༈ རྒྱུད་སྡེ་བཞིའི་སྐོར།

༄༅།། བསྟན་པ་སྤྱིའི་རྣམ་གཞག་གི་འཛིན་གྲྭ་མཐའ་མ་དེ་རྒྱུད་སྡེའི་བཞིའམ་སྔགས་ཀྱི་སྐོར་དེ་ཡིན། ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་བྱང་ཆུབ་ཀྱི་སེམས་སམ་སྙིང་རྗེ་ཁྱད་པར་བ་ཞིག་སྐྱེས་ན། དེ་ནས་སྔགས་ཀྱི་ལམ་དུ་འཇུག་དགོས། སྔགས་ཀྱི་ལམ་དུ་འཇུག་དགོས་ཞེས་པའང་གང་ཟག་ཐམས་ཅད་ཀྱི་དབང་དུ་མིན་པར། སྔགས་ཀྱི་སྣོད་དུ་རུང་བའི་གང་ཟག་ལ་ཟེར་གྱི་ཡོད། དེང་སང་ང་ཚོ་སྔགས་ལ་ཞུགས་མཁན་རྣམས་སྔགས་ཀྱི་སྣོད་དུ་རུང་དང་མ་རུང་གི་དབྱེ་བ་གང་ཡང་ཕྱེ་གི་མེད་ཅིང་། སྔགས་ཀྱི་སྣོད་རུང་ཡིན་ཤག་གིས་ཚང་མ་སྔགས་ལ་འཇུག་གི་ཡོད།

ང་ཚོ་བོད་དུ་སྔགས་ལ་འཇུག་པའི་སྣོད་དུ་མ་རུང་བའམ་སྔགས་ཀྱི་ཉམས་ལེན་མ་ཐུབ་ནའང་། སྔགས་ལ་ཞུགས་ནས་དེའི་བག་ཆགས་བཞག་པ་རེད། གལ་ཏེ་སྔགས་ཀྱི་དམ་ཚིག་ཉམས་པ་ལ་བརྟེན་ནས་རྡོ་རྗེ་དམྱལ་བར་འགྲོ་དགོས་བྱུང་ནའང་། རྗེས་སུ་དམྱལ་བ་ནས་ཐར་སྐབས་ད་ལྟའི་སྔགས་ཀྱི་བག་ཆགས་དེ་ལ་བརྟེན་ནས་སླར་ཡང་སྔགས་ལམ་ལ་ཞུགས་ཏེ། མྱུར་བར་སངས་རྒྱས་པའི་རེ་བ་བྱེད་མཁན་མང་པོ་རེད། ཡང་དེ་འདྲ་མིན་པར། དཔེར་ན། ས་སྐྱའི་ལྕགས་རི་ནས་ཕྱིར་མི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ན་རོ་མཁའ་སྤྱོད་ལྟ་བུ་ཡིན་ན། སྒོམ་བརྒྱབ་མ་ཐུབ་ནའང་། བཀླགས་པས་འགྲུབ་པ་ཡིན་ཟེར། དེ་ལ་སྔགས་རྐྱང་པ་བགྲངས་པས་འགྲུབ་འགྲོ་བའི་ཁྱད་ཆོས་ཡོད། གལ་ཏེ་སྒོམ་བརྒྱབ་མ་ཐུབ་པའམ་ཉམས་ལེན་ཡག་པོ་བྱེད་མ་ཐུབ་པ་ཡིན་ནའང་། དཀའ་ལས་རྒྱག་ཐུབ་མཁན་ཞིག་ཡིན་ན། སྔགས་རང་བགྲང་བའི་ཐོག་ནས་ཕྱི་མ་དག་ཞིང་དུ་སྐྱེས་ནས་སྔགས་ཀྱི་སྣོད་རུང་དུ་འགྱུར་བའི་རེ་བ་བྱས་ནས་སྔགས་ལ་འཇུག་མཁན་ཡོད། དེ་ནས་ཁ་ཤས་ཀྱིས་ང་ཚོ་བོད་གངས་ཅན་ལྗོངས་སུ་སྐྱེས་པ་ཙམ་གྱིས་སྔགས་ཀྱི་སྣོད་དུ་རུང་བའི་གང་ཟག་ཡིན་པ་ལ་ཆ་བཞག་ནས་སྔགས་ཀྱི་ལམ་དུ་འཇུག་མཁན་ཡང་ཡོད། གང་ལྟར་སྔགས་ཀྱི་ལམ་དུ་ཞུགས་པ་ལ་ལམ་ཐུན་མོང་བས་རྒྱུད་ཡག་པོ་མ་སྦྱངས་པར་ཡོང་ཐབས་མེད། ལམ་ཐུན་མོང་བས་རྒྱུད་སྦྱང་རྒྱུ་གཙོ་བོ་ནི་ཐུན་མོང་བའི་ལམ་གྱི་ངོ་བོ་རྒྱུད་ལ་སྐྱེས་པ་ཞིག་དགོས་པ་མ་གཏོགས། སྐྱབས་འགྲོ་འབུམ་དང་ཕྱག་འབུམ་བསགས་པ་སོགས་གྲངས་ཀ་ལོངས་པ་ཙམ་གྱིས་ཕན་ཐོགས་མེད། སྔོན་མ་མི་གཉིས་མཉམ་དུ་བསྡད་དེ་སྐྱབས་འགྲོ་བསགས་པ་རེད། གཅིག་གིས་སྐྱབས་འགྲོ་བསགས་པ་དང་ཆབས་ཅིག་ཏུ་རྒྱུད་ལ་སྦྱར་ནས་བསྒོམས་པར་བརྟེན་དུས་ཚོད་མང་པོ་འགོར་བ་དང་། གཞན་དེས་ཚིག་རྐྱང་པ་འདོན་པར་བརྟེན་མགྱོགས་པོ་ཚར་བ་རེད། དེས་ན་གཅིག་གིས་སྐྱབས་འགྲོ་ཁ་ཡིས་བྱེད་པ་དང་། གཞན་དེས་སྐྱབས་འགྲོ་སེམས་ཀྱིས་བྱེད་པར་བརྟེན་དུས་ཚོད་མགྱོགས་མྱུར་གྱི་ཁྱད་པར་བྱུང་བ་རེད། དེས་ན་ལམ་ཐུན་མོང་བས་རྒྱུད་སྦྱང་རྒྱུ་དེ་གཙོ་ཆེ་བ་རེད།

སྤྱིར་བཏང་སྔགས་ཀྱི་བསྟན་པ་དང་ཧ་ཅང་མཇལ་ཁག་པོ་རེད། ཇི་སྐད་དུ། ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །ཞེས་གསུངས་པ་བཞིན་རེད། སངས་རྒྱས་ཀྱི་བསྟན་པ་བྱུང་ཚད་ལ་སྔགས་ཀྱི་བསྟན་པ་མི་འབྱུང་། དཔེར་ན། ཐེག་པ་ཆེན་པོའི་མདོ་རྒྱུད་ཀྱི་ནང་དུའང་མི་མཇེད་ཀྱི་བསྐལ་པ་བཟང་པོ་འདིའི་ནང་སངས་རྒྱས་སྟོང་ཕྲག་གཅིག་ལས་མི་ཉུང་བ་ཕེབས་ཀྱི་ཡོད་ཀྱང་། སྔགས་ཀྱི་བསྟན་པ་ཡོད་པ་ནི་ལུང་གིས་བསྒྲུབས་པ་གཉིས་དང་། རིགས་པས་བསྒྲུབས་པ་གཅིག་བཅས་གསུམ་རེད། དེ་ཡང་ལུང་གིས་བསྒྲུབས་པ་གཉིས་ནི་ཚེ་ལོ་བརྒྱ་པར་བྱུང་བའི་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པའི་བསྟན་པ་དང་།  དེ་ནས་སངས་རྒྱས་བཅུ་གཅིག་པ་སྤྱན་ལེགས་ཀྱི་བསྟན་པའི་སྐབས་སུ་རེད། རིགས་པས་བསྒྲུབས་པ་གཅིག་ནི་སངས་རྒྱས་སྟོང་གི་ཐ་མ་མོས་པ་སྣང་མཛད་ཀྱི་བསྟན་པའི་སྐབས་སུ་རེད། དེ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་སྟོང་ཡོད་པ་ནས་དགུ་བརྒྱ་དགུ་བཅུ་གོ་དགུས་སོ་སོའི་ཞིང་བཟུང་ནས་ཐུགས་བསྐྱེད་པ་རེད། འོན་ཀྱང་བུ་ཆུང་ཤོས་མོས་པ་སྣང་མཛད་དུ་སངས་རྒྱས་མཁན་དེས་སྨོན་ལམ་ཡག་པོ་ཞིག་བཏབ་མ་ཤེས་པར་བརྟེན། སྤུན་རྒན་པ་ཐམས་ཅད་ཀྱིས་སྨོན་ལམ་གང་བརྒྱབས་པ་དེ་ཆ་ཚང་ང་ལའང་འགྲུབ་པར་ཤོག་སྨོན་ལམ་བཏབ་པ་རེད།  དེས་ན་རིགས་པས་སྒྲུབ་ཚུལ་ནི་སངས་རྒྱས་དགུ་བརྒྱ་གོ་དགུས་སྨོན་ལམ་དང་ཐུགས་བསྐྱེད་གང་མཛད་པ་དེ་སངས་རྒྱས་མོས་པ་སྣང་མཛད་ཀྱི་བསྟན་པ་ལ་འགྲུབ་དགོས་ན། སངས་རྒྱས་ཤཱཀྱ་ཐུབ་པ་དང་སངས་རྒྱས་སྤྱན་ལེགས་ཀྱི་སྨོན་ལམ་ཡང་འགྲུབ་དགོས་ཀྱི་རེད། དེར་བརྟེན་སངས་རྒྱས་མོས་པ་སྣང་མཛད་ཀྱི་སྐབས་སུ་སྔགས་ཀྱི་བསྟན་པ་ཡོང་བ་རིགས་པས་སྒྲུབ་ཚུལ་དེ་ལྟར་རེད།

