འདུག གང་ལྟར་ང་ལ་ངེས་པ་རྙེད་པ་ཞིག་ཞུ་རྒྱུ་གང་ཡང་མེད། གང་ལྟར་དེའི་དབར་ལ་ཤམ་བྷ་ལ་ཡོད་ཅེས་གསུང་གི་ཡོད། དེ་དག་གཞིར་བཞག་བྱས་ན་ས་སྤྱོད་ཡིན་པ་མ་ཟད། གླིང་བཞིའི་ནང་གི་འཛམ་བུ་གླིང་གི་སའི་ཆ་ཤས་ཤིག་ཡིན་དགོས་པ་ལྟ་བུ་ཡོད། ཡིན་ནའང་ང་ཆུང་དུས་རྒན་རིན་པོ་ཆེའི་སྐུ་མདུན་ནས་གོ་བ་ཞིག་ལ། རྒྱ་གཞུང་ཞིག་གི་ནང་རིགས་ལྡན་དྲག་པོས་ཀླ་ཀློ་བཏུལ་བའི་སྐབས་སུ་ཤམ་བྷ་ལ་ནས་འཛམ་བུ་གླིང་དུ་དམག་དྲངས་ཏེ། ཞེས་ཡོད་པར་བརྟེན་ཤམ་བྷ་ལ་འདི་འཛམ་བུ་གླིང་གི་ཕྱི་ལ་ཡིན་དགོས་པ་ལྟ་བུ་ཡོད། ཤམ་བྷ་ལ་ནས་འཛམ་བུ་གླིང་དུ་དམག་དྲངས་ཏེ། ཞེས་པ་འདི་ཕལ་ཆེར་རྒྱུད་དང་འགྲེལ་པ་ཚང་མའི་ནང་དུ་ཡོད་འདུག

འཛམ་བུ་གླིང་གི་ཆ་ཤས་ཡིན་པའི་དབང་དུ་བཏང་ནའང་ད་ལྟའི་གནས་སྐབས་སུ་འདིར་ཡོད་ཅེས་རི་བོ་རྩེ་ལྔ་ལྟ་བུ་མིག་ལ་སྟོན་རྒྱུ་མེད། དེ་གཏན་ནས་མེད་ཅེས་བརྗོད་ན་ནི་འདི་ཡང་ཁྱད་མཚར་ཞིག་རེད། ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་རྩ་ལྔ་ཡོངས་རྫོགས་ཀྱིས་དབང་བསྒྱུར་བྱེད་སའི་ས་ཆ་དེ་ཤམ་བྷ་ལ་ཡིན་ཞེས་བརྗོད་ཀྱི་ཡོད། རྒྱ་གར་གྱི་མཁས་པ་ཁ་ཤས་ཀྱིས་རྒྱུད་གསུངས་པའི་ཡུལ་དེའང་ཤམ་བྷ་ལ་ཡིན་པ་དང་། རྒྱུད་གསུངས་པའི་དུས་དེའང་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་ཡིན་པ། སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་ཤམ་བྷ་ལར་སྐུའི་སྤྲུལ་པ་གཅིག་བསྟན་ནས་དུས་འཁོར་རྩ་རྒྱུད་གསུངས་པ་ཡིན་ཞེས་བཤད་ཀྱི་ཡོད། འདི་ལ་རྒྱ་བོད་ཀྱི་མཁས་པ་གཞན་ཚང་མས་བཀག་པ་རེད།

རྒྱུད་འདི་ཉིད་དཔལ་ལྡན་འབྲས་སྤུངས་ལ་གསུངས་པ་དང་། སྟོན་པ་ཡི་དམ་ལྷའི་ངོ་བོར་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་བཞེངས་ནས་གསུངས་པ་མ་གཏོགས།  མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་དགེ་སློང་རྣམ་ཅན་གྱིས་རྒྱུད་གསུངས་པ་ཧ་ཅང་ཉུང་ཉུང་རེད། རྒྱུད་སྡེ་འོག་མའི་རྒྱུད་ཁ་ཤས་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་ཐོག་ནས་གསུངས་པ་ཡོད་འདུག ཡིན་ནའང་མང་ཆེ་བ་ཡི་དམ་ལྷའི་ངོ་བོར་བཞེངས་ནས་གསུངས་པ་ཤ་སྟག་རེད། དེར་བརྟེན་དེ་གསུང་ས་དཔལ་ལྡན་འབྲས་སྤུངས་ཡིན་པ་ཡོངས་གྲགས་རེད།

དཔལ་ལྡན་འབྲས་སྤུངས་སུ་རྒྱུད་གསུངས་པའི་དུས་ནི་སྟོན་པ་སངས་རྒྱས་པའི་ཕྱི་ལོ་དེ་ལ་འདོད་པ་དང་། སྟོན་པ་མྱ་ངན་ལས་འདས་པའི་ལོ་དེ་ལ་འདོད་པ་བཅས་མི་འདྲ་བ་གཉིས་ཡོང་གི་འདུག སྟོན་པ་མྱ་ངན་ལས་འདས་པའི་ལོ་དེ་ལ་གསུངས་པ་དེ་གཙོ་ཆེ་བ་ཡོངས་གྲགས་ལྟ་བུ་རེད། ད་ལྟ་ང་ཚོའི་སྐར་རྩིས་རིག་པ་སྨྲ་བ་ཚོས་ལེའུ་ཐོའི་ནང་དུ་སྟོན་པ་མྱ་ངན་འདས་པའི་ལོ་དེ་ལ་གསུངས་པ་བཞེད་ཀྱི་འདུག ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་མཆོག་གིས་མཚོན་པའི་བོད་ཀྱི་མཁས་པ་མང་པོ་ཞིག་གིས་སྟོན་པ་སངས་རྒྱས་པའི་ལོ་རྗེས་མ་དེ་ལ་གསུངས་པ་ཡིན་ཞེས་བཞེད། དེ་བཞིན་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་གྱི་མདོ་གསུངས་ནས་ཆོས་ཀྱི་འཁོར་ལོ་བར་པ་བསྐོར་བ་དང་། དཔལ་ལྡན་འབྲས་སྤུངས་སུའང་དུས་ཀྱི་འཁོར་ལོས་མཚོན་པའི་སྔགས་ཀྱི་རྒྱུད་ཡོངས་སུ་རྫོགས་པ་གསུངས་པ་ཡིན་ཞེས་གསུང་མཁན་ཡོད་འདུག དེ་ལྟར་ན་དེའི་ཁུངས་གང་ལ་གཏུགས་ཀྱི་ཡོད་ཅེ་ན། རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ།། ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།། ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ།། དེ་བཞིན་གསང་སྔགས་ཚུལ་རབ་གསུངས།།[4] ཞེས་པའི་ཤླཽ་ཀ་གཅིག་ཡོད། གདན་སའི་ཡིག་ཆ་ཁག་གི་ནང་ལུང་དེ་དྲངས་ཏེ་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་གྱི་མདོ་གསུངས་པ་དང་། དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་གྱི་རྒྱུད་གསུངས་པ་དུས་མཉམ་ཡིན་ཞེས་གསུངས་པ་མིན་ནམ།

ཡང་ཁ་ཤས་ཀྱིས་ཤེར་ཕྱིན་གྱི་མདོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གསུངས་པ་རེད་ཅེས་ས་ག་ཟླ་བའི་ཚེས་བཅོ་ལྔར་དུས་ཆེན་བཞི་བརྩེགས་འདོད་མཁན་ཡང་ཡོད། དེ་རྒྱ་གཞུང་ནང་ཡོད་མེད་ངས་ཤེས་ཀྱི་མེད། འོན་ཀྱང་བོད་ཀྱི་མཁས་པའི་ནང་དེ་འདྲ་ཡོང་གི་འདུག གལ་སྲིད་སྟོན་པ་སངས་རྒྱས་པའི་ལོ་རྗེས་མ་ནག་པའི་ཟླ་བ་ལ་གསུངས་ན། དེ་གསུངས་རྗེས་ཀྱི་ལོ་དྲུག་བརྒྱ་འདས་པ་ན་རིགས་ལྡན་འཇམ་དཔལ་གྲགས་པ་འབྱུང་བར་གསུངས་པ་དེའང་ཕྲན་བུ་ཡར་མར་འཁྲུག་འགྲོ་གི་རེད། དེར་བརྟེན་ད་ལྟ་སྐར་རྩིས་རིག་པའི་ལུགས་ལྟར་སྟོན་པ་མྱ་ངན་ལས་པའི་ནག་པའི་ཟླ་བ་ལ་དུས་འཁོར་རྩ་རྒྱུད་གསུངས་ནས་དེའི་ཟླ་བ་རྗེས་མ་ས་ག་ཟླ་བ་ལ་སྟོན་པ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་རེད་ཅེས་བརྗོད་པ་འདི་སྟབས་བདེ་བ་མེད་དམ།

ལྷག་པར་དུ་སྟོན་པ་སངས་རྒྱས་པའི་ཕྱི་ལོར་གསུངས་པ་རེད་ཅེས་བརྗོད་ན། དུས་འཁོར་རྩ་རྒྱུད་གསུངས་པ་དང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཡུམ་གྱི་མདོ་གསུངས་པ་དུས་མཉམ་རེད་ཟེར་བ་དེ་རང་བཞིན་གྱིས་འགག་འགྲོ་བ་རེད། བྱ་རྒོད་ཕུང་པོའི་རི་ལ་ཡུམ་གྱི་མདོ་གསུངས་པའི་དུས་ང་ཚོས་ཞིབ་ཚགས་ད་ལྟ་གང་ཡང་ཤེས་ཀྱི་མེད་རུང་། ཚོད་དཔག་བྱས་ན་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བདུན་གྱི་སྔོན་ལ་མིན་པ་དང་། དེ་བཞིན་ལོ་བཅུ་དྲུག་གི་རྗེས་ལའང་མིན་པ་ལྟ་བུ་དགོས་ཀྱི་ཡོད། གང་ལགས་ཤེ་ན། ཤེར་ཕྱིན་གྱི་མདོ་གསུངས་པའི་སྐབས་སུ་ཀུན་དགའ་བོ་ཡོད་པ་རེད། ཕལ་ཆེར་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་ནས་ལོ་ལྔ་དང་ཕྱེད་ཀའམ་ལོ་དྲུག་ཙམ་བར་དུ་ཀུན་དགའ་བོ་འཁོར་དུ་འདུས་མེད། ལོ་བཅུ་གསུམ་བཅུ་བཞི་ལས་ལྷག་མ་མ་བརྒལ་བ་དགོས་ཞེས་པ་དེའང་འཁོར་ལོ་མཐའ་མའི་མདོ་ཁ་ཤས་ནང་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་ནས་ལོ་བཅུ་གསུམ་པའམ་བཅུ་བཞི་པ་ལ་གསུངས་པ་ཡིན་ཞེས་ཡོད།

དེར་བརྟེན་འཁོར་ལོ་བར་པ་བསྐོར་བའི་དུས་དེའང་གཏན་འཁེལ་ཁག་པོ་ཞིག་ཡོད། གང་ལྟར་མ་འོངས་པར་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་གྱིས་ཀླ་ཀློ་བཏུལ་བའི་མཛད་པ་དེའང་ཤམ་བྷ་ལ་ནས་བསྟན་དགོས་པ་དང་། ལྷག་པར་དུ་དུས་འཁོར་གྱི་བསྟན་པ་དེ་དཔལ་ལྡན་འབྲས་སྤུངས་ལ་གསུངས་ནའང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཆིག་སྟོང་ཡས་མས་ཀྱི་བར་དུ་རྒྱ་གར་ལ་མ་དར་བ་ལྟ་བུ་ཞིག་ཡོད། ལོ་ཆིག་སྟོང་ཡས་མས་ཟེར་བ་དེའང་ཚོད་དཔག་ཙམ་ལས། ཞིབ་ཚགས་པོས་ལོ་དེ་འདྲ་ཞིག་ལ་རྒྱ་གར་ལ་དར་འདུག ལོ་དེ་འདྲ་ཞིག་ལ་རྒྱ་གར་ལ་དར་མི་འདུག་ཅེས་བྱུང་རབས་ཀྱི་དན་རྟགས་དང་སྦྱར་ནས་བཤད་རྒྱུ་ཁག་པོ་རེད།

དེས་ན་ཤམ་བྷ་ལའི་ཡུལ་འདི་འདོད་པའི་ཁམས་ཡིན་པ་སྨོས་མེད་དང་། ས་སྤྱོད་ཀྱི་གནས་དང་མ་དག་པའི་ཞིང་ཡིན་པ། དེར་ང་རང་ཚོས་ཕྱིན་ན་སླེབས་རྒྱུ་ཡོད་པ། སའི་གོ་ལ་འདིར་འཛམ་བུ་གླིང་ཞེས་མ་བཤད་ཀྱང་། ད་ལྟའི་བཤད་སྟངས་བཞིན་ས་ཡི་གོ་ལ་འདིའི་ཆ་ཤས་ཤིག་ལ་ཡོད་དགོས་པ་ལྟ་བུ་ཞིག་རེད། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་གསུངས་པ་ལྟར་ན། སྟོན་པས་དུས་འཁོར་རྩ་རྒྱུད་གསུངས་པའི་སྐབས་སུ་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ཆོས་རྒྱལ་ཟླ་བ་བཟང་པོ་ཡིན་པ་དང་། ཆོས་རྒྱལ་ཟླ་བ་བཟང་པོ་ཤམ་བྷ་ལ་ནས་འཕགས་པའི་ཡུལ་གྱི་དཔལ་ལྡན་འབྲས་སྤུངས་སུ་ཕེབས་ཏེ་སངས་རྒྱས་ཀྱི་སྐུ་མདུན་ནས་རྒྱུད་རྣམས་ཞུས་རྗེས་ལམ་སེང་ཤམ་བྷ་ལར་ཕེབས་ཏེ་རྩ་རྒྱུད་ཡིག་ཐོག་ཏུ་བཀོད་པ་དང་གླེགས་བམ་ལ་བྲིས་པ་རེད། སྟོན་པ་ཞལ་བཞུགས་པའི་སྐབས་སུ་གླེགས་བམ་ལ་བྲིས་པ་ཉུང་ཉུང་རེད། ཡིན་ནའང་ཆོས་རྒྱལ་ཟླ་བ་བཟང་པོས་ཤམ་བྷ་ལར་ཕེབས་མ་ཐག་ཏུ་རྩ་རྒྱུད་གླེགས་བམ་ལ་བྲིས་པ་དང་། རྒྱུད་འགྲེལ་སྟོང་ཕྲག་བཅུ་གཉིས་པ་མཛད་པ་བཅས་རྒྱ་གཞུང་ནང་གསལ་གྱི་ཡོད།

ཆོས་རྒྱལ་བདུན་གྱི་སྐུ་རིང་ལ་ལོ་དྲུག་བརྒྱའི་རིང་རྩ་རྒྱུད་དང་རྒྱུད་འགྲེལ་སྟོང་ཕྲག་བཅུ་གཉིས་པའི་གླེགས་བམ་བཞུགས་ས་དང་། དེའི་བསྟན་པ་དར་ས་གཙོ་ཆེ་བ་ཤམ་བྷ་ལ་ཡིན་པ་དང་། ད་ལྟའང་ཤམ་བྷ་ལར་སངས་རྒྱས་ཀྱི་བསྟན་པ་དུས་འཁོར་ཙམ་མིན་པར་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་དར་བ། རྗེ་བདག་ཉིད་ཆེན་པོས་སྲོལ་བཏོད་པའི་རི་བོ་དགེ་ལྡན་པའི་བསྟན་པ་འདིའང་ཤམ་བྷ་ལར་དར་ཁྱབ་ཆེན་པོ་ཡོད་པ་པཎ་ཆེན་གྱིས་ཞལ་བཞེས་གནང་ཡོད། ཤམ་བྷ་ལའི་དཔའ་བོ་དང་མཁའ་འགྲོ་མ་དེ་དག་གིས་རྗེ་རིན་པོ་ཆེའི་གསུང་དེ་དག་ཤམ་བྷ་ལར་གདན་དྲངས་ནས་ད་ལྟའི་གནས་སྐབས་སུ་ཤམ་བྷ་ལའི་སྐྱེ་འགྲོ་རྣམས་ཀྱིས་བེད་སྤྱོད་དང་སློབ་སྦྱོང་བྱེད་རྒྱུ་ཡོད་པ་ཞིག་བསམ་བློ་གཏོང་གི་ཡོད།

ང་ཕྲུ་གུ་ཆུང་ཆུང་སྐབས་སུ་རེད། ངའི་རྒན་རིན་པོ་ཆེ་དམ་པ་དེས་ཤམ་བྷ་ལར་ལམ་ཡིག་ཡོད་པ་དེ་དང་བསྟུན་ནས་འགྲོ་མཁན་རྣམས་ས་ཆ་གང་འཚམས་བར་སླེབས་པ་དང་། དེ་ནས་ཡར་འགྲོ་མ་ཐུབ་པ་རེད་ཅེས་གསུངས་ཀྱི་ཡོད། དེའི་ཐོག་ཉམས་ཞིབ་བྱས་ནས་འགྲོ་མཁན་ལྟ་བུ་ཞིག་ཡིན་ན། སྔགས་ཀྱི་ཉམས་ལེན་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུའི་ཆེད་དུ་འགྲོ་བ་ལས། རང་དགར་འཇིག་རྟེན་གྱི་ས་ཁྲའི་ཉམས་ཞིབ་བྱེད་མཁན་ལྟར་སོང་ན་སླེབས་རྒྱུ་གང་ཡང་མེད་ལ་དགོས་པའང་མེད། ང་རང་ཚོས་མ་ཤེས་པའི་སྦས་པའི་རྟུལ་ཞུགས་འཛིན་པ་དེ་རིགས་ཕེབས་མཁན་བྱུང་ཡོད་ཀྱི་རེད། ལམ་ཡིག་བརྩམས་པ་ལ་བརྟེན་ནས་འགྲོ་མཁན་མ་བྱུང་ན། ལམ་ཡིག་གི་དགོས་པ་མེད་པ་ལྟ་བུ་རེད།

ཕྱོགས་གཞན་ནས་བསམ་བློ་གཏོང་སྐབས་ཤམ་བྷ་ལའི་ཞིང་དེ་ད་ལྟ་ང་ཚོའི་ཕྱག་དཔེའི་ནང་ཡོད་པ་བཞིན་ཡོད་ན། རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་དགོས། དེ་ལ་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་གོ་དྲུག་ཡོད་པ་གསུངས་ཤིང་། རི་པདྨ་འདབ་བརྒྱད་ལྟ་བུའི་དབུས་སུ་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་གོ་དྲུག་དང་། བྱེ་བ་ཕྲག་དགུ་བཅུ་གོ་དྲུག་ལའང་རྒྱལ་ཕྲན་དགུ་བཅུ་གོ་དྲུག་སོགས་ཧ་ཅང་གྲ་རྒྱས་པོ་ཡོད་པ་གསུངས་ཡོད། དེར་བརྟེན་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་གོོ་དྲུག་གཤོང་བ་ནི་སའི་གོ་ལའི་ཧ་ལམ་ཕྱེད་ཀ་ལྷག་ཙམ་རེད།