སྤྱིར་བསྐལ་པ་ལ་མུན་པའི་བསྐལ་པ་མང་བ་རེད། སྒྲོན་བསྐལ་ལའང་སངས་རྒྱས་བྱོན་པ་དང་མ་བྱོན་པའི་སྐབས་གཉིས་ལས་སངས་རྒྱས་མ་བྱོན་པའི་སྐབས་མང་བ་རེད། དཔེར་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཚེ་ལོ་བརྒྱ་པའི་སྐབས་སུ་བྱོན་ཞིང་། བསྟན་པ་ལོ་ལྔ་བརྒྱ་ཕྲག་བཅུའམ་ལོ་སྟོང་ཕྲག་ལྔ་གནས་ཏེ་བསྟན་པ་ཉམས་རྒྱུ་རེད། དེ་ནས་རྗེ་བཙུན་བྱམས་མགོན་གྱི་བསྟན་པ་མ་དར་གྱི་བར་དུ་སྟོང་ཆ་ཆེན་པོ་རེད། ཤཱཀྱ་ཐུབ་པའི་བསྟན་པ་ཉམས་ནས་ཚེ་ལོ་བཅུ་པའི་བར་དུ་འགྲོ་བ་དང་། དེ་ནས་འཕེལ་ནས་ཚེ་ལོ་བརྒྱད་ཁྲི་ལ་སོན་སྐབས་གཞི་ནས་རྗེ་བཙུན་བྱམས་མགོན་ཕེབས་རྒྱུ་རེད། གང་ལྟར་རྒྱལ་བ་བྱམས་པ་ཕེབས་པ་ལའང་ལོ་དུང་ཕྱུར་མང་པོ་འགོར་རྒྱུ་རེད། དེས་ན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་མ་བྱོན་པ་གཉིས་ལས་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་གནས་སྐབས་དེ་ཧ་ཅང་རིང་བ་རེད། སྤྱོད་འཇུག་ལས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །ཞེས་གསུངས་པ་དེ་ཧ་ཅང་དཔེ་མཚུངས་པོ་རེད། དཔེ་མཚུངས་པོ་ཇི་ལྟར་ཡོད་ཅེ་ན། ད་ལྟ་གླིང་བཞི་གླིང་ཕྲན་དང་བཅས་པའི་བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོ་ Pacific Ocean དང་ Indian Ocean ལྟ་བུ་ཞིག་ཡོད་པ་དང་། དེའི་ནང་རུས་སྦལ་དམུས་ལོང་ཞིག་རྒྱ་མཚོའི་གཏིང་དུ་ཡོད་པ། རྒྱ་མཚོ་དེའི་ཁ་ལ་གཉའ་ཤིང་ཨི་ཁུང་གཅིག་མ་གཏོགས་མེད་པ་དེ་རྦ་རླབས་ཀྱིས་ཕར་ཚུར་གཡོ་འགུལ་གྱིས་གང་སར་འཁྱམས་པ། ལོ་བརྒྱ་རེའི་མཚམས་སུ་རུས་སྦལ་དམུས་ལོང་དེ་རྒྱ་མཚོའི་ཁར་མགོ་རྡོག་ཙམ་ཐེངས་གཅིག་ཐོན་པ། དེས་ན་རྒྱ་མཚོའི་ནང་དུ་རྣམ་པར་འཁྱམས་པའི་གཉའ་ཤིང་དང་། རུས་སྦལ་གཉིས་ཁ་ཐུག་བརྒྱབས་ནས་གཉའ་ཤིང་གི་ཨི་ཁུང་ནང་རུས་སྦལ་གྱི་མགོ་ཆུད་པ་སྲིད་དམ་ཞེ་ན། སྲིད་མཐའ་མ་བཀག་པ་མ་གཏོགས། དེ་ནི་ཧ་ཅང་ཡོང་ཁག་པོ་རེད། ཧ་ལམ་ཡོང་རྒྱུ་མེད་པ་ལྟ་བུ་རེད། དེ་བཞིན་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ་དང་མཇལ་རྒྱུ་དང་། ལྷག་པར་དུ་སྔགས་ཀྱི་བསྟན་པ་དང་མཇལ་རྒྱུ་དེ་བས་ཀྱང་དཀའ་བ་རེད། གང་ལགས་ཤེ་ན། འཇིག་རྟེན་གྱི་ཁམས་གྲངས་མེད་པའི་ནང་ང་ཚོ་སྐྱེ་བ་བླངས་པར་བརྟེན།  སྐྱེ་བ་བླང་སའི་འཇིག་རྟེན་གྱི་ཁམས་ནང་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་ངེས་པ་གང་ཡང་མེད། སངས་རྒྱས་མ་བྱོན་པའི་འཇིག་རྟེན་དེ་ཧ་ཅང་མང་བ་རེད། གལ་ཏེ་སངས་རྒྱས་བྱོན་པའི་འཇིག་རྟེན་ནང་སྐྱེས་ནའང་། སངས་རྒྱས་ཀྱི་བསྟན་པ་མེད་པའི་སྐབས་དེ་ཧ་ཅང་གིས་རིང་བ་རེད། དེ་བཞིན་སངས་རྒྱས་བྱོན་པའི་འཇིག་རྟེན་དང་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་སྐབས་སུ་སྐྱེས་ནའང་།  སངས་རྒྱས་ཀྱི་བསྟན་པ་ཡོད་པའི་ཡུལ་གྲུ་ལ་སྐྱེས་པའི་ངེས་པ་ཁྱོན་ནས་མེད། འཛམ་བུ་གླིང་ནང་མི་དུང་ཕྱུར་མང་པོ་ཡོད་ཀྱང་།  སངས་རྒྱས་ཀྱི་བསྟན་པ་དང་མཇལ་མཁན་དེ་ཧ་ཅང་ཉུང་ཉུང་རེད། དེས་ན་ད་ལྟ་རུས་སྦལ་མགྲིན་ཆུད་ཀྱི་དཔེ་དེ་ལས་ཀྱང་ཧ་ཅང་དཀའ་བ་རེད། མདོར་ན་སྤྱིར་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཧ་ཅང་རྒྱ་ཆེ་བ་དང་། མཐའ་མེད་པ། ནམ་མཁའ་དང་མཉམ་པ། དེའི་ནང་སངས་རྒྱས་ཀྱི་བསྟན་པ་ཡོད་པ་དེ་ཧ་ཅང་ཉུང་ཉུང་ཡིན་པ་དང་། ང་ཚོ་མི་ལ་སྐྱེ་རྒྱུ་དེ་ཧ་ཅང་ཁག་པོ། གལ་ཏེ་མི་ལ་སྐྱེས་ནའང་བསྟན་པ་གནས་པ་དང་བསྟན་པ་ཡོད་པ་ཞིག་ཏུ་སྐྱེ་རྒྱུ་དེ་བས་ཁག་པོ་ཡིན་སྟབས། དངོས་གནས་བསྟན་པ་དང་མཇལ་རྒྱུ་ཧ་ཅང་གིས་ཁག་པོ་རེད། དེས་ན་ད་རེས་ལན་གཅིག་མཇལ་བའི་སྐབས་སུ་སྣོད་དུ་རུང་དང་མ་རུང་དང་། དམ་ཚིག་དང་སྡོམ་པ་བསྲུང་ཐུབ་དང་མ་ཐུབ་པའི་ཉེན་ཁ་ཡོད་ནའང་། སྙིང་སྟོབས་ཀྱི་སྒོ་ནས་ཕལ་ཆེ་བ་སྔགས་ལ་འཇུག་གི་ཡོད། དེང་སང་བླ་མ་ཚོས་ཞུ་མཁན་སུ་བྱུང་ནའང་། གསུང་ཆོས་གནང་བའི་དགོངས་པ་བཞེས་ས་གཙོ་བོ་དེ་རེད། སྔགས་ཀྱི་བསྟན་པ་གང་བྱུང་ལ་གསུངས་ནས་བླ་མ་ཁོ་རང་དམྱལ་བར་ཕེབས་དགོས་བྱུང་ནའང་ཕེབས་བསམ་པ་ཞིག་གི་སྙིང་སྟོབས་བསྐྱེད་པ་དེ་ཚང་མ་སྔགས་ཀྱི་བསྟན་པའི་བག་ཆགས་ཤིག་འཇོག་ཐུབ་ན་དགོངས་པ་རེད།

དེའི་ཐོག་བོད་དུ་ཕྱག་བཞེས་མི་འདྲ་བ་གཉིས་རེད། ཕྱག་བཞེས་གཅིག་ལ་ནི་བླ་མ་ཁ་ཤས་ཀྱིས་ཧ་ཅང་དོ་དམ་པོས་སྔགས་བླ་མེད་ཀྱི་དབང་མི་ཉེར་ལྔ་ལས་མི་བརྒལ་བ་དང་།  དབང་མང་པོ་ཞིག་བླ་མ་གཅིག་དང་སློབ་མ་གཅིག་བཅས་ཆིག་བརྒྱུད་གནང་བའང་མང་པོ་རེད། ད་ལྟ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ལྟ་བུ་ཡིན་ན། ཇོ་ནང་ཏཱ་ར་ནཱ་ཐ་ཕུད་དེ་དུས་འཁོར་དབང་ཆེན་མང་ཤོས་གནང་མཁན་ཞིག་ཡིན། ཏཱ་ར་ནཱ་ཐས་ནི་དུས་འཁོར་དབང་ཆེན་ལས་སླ་པོས་མི་ལྔ་བྱུང་ནའང་གནང་གི་ཡོད། སྤྱིར་རྒྱལ་དབང་སྐུ་ཕྲེང་བཅུ་བཞིའི་ནང་དུས་འཁོར་དབང་ཆེན་གནང་མཁན་ཕལ་ཆེར་ཉུང་ཉུང་ཡིན་རྒྱུ་རེད། རྒྱལ་དབང་སྐལ་བཟང་རྒྱ་མཚོས་དུས་འཁོར་དབང་ཆེན་གནང་བའི་སྐབས་སུ་མི་འབུམ་གཅིག་འཚོགས་པ་དང་། སྐབས་དེར་འབུམ་སྐད་རྒྱག་པ་དེ་ཚེ་མཆོག་གླིང་དུའང་གོ་ཚུལ་ལྷ་ས་ལ་བཤད་རྒྱུ་བྱུང་བ་རེད། དེས་ན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པོ་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བའི་སྐབས་སུ་སྣོད་དུ་རུང་དང་མ་རུང་དང་། སྔགས་འདོན་ཤེས་དང་མ་ཤེས། དམ་ཚིག་དང་སྡོམ་པ་སྲུང་ཤེས་དང་མ་ཤེས་མ་ཟད། དད་པ་ཡོད་དང་མེད་ཀྱི་དབྱེ་བའང་མེད་ལ། ང་བཅར་ཆོག་པ་ཞུ་ཞེས་ཞུ་མཁན་ཡང་མེད། ཕལ་ཆེར་ཡུལ་སྐོར་སྤྲོ་འཆམ་པ་དེ་ཚོའང་དུས་འཁོར་དབང་ཆེན་ནང་བསྡད་པ་དེ་འདྲ་ཡོད་རེད། དེ་དག་ནི་སེམས་ཅན་གང་མང་ལ་ཕན་ཐོགས་པའི་རྒྱུ་རུ་རླབས་ཆེན་པོས་སྔགས་ཀྱི་བསྟན་པ་ལ་བག་ཆགས་འཇོག་ཐུབ་པའི་ཆེད་དུ་རེད།

བོད་བརྒྱུད་ནང་བསྟན་གྱི་བསྟན་པ་སྤྱིའི་རྣམ་གཞག་བཤད་པའི་སྐབས་སུ་སྔགས་ཀྱི་སྐོར་མ་བཤད་ན་མི་འགྲིགས་པ་ལྟ་བུ་ཞིག་ཡོད།  ང་ཚོས་སློབ་ཚན་དེ་དག་བཟོ་བའི་སྐབས་སུ་འདི་གཞག་དང་མི་གཞག་གི་སྐད་ཆ་མང་པོ་བྱུང་བའི་མཐའ་མར་གཞག་རྒྱུ་ཐག་བཅད་པ་རེད། སྤྱིར་བཏང་སྔགས་ལ་འཇུག་དགོས་པའི་རྒྱུ་མཚན་དང་། སྔགས་ཟེར་བ་དེ་གང་འདྲ་ཞིག་ལ་བརྗོད་པ། མདོ་དང་སྔགས་ཀྱི་ཁྱད་པར་གཙོ་བོ་གང་ནས་ཕྱེ་བ་ཙམ་གྱིས་འཐུས་པ་ཞུ་རྒྱུ་ཡིན།  རྩ་བའི་སྔགས་འདི་ཧ་ཅང་དཀོན་པོ་དང་རྩ་ཆེན་པོ་ཡིན་པ་བརྗོད་མ་དགོས། དཔེར་ན་བྱང་ཆུབ་སེམས་དཔའ་དབང་རྣོན་ཞིག་གིས་ཀྱང་བསྐལ་པ་གྲངས་མེད་གསུམ་གྱི་རིང་ལ་བསྒྲུབ་དགོས་པའི་སངས་རྒྱས་དེ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སྒྲུབ་པ་དང་།  དེ་ལས་ཀྱང་མྱུར་བར་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ཏེ། ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་གསུམ་གྱི་ཡི་དམ་གྱི་ལྷ་རྣམས་ཡ་མ་བྲལ་བར་ཉམས་སུ་བླང་ན། ལོ་གསུམ་དང་ཕྱོགས་གསུམ་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་ཡིན། གང་ལྟར་བསྐལ་པ་གྲངས་མེད་གསུམ་གྱི་རིང་ལ་བསྒྲུབ་དགོས་པའི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཞེས་བྱ་བའི་སྒྲ་བོ་ཆེ་དེ་འཆིང་བ་ཀུན་ལྡན་ལས་དང་པོ་བ་ཉོན་མོངས་ཀྱི་ཁ་མ་བྲི་བ་ཞིག་གིས་ད་ལྟ་ནས་འགོ་བརྩམས་ནས་ལོ་གསུམ་གྱི་ནང་ལ་འཐོབ་ཐུབ་པའི་ཐབས་ཤིག་བཤད་དུས། དེ་ལས་ཧ་ལས་དགོས་པ་དང་། དེ་ལས་གྲགས་ཆེ་བ། དེ་ལས་ངོ་མཚར་བ་ཞིག་མེད་པ་བཤད་མ་དགོས། དཔེར་ན། དེང་སང་ནམ་མཁའ་ལ་གཏོང་བའི་མེ་ཤུགས་འཕུར་མདའ་ (Rocket) ཟེར་བ་དེ་ཆུ་ཚོད་རེ་ལ་ཀི་ལོ་མི་ཊར་སྟོང་ཕྲག་འགའ་ཤས་འགྲོ་བའི་མགྱོགས་ཚད་ཡོད་ཅེས་ཧ་ལས་ལས་ཀྱིས་དེ་ནི་ཚན་རིག་གི་ཡར་རྒྱས་ཆེན་པོ་རེད་ཅེས་བཤད་ཀྱི་ཡོད་ཀྱང་། དེའི་ནང་འགྲོ་མཁན་གྱི་གང་ཟག་དེ་ནི་ཉོན་མོངས་པ་གང་འདྲ་ཞིག་གིས་བཅིངས་ནས་ཕྱིན་པ་དེ་གྲ་མ་ཉམས་གྲུ་མ་ཞིག་པར་ང་རྒྱལ་དང་། ཁོང་ཁྲོ། གཏི་མུག ཞེ་སྡང་སོགས་རང་འཇགས་འཁྱེར་ནས་སླེབས་རྒྱུ་རེད། གང་ལྟར་ཉོན་མོངས་སྟོང་པ་བྱས་ནས་སླེབས་པའི་རེ་བ་ཁྱོན་ནས་མེད། དེ་འདྲ་ཞིག་གི་གནས་ཚུལ་ལ་བསམ་བློ་བཏང་ན། དངོས་གནས་སྔགས་ཀྱི་ལམ་ཟེར་བ་དེ་བློ་ཡུལ་དུ་མི་ཤོང་བའི་ངོ་མཚར་ཅན་ཞིག་ཡིན་པ་དེ་ངེས་པར་དུ་དཔག་ཐུབ་པ་དང་། མཚོན་ཐུབ་པ་ཞིག་རེད།

སྔགས་ལམ་གྱི་ཟབ་ཁྱད་དེ་ཇི་ལྟར་འདོན་གྱི་ཡོད་ཅེ་ན། སྔགས་ལུགས་ལྟར་བཤད་ན། ཕར་ཕྱིན་ཐེག་པ་ལ་སངས་རྒྱས་པའི་ཐབས་ཆ་ཚང་བ་མེད་པ་དང་། ཕར་ཕྱིན་ཐེག་པའི་རང་ལམ་རྐྱང་པ་ལ་བརྟེན་ནས་སངས་རྒྱས་མི་ཐུབ་པར་གསུངས། དེས་ན་ཕར་ཕྱིན་ཐེག་པའི་རང་ལམ་ལ་བརྟེན་པའི་བྱང་ཆུབ་སེམས་དཔའ་ཚོས་ཀྱང་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ་ས་བཅུའི་རྒྱུན་མཐའི་གནས་སྐབས་སུ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་རེད། མདོའི་སྐབས་སུ་འོད་ཟེར་ཆེན་མོའི་དབང་བསྐུར་བའི་སྐད་ཆ་ཞིག་ཡོད། དེ་ནི་སྔགས་ཀྱི་སྐད་ཆ་རེད། གང་ལྟར་འོད་ཟེར་ཆེན་པོའི་དབང་བསྐུར་ཏེ་སྔགས་བླ་མེད་ཀྱི་ཉམས་ལེན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པ་ལས། སྔགས་བླ་མེད་ལ་མ་བརྟེན་པར་ཕར་ཕྱིན་ཐེག་པའི་རང་ལམ་རྐྱང་པས་སངས་རྒྱས་མི་ཐུབ། ཐུན་མོང་གདུལ་བྱའི་སྣང་ངོར་སྟོན་པ་ཤཱཀྱ་ཐུབ་པ་རྡོ་རྗེ་གདན་ལ་སངས་རྒྱས་པའི་མཛད་པ་སྟོན་པའི་སྐབས་སུ་བྱང་ཆུབ་ཀྱི་ཤིང་དྲུང་ལ་སྐྱིལ་ཀྲུང་མི་བཤིག་པར་བཞུགས་མ་ཐག་ཏུ་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་མདུན་དུ་བྱོན་ནས་ལྷའི་བུ་མོ་ཐིག་ལེ་མཆོག་མ་ཟེར་བ་བཀུག་ནས་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་སོགས་གནང་སྟེ་རིམ་པ་བཞི་པའི་དོན་གྱི་འོད་གསལ་ནས་ཐད་ཀར་སྔགས་ལམ་ལ་འཇུག་པ་དང་། ཕལ་ཆེར་ཆུ་ཚོད་ཁ་ཤས་ཤིག་སྔགས་ཀྱི་ཉམས་བཞེས་མཛད་པ་ལ་བརྟེན་ནས་སྲོད་ལ་དབང་བསྐུར་བ་དང་། གུང་ལ་འོད་གསལ་གྱི་ཉམས་བཞེས། དེ་ནས་ཐོ་རངས་ལ་སངས་རྒྱས་པ་རེད་ཟེར། དེས་ན་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག  ཐོ་རངས་ལ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བདུད་བཏུལ་བའི་རྗེས་སུ་ལམ་སེང་དབང་བསྐུར་བའི་ཆོ་ག་འདི་སྦྱར་བ་དང་། དེའི་རྗེས་སུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་རེད་ཟེར། སྔགས་ཀྱི་སྐབས་སུ་རྡོ་རྗེ་གདན་ལ་སངས་རྒྱས་པ་དེ་སངས་རྒྱས་པ་དངོས་ལ་མི་བརྩི་ཞིང་། སངས་རྒྱས་པའི་མཛད་པ་བསྟན་པ་ཟེར་གྱི་རེད།  སངས་རྒྱས་པའི་མཛད་པ་སྟོན་པའི་སྐབས་སུའང་དབང་བཞེས་པ་དེ་དག་ཚང་མ་མཛད་པ་བསྟན་པ་རེད་ཅེས་བརྗོད་ཀྱི་རེད། དེའི་ཟབ་ཁྱད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་གང་རེད་ཅེ་ན། ཕར་ཕྱིན་ཐེག་པའི་ལམ་ལ་སངས་རྒྱས་ཀྱི་སའི་ཆོས་གཟུགས་ཀྱི་སྐུ་གཉིས་ལས་གཟུགས་སྐུའི་ཉེར་ལེན་གྱི་རྒྱུ་གསུངས་མེད། དེ་ཡང་རིགས་པ་དྲུག་ཅུ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་ཀ་ཡོད་པ་ལ་སངས་རྒྱས་གོ་འཕང་ཞེས་བརྗོད། ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རེད། ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་མངོན་སུམ་དུ་གཟིགས་པ་ཡིན་སྟབས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་དག་པའི་མཁྱེན་པ་དེ་ལ་ཆོས་ཀྱི་སྐུ་ཞེས་བརྗོད། དེ་ལ་ཡེ་ཤེས་ཆོས་སྐུ་ཟེར་ནའང་འགྲིག་ལ།  ཆོས་སྐུ་ཟེར་ནའང་འགྲིག  གང་ལྟར་དེ་ནི་ཡེ་ཤེས་ཆོས་སྐུ་དེ་རེད།  དེ་ལྟ་བུའི་ཡེ་ཤེས་ཆོས་ཀྱི་སྐུ་དེས་གཟུགས་ཀྱི་སྐུ་ལ་མ་བརྟེན་པར་གདུལ་བྱའི་དོན་མཛད་ཐབས་མེད། ཡེ་ཤེས་ཆོས་ཀྱི་སྐུ་དེ་ནི་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་སྤྱོད་ཡུལ་རེད། དེ་བཞིན་དེ་དང་མཉམ་དུ་འགྲོ་བའི་ངོ་བོ་ཉིད་སྐུའང་དེ་རང་རེད།  དེས་ན་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་ཀྱིས་གདུལ་བྱའི་དོན་མཛད་ཐབས་མེད་པ་ཡིན་སྟབས། གཟུགས་ཀྱི་སྐུ་དེ་དགོས་པ་རེད། དེ་ཙམ་དུ་མ་ཟད་ད་ལྟ་ང་ཚོ་སློབ་པ་དྲི་བཅས་ཀྱི་གནས་སྐབས་སུ་ལུས་དང་སེམས་བྲལ་མི་རུང་བ་ཡོད་པ་བཞིན། དྲི་མ་དག་པའི་གནས་སྐབས་སུའང་ལུས་དང་སེམས་གཉིས་ཚོགས་ཤིག་དགོས་པ་ལས། སེམས་རྐྱང་པ་མ་གཏོགས་ལུས་མེད་པ་ཆགས་ན། རིགས་པ་དང་འགལ་རྒྱུ་རེད། དེར་བརྟེན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའི་གཟུགས་ཀྱི་སྐུ་དེ་བསྒྲུབ་དགོས། དེ་འདྲ་བའི་གཟུགས་ཀྱི་སྐུ་སྒྲུབ་པའི་ཉེར་ལེན་གྱི་རྒྱུ་སྔགས་ཀྱི་སྐབས་སུ་མ་གཏོགས། ཕར་ཕྱིན་ཐེག་པའི་སྐབས་སུ་གསུངས་མེད།

ཆོས་ཀྱི་སྐུ་སྒྲུབ་པའི་ཉེར་ལེན་གྱི་རྒྱུ་ནི་སློབ་པ་ལམ་གྱི་གནས་སྐབས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་རེད། དེ་ཡང་སློབ་པ་ལམ་གྱི་གནས་སྐབས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ས་དང་པོ་ཐོབ་དུས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་སོང་བ་དང་། དེ་ལྟ་བུའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་དེ་རྒྱུན་མ་ཆད་པར་ས་བཅུའི་རྒྱུན་མཐའི་བར་ཆད་མེད་ལམ་གྱི་ངོ་བོར་གྱུར་ནས་རང་གི་ངོ་སྐལ་དུ་གྱུར་པའི་ཤེས་སྒྲིབ་ཕྲ་བ་དེ་སྤངས་པ་དང་མཉམ་དུ་རྣམ་གྲོལ་ལམ་ཐོབ་པ་དང་རྣམ་མཁྱེན་གྱི་ངོ་བོར་གྱུར་པ་རེད། དེས་ན་རྣམ་མཁྱེན་གྱི་ངོ་བོར་འགྱུར་བའི་ཉེར་ལེན་དེ་ཕར་ཕྱིན་ཐེག་པའི་སྐབས་སུ་བཤད་ཡོད། དེ་མིན་གཟུགས་ཀྱི་སྐུའི་ངོ་བོར་འགྲོ་བའི་ཉེར་ལེན་གྱི་རྒྱུ་འདི་ཡིན་ཞེས་ཕར་ཕྱིན་ཐེག་པ་ནས་གསལ་པོ་གསུངས་མེད། དཔེར་ན་མངོན་རྟོགས་རྒྱན་ལས། བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླངས་པ་བརྟན་པ་དང་། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཞེས་སོགས་མཚན་བཟང་གི་རྒྱུ་མང་པོ་ཞིག་གསུངས་ཡོད། དེ་བཞིན་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བསམ་གཏན་བཅས་བསོད་ནམས་ཀྱི་ཚོགས་རྣམས་གཟུགས་ཀྱི་སྐུ་སྒྲུབ་པའི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་མ་གཏོགས། རྗེས་སུ་གཟུགས་ཀྱི་སྐུའི་ངོ་བོར་འགྲོ་བ་ཞིག་མེད། དེས་ན་བསོད་ནམས་ཀྱི་ཚོགས་རྣམས་རྫ་མཁན་དང་། མེར་བསྲེགས་གཏོང་བྱེད་ཀྱི་ཅ་ལག དེ་བཞིན་རི་མོ་འབྲི་སྤྱད་དང་། རྩི་གཏོང་བྱེད་ཀྱི་ཅ་ལག་ལྟ་བུ་ལས། རྫ་མ་བཟོ་བྱེད་ཀྱི་རྒྱུ་འདམ་བག་ལྟ་བུ་དེ་ཕར་ཕྱིན་ཐེག་པའི་སྐབས་སུ་བཤད་མེད།  དཔེར་ན། ང་ཚོའི་ད་ལྟའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ནི་ཟག་པ་དང་བཅས་པ་དང་། ལས་དང་ཉོན་མོངས་པས་འཕངས་པ་ཞིག་རེད། དེ་ནི་ཡག་ཏུ་ཕྱིན་ནས་སངས་རྒྱས་ཀྱི་སྐུ་རུ་འགྲོ་རྒྱུ་མེད་པ་ཡིན་སྟབས། སངས་རྒྱས་ཀྱི་གཟུགས་སྐུ་སྒྲུབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་ཉེར་ལེན་ཞིག་དགོས་ཀྱི་རེད། ཐ་མལ་པའི་སྐབས་ནས་ཡོད་པའི་དངོས་པོ་གང་ཞིག་ཇེ་དག་ཏུ་ཕྱིན་ནས་མཚན་བཟང་གིས་སྤྲས་པའི་སངས་རྒྱས་ཀྱི་སྐུ་གཟུགས་བསྒྲུབ་རྒྱུ་དེའི་ཚུལ་བཤད་དགོས་ཀྱང་།  དེ་ནི་སྔགས་ཀྱི་སྐབས་སུ་མ་གཏོགས་ཕར་ཕྱིན་ཐེག་པའི་སྐབས་སུ་བཤད་མེད།