དུས་འཁོར་དང་མངོན་པ་གཉིས་ཀ་ནས་བཤད་པའི་འཛམ་གླིང་གི་ས་ཡི་ཚད་གཞི་དེ་དང་བསྟུན་ནའང་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་གོ་དྲུག་དང་། དེའི་དཀྱིལ་ལ་ཡང་བསྐྱར་ཀ་པ་ལའི་གྲོང་ཁྱེར་དེ་དག་ཚང་མ་ཚུད་ཚེ། ས་ཆའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཞིག་དགོས་པ་ཆགས་ཀྱི་ཡོད། ཡིན་ནའང་དེ་དག་ཚང་མ་ང་རང་ཚོ་འཇིག་རྟེན་ཐུན་མོང་བའི་ལས་སྣང་གི་སྤྱོད་ཚུལ་དང་མཐུན་པར་ཡོད་དགོས་པ་ཞིག་མིན། རྡུལ་གཅིག་སྟེང་ན་རྡུལ་སྙེད་འཇིག་རྟེན་་་་་་་ །། ཞེས་གསུངས་པ་ལྟར་རེད། དག་པ་རབ་འབྱམས་ཀྱི་དབང་དུ་བྱས་ནས་བཤད་ན་རྡུལ་གཅིག་གི་ས་ཁྱོན་ལའང་འཇིག་རྟེན་གྱི་ཁམས་ཡོངས་སུ་རྫོགས་པ་གནས་ཐུབ་པའི་གནས་སྟངས་ཡོད། ཡིན་ནའང་ཐུན་མོང་བའི་སྣང་ཚུལ་ལྟར་ན། ཤམ་བྷ་ལ་ཞེས་པ་གང་འདྲ་ཞིག་ཡིན་མིན་ཏག་ཏག་ང་ཚོས་རྙེད་ཐུབ་པ་ཞིག་དང་། ཕྱོགས་འདི་འདྲ་ཞིག་ལ་ཡོད་ཅེས་བཤད་ཁག་པོ་རེད། དཔེར་ན་ཀླ་ཀློ་བཅོམ་པའི་དུས་འདིའང་ཧ་ཅང་རིང་པོ་གང་ཡང་མིན། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ཤམ་བྷ་ལའི་སྨོན་ལམ་བརྩམས་པའི་སྐབས་ལའང་། ལོ་ནི་བདུན་བརྒྱ་ཙམ་ཞིག་རྫོགས་པ་ན།། རིགས་ལྡན་དྲག་པོར་གྱུར་ནས་ཀླ་ཀློའི་དཔུང་།།[5] ཞེས་གསུངས་འདུག པཎ་ཆེན་དཔལ་ལྡན་ཡེ་ཤེས་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་ཉིས་བརྒྱ་ལྷག་ཙམ་ཕྱིན་ཟིན། ད་ལྟ་ལེའུ་ཐོ་འདོན་མཁན་གྱི་སྐར་རྩིས་པ་དེ་དག་གིས་བཤད་པ་ལྟར་བྱས་ཚེ། འདི་ལོ་ནས་བརྩི་ན་ལོ་བཞི་བརྒྱ་ལྔ་ལས་མེད། ལོ་བཞི་བརྒྱ་ལྔ་པའམ་དྲུག་པ་གང་རུང་ངམ། གཅིག་བྱས་ན་ལྔ་དེ་ཡར་བྱས་ནས་ལོ་བཞི་བརྒྱ་ལྔ་འདས་པའི་ལོ་བཞི་བརྒྱ་དྲུག་པ་དེར་ཕལ་ཆེར་ཀླ་ཀློ་བཅོམ་པའི་དུས་དེ་ཡིན་འདུག ལོ་བཞི་བརྒྱ་ཞེས་བརྗོད་སྐབས་གཅིག་བྱས་ན་རིང་པོ་དང་གཅིག་བྱས་ན་ཐུང་ཐུང་རེད། མི་རབས་བདུན་བརྒྱད་ཙམ་གྱི་སྐད་ཆ་རེད། ང་རང་ཚོ་སྐྱབས་བཅོལ་ལ་འབྱོར་ནས་ལོ་དྲུག་ཅུ་ཕྱིན་ཟིན་པ་རེད།

སྤྱིར་བཏང་གང་ཟག་སྒོས་ཚན་པའི་དབང་དུ་བྱས་ནས་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ཞིག་ཡིན་ནའང་། གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་དེ་དག་ཐུན་མོང་གདུལ་བྱའི་སྣང་ངོ་ལའང་མཐུན་སྣང་དུ་འགྲུབ་རྒྱུའི་གཞི་རྟེན་ཞིག་དགོས་ཀྱི་མེད་དམ་བསམ་གྱི་འདུག དཔེར་ན་རི་བོ་རྩེ་ལྔ་དང་རི་བོ་པོ་ཏ་ལ་ལ་སོགས་པ་བཞིན་རེད། དེ་ལས་གཞན་པའི་བདེ་མཆོག་གི་རྒྱུད་གསུངས་པའི་གནས་དང་། ཡུལ་ཉི་ཤུ་རྩ་བཞི་དང་གནས་སུམ་ཅུ་སོ་གཉིས་སོགས་ཀྱང་ད་ལྟ་དངོས་སུ་ས་ཁྲའི་ཐོག་ནས་ཐུན་མོང་སྣང་ཚུལ་ལའང་ངོས་འཛིན་བྱེད་རྒྱུ་ཡོད་པ་ཞིག་རེད། གལ་སྲིད་མེད་ན་དེའི་དགོངས་པ་གང་འདྲ་ཞིག་ལ་འགྲེལ་དགོས་སམ། གལ་སྲིད་ཡོད་ན་དེའི་ཡོད་ལུགས་ཡོད་སྟངས་ཇི་ལྟར་ཡིན་པ་ང་ཚོས་ཤེས་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག

ལྷག་པར་དུ་ཀླ་ཀློ་བཅོམ་རྗེས་ད་དུང་སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱའི་འཕྲོས་རྣམས་རྫོགས་ལྡན་གཉིས་པ་ལྟར་ཧ་ཅང་དར་ཞིང་རྒྱས་པའི་གནས་ཚུལ་གསུངས་ཡོད། དེ་ལྟར་ཡིན་ན་ང་ཚོས་རེ་བ་ཆེན་པོ་ཞིག་གི་ཐོག་ནས་ངང་སྒུག་བྱེད་དགོས་པ་རེད། ཡང་སྒོས་ང་ཚོའི་བོད་གངས་ཅན་པའི་ཐུན་མོང་མ་ཡིན་པའི་ཆོས་དང་ཟང་ཟིང་གང་གི་ཆ་ནས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡབ་སྲས་གཉིས་ལྟ་བུར་མཚོན་ན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་གྱི་སྐུའི་སྐྱེ་བར་བཞེས་རྒྱུ་དང་། ཀླ་ཀློ་བཅོམ་པའི་སྐབས་སུ་༸རྒྱལ་བ་རིན་པོ་ཆེའི་སྐུ་རྒྱུད་འདིས་ཧ་ནུ་མནྡའི་སྐུའི་སྐྱེ་བ་བཞེས་རྒྱུ། ཧ་ནུ་མནྡ་ནི་དམག་དཔོན་ཆེ་ཤོས་ལྟ་བུ་དེ་རེད། ཧ་ནུ་མནྡ་ཞེས་པའི་མིང་དེ་ཡང་རིག་བྱེད་ཀྱི་གཏམ་རྒྱུད་ནས་ཡོང་བ་ཞིག་རེད། དེ་བཞིན་༧སྐྱབས་རྗེ་གླིང་རིན་པོ་ཆེ་རིགས་ལྡན་གྱིས་ཀླ་ཀློ་བཅོམ་པའི་སྐབས་སུ་དམག་རུ་ལྔ་པའི་རུ་དཔོན་སེང་གེ་འབར་བ་ཞེས་པའི་སྐུའི་སྐྱེ་བ་བཞེས་པ་ལ་སོགས་པ་དེ་འདྲའི་འབྲེལ་བ་མང་པོ་ཞིག་ཡོད།

དེས་ན་ད་ལྟ་ང་ཚོས་ཤམ་བྷ་ལའི་སྨོན་ལམ་འདོན་སྐབས་རིགས་ལྡན་དྲག་པོས་ཀླ་ཀློ་བཅོམ་ནས་རྫོགས་ལྡན་ཞིང་དུ་བསྟན་པ་བསྐྱར་དུ་དར་རྒྱས་གནང་བའི་སྐབས་སུའང་འཁོར་གྱི་ཐོག་མར་སྐྱེ་བའི་སྨོན་ལམ་རྒྱག་གི་ཡོད། དེར་བརྟེན་དེ་ཚོའི་རིགས་ལ་ཉམས་ཞིབ་བྱེད་རྒྱུ་མེད་པར་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་རེད་ཅེས་བརྗོད་ནས་གཞག་རྒྱུ་ཞིག་རེད་དམ། ཡང་ན་དེ་ལྟར་མིན་པར་ཡོད་ཤག་གིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་བརྩམས་པའི་རྣམ་བཤད་དེ་སྒྲ་ཇི་བཞིན་པ་ཁས་ལེན་བྱས་ནས་ཕྱིན་ན་ད་ལྟའི་དེང་རབས་ཀྱི་རིག་གནས་དང་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་པ་ཆགས་དང་མ་ཆགས་སོགས་ཀྱི་དྲི་བ་མང་པོ་ཞིག་སླེབས་ཡོང་གི་རེད། དེ་ཚོའི་སྐོར་ལ་ཏན་ཏན་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་འདུག