སྔགས་ཀྱི་སྐབས་སུ་དེ་འདྲ་བའི་ལམ་དེ་གང་བཤད་ཡོད་ཅེ་ན། སྤྱིར་བཏང་སྔགས་ཙམ་ལ་བྱས་ན་བསྒོམས་པ་ལས་སྐྱེས་པའི་ལྷའི་སྐུ་དེ་རེད། ང་ཚོའི་ལུས་འདི་ལྷའི་སྐུ་ལ་བསྒོམས་ནས་མཐར་བསྒོམས་སྟོབས་ཀྱིས་གྲུབ་པའི་ལྷའི་ལུས་ཤིག་བསྒྲུབ་རྒྱུ་ཡོད། སློབ་པ་ལམ་གྱི་གནས་སྐབས་སུ་བསྒོམས་སྟོབས་ཀྱིས་ཐོབ་པའི་ལྷའི་ལུས་དེ་སངས་རྒྱས་པའི་གནས་སྐབས་སུ་གཟུགས་ཀྱི་སྐུའི་ངོ་བོ་ལ་འགྱུར་བ་རེད། འོན་ཀྱང་སྔགས་བླ་མེད་སྐབས་སུ་དངོས་གནས་གཟུགས་སྐུའི་རྒྱུ་ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་པ་ལ་གནད་དུ་བསྣུན་ནས་སྒྱུ་མའི་ལུས་ལ་ལྡང་རྒྱུ་ཞིག་ཡོད་རེད། དེ་ནི་སྔགས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད། སྤྱིར་བཏང་སྔགས་ཀྱི་རྒྱུད་སྡེ་འོག་མའི་སྐབས་སུའང་ཕར་ཕྱིན་ཐེག་པ་ལས་ལྷག་པའི་གཟུགས་སྐུའི་རྒྱུ་ཞིག་བཤད་ཡོད། གང་ལྟར་ལུས་ལྷའི་སྐུ་ལ་བསྒོམ་རྒྱུ་དང་། དེ་ལ་ཡེ་ཤེས་པ་དགུག་གཞུག་བསྟིམས་པའི་རྣམ་གཞག་ཅིག་བཤད་ཡོང་གི་ཡོད། དེ་ལྟ་བུ་ནི་སྔགས་ཀྱི་ཟབ་ཁྱད་ཅིག་ཆགས་ཡོད།

སྔགས་ཀྱི་ཟབ་ཁྱད་གཉིས་པ་ནི་འབྲས་དུས་ཀྱི་གནས་སྐབས་ཀྱི་ཡོན་ཏན་དེ་དག་སྨོན་པའི་ཡུལ་དང་འཐོབ་པར་བྱ་བའི་ཡུལ་ཙམ་དུ་མ་བཞག་པར། དེ་ནི་ད་ལྟ་ནས་མོས་པ་ཡིད་བྱེད་ཙམ་ལས་མ་བྱུང་ཡང་ལམ་ལ་ཁྱེར་ནས་ལམ་གྱི་དུས་ནས་བསྒོམ་རྒྱུའི་ཐབས་ཤིག་གསུངས་པ་རེད། ལམ་དུས་ནས་བསྒོམ་རྒྱུའི་ཐབས་དེ་ཇི་ལྟར་གསུངས་པ་རེད་ཅེ་ན། དཔེར་ན། འབྲས་བུ་སངས་རྒྱས་ཀྱི་སའི་གནས་ཡོངས་སུ་དག་པ་དང་། ལོངས་སྤྱོད་ཡོངས་སུ་དག་པ། ལུས་ཡོངས་སུ་དག་པ། འཁོར་ཡོངས་སུ་དག་པ་བཅས་ཡོངས་སུ་དག་པ་བཞི་པོ་དེ་དང་རྣམ་པ་མཐུན་པའི་ལམ་ད་ལྟ་ནས་ང་རྒྱལ་བཞག་ནས་སྒོམ་གྱི་ཡོད། དེ་ཡང་ཐ་མལ་གྱི་སྣང་བ་དང་ཐ་མལ་གྱི་ཞེན་པ་གཉིས་པོ་སྤང་བྱའི་གཙོ་བོ་རེད། གཞལ་ཡས་ཁང་བསྐྱེད་ནས་འབྲས་བུ་སངས་རྒྱས་ཀྱི་སའི་གནས་ཡོངས་སུ་དག་པ་དང་། རང་ཉིད་ལྷ་ལ་བསྐྱེད་ནས་འབྲས་བུ་སངས་རྒྱས་ཀྱི་སའི་ཡོངས་སུ་དག་པའི་སྐུའི་རྣམ་པར་བསྒོམ་པ་དང་། དེ་ནས་རང་གི་ཐུགས་ཀ་ནས་འཕྲོས་པའི་མཆོད་པའི་ལྷ་མོས་ཕུལ་བའི་མཆོད་པ་བདག་གིར་བྱས་ནས་འབྲས་བུ་སངས་རྒྱས་ཀྱི་སའི་ལོངས་སྤྱོད་ཡོངས་སུ་དག་པ། དེ་བཞིན་དཀྱིལ་འཁོར་གྱི་ལྷ་ཚོགས་བསྒོམས་ནས་འབྲས་བུ་སངས་རྒྱས་ཀྱི་སའི་འཁོར་ཡོངས་སུ་དག་པ། དེ་ལྟར་སངས་རྒྱས་ཀྱི་སའི་ཡོངས་དག་ཐམས་ཅད་དང་རྣམ་པ་མཐུན་པའི་ལམ་ད་ལྟ་སློབ་པ་ལམ་གྱི་གནས་སྐབས་སུ་བསྒོམས་ནས་འགྲོ་རྒྱུ་རེད། དེ་འདྲའི་ཆ་ནས་སྔགས་དེ་ཕར་ཕྱིན་ཐེག་པ་ལས་ཁྱད་པར་དུ་འཕགས་པ་རེད།

ཕར་ཕྱིན་ཐེག་པའི་སྐབས་སུ་ཉོན་མོངས་པ་རྣམས་དངོས་གཉེན་གྱིས་སྤངས་པ་མ་གཏོགས། ཉོན་མོངས་པ་དེ་ལམ་གྱི་གྲོགས་སུ་བསྒྱུར་བའམ་ལམ་དུ་འཁྱེར་བའི་ཐབས་ལམ་དེ་མེད། དེ་ལྟར་ཕར་ཕྱིན་ཐེག་པའི་སྐབས་སུ་མ་བཤད་པའི་ཉོན་མོངས་ལམ་འཁྱེར་གྱི་ཚུལ་དེ་སྔགས་ཀྱི་སྐབས་སུ་བཤད་པ་ཡིན་སྟབས། ཉོན་མོངས་སྤང་བ་ལ་དུས་ཚོད་ཉུང་བ་འགོར་བ་དང་ལས་སླ་བ་ཡོད་རེད། དཔེར་ན་ཤིང་ལས་སྐྱེས་པའི་སྲིན་འབུས་ཤིང་ཟོས་པ་བཞིན་འདོད་ཆགས་ལས་སྐྱེས་པའི་བདེ་བས་འདོད་ཆགས་ཟད་པར་བྱེད་ཅིང་། དེ་ལྟར་ཉོན་མོངས་པ་དེ་ཉོན་མོངས་པའི་གཉེན་པོར་འགྲོ་བའི་ཐབས་སམ་ཉོན་མོངས་པའི་གཉེན་པོའི་ལམ་དུ་བསྒྱུར་བའི་ཐབས་ཁྱད་པར་ཅན་ཞིག་བསྟན་པ་རེད། ཚུལ་གསུམ་སྒྲོན་མེ་ལས།  དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སྔགས་ཀྱི་ལམ་གྱི་སྒོ་ནས་འཐོབ་པའི་སངས་རྒྱས་གོ་འཕང་དང་། ཕར་ཕྱིན་ཐེག་པའི་ལམ་གྱི་སྒོ་ནས་འཐོབ་རྒྱུའི་སངས་རྒྱས་ཀྱི་གོ་འཕང་ལ་ཁྱད་པར་མེད་ཅིང་དོན་གཅིག་རེད། ཡིན་ནའང་ཐབས་ལ་མ་རྨོངས་པ་དང་། ཐབས་མང་བ། དཀའ་བ་མེད་པ། དབང་པོ་རྣོན་པོའི་དབང་དུ་བྱས་ནས་གསུངས་པ་ཡིན་སྟབས། སྔགས་ཀྱི་ཐེག་པ་དེ་ཕར་ཕྱིན་ཐེག་པ་ལས་ཁྱད་པར་དུ་འཕགས་པ་རེད་ཅེས་གསུངས་པ་རེད། དེ་ནི་མདོར་ན་ལྷའི་རྣལ་འབྱོར་ཡོད་མེད་རེད། སྔགས་ཀྱི་ཐེག་པའི་སྐབས་སུ་ལྷའི་རྣལ་འབྱོར་ཡོད་པ་དང་། ཕར་ཕྱིན་ཐེག་པའི་སྐབས་སུ་ལྷའི་རྣལ་འབྱོར་མེད། སྤྱིར་ལྷའི་རྣལ་འབྱོར་ཟེར་བ་དེ་ངེས་པར་དུ་ལུས་ལྷ་སྐུར་བསྒོམ་པ་ཙམ་ལ་གསུང་གི་ཨེ་ཡོད། གང་ལྟར་ལྷའི་རྣལ་འབྱོར་གྱི་ཡན་ལག་ཐམས་ཅད་ལྷའི་རྣལ་འབྱོར་ལ་བཞག་ན་འགྲིག་གི་ཡོད་རྒྱུ་རེད། དེས་ན་ལྷའི་རྣལ་འབྱོར་ཡིན་མིན་གྱི་མཚམས་ཀྱང་འཇོག་ཁག་པོ་རེད། གལ་ཏེ་བདག་བསྐྱེད་སྒོམ་པ་མེད་པ་དེ་ལྷའི་རྣལ་འབྱོར་མེད་པ་ལ་བསམ་བློ་བཏང་ན། བྱ་རྒྱུད་ཀྱི་དཀྱིལ་འཁོར་མང་པོའི་སྒྲུབ་མཆོད་ཀྱི་ནང་མདུན་བསྐྱེད་རྐྱང་པས་དཀྱིལ་འཁོར་བསྒོམ་པའམ་རང་ཉིད་ཐ་མལ་པའི་འདུ་ཤེས་མ་གཏོགས་དཀྱིལ་འཁོར་གྱི་ནང་ལྷའི་ངོ་བོར་བསྒོམ་མ་དགོས་པ་དེ་འདྲ་ཡོད་རེད། གང་ལྟར་ལྷའི་རྣལ་འབྱོར་ཟེར་བ་དེ་འབྲས་དུས་ཀྱི་དེ་བཞིན་གཤེགས་པ་རྣམས་ད་ལྟའི་གནས་སྐབས་ནས་དངོས་སུ་བསྒོམས་པའི་སྟོབས་ཀྱིས་སྤྱན་དྲངས་ནས་དེ་ལ་མཆོད་པའི་བྱ་བ་ལ་སོགས་པ་བྱེད་པ་དང་། སྤྱིར་སྤྱན་དྲངས་པ་སོགས་སྔགས་ཀྱི་སྐད་ཆ་རེད་མ་གཏོགས། མདོ་ལུགས་ལ་སྤྱན་དྲངས་པའི་སྐད་ཆ་མེད། དཔེར་ན་སྤྱན་དྲངས། བཞུགས་སུ་གསོལ། དམ་བཞག་བྱེད།  མཆོད་པ་ཕུལ་བ་སོགས་སྔགས་ལུགས་རེད། དེ་ལྟར་རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ལ་སོགས་པ་སྤྱན་དྲངས་ནས་དེ་ལ་མཆོད་པ་ཕུལ་བ་སོགས་ཚང་མ་ལྷའི་རྣལ་འབྱོར་གྱི་ཁོངས་སུ་གཞག་དགོས། དེ་འདྲའི་ལྷའི་རྣལ་འབྱོར་ལ་བརྟེན་ནས་ཉོན་མོངས་པ་ཟད་པའི་ཐབས་ཁྱད་པར་ཅན་བསྟན་པ་ཡིན་སྟབས། དེ་ལ་སྔགས་ཀྱི་ཐེག་པ་ཞེས་བརྗོད།

སྔགས་ཀྱི་ཐེག་པའི་ཆེད་དུ་བྱ་བའི་གདུལ་བྱ་ལ་དབང་པོ་རྣོ་རྟུལ་གྱི་དབང་གིས་རྒྱུད་ལའང་བཞི་ཆགས་པ་རེད། རྒྱུད་བཞི་ཞེས་པ་ནི་ཡོངས་གྲགས་ཀྱི་སྐད་ཆ་རེད། དེ་མིན་དམིགས་བསལ་གྱི་སྐད་ཆ་ནི་མང་པོ་རེད། དེས་ན་ཡོངས་གྲགས་ལ་བྱ་རྒྱུད་དང་། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་མེད་རྒྱུད་བཅས་བཞི་རེད། དེ་ཡང་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཉིས་གཅིག་ཏུ་བསྒྲིལ་ནས་རྒྱུད་གསུམ་དུ་བརྩིས་པའང་དཔེ་ཆ་ཁ་ཤས་ནང་གསལ། མ་གཞི་ནས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེའང་རྣལ་འབྱོར་གྱི་རྒྱུད་ནས་བྱུང་བ་རེད། གང་ལྟར་རྣལ་འབྱོར་གྱི་རྒྱུད་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་ཡིན་སྟབས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བཤད།  དེའི་ནང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ལམ་དེ་རྣལ་འབྱོར་བླ་མེད་ཀྱི་སྐབས་སུ་མ་གཏོགས་རྒྱུད་སྡེ་འོག་མ་གསུམ་ལ་མེད། ཚེ་གཅིག་ལུས་གཅིག་ཟེར་བ་དེ་བོད་པས་ཡོངས་གྲགས་བཤད་སྟངས་ཤིག་རེད་མ་གཏོགས། དེ་ལ་ཞིབ་ཆ་ཕྱེ་ན་ཚེ་གཅིག་ལ་མ་གཏོགས་ལུས་གཅིག་ལ་སངས་རྒྱས་པ་མེད་ཅེས་བརྗོད་མཁན་ཡང་ཡོད་ཅིང་། ལུས་གཅིག་ལ་སངས་རྒྱས་རྒྱུ་མེད་དེ། ཐ་མལ་པའི་ལུས་འདི་ལས་ཉོན་གྱིས་འཕངས་པའི་རྣམ་སྨིན་ཡིན་པའི་ཕྱིར་ཞེས་བཤད། གང་ལྟར་ནའང་ཡོངས་གྲགས་ལ་སྔགས་བླ་མེད་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་སྐད་ཆ་དེ་བཤད་ཀྱི་རེད།

བྱ་རྒྱུད་ནི་ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཀྱི་ནང་ནས་ཕྱིའི་བྱ་བ་གཙོ་བོར་བྱེད་དགོས་པའི་ལྷའི་རྣལ་འབྱོར་གསུངས་པའི་རྒྱུད་ལ་བརྗོད། ཕྱིའི་བྱ་བ་ནི་མཆོད་པ་བཤམ་རྒྱུ་དང་།  ཁྲུས་བརྒྱབ་རྒྱུ།  གཙང་སྦྲ་བྱེད་རྒྱུ། སྔགས་བགྲང་རྒྱུ་སོགས་རེད།  སྤྱིར་བྱ་རྒྱུད་ཀྱི་ཆིངས་ལོགས་ཀ་རེད། དེ་རིང་བཤད་མ་དགོས་པ་བྱ་རྒྱུ་ཡིན། གང་ལྟར་རགས་པ་སྒྲ་བཤད་ཙམ་བཤད་ན། ནང་གི་རྣལ་འབྱོར་ལ་ཆད་ལྷག་ཕྲན་བུ་ཕྱིན་ནའང་དེ་ཙམ་གྱིས་སྐྱོན་མེད་པ་ལ་ཕྱིའི་བྱ་བ་ལ་ཆད་ལྷག་ཁྱོན་ནས་འགྲོ་མ་ཆོག་པ་དེ་འདྲའི་དམ་ཚིག་ཅིག་ཡོད་པ་ཡིན་སྟབས། དེ་ལ་བྱ་བའི་རྒྱུད་ཅེས་བརྗོད། དེ་ཡང་རྒྱུད་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །ཞེས་སོགས་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་བློ་གྲོས་དམན་པ་ལ་བྱ་བའི་རྒྱུད་གསུངས་ཤིང་། བྱ་བའི་རྒྱུད་ཀྱི་སྐབས་སུ་ཉིན་ལན་གསུམ་དང་མཚན་ལན་གསུམ་ཁྲུས་བརྒྱབ་དགོས་པ་སོགས་དང་། གལ་ཏེ་བྱེད་སྟངས་ཕྲན་བུ་མ་འགྲིག་ནའང་ལམ་སེང་ཡན་ལག་ལྔ་ཉེ་རེག་བྱ་དགོས་པ། མཆོད་པ་ཞིག་ཡིན་ནའང་མེ་ཏོག་དཀར་པོ་ཡིན་ན་དཀར་པོ་རྐྱང་རྐྱང་བཤམ་དགོས་པ། རྫས་ཆ་མང་པོ་རུག་རུག་བྱེད་དགོས་པ། དུས་ནས་དུས་སུ་དཀྱིལ་འཁོར་ལ་བ་བྱུང་བྱུག་དགོས་པ་སོགས་དེ་འདྲའི་ལས་ཀ་ཧ་ཅང་མང་པོ་རེད། དེས་ན་ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་བསྡུར་ན། ཕྱིའི་བྱ་བ་གཙོ་ཆེ་བ་ཡིན་སྟབས། དེ་ལ་བྱ་བའི་རྒྱུད་ཟེར།

སྤྱོད་པའི་རྒྱུད་ནི་ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཆ་མཉམ་དུ་བྱེད་ཅིང་། ཕྱིའི་བྱ་བ་གལ་ཆེན་པོ་ཡིན་པ་བཞིན་ནང་གི་རྣལ་འབྱོར་ཡང་གལ་ཆེན་པོ་བརྩི་བ་རེད། གང་ལྟར་ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་མཚུངས་པར་གལ་ཆེ་བ་དེ་ལ་སྤྱོད་པའི་རྒྱུད་ཅེས་བརྗོད།

རྣལ་འབྱོར་གྱི་རྒྱུད་ནི་ཕྱིའི་བྱ་བ་ལ་དེ་ཙམ་གྱིས་ལྟོས་མ་དགོས་པར་ནང་གི་རྣལ་འབྱོར་ཅུང་ཟད་གཙོ་བ་ཡིན། གང་ལྟར་ཕྱིའི་བྱ་བ་ལའང་ལྟོས་དགོས་ཀྱང་ནང་གི་རྣལ་འབྱོར་གཙོ་ཆེ་བ་ལ་རྣལ་འབྱོར་གྱི་རྒྱུད་ཅེས་བརྗོད།

རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་ངེས་པར་དུ་ཕྱིིའི་བྱ་བར་ལྟོས་མ་དགོས་པར། ནང་གི་རྣལ་འབྱོར་ཁོ་ནའི་དབང་གིས་འབྲས་བུ་སྒྲུབ་ཐུབ་པ་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བརྗོད། དེ་དག་ནི་བཤད་ཚུལ་གཅིག་རེད།

དེ་དང་ཕྲན་བུ་བཤད་ཚུལ་མི་འདྲ་བ་ནི། མཐོང་དང་དགོད་དང་ལག་འཆང་དང་། །གཉིས་གཉིས་འཁྱུད་པའི་འཁྲིག་པ་ཡིན། །ཞེས་འདོད་ཆགས་ལམ་དུ་བྱེད་ཚུལ་གྱི་སྒོ་ནས་གསུངས་ཤིང་། དེ་ཡང་འདོད་ཆགས་ཇི་ཙམ་ལམ་དུ་བྱེད་ནུས་པ་དེ་ཙམ་གྱི་བར་དུ་རྒྱུད་གསུངས་པ་ཡིན་སྟབས། དེའི་དབང་གིས་རྒྱུད་སྡེ་བཞིའི་ཁྱད་པར་བཞག་པ་རེད། དཔེར་ན། ཡིད་ཀྱིས་བསྒོམས་པའི་མཆོད་པའི་ལྷ་མོ་སོགས་སྒོམ་པའི་རིག་མ་དང་མཉམ་དུ་ཕན་ཚུན་བལྟ་བའི་བདེ་བ་ལས་བྱུང་བའི་འདོད་ཆགས་ཙམ་ལམ་དུ་བྱེད་ནུས་པ། དེ་ལས་ལྷག་པའི་འདོད་ཆགས་ལམ་དུ་བྱེད་མི་ནུས་པའི་རིགས་ཅན་གྱི་གདུལ་བྱ་ལ་གསུངས་པའི་ལམ་དེ་ལ་བྱ་བའི་རྒྱུད་དང་། ཕན་ཚུན་བལྟ་བ་ཙམ་དུ་མ་ཟད། ཕན་ཚུན་དགོད་པའམ་གད་མོ་ཤོར་རེས་བྱེད་པའི་འབྲེལ་བ་ལས་བྱུང་བའི་འདོད་ཆགས་དང་། དེ་ལས་སྐྱེས་པའི་བདེ་བ་ལམ་དུ་བྱེད་ནུས་པ་ལ་སྤྱོད་པའི་རྒྱུད། ཕན་ཚུན་འཁྱུད་པ་ལ་བརྟེན་ནས་བྱུང་བའི་འདོད་ཆགས་དང་། དེ་ལས་སྐྱེས་པའི་བདེ་བ་ལམ་དུ་བྱེད་ནུས་པ་ལ་རྣལ་འབྱོར་རྒྱུད། འབར་འཛག་གི་ལམ་ལ་བརྟེན་ནས་དབང་པོ་གཉིས་སྦྱོར་གྱི་བདེ་བ་དང་། དེ་ལས་སྐྱེས་པའི་འདོད་ཆགས་ལམ་དུ་བྱེད་ནུས་པ་ལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་བཅས་འདོད་ཆགས་ལམ་དུ་བྱེད་ཚུལ་གྱི་ཆ་ནས་དབྱེ་ན་དེ་ལྟར་རེད།

ཉོན་མོངས་ལམ་བྱེད་ཅེས་པ་ནི་འདོད་ཆགས་ལམ་བྱེད་དེ་གཙོ་ཆེ་བ་རེད། གང་ལྟར་ལམ་དུ་བྱེད་རྒྱུ་ཉོན་མོངས་གཙོ་བོ་དེ་འདོད་ཆགས་རེད། དེ་བཞིན་ཞེ་སྡང་ཡང་ལམ་དུ་བྱེད་རྒྱུ་ཡོད་རེད། གཏི་མུག་ལ་ཆ་མཐུན་ཙམ་མ་གཏོགས། གཏི་མུག་མཚན་ཉིད་པ་ལམ་དུ་བྱེད་རྒྱུ་མེད། དཔེར་ན་འདོད་ཆགས་ལམ་དུ་བྱེད་པ་འཁོར་ལོ་བདེ་མཆོག་ལྟ་བུ་རེད། དབང་པོ་གཉིས་སྦྱོར་གྱི་བྱ་བ་ལས་བྱུང་བའི་གཏུམ་མོ་འབར་བ་དང་། དེ་ལ་བརྟེན་ནས་ཁམས་བཞུ་བ་ལས་སྐྱེས་པའི་བདེ་བ་སྟོང་ཉིད་ཀྱི་དོན་ལ་མཉམ་པར་བཞག་ནས་འདོད་ཆགས་ལས་སྐྱེས་པའི་བདེ་བ་ལམ་དུ་བྱེད་ཚུལ་གཙོ་བོར་བསྟན་པ་མ་རྒྱུད་དེ་ཚོ་རེད།

ཞེ་སྡང་ལམ་དུ་བྱེད་ཚུལ་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་སོགས་པ་རེད། ཞེ་སྡང་ལམ་བྱེད་ནང་འདོད་ཆགས་ལམ་བྱེད་མེད་པ་མིན། ཞེ་སྡང་ལམ་དུ་བྱས་ནས་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱི་སྒོ་ནས་ཞིང་བཅུ་ཚང་བའི་དགྲ་བོ་ལ་སོགས་པ་ཞི་བས་འདུལ་དུ་མི་རུང་བའི་དགྲ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་ཚར་བཅད་པ་རེད། སྔགས་ཀྱི་སྐབས་སུ་བསད་པ་དང་། བསྐྲད་པ། བཅིངས་པ་སོགས་ཕ་རོལ་པོ་མེད་པར་བཟོ་བའི་མངོན་སྤྱོད་ཀྱི་ལས་རྣམས་འཚེ་བའི་ལས་མིན། འཚེ་བ་ལྟ་བུར་སྣང་ནའང་། དོན་དུ་ཚར་གཅད་བྱའི་དགྲ་ལ་སྙིང་རྗེ་ཤུགས་དྲག་པོའི་དབང་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཆེད་དུ་མངོན་སྤྱོད་ཀྱི་ལས་བྱས་པ་ཡིན་ཙང་། ཕན་པ་མ་གཏོགས་གནོད་པའི་ལས་མིན། དེ་ལྟར་ཞེ་སྡང་ལམ་དུ་བྱེད་ཚུལ་རེད།

གཏི་མུག་དེ་དངོས་སུ་ལམ་དུ་བྱེད་ཚུལ་མེད་རུང་། གཏི་མུག་གི་ཆ་འདྲ་བའམ་གཏི་མུག་གི་ཡན་ལག་ཏུ་གྱུར་པ་སྟེ། གཏི་མུག་གི་རིགས་སུ་གཏོགས་པའི་གཉིད་དེ་ལམ་དུ་འཁྱེར་རྒྱུ་ཡོད། ཆོས་དྲུག་གི་ནང་གཉིད་ཀྱི་གདམས་པ་དེ་ཡོད། གང་ལྟར་གཉིད་དེ་ལམ་དུ་ཁྱེར་ནས་གཉིད་ཀྱི་སྐབས་སུ་རྨི་ལམ་ལ་སོགས་པ་བཟུང་བ་ལ་བརྟེན་ནས་གཉིད་ཀྱི་འོད་གསལ་སྒྲུབ་པའི་ཐབས་ལ་སོགས་པ་བསྟན་པ་ལ་གཏི་མུག་ལམ་དུ་འཁྱེར་བ་རེད། གཏི་མུག་དངོས་ནི་འཁོར་བའི་རྩ་བར་གྱུར་པ་དང་། ཉོན་མོངས་གཞན་ཐམས་ཅད་ཀྱི་རྟེན་དུ་རྒྱུར་པ་ཡིན་སྟབས། གཏི་མུག་ལམ་དུ་བྱེད་ཚུལ་མེད། དེས་ན་གཉིད་ལམ་དུ་བྱེད་པ་ལ་གཏི་མུག་ལམ་བྱེད་ཀྱི་ཐ་སྙད་སྦྱར་བ་ཙམ་རེད། དེ་ལྟར་ཉོན་མོངས་པ་ལམ་དུ་བྱེད་ཆོག་པའི་ཐབས་བསྟན་པ་ལ་སྔགས་ཀྱི་ཐེག་པ་དང་སྔགས་ཀྱི་རྣལ་འབྱོར་ཟེར།