ང༽ བེམ་ཆོས་ཀྱི་རྣམ་གཞག་དང་། ལུས་ཀྱི་རྡུལ་ཕྲན་སྐོར།

དེ་བཞིན་རྒྱུད་སྡེ་གཞན་དང་བཤད་ཚུལ་མི་མཐུན་པའི་གནད་མང་པོ་ཡོད་ཀྱང་། གཙོ་ཆེ་བ་གཅིག་ནི་སློབ་པ་ལམ་གྱི་གནས་སྐབས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཕུང་པོ་རགས་པ་ལས་ཟུར་དུ་ཕྱེ་ནས་མ་དག་པ་དང་དག་པའི་རྒྱུ་ལུས་ལ་ལྡང་ཚུལ་གྱི་སྐོར་ལ་མི་འདྲ་བ་ཆེན་པོ་ཞིག་ཡོང་གི་འདུག།དངུལ་ཆུས་ལྕགས་ཁམས་ཟད་པར་བྱེད་པ་བཞིན་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ལ་བརྟེན་ནས་གྲུབ་པའི་ལུས་ཀྱི་ཁམས་ཀྱི་རྡུལ་ཕྲན་གྱི་བེམ་པོའི་ཁམས་རགས་པ་དེ་ཟད་ནས་བདེ་གསང་ལ་སོགས་པའི་སྐབས་ནས་བཤད་པ་བཞིན་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་མི་དགོས་པར། ཕུང་པོ་རྙིང་པ་དེ་ཉིད་ཀྱི་ནང་ལ་བེམ་ཆོས་ཀྱི་རྣམ་གཞག་ཟད་ནས་འགྲོ་ཚུལ་གྱི་རྣམ་གཞག་ཅིག་གསུང་གི་ཡོད།

འདིའི་སྐོར་ངས་ཅིའི་ཕྱིར་ཞུ་གི་ཡོད་ཅེ་ན། ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པ་དང་ཉི་ཤུ་པའི་འགོ་སྟོད་ཙམ་ལ་ཨརྦིནྡ་གྷོཥ་ (Aurobindo Ghosh) ཞེས་པའི་རྒྱ་གར་གྱི་མཁས་པ་ཞིག་བྱུང་བ་རེད་ལ། ཁོང་གྲུབ་ཐོབ་ཀྱང་རེད། ཨརྦིནྡ་གྷོཥ་མཆོག་གི་བྱུང་རབས་ཕལ་ཆེར་རྣམ་པ་ཚོས་གསན་མྱོང་ཡོད་ཀྱི་རེད། གསན་མ་མྱོང་བ་ཡིན་ན་དེ་ང་ཚོ་བོད་པ་ཚོས་ངེས་པར་དུ་ཉན་དགོས། ཁོང་ནི་ཀོལ་ཀཱ་ཏཱ་ (Kolkata) གྲོང་ཁྱེར་གྱི་མི་ཚང་ཧ་ཅང་ཕྱུག་པོ་ཞིག་གི་ཕྲུ་གུ་རེད། གྷོཥ་ཞེས་པ་ནི་བཾགཱལ་ (Bengal) གྱི་མི་རེད། ཁོང་གི་ཕ་མ་གཉིས་ཀས་ཁོང་ཨིན་ཇི་བཀྲུས་ནས་མ་དག་པ་ཞིག་བཟོ་འདོད་ཀྱིས་ཕྲུ་གུ་དམར་འབྱར་སྐྱེས་པ་ནས་བཟུང་སྟེ་ཨིན་ཇིའི་མ་མ་གཉིས་ལ་རྩིས་སྤྲོད་བྱས་ཏེ་ཕྲུ་གུ་དེ་ཡོད་སར་ཨིན་སྐད་ཁོ་ན་ལས་བཾགཱལིའི་སྐད་དང་རྒྱ་གར་གྱི་སྐད་གཞན་རྩ་བ་ནས་རྒྱག་མི་ཆོག་པའི་སྒྲིག་ལམ་ལྟ་བུ་བཟོས་པ་མ་ཟད། ལོ་བདུན་ལ་སོན་སྐབས་ཨིན་ཇིའི་རྒྱལ་ས་ལོན་ཌོན་ (London) ལ་བཏང་བ་རེད། ལོ་བདུན་ཞེས་བརྗོད་ན་ཧ་ཅང་ཆུང་ཆུང་རེད།

ལོ་བདུན་ནས་ལོ་ཉི་ཤུ་རྩ་གཅིག་ཙམ་བར་དུ་ལོན་ཌོན་ལ་བསྡད་ནས་ཨིན་ཇི་འཁྲུལ་མེད་ཅིག་ཆགས་པའི་རེ་བ་བརྒྱབས་པ་རེད།  ཡིན་ནའང་ལོ་ཉི་ཤུ་རྩ་གཅིག་ཙམ་ལ་རྒྱ་གར་དུ་ལོག་རྗེས་ཨིན་ཇི་ལ་ངོ་རྒོལ་བྱེད་མཁན་ཞིག་ཆགས་པ་རེད།  ཁོང་གིས་གཞི་ནས་ལེགས་སྦྱར་དང་བཾགཱལིའི་སྐད་ཡིག་སྦྱངས་ཏེ་རྒྱ་གར་གྱི་གྲུབ་མཐའ་ཡོངས་རྫོགས་ལ་ཞིབ་འཇུག་གནང་བ་མ་ཟད།  རྒྱ་གར་རང་བཙན་གྱི་ལས་འགུལ་དུའང་ཞུགས་པར་བརྟེན།  ཀོལ་ཀཱ་ཏཱ་ལ་བཞུགས་མ་ནུས་པར་པོན་ཌེ་ཅེ་རི་ (Pondicherry) ལ་སྐྱབས་བཅོལ་དུ་ཕེབས་ཏེ་སྐུ་ཚེ་ཧྲིལ་པོ་དེར་བཞུགས་པ་རེད། སྐབས་དེར་པོན་ཌེ་ཅེ་རི་ཨིན་ཇིའི་འོག་ཏུ་མེད་པར་པོར་ཅུ་གལ་ (Protugal) གྱི་མངའ་འོག་ཏུ་ཡོད།

ཁོང་གི་སློབ་མ་ཕྱི་རྒྱལ་གྱི་བུད་མེད་ཨ་མ་ཞིག་ཡོད་པ་དེ་༸སྐྱབས་མགོན་རིན་པོ་ཆེ་དང་མཇལ་འཕྲད་ཀྱིས་སྐུ་ཚེ་འདིའི་རིང་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་པའི་གོ་སྐབས་ཡོང་གི་རེད་ཅེས་ཞུས་མྱོང་ཡོད། ད་ལྟ་ཨ་མ་དེ་གྲོངས་ཚར་བ་རེད།  ཨརྦིནྡ་གྷོཥ་མཆོག་གིས་རིག་པའི་གཞུང་ལུགས་ཆེན་པོ་ཞིག་བརྩམས་ཡོད། དེའི་ནང་ལུས་ཀྱི་རྡུལ་ཕྲན་ལ་འགྱུར་བ་བཏང་ནས་ད་ལྟའི་བེམ་གཟུགས་ཀྱི་ངོ་བོར་གྱུར་པའི་རྡུལ་ཕྲན་དེ་དག་ཤེས་པའི་ངོ་བོར་གྱུར་པའི་རྡུལ་ཕྲན་ལ་ཕྱིན་ནས་དེའི་དབང་གིས་རགས་པའི་ལུས་འདི་འཆི་སྲིད་ཀྱི་ལམ་ནས་འགྲོ་མི་དགོས་པར་རགས་པའི་ལུས་དེ་རང་ཡེ་ཤེས་ཀྱི་ལུས་སུ་འགྱུར་རྒྱུའི་ཐབས་ལམ་ཞིག་ཡོད་ཅེས་གསུངས་ཡོད། དེ་ནི་རྗེས་སུ་ཧ་ཅང་དར་ཁྱབ་ཆེན་པོ་དང་རྗེས་འཇུག་རྒྱ་ཆེན་པོ་གང་ཡང་བྱུང་མེད།

ཀཤ་མཱིར་རྒྱལ་པོའི་སྲས་ཡིན་པ་འབུམ་རམས་པ་ཀརྞ་སིངྷ་ (Dr. Karan Singh) གིས་རང་གི་འབུམ་རམས་པའི་ཉམས་ཞིབ་ (Ph.D) དེ་ཨརྦིནྡ་གྷོཥ་མཆོག་གི་ལྟ་གྲུབ་གྱི་ཐོག་གནང་ཡོད། དེར་བརྟེན་ཨརྦིནྡ་གྷོཥ་མཆོག་དགོངས་པ་རྫོགས་པའི་སྐབས་སུ་སྐུ་གདུང་ཞུགས་འབུལ་དང་ས་སྦས་སོགས་གང་ཡང་མ་བྱས་པར་ཉིན་མང་པོ་བསྒུགས་ནས་བསྡད་པ་རེད། ཕལ་ཆེར་འགྱུར་བ་ (Transformation) དེ་ཡོང་གི་མེད་དམ་སྙམ་པ་རེད། རྗེས་སུ་དེ་ལྟར་མ་བྱུང་བ་རེད། ཡིན་ནའང་དེར་ལྟ་གྲུབ་ཀྱི་རྣམ་གཞག་ཅིག་བཤད་ཡོད་སྟབས། ངས་ང་ཚོའི་ལྟ་གྲུབ་ནང་ཡོད་པ་དེ་དང་འདྲ་པོ་ཞིག་མཐོང་བ་རེད། སྤྱིར་བཏང་འདྲ་པོ་འདྲ་པོ་གང་སར་ཡོང་ཆོག་པ་ཞིག་རེད། ཡིན་ནའང་གཏིང་ཟབ་ཀྱི་རིག་པའི་གཞུང་ལུགས་དང་གྲུབ་མཐའི་ནང་འདྲ་པོ་དང་འགལ་ཟླ་ཡོད་པ་དེ་དག་ཞིབ་འཇུག་བྱ་རྒྱུའི་གཞི་རྩ་ཞིག་ངེས་པར་དུ་ཆགས་ཀྱི་འདུག དེར་བརྟེན་དེ་དག་མཉམ་དུ་ཞིབ་འཇུག་བྱེད་རྒྱུའི་གོ་སྐབས་ཤིག་བྱུང་ན་ཡག་པོ་མེད་དམ་སྙམ་པ་རེད།