དེ་བཞིན་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་ཚུལ་གཞན་ཞིག་ནི་ཐབས་མང་བ་དེ་རེད། སྔགས་ཀྱི་སྐབས་སུ་ཕར་ཕྱིན་ཐེག་པར་མ་བཤད་པའི་ཐབས་ཁྱད་པར་ཅན་གང་བཤད་ཀྱི་ཡོད་ཅེ་ན། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཚུལ་དེ་བཤད་ཀྱི་ཡོད། ང་ཚོ་ལ་མངལ་སྐྱེས་ཁམས་དྲུག་ལྡན་གྱི་ལུས་ཤིག་ཡོད། མངལ་སྐྱེས་ཁམས་དྲུག་ལྡན་གྱི་ལུས་མ་གཏོགས། ལྷའི་ལུས་ལྟ་བུ་བརྫུས་སྐྱེས་ཡིན་ན། སྔགས་བླ་མེད་ཉམས་ལེན་བྱེད་པའི་རྟེན་ལ་ཕན་ཐོགས་ཀྱི་མེད། སྔགས་བླ་མེད་ཉམས་ལེན་བྱེད་པའི་རྟེན་ལ་ངེས་པར་དུ་ཕ་མའི་ཁུ་ཁྲག་ལས་གྲུབ་པའི་ཤ་རུས་གདོས་བཅས་ཀྱི་ལུས་ཁམས་དྲུག་དང་ལྡན་པ་ཞིག་དགོས། དེ་འདྲའི་མངལ་སྐྱེས་ཁམས་དྲུག་ལྡན་གྱི་ལུས་ལ་གནད་དུ་བསྣུན་ཚུལ་སྔགས་ཀྱི་ནང་བཤད་པ་རེད། དཔེར་ན། བྱ་རྒྱུད་དང་སྤྱོད་རྒྱུད་སོགས་རྒྱུད་སྡེ་འོག་མའི་སྐབས་སུ་རྩ་རླུང་བསྒོམ་རྒྱུ་ལྟ་བུའི་རྣམ་གཞག་མེད་ཀྱང་། ལུས་ལྷ་སྐུ་ལ་དམིགས་པའི་ཞི་གནས་བསྒྲུབ་རྒྱུ་དང་། ལུས་ལྷ་སྐུ་ལ་དམིགས་པའི་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་བསྒོམས་པ་དེའི་དབང་གིས་ལུས་དག་པར་བྱེད་པའི་རྣམ་གཞག་བཤད་པར་བརྟེན། ལུས་ལ་གནད་དུ་བསྣུན་པ་དང་ཆ་མཚུངས་པའི་ལམ་ཞིག་ཡོད་པར་ཆ་བཞག་དགོས། འོན་ཀྱང་དངོས་སུ་རྩ་དང་ཁམས་ལ་སོགས་པའི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་གདམས་པ་དངོས་གཞི་དེ་སྔགས་བླ་མེད་ཀྱི་སྐབས་སུ་བཤད་པ་ལས། རྒྱུད་སྡེ་འོག་མའི་སྐབས་སུ་བཤད་མེད། མདོར་ན། ང་ཚོའི་སེམས་ནི་རླུང་གི་མཉམ་དུ་འགྲོ་བ་རེད། སེམས་དེའི་བཞོན་པར་གྱུར་པའི་རླུང་ཞིག་མེད་ན་སེམས་ཀྱི་ཀུན་རྟོག་ཡུལ་ལ་འཕྲོ་མི་ཐུབ་ཅིང་། སེམས་ཀྱི་ཀུན་རྟོག་ཡུལ་ལ་འཕྲོ་བར་བྱེད་པ་ལ་སྔགས་ནས་བཤད་པའི་ཀུན་རྟོག་བརྒྱད་ཅུའི་ལས་རླུང་ངམ་ཀུན་རྟོག་གཡོ་བྱེད་ཀྱི་ལས་རླུང་ཟེར་བ་ཞིག་ཡོད།  དེ་ལྟ་བུའི་ཀུན་རྟོག་གཡོ་བྱེད་ཀྱི་ལས་རླུང་ལ་བརྟེན་ནས་ང་ཚོ་ལ་རྣམ་རྟོག་འདྲ་མིན་སྣ་ཚོགས་ཤར་ཡོང་བ་རེད། རླུང་མེད་ན་ཤེས་པ་ཡུལ་ལ་མི་འཇུག་ཅིང་།  རླུང་ནི་ལོང་བ་རྐང་ལྡན་ལྟ་བུ་དང་། སེམས་ནི་ཞ་བོ་མིག་ལྡན་ལྟ་བུས་སེམས་དེ་རླུང་ལ་བཞོན་ནས་འགྲོ་དགོས་པ་ལས། རླུང་མེད་ན་སེམས་ཡུལ་ལ་མི་འཇུག་པ་རེད།

ཕྱོགས་གཞན་ཞིག་ནས་བཤད་ན། ཡུལ་དབང་རྣམ་ཤེས་གསུམ་འཕྲད་པར་བྱེད་པའི་བྱ་བ་དེ་སུས་བྱེད་ཀྱི་རེད་ཅེ་ན། དེ་ནི་རླུང་གིས་བྱེད་ཀྱི་ཡོད། སྐབས་འདིར་རླུང་ཟེར་བ་དེ་གཡོ་བའི་བྱེད་ལས་ཅན་གྱི་ནུས་པ་ཞིག་ལ་གོ་དགོས། དེ་ནི་ཕྱི་ལ་ལྷགས་པ་རྒྱག་པའི་རླུང་དེ་མ་རེད། ཡིན་ནའང་དེ་ནི་ནང་གི་རླུང་གི་རང་མདངས་ཤིག་རེད། དཔེར་ན། བླ་མ་སྐྱེས་བུ་དམ་པ་སྔགས་ཀྱི་རྟོགས་པ་མཐོ་པོར་གཤེགས་པ་རྣམས་དགོངས་པ་རྫོགས་ནས་ཐུགས་དམ་ལ་བཞུགས་པའི་སྐབས་སུ་ཕྱིའི་རླུང་ཚང་མ་འཇམ་ཞིང་། ཐུགས་དམ་མ་གྲོལ་བར་དུ་ལུང་པ་དེའི་ནང་རླུང་མེད་པར་འཇམ་ཐིང་ངེར་འགྲོ་རྒྱུ་དེ་ནང་གི་རླུང་ཐིམ་པའི་རྟགས་སུ་ཕྱིའི་རླུང་དེའང་འགགས་པ་རེད། དེས་ན་ཕྱི་ནང་གི་རླུང་ལ་འབྲེལ་བ་ཞིག་ནི་ཡོད་རེད། འོན་ཀྱང་ད་ལྟ་འདིར་རླུང་ཟེར་བ་དེ་གཡོ་བའི་བྱེད་ལས་ཅན་ནམ་ཕར་ཚུར་འགྲོ་བའི་བྱ་བ་བྱེད་མཁན་གྱི་ནུས་པ་ཞིག་ལ་བརྗོད། དེ་ལ་སྲོག་ཀྱང་ཟེར། སྔགས་ཀྱི་སྐབས་སུ་སྲོག་དང་རླུང་གཉིས་གཅིག་པ་རེད། རྣམ་ཤེས་དང་ལུས་གཉིས་མི་འབྲལ་བར་གནས་པར་བྱེད་མཁན་དེའང་རླུང་གིས་བྱེད་ཀྱི་ཡོད་པའི་ཆ་ནས་སྲོག་ཅེས་བརྗོད། དེས་ན་རླུང་གི་འཕྲུལ་འཁོར་སོགས་ལ་སྲོག་རྩོལ་ཞེས་བཤད་དགོས་པ་དེ་རེད། དེ་འདྲ་བའི་རླུང་གི་བཞོན་པ་ལ་བརྟེན་ནས་སེམས་འདི་ཡུལ་ལ་འཇུག་གི་ཡོད། ད་ལྟ་ང་ཚོའི་སེམས་དེ་ཡུལ་ལ་མི་འཇུག་པའི་ཐབས་ཤེས་གང་བྱེད་ཀྱི་ཡོད་ཅེ་ན། དཔེར་ན། འདོད་ཆགས་ཀྱི་ཡུལ་མཐོང་ན། དབང་པོའི་སྒོ་བསྡམ་རྒྱུ་དང་ཉེས་དམིགས་བསྒོམ་རྒྱུ་ལས། བློ་དེའི་ཕྱོགས་སུ་མི་འཕྲོ་བའི་ཐབས་ཤེས་གཞན་མེད། འོན་ཀྱང་སྔགས་ཀྱི་སྐབས་སུ་ཀུན་རྟོག་གི་བློ་མ་རུང་བ་ཕར་ཚུར་འཁྱེར་མཁན་གྱི་རླུང་དེ་བཟུང་ནས་དབང་བསྒྱུར་རྒྱུའི་ཐབས་ཤེས་སླ་བ་ཞིག་ཡོད། དེ་ལྟར་ཉོན་མོངས་པར་གཉེན་པོ་ཆེད་མངགས་ཀྱིས་བསྟེན་མ་དགོས་པར། ཉོན་མོངས་ཀྱི་བཞོན་པར་གྱུར་པའི་རླུང་དེ་བསྡུ་གསོག་རྒྱག་སྐབས་ཉོན་མོངས་མི་སྐྱེ་བ་ཆགས་པ་རེད།

དེང་སང་ཀླད་པ་གཤགས་བཅོས་བྱེད་མཁན་ཚོས་མི་སྨྱོན་པའི་སྨྱོ་བའི་ cell དེ་བཏོན་ན་དྲག་བསྐྱེད་འགྲོ་བ་དང་། གད་མོ་ཤོར་བྱེད་ཀྱི་ཀླད་པའི་ cell དེ་བཏོན་ན་མི་ཚེ་གང་པོར་གད་མོ་ཤོར་རྒྱུ་མེད་པ། དེ་བཞིན་ངུ་བྱེད་ཀྱི་ཀླད་པའི་ cell དེ་བཏོན་ན་མི་ཚེ་གང་པོར་ངུ་རྒྱུ་མེད་པ་དེ་འདྲ་ཆགས་ཀྱི་ཡོད། སྔོན་མ་ ཕྱི་ལོ་ ༡༩༦༠ རེ་གྲངས་ནང་བོད་པ་ཞིག་ཡོད་ཅིང་། ཀླད་པ་གཤགས་བཅོས་བྱེད་པའི་སྐབས་སུ་ཕྲན་བུ་ཞིག་མ་འགྲིགས་པ་བྱུང་བའི་རྐྱེན་གྱིས་གད་མོ་ཤོར་བྱེད་ཀྱི་ཀླད་པའི་ cell དེ་ནུས་པ་མཐུ་ཅན་དུ་སོང་སྟེ། དྲག་བསྐྱེད་བྱུང་བའི་རྗེས་སུའང་གད་མོ་མང་པོ་ཤོར་མཁན་ཞིག་ཆགས་འདུག དེ་ནི་ཕྱིའི་དཔེ་མཚོན་ཙམ་རེད། ཀླད་པ་ནི་དབང་རྟེན་གྱི་ཁོག་པ་ཙམ་ལས་རླུང་མིན་ལ། དབང་པོའང་མིན། དེ་ནི་དབང་པོའི་རྟེན་གནས་སའི་ཤ་ལྟ་བུ་ཞིག་རེད། ང་ཚོས་མཐོང་བ་དེ་དབང་པོའི་རྟེན་གྱི་ཁོག་པ་རེད། དབང་པོ་ནི་དེའི་ནང་གི་གཟུགས་ཅན་དྭང་བ་ཞིག་རེད། གང་ལྟར་ནང་གི་གཟུགས་ཅན་དྭང་བ་དེ་དང་། ཕྱིའི་ཡུལ། ནང་གི་རྣམ་ཤེས་གསུམ་ཚོགས་འདུ་ལྟ་བུ་སྐོང་མཁན་དེ་སུ་རེད་ཅེ་ན། རླུང་དེ་རེད། ཚོགས་འདུ་སྐོང་མཁན་གྱི་རླུང་དེ་མེད་པ་བཟོས་ན། ཁོང་ཚོ་མཉམ་དུ་འཕྲད་ཐབས་རྩ་བ་ནས་མེད་ལ། བློ་ཡུལ་ལ་འཕྲོ་རྒྱུའང་མེད། དེས་ན་ལུས་ལ་གནད་དུ་བསྣུན་པའི་ཐབས་དེ་སྔགས་ཀྱི་སྐབས་སུ་བསྟན་པ་ཡིན་སྟབས། ཐབས་ཚུལ་མང་བ་དེ་ལྟར་རེད།

དེ་ནས་དཀའ་བ་མེད་ཚུལ་ཇི་ལྟར་ཡིན་ཞེ་ན། བསྐལ་པ་གྲངས་མེད་གསུམ་དུ་གསག་དགོས་པའི་བྱ་དཀའ་བའི་སྤྱོད་པ་རྣམས་འོད་ཟེར་སྤྲོ་བསྡུ་ཙམ་གྱིས་འགྲིག་ཅིང་། དེ་ཡང་སྒོམ་ཐེངས་གཅིག་ལ་འོད་ཟེར་སྤྲོས་པ་དང་འོད་ཟེར་བསྡུས་པ་ཙམ་གྱིས་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་རླབས་པོ་ཆེ་རྫོགས་པར་བརྟེན། སྔགས་ཀྱི་ཐེག་པ་དེ་ཁྱད་པར་འཕགས་པ་རེད།

ང་ཚོ་ཆོས་ལ་དད་འདུན་ཡོད་མཁན་ཞིག་ཡིན་ན། སྔགས་ཀྱི་དམ་ཚིག་དང་སྡོམ་པ་བསྲུང་ཐུབ་ན་བཤད་མི་དགོས་པ་དང་། གལ་ཏེ་སྔགས་ཀྱི་དམ་ཚིག་སྡོམ་པ་བསྲུང་མ་ཐུབ་ནས་དམྱལ་བར་འགྲོ་དགོས་བྱུང་ནའང་། དེ་རིང་སྔགས་ཀྱི་ལམ་དུ་ཞུགས་ནས་བག་ཆགས་བཞག་དགོས་སྙམ་པའི་བློ་སྐྱེ་ཐུབ་ན་ཡག་པོ་རེད། གཙོ་བོ་ནི་དེ་རིང་སྔ་དྲོ་ཞུས་པ་བཞིན་སྔགས་ལ་འཇུག་པར་བྱེད་པ་ལ་སེམས་བསྐྱེད་ཁྱད་པར་བ་ཞིག་དགོས་པ་ལས། རང་ཉིད་བདེ་དོན་ཙམ་གྱི་ཆེད་དུ་སྔགས་ལ་ཞུགས་ན་མི་རུང་། དེ་ལྟ་བུའི་ཟབ་ཁྱད་དང་ལྡན་པའི་སྔགས་ལམ་ལ་ཞུགས་པ་ལ་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་སྦྱིན་སོགས་ཕར་ཕྱིན་དྲུག་པོའི་སྤྱོད་པ་ལ་ཡང་དག་པར་བསླབ་དགོས། དེ་ལ་སློབ་པ་ལ་ཐོག་མར་ཐེག་ཆེན་གྱི་འཇུག་སྒོ་ལྟ་བུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་བྱང་ཆུབ་མཆོག་ཏུ་སེམས་སྦྱང་དགོས། བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་ལ་མན་ངག་རྒྱུ་འབྲས་བདུན་དང་། བདག་གཞན་མཉམ་བརྗེ་བཅས་གཉིས་རེད། དེ་གཉིས་གཅིག་ཏུ་བསྒྲིལ་བའི་བོད་ཀྱི་བཀའ་གདམས་གོང་མ་རྣམས་ཀྱི་མན་ངག་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྦྱང་དགོས། དེ་ནས་སྨོན་སེམས་དང་འཇུག་སེམས་སོགས་བསྐྱེད་ནས་སྔགས་ཀྱི་ལམ་དུ་འཇུག་དགོས། དེ་ལྟ་བུའི་བྱང་ཆུབ་སེམས་རྒྱུད་ལ་སྐྱེད་པ་ལའང་སྔོན་དུ་ངེས་འབྱུང་རྣམ་དག་རྒྱུད་ལ་སྐྱེ་དགོས་ཤིང་། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་བློ་སྦྱོང་བ་སྔོན་དུ་འགྲོ་དགོས། རང་ཉིད་འཁོར་བའི་སྡུག་བསྔལ་ལ་དམིགས་པའི་སྐབས་སུ་བ་སྤུ་གཡོ་འགུལ་ཙམ་ཡང་མེད་པ་ལ། གཞན་སེམས་ཅན་འཁོར་བའི་སྡུག་བསྔལ་གྱིས་མནར་བ་ལ་སྙིང་རྗེ་སྐྱེ་བའི་ཐབས་མེད། གལ་ཏེ་འཁོར་བའི་སྡུག་བསྔལ་མ་མཐོང་ན་ཐར་པ་དོན་གཉེར་གྱི་བློ་ཙམ་ཡང་མི་སྐྱེ་ན། ཐམས་ཅད་མཁྱེན་པ་དོན་གཉེར་གྱི་བློ་ནི་དེ་བས་ཀྱང་ག་ལ་སྐྱེ། དེས་ན་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱངས་ནས་རྟེན་འབྲེལ་ལ་སོགས་པའི་སྒོ་ནས་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་བསམ་པ་དང་། དེ་ནས་སྡུག་བདེན་དང་། ཀུན་འབྱུང་བདེན་པའི་རྣམ་གཞག་ལ་བརྟེན་ནས་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་དང་། དེ་བཞིན་ལམ་བདེན་དང་འགོག་བདེན་གྱི་རྣམ་གཞག་ལ་དཔྱད་ནས་རྣམ་བྱང་ཐར་པ་བགྲོད་པའི་ལམ་གྱི་རིམ་པ་དེ་གཏན་ལ་དབབ་རྒྱུ་རེད། དེ་ལྟ་བུའི་ངེས་འབྱུང་རྣམ་པར་དག་པའི་བསམ་པ་རྒྱུད་ལ་སྐྱེས་ནས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལའང་། ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་ཞིག་མ་སྐྱེ་ན། ཕྱི་མའི་སྣང་ཤས་ལྡོག་པའི་ངེས་འབྱུང་སྐྱེ་མི་ཐུབ།  ཚེ་འདིའི་སྣང་ཤས་ལྡོག་པའི་ངེས་འབྱུང་སྐྱེ་བའི་དོན་དུ་འཆི་བ་མི་རྟག་པ་དང་། ལས་རྒྱུ་འབྲས། ངན་སོང་གི་སྡུག་བསྔལ་སོགས་བསམ་དགོས། དེ་ལྟར་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱངས་པ་ཡིན། དེའི་སྔོན་དུ་ནང་པའི་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོའི་བསླབ་བྱ་བསྲུང་དགོས། འོན་ཀྱང་དེ་དག་ཚང་མའི་སྔོན་དུ་ཐོས་པ་བྱེད་དགོས། དེ་ལ་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་བསམ་པ་དང་སྦྱོར་བ་གཉིས་ཀྱིས་ཚུལ་བཞིན་བསྟེན་དགོས། ད་དུས་ཚོད་རྫོགས་སོང་། འདིར་མཚམས་གཞག་རྒྱུ་ཡིན།

དྲི་བ་དྲིས་ལན།

དྲི་བ།  སྔགས་ཀྱི་ལམ་ལ་ཞུགས་ནས་སངས་རྒྱས་པ་ལ་རྒྱུད་སྡེ་བཞི་ག་ཉམས་ལེན་བྱེད་དགོས་སམ། ཡང་ན་རྒྱུད་སྡེ་བྱ་རྒྱུད་ལྟ་བུ་གཅིག་གི་སྒོ་ནས་ཡོངས་སུ་རྫོགས་པར་བྱེད་རྒྱུ་ཡོད་དམ།

ལན།  དྲི་བ་ཧ་ཅང་ཡག་པོ་འདུག  དེ་ལ་རྒྱུད་སྡེ་བཞི་གའི་ཉམས་ལེན་བྱེད་དགོས་པ་མེད། ལར་ནས་རྒྱུད་སྡེ་བཞི་གའི་ཉམས་ལེན་བྱེད་ཤེས་སྟངས་ཀྱང་མེད། ང་ཚོ་བོད་པས་རྒྱུད་སྡེ་བཞི་གའི་དབང་ཞུས་ནས་རྒྱུད་སྡེ་བཞི་གའི་ལྷ་སྒྲུབ་མཁན་ཡོད། འོན་ཀྱང་སངས་རྒྱས་པར་རྒྱུད་སྡེ་གཅིག་ལ་གཙོ་བོར་བསྟེན་ནས་ཉམས་ལེན་བྱེད་ཀྱི་རེད་མ་གཏོགས། རྒྱུད་སྡེ་བཞི་ག་མཉམ་དུ་ཉམས་སུ་ལེན་མི་ཤེས།  རྫ་དཔལ་དགེས། ཡི་དམ་ཀུན་བསྟེན་བསྙེན་སྒྲུབ་རྣམ་གྲངས་མང་། །ཆོས་སྐྱོང་ཀུན་བསྟེན་གཏོར་བསྔོ་པོད་ཁ་མཐོ། །ཞེས་ཚོགས་གཏམ་གཏོང་བའང་དེ་རེད། རྒྱ་གར་བས་ལྷ་གཅིག་བསྒྲུབས་པས་ལྷ་བརྒྱ་གྲུབ་པ་ཡིན། བོད་ལྷ་བརྒྱ་བསྒྲུབས་པས་ལྷ་གཅིག་མི་འགྲུབ་ཅེས་རྒྱ་གར་བས་བོད་པ་ཚོ་ལ་ཁྱེད་ཚོས་ལྷ་འདུག་ཟེར་ཚད་ལ་ཉམས་ལེན་བྱེད་ཀྱི་འདུག འོན་ཀྱང་ལྷ་གཅིག་ཀྱང་འགྲུབ་རྒྱུ་མི་འདུག ང་ཚོས་ལྷ་གཅིག་ལ་བསྟེན་ནས་བསྒྲུབས་ན། ལྷ་བརྒྱ་ཐམ་པ་དེ་གྲུབ་པ་ཡིན་ཞེས་བཤད། དོན་དག་སྙིང་པོ་དེ་གང་རེད་ཅེ་ན། གང་ཟག་དེ་གང་གི་སྣོད་རུང་ཡིན་མིན་དེ་ཧ་གོ་དགོས། དཔེར་ན་བྱ་རྒྱུད་ཙམ་བསྟེན་པའི་སྣོད་རུང་ཡིན་ན་བྱ་རྒྱུད་ལ་ཉམས་ལེན་བྱེད་དགོས་པ་དང་། དེ་བཞིན་སྤྱོད་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་བཅས་བསྟེན་པའི་སྣོད་རུང་ཡིན་ན་དེ་དག་སོ་སོར་ཉམས་ལེན་བྱེད་དགོས། དེའི་ནང་དུའང་སོ་སོའི་ཐུན་མོང་མ་ཡིན་པའི་ལས་སྐལ་ཡོད་པའི་ལྷག་པའི་ལྷའམ་ཡི་དམ་གྱི་ལྷ་གང་ཡིན་པ་དེ་བླ་མ་རྡོ་རྗེ་སློབ་དཔོན་ལ་བཀའ་འདྲི་ཞུས་པ་དང་། དེ་བཞིན་དཀྱིལ་འཁོར་ནང་མེ་ཏོག་འཕངས་པ་སོགས་ཀྱི་སྒོ་ནས་ཤེས་པར་བྱས་ཏེ་བསྟེན་དགོས། དེ་ལྟར་ཡིན་ནའང་རྒྱུད་སྡེ་བཞི་གའི་ཉམས་ལེན་བྱེད་རྒྱུ་མེད་ཅེས་བརྗོད་ཀྱི་མེད། འོན་ཀྱང་རང་ཉིད་རྒྱུད་སྡེ་གང་ལ་འོས་པ་ཞིག་ཡིན་ནའང་རྒྱུད་སྡེ་དེའི་ཉམས་ལེན་བྱེད་དགོས། གལ་ཏེ་བྱ་རྒྱུད་ཀྱི་སྣོད་དུ་རུང་ཡང་རྒྱུད་སྡེ་གོང་མ་ཚོའི་སྣོད་དུ་མི་རུང་ན། དེས་བྱ་རྒྱུད་ཀྱི་ཉམས་ལེན་བྱེད་པ་ལས། རྒྱུད་སྡེ་གོང་མ་ཚོའི་ཉམས་ལེན་མི་བྱེད། དེ་བཞིན་སྤྱོད་རྒྱུད་ཀྱི་སྣོད་དུ་རུང་ཡང་རྒྱུད་སྡེ་གོང་མ་ཚོའི་སྣོད་དུ་མི་རུང་ན། དེས་སྤྱོད་རྒྱུད་ཀྱི་ཉམས་ལེན་བྱེད་ཀྱི་རེད། འོན་ཀྱང་སྤྱོད་རྒྱུད་ཀྱི་ཉམས་ལེན་ནང་བྱ་རྒྱུད་ནས་བཤད་པའི་ཉམས་ལེན་ཡང་འདུ་བ་རེད། དེས་ན་བྱ་རྒྱུད་ཀྱི་ཉམས་ལེན་མི་བྱེད་ཅེས་བརྗོད་དགོས་པ་མེད། དེ་བཞིན་བླ་མེད་ཀྱི་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་རྒྱུད་སྡེ་འོག་མ་གསུམ་ནས་བཤད་པའི་ཉམས་ལེན་ཕལ་ཆེར་དེའི་ནང་འདུས་ཟིན་པ་རེད། དཔེར་ན། ཐེག་པ་ཆེན་པོའི་ལམ་གྱི་རིམ་པའམ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་མཁན་ཡིན་ན། སྐྱེས་བུ་ཆུང་ངུ་དང་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་རྣམས་དེའི་ནང་སླེབས་ཚར་བ་རེད། འོན་ཀྱང་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ལ་བློ་སྦྱོང་མཁན་ཡིན་ན། དེའི་ནང་སྐྱེས་བུ་ཆེན་པོ་དང་འབྲིང་གཉིས་མི་སླེབས། དེས་ན་གང་གི་སྣོད་དུ་གྱུར་པ་དེའི་ལྷ་དེ་བསྒྲུབས་ནས་ཉམས་ལེན་བྱེད་དགོས་པ་རེད། ཡིན་ནའང་རྒྱུད་སོ་སོའི་ནང་བཤད་པའི་སྐབས་སུ།  དཔེར་ན། བྱ་རྒྱུད་ནང་བཤད་པའི་སྐབས་སུ་བྱ་རྒྱུད་ལ་བརྟེན་ནས་སངས་རྒྱས་རྒྱུ་ཡོད་ཅེས་ཟེར་གྱི་རེད། དེ་བཞིན་སྤྱོད་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་བཅས་ནང་བཤད་པའི་སྐབས་སུ་དེ་དག་ལ་བརྟེན་ནས་སངས་རྒྱས་རྒྱུ་ཡོད་ཟེར། འོན་ཀྱང་བླ་མེད་ཀྱི་ངོས་ནས་རྒྱུད་སྡེ་འོག་མ་རྣམས་ལ་བལྟས་པའི་སྐབས་སུ་རྒྱུད་སྡེ་གཞན་པ་ཉམས་ལེན་བྱེད་མཁན་ཚོས་ཤེས་སྒྲིབ་འབྲིང་སྐོར་གསུམ་ཙམ་སྤངས་པའི་བར་དུ་རྒྱུད་སྡེ་སོ་སོར་ཉམས་ལེན་བྱས་ནས་མཐའ་མ་སྔགས་བླ་མེད་ཀྱིས་སྣོན་པ་བཏབ་དགོས་པར་གསུངས། དེས་ན་རྒྱུད་སྡེ་སོ་སོའི་བཤད་ཚུལ་ལྟར་ན་རྒྱུད་སྡེ་སོ་སོའི་རང་ལམ་ལ་བརྟེན་ནས་སངས་རྒྱས་རྒྱུ་ཡོད་པ་དང་། ཡིན་ནའང་བླ་མེད་ཀྱིས་བཤད་ཚུལ་ལྟར་ན་རྒྱུད་སྡེ་སོ་སོའི་རང་ལམ་ལ་བརྟེན་ནས་སངས་རྒྱས་རྒྱུ་མེད་ཅེས་འདོད།