ཅ༽ རྡུལ་ཕྲན་གྱི་རྣམ་གཞག་དང་། ནམ་མཁའི་རྡུལ་གྱི་སྐོར།

དེ་ནས་དོན་ཚན་གཅིག་ནི་རྡུལ་ཕྲན་གྱི་རྣམ་གཞག་དེ་རེད། སྤྱིར་བཏང་ནང་པའི་ལྟ་གྲུབ་ནང་རྡུལ་ཕྲན་ཆ་མེད་ཡོད་པ་འདོད་མཁན་ཡོད། ཡིན་ནའང་ནང་པའི་གྲུབ་མཐའ་སྨྲ་བ་ཕལ་མོ་ཆེས་རྡུལ་ཕྲན་ཆ་མེད་མེད་པར་འདོད་ཀྱི་ཡོད། རྡུལ་ཕྲན་ཆ་ཡོད་དང་ཆ་མེད་ཅེས་པ་དེ་ད་ལྟ་ང་ཚོས་ཆོས་རྭའི་ནང་རྩོད་སྐབས་ཁ་ནས་བཤད་པ་ཙམ་ལས། བརྟག་དཔྱད་ཁང་དུ་ཕྱིན་ནས་བལྟ་རྒྱུ་གང་ཡང་བྱུང་མེད། དེ་ལྟར་བལྟ་རྒྱུ་གང་ཡང་མེད་པའི་གནས་སྐབས་སུ་རྡུལ་ཕྲན་གྱི་བསམ་ཚུལ་བྱུང་བ་དེ་རྒྱ་གར་གྱི་རིག་པའི་གཞུང་ལུགས་ཀྱི་གནད་འགག་ཧ་ཅང་ཆེན་པོ་ཞིག་ཆགས་འདུག

རྡུལ་ཕྲན་གྱི་གནས་སྟངས་དང་། རྡུལ་ཕྲན་འདུས་པ་ལ་བརྟེན་ནས་རྡུལ་བསགས་ཀྱི་བྱུང་ཚུལ། རྡུལ་བསགས་ཀྱི་ཐོག་ནས་རགས་པ་ཆགས་ཚུལ། རགས་པ་དེ་ཞིག་པའི་སྐབས་སུ་ཇི་ལྟར་འགྲོ་མིན་སོགས་ནི་མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་གྲུབ་མཐའི་རྣམ་གཞག་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་འདུག སྤྱིར་དུས་དང་རྡུལ་ཕྲན་གྱི་སྐོར་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་མཁན་ལ་དེའི་རྣམ་གཞག་ཡོང་མི་དགོས་པ་ལྟ་བུ་ཞིག་ཡོད། འོན་ཀྱང་ནང་པའི་མངོན་པའི་གཞུང་ལུགས་ནང་དེ་དག་གི་རྣམ་གཞག་ཡོང་བ་དེ་གཞི་དངོས་པོའི་གནས་ལུགས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་མཐོང་བ་ལ་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད་འདུག

དེང་སང་དེང་རབས་ཀྱི་ཚན་རིག་པས་རྡུལ་གྱི་གནས་སྟངས་ལ་ཞིབ་འཇུག་བྱེད་སྐབས་ཁོང་ཚོར་གནས་ཚུལ་མང་པོ་ཞིག་གསར་པ་ཆགས་ཡོང་གི་ཡོད། དུས་འཁོར་ནང་དཔེར་ན། ཕྱི་དུས་ཀྱི་འཁོར་ལོ་འཇིག་རྟེན་ཁམས་ཀྱི་ལེའུ་ལྟ་བུར་མཚོན་ན། ལེའུའི་མཚན་ལའང་། རྡུལ་ཕྲན་འདུས་པ་མངོན་དུ་འགྲོ་བ་འཇིག་རྟེན་ཁམས་ཀྱི་ལེའུ། ཞེས་རྡུལ་ཕྲན་འདུ་སྟངས་ཀྱི་རྣམ་གཞག་སྐོར་རེད། ༧སྐྱབས་མགོན་རིན་པོ་ཆེས་ཡང་ཡང་གསུངས་པ་ལྟར། དེང་རབས་ཀྱི་འབར་གས་ཆེན་པོ་ (Big Bang) ཟེར་བའི་གྲུབ་དོན་ (Theory) དེ་དང་། ང་ཚོས་བསྐལ་པ་གསར་དུ་ཆགས་པའི་གནས་ཚུལ་གཉིས་ལ་ཞིབ་ཚགས་པོས་ལྟ་ཐུབ་ན། འགལ་ཟླ་མེད་པའི་གནས་ཚུལ་ཞིག་ཐོག་སླེབས་རྒྱུ་ཡོད་འདུག འགལ་ཟླ་མེད་པའི་གནས་ཚུལ་ཐོག་ཇི་ལྟར་སླེབས་མིན་ཤེས་ཀྱི་མི་འདུག་ཀྱང་། གང་ལྟར་དུས་འཁོར་ནས་བཤད་པའི་རྡུལ་ཕྲན་གྱི་རྣམ་གཞག་དང་། ལྷག་པར་དུ་གཞུང་གཞན་ནས་དེ་ཙམ་མི་གསལ་བའི་ནམ་མཁའི་རྡུལ་གྱི་རྣམ་གཞག་ཅིག་དུས་འཁོར་ནང་བཤད་ཀྱི་ཡོད།  སྤྱིར་བཏང་ནམ་མཁའ་འདུས་མ་བྱས་ཡིན་སྟབས། ནམ་མཁའི་རྡུལ་ཞེས་པ་ཇི་འདྲ་ཞིག་ཡིན་ནམ་སྙམ་པ་མི་བདེ་བ་ཞིག་འདུག

བར་ལམ་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱེད་དུས་གཞི་ནས་ངས་ཧ་གོ་བ་ལས། དེའི་སྔོན་དུ་དགོས་པ་གང་ཞིག་ཡིན་པ་རྩ་བ་ནས་ཤེས་ཀྱི་མེད། དེ་ནི་དུས་ཀྱི་ཐུང་བའི་མཐར་ཐུག་པའི་རྣམ་གཞག་སྐོར་དེ་རེད། དུས་ཀྱི་ཐུང་བའི་མཐར་ཐུག་པའི་རྣམ་གཞག་བཤད་སྐབས་ཚད་འཛིན་ས་ནི་རྡུལ་ཕྲན་གཅིག་འགུལ་བསྐྱོད་བྱེད་པའི་སྐབས་སུ་བཤད་ཀྱི་འདུག ང་ཚོ་ནང་པའི་གཞུང་ནང་དུས་ཀྱི་ཐུང་བའི་མཐར་ཐུག་པའི་ཚད་འཛིན་སྐབས་རྡུལ་ཕྲན་ཆུང་ཤོས་གཅིག་ཨ་སློག་རྒྱག་པའི་དུས་ལ་འཇོག་གི་ཡོད། ཨ་སློག་རྒྱག་ཅེས་བརྗོད་སྐབས་ཆ་བཅས་ཡིན་པ་གཞིར་བཞག་རེད། ཆ་མེད་ལ་ཨ་སློག་བརྒྱབ་རྒྱུ་གང་ཡང་མེད། དེས་ན་ཆ་བཅས་ཀྱི་རྡུལ་ཕྲན་གཅིག་ཨ་སློག་རྒྱག་པའི་དུས་དེ་རང་དུས་ཀྱི་ཐུང་བའི་མཐར་ཐུག་པའི་ཚད་ཡིན་པ་གསུང་གི་ཡོད།

དེར་བརྟེན་དུས་འཁོར་ནས་བཤད་པའི་རྡུལ་གྱི་རྣམ་གཞག་ཇི་མ་ཇི་བཞིན་བྱུང་ན་ཚོད་ལྟ་ཁང་ཞིག་ཏུ་དེང་རབས་ཀྱི་འཕྲུལ་ཆས་ཀྱི་མཐུན་རྐྱེན་དང་བཅས་མཉམ་དུ་བལྟས་ཐུབ་པ་བྱུང་ན་ཡག་པོ་ཡོད།  ལྷག་པར་དུ་ནམ་མཁའི་རྡུལ་གྱི་རྣམ་གཞག་ཀྱང་ཁ་ནས་བཤད་པ་ལས། ད་ལྟ་གསལ་པོ་གང་ཡང་ཤེས་ཀྱི་མེད། དེ་ནི་ཁོང་ཚོའི་ Big Bang Theory དང་ཇི་ལྟར་མཉམ་དུ་འགྲོ་མིན་དང་། ཡང་ན་འགལ་ཟླར་འགྲོ་མིན་གཞི་ནས་བལྟ་རྒྱུ་རེད། Big Bang Theory སྐོར་ད་ལྟ་སུད་སིའི་ནང་བསྐྱར་དུ་ཚོད་བལྟ་ཆེན་པོ་ཞིག་འགྲོ་བཞིན་པ་རེད་འདུག