དྲི་བ། སངས་རྒྱས་ཁར་ཡུམ་བསྟེན་དགོས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚོགས་བསགས་ནས་སངས་རྒྱས་པ་རེད། ཡུམ་དེས་ཚོགས་བསགས་དགོས་པ་རེད་དམ། གང་ལགས་ཤེ་ན། ཡུམ་དེས་ཚོགས་བསགས་མ་དགོས་པར་སངས་རྒྱས་འགྲོ་རྒྱུ་ལྟ་བུ་ཞིག་འདུག

ལན། དཔེར་ན། རྒྱལ་བ་རྡོ་རྗེ་འཆང་ལྟ་བུ་ལ་ཆ་བཞག་ན། རྒྱལ་བ་རྡོ་རྗེ་འཆང་དང་དེའི་པང་དུ་ཡོད་པའི་ཡུམ་ཆོས་དབྱིངས་མ་གཉིས་གཅིག་པ་རེད། ཡུམ་དེ་ཐ་དད་དང་། ཡབ་དེ་ཐ་དད་ཀྱི་གང་ཟག་གཉིས་ལྟ་བུ་མེད། གང་ཟག་ཅིག་འཚང་རྒྱ་བའི་སྐབས་སུ་ཡབ་ཡུམ་གཉིས་ཀའི་རྣམ་པར་འཚང་རྒྱ་དགོས་པ་ལས། ཡབ་རྐྱང་གི་རྣམ་པར་འཚང་རྒྱ་རྒྱུ་མེད། ལོངས་སྐུ་དེ་ཚོ་ཚང་མ་ཡུམ་བཅས་རེད། དེས་ན་སངས་རྒྱས་ཀྱི་ས་ལ་ཡོད་པའི་ལོངས་སྐུའི་ཡུམ་ལ་རང་སྣང་གི་ཡུམ་ཟེར་གྱི་རེད། དེ་ནི་ཡུམ་དེའང་རྡོ་རྗེ་འཆང་རེད། རྡོ་རྗེ་འཆང་དེའང་ཡུམ་རེད། ཡབ་དང་ཡུམ་གཉིས་ཀྱི་དབར་ལ་རྒྱུད་ཐ་དད་པའི་དབྱེ་བ་དེ་གཞག་རྒྱུ་མེད། དེས་ན་མི་གཅིག་གིས་ཚོགས་བསགས་ནས་འཚང་རྒྱ་བའི་སྐབས་སུ་ཡབ་ཡུམ་གཉིས་ཀའི་རྣམ་པར་འཚང་རྒྱ་བ་རེད། གང་ལྟར་དེ་རང་སྣང་གི་ཡུམ་ལ་བསྟེན་པ་རེད། འོན་ཀྱང་ལམ་གྱི་དུས་སུ་རྒྱུད་ཐ་དད་པའི་ཡུམ་བསྟེན་དགོས། སློབ་པ་ལམ་གྱི་གནས་སྐབས་སུ་རིག་མའམ་ལས་ཀྱི་ཕྱག་རྒྱ་བསྟེན་ན། རང་གིས་རང་སྣང་གི་རིག་མ་སྤྲུལ་རྒྱུའི་ནུས་པ་མ་བྱུང་གི་བར་དུ་རྒྱུད་ཐ་དད་པའི་རིག་མ་ལ་བསྟེན་དགོས། དེ་ལྟ་བུའི་རྒྱུད་ཐ་དད་པའི་རིག་མ་བསྟེན་པའི་སྐབས་སུ་ཞིང་སྐྱེས་དང་སྔགས་སྐྱེས་དང་ལྷན་སྐྱེས་བཅས་རྟོགས་པ་མི་འདྲ་བའི་མཁའ་འགྲོ་མ་ཐ་དད་ཡོད་རེད། སྔགས་སྐྱེས་དང་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་ཐོག་མ་ནས་ལམ་ལ་སྦྱངས་ནས་སྔགས་ལམ་གྱི་རྟོགས་པ་དགའ་རབ་ཅིག་སླེབས་ཡོད། དེ་མིན་སྔགས་ཀྱི་རྣལ་འབྱོར་པ་ཞིག་གི་ཡུམ་བྱེད་མི་ཐུབ། ཞིང་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་དངོས་སུ་ལམ་ལ་སྦྱངས་པ་མེད་ནའང་། བུད་མེད་དེའི་ལུས་ཀྱི་གནས་སྟངས་ཀྱི་དབང་གིས་སྔགས་ཀྱི་སྒྲུབ་པ་པོ་ལ་རོགས་བྱེད་ཐུབ་ཀྱི་ཡོད། དེས་ན་ཚོགས་མ་བསགས་པའི་ཐ་མལ་པའམ། ལམ་ལ་མ་ཞུགས་པ་ཡིན་ནའང་སྔགས་པ་དེས་ལུས་ཀྱི་གནད་བཅོས་སྟངས་དང་། ཡབ་དང་མཉམ་དུ་དབང་པོ་གཉིས་སྦྱོར་གྱི་བྱ་བ་ལ་ཞུགས་ཚུལ་སོགས་བསླབས་ཚར་ན། རིག་མ་དེ་ལ་སྔགས་ཀྱི་ཉམས་ལེན་མེད་ནའང་སྔགས་པ་དེ་ལ་རོགས་བྱེད་ཐུབ་ཀྱི་རེད། དེས་ན་སྔགས་ཀྱི་ཉམས་ལེན་བྱེད་མཁན་གྱི་ཡབ་སངས་རྒྱས་པའི་སྐབས་སུ་དེ་ལྟ་བུའི་ཡུམ་དེ་མཉམ་དུ་སངས་རྒྱས་རྒྱུ་མེད། ཡུམ་དེ་ཟུར་དུ་ལུས་པ་རེད། ཡབ་དེ་ལ་རོགས་བྱས་པའི་དབང་གིས་བསོད་ནམས་ཤིག་ནི་བསག་རྒྱུ་རེད། དེར་བརྟེན་དབང་བཞི་པ་སྐུར་བའི་སྐབས་སུ་ཡུམ་གང་འདྲ་ཞིག་བསྟེན་ནའང་རྒྱུད་ཐ་དད་པ་རེད། དབང་བཞི་པ་སྐུར་བའི་སྐབས་སུ་རྒྱུད་ཐ་དད་པའི་ཡུམ་བསྟེན་པ་དེས་བྱ་བ་བྱས་ནས་རྫོགས་པ་རེད། དེ་ནས་ཡབ་དེས་ཟུང་འཇུག་གི་གོ་འཕང་བརྙེས་པའི་སྐབས་སུ་རང་སྣང་གི་རིག་མ་དེར་སྦྱོར་བ་རེད་མ་གཏོགས། ཟུང་འཇུག་གི་གོ་འཕང་བརྙེས་ཟིན་པ་ཞིག་གིས་ཟུང་འཇུག་གི་གོ་འཕང་མ་བརྙེས་པའི་རིག་མ་དང་མཉམ་དུ་སྦྱོར་བའི་གོ་སྐབས་མེད། དེས་ན་རྒྱུད་ཐ་དད་པའི་རིག་མ་བསྟེན་དགོས་པ་དེ་སློབ་པ་ལམ་གྱི་གནས་སྐབས་སུ་རེད།

དྲི་བ། རྒྱུད་སྡེ་འོག་མ་གསུམ་ལ་སངས་རྒྱས་པའི་དུས་ཡུན་ལ་ཁྱད་པར་ཡོད་དམ།

ལན། རྒྱུད་སྡེ་འོག་མ་གསུམ་གྱི་སངས་རྒྱས་པའི་དུས་ཡུན་ལ་ཁྱད་པར་ཡོད་མེད་དཔེ་ཆའི་ནང་མཇལ་མ་སོང་། ཡོད་་ནི་ཡོད་རྒྱུ་རེད། དེ་དག་ལ་ལམ་མྱུར་ལོད་ཀྱི་ཁྱད་པར་ཞིག་བཞག་དགོས་ཀྱི་རེད། གང་ལྟར་རྒྱུད་སྡེ་འོག་མ་གསུམ་ལ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་པ་ཟེར་བ་དེ་མེད། གལ་ཏེ་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ལ་བརྟེན་ནས་ཚེ་གཅིག་ལ་སངས་རྒྱས་པ་ཞིག་ཡོད་ནའང་སྔོན་ལ་ཚེའི་རིག་འཛིན་བསྒྲུབས་ནས་ཚེ་རིང་པོར་གནས་ཏེ་དེའི་ཐོག་ལ་ལམ་བསྒོམ་དགོས། དེང་སང་ང་ཚོའི་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་རྒྱུའི་སྐད་ཆ་དེ་བླ་མེད་ལ་མ་གཏོགས། རྒྱུད་སྡེ་འོག་མ་གསུམ་ལ་མེད། དེས་ན་རྒྱུད་སྡེ་འོག་མ་གསུམ་ལ་སངས་རྒྱས་པ་ལ་མགྱོགས་ལོད་ཀྱི་ཁྱད་པར་ཞིག་ཡོད་རྒྱུ་རེད། འོན་ཀྱང་དེ་དཔེ་ཆའི་ནང་མཇལ་མ་སོང་ཡང་། རིགས་པས་དཔོག་རྒྱུ་རེད།

(༡༩༩༠ ཕྱི་ཟླ་ ༢ ཚེས་ ༤ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་པོའི་ཁབ་ཀྱི་གཞོན་ནུ་དོན་གྲུབ་མགྲོན་ཁང་དུ་སློབ་གཉེར་བ་རྒན་པ་རྣམས་ཀྱི་དགུན་ཆོས་སུ་གསུངས་པ་ཞིག་ཡིན།)