ཆ༽ འཇིག་རྟེན་ཁམས་ཀྱི་རྣམ་གཞག་དང་། སའི་གོ་ལའི་མིང་དོན།

ཡོངས་གྲགས་མངོན་པ་ནས་བཤད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་དང་། དུས་འཁོར་ནས་བཤད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་དེ་དག་ད་ལྟའི་མངོན་སུམ་ལ་མཐོང་བའི་འཇིག་རྟེན་གྱི་གནས་ཚུལ་དང་མི་མཐུན་པར་བརྟེན། སྟབས་བདེ་པོས་ཟུར་བཞག་བྱེད་པའི་གནས་སྟངས་ཤིག་ཡོང་གི་ཡོད། དེ་ཡང་ཟུར་བཞག་བྱེད་རྒྱུ་ཞིག་ཡིན་ས་མ་རེད། མངོན་པ་ནས་བཤད་པའི་འཇིག་རྟེན་གྱི་ཚད་དང་། དུས་འཁོར་ནས་བཤད་པའི་འཇིག་རྟེན་གྱི་ཚད་དེ་དག་ད་ལྟ་ཡོད་དམ་ཞེས་འདྲི་ན་དེ་ནི་གནས་ཚུལ་ཐ་དད་རེད། ཡོད་པ་ཐམས་ཅད་དེ་རིང་གི་གནས་སྐབས་སུ་ཡོད་དགོས་པའི་གནས་སྟངས་ཆགས་ཀྱི་མེད།

དུས་འཁོར་ནང་གདུལ་བྱའི་བསམ་པ་དང་མཐུན་པར་འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྟན་པ་ཞེས་ས་བཅད་དྲངས་པའི་སྐབས་སུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྟན་པ་དེ་འཇིག་རྟེན་གྱི་ཁམས་ཀྱི་ཚད་མཐའ་མ་འདི་ཡིན་ཞེས་གསུངས་མེད། གདུལ་བྱའི་བསམ་པ་དང་བསྟུན་ནས་འཇིག་རྟེན་གྱི་ཁམས་ཀྱི་ཚད་བཤད་པ་ཞེས་གསུངས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དབུ་མ་ལ་འཇུག་པ་ལས[6]། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང༌།། ཞེས་གསུངས་པ་ལྟར། གདུལ་བྱ་རང་རང་གི་ལས་སྣང་ལས་གྲུབ་པའི་འཇིག་རྟེན་གྱི་ཚད་གཞི་མི་འདྲ་བ་སྣ་ཚོགས་ཡོང་ཆོག་པ་ཡིན། མདོ་ཕལ་ཆེན་སོགས་ནང་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་མི་འདྲ་བ་མང་པོ་ཞིག་ཡོང་གི་འདུག སྤྱི་བོ་ཐུར་དུ་བསྟན་པའི་འཇིག་རྟེན་གྱི་ཁམས་ཟེར་བ་དང་། ནུར་ནུར་པོ་དང་། ཉེར་ཉེར་པོ་ཞེས་པ་ལྟ་བུ་འདྲ་མིན་སྣ་ཚོགས་ཡོང་ཆོག་པ་ཞིག་རེད། སྤྱིར་བཏང་གནའ་སྔ་མོ་ནས་ས་འདི་ལ་སའི་གོ་ལ་ཞེས་བཤད་ཀྱི་ཡོད། གོ་ལ་ཞེས་པ་དེ་སྒོར་སྒོར་གྱི་མིང་རེད། ང་ཚོས་ཁ་ནས་སྒྲ་གདངས་འདོན་སྟངས་ཀྱིས་གོལ་ཟེར་བ་ལོགས་སུ་བཅད་ནས་གོ་ལ་ཞེས་བཤད་པ་ལས། དེ་ནི་སྔ་མོ་ནས་སྒོར་སྒོར་ཡིན་པ་ང་ཚོའི་ངག་རྒྱུན་ལའང་ཡོད་མུས་རེད། དེར་བརྟེན་དེ་ལེབ་ལེབ་རེད་མི་འདུག སྒོར་སྒོར་རེད་འདུག་ཅེས་ཧ་ལས་མདོག་ཁ་པོ་བྱེད་དགོས་དོན་གང་ཡང་མེད།

མཁས་གྲུབ་རྗེའི་གསུང་ནང་ལའང་མངོན་པ་ནས་བཤད་པ་དང་། དུས་འཁོར་ནས་བཤད་པ། གཞན་ནས་བཤད་པ་རྣམས་སུ་འཇིག་རྟེན་གྱི་ཁམས་ཚད་འདི་ཡིན་ཞེས་བཤད་རྒྱུ་ཡོད་པ་མ་རེད། སེམས་ཅན་རང་རང་སོ་སོའི་ལས་སྣང་ལས་གྲུབ་པའི་འཇིག་རྟེན་གྱི་ཁམས་ཚད་མཐའ་ཡས་པ་ཡོད་ཆོག་པ་གསུངས་འདུག དེས་ན་གདུལ་བྱའི་ཁམས་དང་མཐུན་པར་འཇིག་རྟེན་ཁམས་ཀྱི་ཚད་བསྟན་པ་དང་། རྡུལ་ཕྲན་འདུས་པ་མངོན་དུ་འགྲོ་བའི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་བཤད་པ་ཞེས་ཚད་བསྟན་སྟངས་དང་། སྤྱིར་འཇིག་རྟེན་གྲུབ་ཚུལ་གྱི་རྣམ་གཞག་བཤད་སྟངས་གཉིས་ལ་མི་འདྲ་བ་ཕྱེ་འདུག དེང་རབས་ཀྱི་ཚན་རིག་པ་དང་མཉམ་དུ་ང་ཚོས་ཇི་ལྟར་ད་དུང་གསལ་དུ་གཏོང་རྒྱུ་གང་ཞིག་ཡོད་མེད་ལ་དགོངས་པ་བཞེས་དགོས།

ཇ༽ དུས་ཀྱི་འཁོར་ལོ་དང་། དུས་ཀྱི་རྣམ་གཞག་སྐོར།

དཔལ་དུས་ཀྱི་འཁོར་ལོ་ཞེས་པའི་མཚན་ནང་ལའང་དུས་ཞེས་ཡོད། དེར་བརྟེན་དུས་ཀྱི་རྣམ་གཞག་དེ་གྲུབ་མཐའ་སྨྲ་བ་ཚང་མའི་ནང་ལ་བརྟག་དཔྱད་བྱེད་རྒྱུའི་དངོས་པོ་གཅིག་ཆགས་ཡོད། དུས་གསུམ་རྫས་གྲུབ་དང་རང་མཚན་པར་འདོད་པའི་གྲུབ་མཐའ་སྨྲ་བ་ཡོད་ལ། དུས་གསུམ་ག་བཏགས་ཡོད་ཙམ་དུ་འདོད་མཁན། ཡང་ད་ལྟ་བ་དང་འདས་པ་དངོས་པོ་ཡིན་པ་འདོད་མཁན། དུས་ཀྱི་རྣམ་གཞག་དེ་ལ་མི་འདྲ་བ་སྣ་ཚོགས་བྱུང་འདུག།ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་དེ་དག་གིས་དུས་འཇིག་རྟེན་གྱི་བྱེད་པ་པོར་ཁས་ལེན་མཁན་ཡོད། ད་ལྟའང་ཕལ་ཆེར་ཡོད་འདུག ཡིན་ན་ཡང་དུས་ཞེས་པ་ཚད་གཞི་ལྟ་བུ་ཞིག་ལས། དུས་འདི་རེད་ཅེས་པའི་དངོས་པོ་རང་མཚན་པ་ཞིག་ངོས་གཟུང་བྱ་རྒྱུ་དེ་ཁག་པོ་རེད།

ད་ལྟའི་གནས་སྐབས་སུ་དེང་རབས་ཚན་རིག་པའི་ནང་སྐད་ཆ་བཤད་རྒྱུ་མང་ཤོས་ཤིག་དུས་ཀྱི་རྣམ་གཞག་དེ་ཆགས་ཡོད། དེར་བརྟེན་ནང་པའི་དུས་ཀྱི་རྣམ་གཞག་དང་། དེང་རབས་ཚན་རིག་པའི་དུས་ཀྱི་རྣམ་གཞག་གཉིས་བསྡུར་དགོས། དེ་ནི་མཚུངས་བསྡུར་ལ་བརྗོད་ཀྱི་མེད། དེ་གཉིས་ཀྱི་ནང་ལ་བསམ་བློ་གང་འདྲ་ཞིག་བཏང་ནས་ནང་པའི་དུས་ཀྱི་རྣམ་གཞག་ཅིག་གཏན་ལ་འཁེལ་བ་དང་། ལྷག་པར་དུ་གྲུབ་མཐའ་སྨྲ་བའི་ནང་ནས་དུས་གསུམ་རྫས་ཡོད་དུ་འདོད་མཁན་དེའི་རྒྱབ་ལྗོངས་ཀྱི་བསམ་བློ་གང་ཞིག་ཡིན་པ་དང་། དུས་གསུམ་རྫས་ཡོད་དུ་མི་འདོད་མཁན་གྱི་རྒྱབ་ལྗོངས་བསམ་བློ་གང་ཞིག་ཡིན་པ་ཤེས་དགོས་པ་གལ་གནད་ཆེན་པོ་རེད།

དེང་སང་དུས་ཀྱི་རྣམ་གཞག་སྐོར་ལ་ཤོད་མཁན་ཨེས་ཊི་ཕན་ཧོ་ཀིང་ (Stephen Hawking) ཞེས་པ་ཞིག་ཡོད་པ་ཁྱེད་རང་ཚོས་མཁྱེན་གྱི་ཡོད་ཤག་རེད། ཁོང་ནད་པ་ཞིག་རེད། ཨི་ཁུང་ནག་པོ་ (Black hole) ཞེས་པ་ཐོག་མར་སྟོན་མཁན་དེ་རེད། ཁོང་གི་དེབ་གྲགས་ཆེ་ཤོས་ཤིག་ནི་དུས་ཀྱི་བྱུང་རབས་མདོར་བསྡུས་ (A Brief History of Time) ཞེས་པ་དེ་ཡིན། དེ་ལ་རྒྱ་གར་གྱི་རིག་བྱེད་པ་དང་། ཕྱི་རོལ་གྱི་གྲུབ་མཐའ་སྨྲ་བ་ཚོས་དགག་པ་ཤུགས་ཆེ་བརྒྱབས་པ་རེད། དེ་ཡང་དེ་ལྟ་བུའི་བྱུང་བ་ཞེས་པ་དེའང་དུས་ཀྱི་ནང་བྱུང་བ་ཞིག་ཡིན་དགོས་པ་ལས། དུས་ཁོ་རང་དེ་ལྟ་བུའི་བྱུང་བའི་ནང་ལ་སླེབས་རྒྱུ་གང་ཡང་མེད་ཅེས་བརྗོད་ཡོད། དེབ་དེ་གང་ལྟར་གྲགས་ཆེན་པོ་རེད། ཚན་རིག་པ་ཚོས་འཆར་ཅན་ཀློག་རྒྱུ་ཞིག་རེད། ལོ་སྔོན་མ་ཞིག་ལ་དུས་ཀྱི་གོ་རིམ་ (The Order of Time) ཞེས་པའི་དེབ་གསར་པ་ཞིག་ཐོན་པ་དེང་སང་གྲགས་ཆེ་བའི་སྐབས་ཤིག་རེད། དེབ་འདི་འབྲི་མཁན་ནི་ཀར་ལོ་རོ་ཝེ་ལི་ Carlo Rovelli ཞེས་པ་དེ་རེད།

ངས་ག་རེ་ཞུ་གི་ཡོད་ཅེ་ན། དེང་རབས་ཀྱི་ཚན་རིག་པའི་དུས་ལ་ལྟ་ཚུལ་དང་དུས་ཀྱི་རྣམ་གཞག་ལ་དཔྱད་པ་བྱེད་སྟངས་ཤིག་ཡོད་པ་དེ་དག་ང་ཚོས་ཤེས་ན། ང་ཚོའི་གྲུབ་མཐའ་སྨྲ་བ་ཚོས་དུས་ཀྱི་རྣམ་གཞག་མི་འདྲ་བ་སྣ་ཚོགས་ཤིག་བཤད་པ་དང་། གྲུབ་མཐའ་སོ་སོའི་བཞེེད་པ་མི་འདྲ་བ་ཡོང་དགོས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དེ་དག་ད་དུང་གསལ་དུ་འགྲོ་བ་ཞིག་དང་། ལྷག་པར་དུ་དུས་ཀྱི་སྐོར་ལ་དཔྱད་པ་བྱེད་མཁན་གྱི་དེང་རབས་ཀྱི་ཚན་རིག་པ་ཚོར་ང་ཚོའི་གནའ་བོའི་རིག་གཞུང་ནང་དུས་ལ་ལྟ་ཚུལ་དེ་དག་གསལ་པོ་ར་སྤྲོད་བྱེད་ཐུབ་ན། གཅིག་བྱས་ན་བློ་བསྐྱེད་གསར་པ་ལྟ་བུ་ཐོན་ཐུབ་པའི་གནས་སྟངས་ཡོད་རེད་བསམ་གྱི་འདུག

དཔེར་ན་རྡུལ་ཕྲན་ལྟ་བུར་མཚོན་ན། ད་ལྟ་ནས་ལོ་བརྒྱ་ཙམ་གྱི་སྔོན་ལ་ཐིའོ་སོ་ཕི་ཀལ་སོ་ས་ཡི་ཊི་  (Theosophical Society) ནས་ཡིན་པའི་མི་ཞིག་གིས་དེབ་གཅིག་བྲིས་ཡོད། དེའི་ནང་རྡུལ་ཕྲན་གྱི་དབྱེ་བ་ཕྱེ་སྟངས་དེ་དང་། ད་ལྟ་ནུབ་ཕྱོགས་པའི་ཚན་རིག་པས་རྡུལ་ཕྲན་དབྱེ་བ་ཕྱེ་སྟངས་གཉིས་བསྡུར་ན། ད་དུང་རྒྱ་གར་གྱི་ལྟ་གྲུབ་ནས་བྲིས་པ་དེ་ཕྲན་བུ་མདུན་བསྐྱོད་ཆེ་བ་མ་ཟད།  ནུབ་ཕྱོགས་པའི་ཚན་རིག་པས་ཁོང་གི་རྗེས་སྙོབ་ཀྱི་མི་འདུག་ཅེས་ཉེ་ཆར་དེ་ལྟར་བཤད་མཁན་ཞིག་བྱུང་། སྙོབ་ཀྱི་ཡོད་མེད་མི་ཤེས་ཀྱང་། དེ་ལྟར་བརྗོད་ཀྱི་འདུག

ཉ༽ སྨན་རྩིས་དང་། དུས་དང་རྡུལ། འཕྲུལ་འཁོར་གྱི་རྣམ་གཞག

དུས་འཁོར་གྱི་རྒྱུད་ལ་སློབ་སྦྱོང་བྱེད་སྐབས་དེའི་ནང་སྐར་རྩིས་དང་། དབྱངས་འཆར། སྨན། རྡུལ་ཕྲན་གྱི་རྣམ་གཞག དུས་ཀྱི་རྣམ་གཞག འཕྲུལ་འཁོར་གྱི་རྣམ་གཞག་སོགས་ཡོང་གི་ཡོད། འཕྲུལ་འཁོར་གྱི་རྣམ་གཞག་དེ་སྤྱིར་བཏང་དེང་རབས་ཀྱི་འཕྲུལ་ཆས་དང་མི་འདྲ་བ་རེད། དུས་འཁོར་ནས་བཤད་པའི་འཕྲུལ་འཁོར་བཅུ་གཉིས་ཞེས་ནམ་རྒྱུན་ཡོངས་གྲགས་བཤད་རྒྱུ་ཞིག་ཡོད་པ་དེའི་ནང་མཚོན་ཆའི་རིགས་སོགས་ཀྱང་ཡོད་འདུག

དཔེར་ན་རིགས་ལྡན་དྲག་པོས་ཀླ་ཀློ་བཅོམ་པའི་སྐབས་སུ་དམག་དེ་དག་གྲུ་གཟིངས་ནམ་མཁར་འགྲོ་མཁན་ནང་འགྲོ་གི་རེད་ཅེས་གསུངས་ཡོད། དེར་བརྟེན་གནའ་སྔ་མོའི་ཤམ་བྷ་ལའི་ཞིང་བཀོད་དེ་དག་འབྲི་མཁན་རྣམས་ཀྱིས་གནམ་གྲུ་མཐོང་མྱོང་མེད་སྟབས། ལྕགས་ཀྱི་གྲུའི་ནང་ཞུགས་ནས་འཕུར་བ་ཞིག་བསམ་བློ་འཁོར་མེད་ཙང་། བྱ་ཁྱུང་ལྟ་བུའི་སྒང་ལ་དམག་མི་ལྔ་ཙམ་དྲུག་ཙམ་བཞོན་ནས་འགྲོ་བ་དེ་ལྟར་བྲིས་ཡོད། རྗེས་སུ་ང་ཚོས་གནམ་གྲུ་མཐོང་སྐབས་དུས་འཁོར་ནས་བཤད་པའི་དམག་མི་འགྲིམ་འགྲུལ་བྱེད་པའི་འཕྲུལ་གྲུའམ་ནམ་མཁའི་གྲུ་ནི་འདི་འདྲ་ཞིག་ཡིན་པ་རེད་བསམས་ནས་ད་ལྟ་གཞི་ནས་ངོ་སྤྲོད་བྱེད་རྒྱུ་བྱུང་བ་རེད།

དུས་འཁོར་ནས་བཤད་པའི་གནས་ཚུལ་དེ་དག་ཚང་མ་གདུལ་བྱའི་དབང་གིས་གསུངས་པ་ལས། སྒྲ་ཇི་བཞིན་པ་གཅིག་ཀྱང་མེད་ཅེས་བཤད་ན། ཤམ་བྷ་ལ་ཞེས་པ་དེ་རྟོག་བཏགས་ལྟ་བུ་རེད། ཚང་མ་སྒྲ་ཇི་བཞིན་པ་གསུང་རྒྱུ་མེད་ཅེས་བཤད་ན། དུས་འཁོར་ནས་གསུངས་པའི་གནས་ཚུལ་མང་པོ་ཞིག་དངོས་སུ་བྱུང་ཟིན་པ་རེད། དཔེར་ན་ཀླ་ཀློའི་གནས་ཚུལ་བྱུང་སྟངས་དང་། ཀླ་ཀློའི་འགོ་ཁྲིད་བྱུང་སྟངས། དེ་དག་དུས་ཚོད་ག་དུས་ཡིན་པ། ཁྱབ་བརྡལ་ཇི་ལྟར་དུ་འགྲོ་གི་ཡོད་པ་དེ་དག་ད་ལྟ་ཕན་ཆད་ཐད་ཀར་ར་འཕྲོད་པ་མང་པོ་ཡོད། ཡིན་ནའང་དེ་ཚོ་ང་ཚོས་བཤད་བདེ་པོ་མི་འདུག  གལ་ཏེ་ཀླ་ཀློའི་སྐད་ཆ་བཤད་དགོས་བྱུང་ན། དེང་སང་གི་ཆོས་ལུགས་མཐུན་འབྲེལ་ལའང་དོ་ཕོག་འགྲོ་ཉེན་ཤུགས་ཆེ་ཡོད་སྟབས། ཆོས་ལུགས་མང་པོ་ཚོགས་པའི་དབུས་སུ་དུས་འཁོར་སྐོར་བཤད་སྐབས་ཕྲན་བུ་མི་བདེ་བ་སྦས་དགོས་པ་ལྟ་བུ་ཞིག་ཡོད།

རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་དེ་ཡོང་རྒྱུ་ཡོད་པ་འདི་དུས་འཁོར་གྱི་རྒྱུད་རྒྱ་གར་ནང་མ་དར་གོང་དུ་རྒྱ་གར་གྱི་ལྟ་གྲུབ་ཁག་གི་ནང་དུ་ཡོང་མུས་རེད།  ཁྱབ་འཇུག་པ་ཚོས་ཁྱབ་འཇུག་གི་འཇུག་པ་བཅུ་བཤད་སྐབས་སངས་རྒྱས་འཇུག་པ་དགུ་པ་དང་། རིགས་ལྡན་འཇུག་པ་བཅུ་པར་བརྩི་བ་རེད། དེར་བརྟེན་ཁོང་ཚོས་ཀྱང་དེ་ཡོང་རྒྱུ་ཡིན་པ་གཞིར་བཞག་རེད། རཱཇསྠཱན་ (Rajasthan) གྱི་ཇཡ་པུར་ (Jaipur) ལ་ལྷ་ཁང་ཞིག་གི་ནང་རིགས་ལྡན་གྱི་སྐུ་བརྙན་གཅིག་ཡོད། དེའི་མདུན་གྱི་སྒོ་དེ་རྩིག་པ་བརྒྱབས་པ་ཞིག་ཡོད། ཁོང་ཚོས་རིགས་ལྡན་དྲག་པོས་ཀླ་ཀློ་བཅོམ་པའི་སྐབས་སུ་སྒོ་དེ་ནས་འཐོན་གྱི་རེད་ཅེས་བརྗོད་ཀྱི་ཡོད། སྤྱིར་བཏང་སངས་རྒྱས་ཀྱི་འཇུག་པ་དེ་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་བཤད་སྟངས་དེ་ཧ་ཅང་སྡུག་ཅག་ཅིག་ཡོད་རུང་། རིགས་ལྡན་དེའང་ཁོང་ཚོའི་གཞུང་གི་ནང་ལའང་ཡོད་པའི་གནས་སྟངས་ཤིག་རེད། དེ་དག་ཚང་མ་བསྡོམས་བརྒྱབས་ནས་གཟིགས་དགོས་པ་གལ་ཆེན་པོ་མིན་འགྲོ་བསམ་གྱི་འདུག

ཏ༽ ཨར་ལས་བཟོ་སྐྲུན་དང་། རི་མོའི་རྣམ་གཞག་སྐོར།

དེང་སང་གི་ཁང་པའི་བཟོ་བཀོད་ (Architecture) དང་། རི་མོའི་རྣམ་གཞག་ཀྱང་དུས་འཁོར་གྱི་རྒྱུད་ནས་ཞར་དང་ཞོར་ལ་མང་པོ་ཡོང་གི་ཡོད་སྟབས། ང་ཚོས་སྐར་རྩིས་དང་། དབྱངས་འཆར། སྨན། རྡུལ་ཕྲན། དུས། འཕྲུལ་འཁོར། རི་མོའི་སྒྱུ་རྩལ། ཁང་པའི་བཀོད་དབྱིབས་སྒྱུ་རྩལ་སོགས་དེང་རབས་ཀྱི་རིག་པའི་གཞུང་ལུགས་དང་མཉམ་དུ་གང་འདྲ་ཡིན་མིན་བལྟ་ཐུབ་ན་ཡག་པོ་མེད་དམ་བསམ་གྱི་འདུག

ད་ལྟ་ངས་གནས་ཚུལ་མང་པོ་ཞིག་ཇི་མ་ཇི་བཞིན་བྱུང་ཟིན་པ་རེད་ཅེས་ཞུ་སྐབས། གནས་ཚུལ་དེ་རྣམས་སྒྲ་ཇི་བཞིན་པ་མ་ཡིན་པར་གང་ཟག་སྒོས་ཚན་པ་ལ་གསུངས་པ་ཞིག་ལ་ཆ་བཞག་ན། ད་ལྟ་བྱུང་ཟིན་པ་རྣམས་ར་འཕྲོད་སྐབས་གང་འདྲ་བྱེད་ཀྱི་རེད་དམ། དེ་ཚོ་མ་འོངས་པ་ལའང་ར་འཕྲོད་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་མ་རེད་དམ། ཀླ་ཀློ་བཅོམ་པའི་དུས་དེ་ལོ་བཞི་བརྒྱ་ལྔ་ཡི་རྗེས་སུ་ཡོང་རྒྱུ་ཡིན་རུང་། ཀླ་ཀློ་བྱུང་བའི་དུས་དེ་དུས་འཁོར་རྩ་རྒྱུད་ནས་གསུངས་པ་དང་། ད་ལྟ་བྱུང་རབས་ནང་ཡོད་པ་དེ་ཏག་ཏག་ར་འཕྲོད་ཐུབ་ཀྱི་ཡོད། དེ་བཞིན་བྱུང་བའི་ཡུལ་དེ་དག་ཀྱང་ར་འཕྲོད་པ་མ་ཟད། ཡར་རྒྱས་འགྲོ་སྟངས་དེ་དག་ཀྱང་ར་འཕྲོད་ཐུབ་ཀྱི་ཡོད། འོན་ཀྱང་རིགས་ལྡན་དྲག་པོ་དངོས་སུ་ཕེབས་སྐབས་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་རྩ་ལྔ་པ་ཆགས་འགྲོ་བ་རེད། སྐབས་དེར་དམག་འཛིང་སྟངས་ཀྱང་སྔར་ལྟར་གླང་པོ་ཆེའི་དམག་དང་། རྟ་དམག། ཤིང་རྟའི་དམག་བཅས་དཔུང་ཚོགས་ཡན་ལག་བཞི་པ་བཞིན་བཤད་ཀྱི་འདུག དེར་བརྟེན་དེ་དུས་དེ་ལྟར་ཡོང་མིན་དང་། དེ་ཚོ་སྒྲ་ཇི་བཞིན་པ་ཡིན་མིན་ང་ཚོས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད། གཅིག་བྱས་ན་སྐབས་དེ་དུས་ཀྱི་གདུལ་བྱའི་བློ་དང་འཚམས་པར་གསུངས་པ་ཞིག་ཡིན་རྒྱུ་རེད། དེ་མིན་ཤམྦྷ་ལའི་སྨོན་ལམ་ལས[7]། རྡོ་ཡི་རྟ་ཡིས་རྟ་རྣམས་གསོད་བྱེད་ཅིང་།། གསེར་གྱི་ཤིང་རྟས་ཤིང་རྟ་ཕྱེ་མར་བྱེད།། ཅེས་གསུངས་པ་བཞིན་ཚང་མ་བདེན་པ་དང་སྒྲ་ཇི་བཞིན་པ་ཞིག་ལ་ཆ་བཞག་ན་འགྲིག་གི་ཡོད་མེད་དགོངས་པ་བཞེས་དགོས། ད་དུས་ཚོད་ཡོལ་ཟིན་འདུག དོན་དག་མེད་པའི་གཏམ་རྙོག་དེ་དག་ལ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། སྤྱིར་བཏང་མཁས་པས་གསན་འོས་པ་ཞིག་མ་ཆགས་རུང་། སོ་སོའི་བསམ་བློའི་ནང་དོགས་གནས་བྱུང་བ་དེ་དག་ཕྲན་བུ་ཞུས་པ་ཡིན། ཐུགས་རྗེ་ཆེ།།  ཞེས་གསུངས།

(༢༠༡༩ ཕྱི་ཟླ་ ༥ ཚེས་ ༦ ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་གོ་སྒྲིག་འོག་དྷ་ས་གཙུག་ལག་ཁང་དུ་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཐོག་དུས་འཁོར་དང་འབྲེལ་བའི་ཐོག་གནང་བའི་གསུང་བཤད།)

 

[1] ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། བློ་གསལ་གླིང་། ༡༩༩༤ ལོ། ཤོག ༤༠༩

[2] རྒྱལ་རབས་དེབ་ཐེར་དཀར་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་  ༣༢༡

[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༢༩༠

[4] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ན༽ དེབ་ཨང་ ༧ པ། ཤོག་གྲངས་ ༥༦༤

[5] ཤམྦྷ་ལའི་སྨོན་ལམ། དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་ ༢༣༨

[6] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༥༢༧

[7] ཤམྦྷ་ལའི་སྨོན་ལམ། དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་ ༢༣༩