༈ དབུ་མའི་ལམ་གྱི་སྲིད་བྱུས་དང་། དེའི་བསྒྲུབ་བྱ་དང་ཐབས་ལམ་སྐོར། ཚན་པ་གཉིས་པ།

༄༅།། ད་ལྟ་ཚོགས་ཐེངས་འདིའི་བརྗོད་གཞི་ནི་དབུ་མའི་ལམ་གྱི་སྲིད་བྱུས་དང་།  དེའི་བསྒྲུབ་བྱ་དང་ཐབས་ལམ་ཞེས་པའི་སྐོར་རེད་འདུག དབུ་མའི་ལམ་ལ་ལེགས་སྦྱར་གྱི་སྐད་དུ་མདྷྱ་མཱརྒ་ཞེས་ཡོང་གི་ཡོད། དབུ་མའི་ལམ་ཞེས་པའི་ཐ་སྙད་དེ་སངས་རྒྱས་འཇིག་རྟེན་ནང་བྱོན་ནས་གསར་དུ་བྱུང་བ་ཞིག་མ་རེད་ཅེས་ངས་གོང་དུ་ཞུས་ཟིན། དེ་སྔ་ནས་རིག་བྱེད་ཀྱི་གཞུང་ནང་དབུ་མའི་ལམ་ཟེར་བའི་ཚིག་དེ་བེད་སྤྱོད་བཏང་ཡོད། ཡིན་ནའང་ཆོས་བརྒྱུད་གཅིག་གི་གལ་གནད་ཆེ་བའི་ལྟ་གྲུབ་ཀྱི་ཚིག་གི་ངོ་བོར་བེད་སྤྱོད་མང་པོ་བྱེད་རྒྱུ་དེ་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བྱུང་བ་ཞིག་རེད།

དབུ་མ་ཟེར་བ་ནི་མཐའ་གཉིས་དང་བྲལ་བ་ཞེས་ཚིག་གི་གོ་དོན་དེ་རང་རེད། ནམ་རྒྱུན་མང་ཆེ་བ་མཐའ་གཉིས་དང་བྲལ་བ་ཞེས་བརྗོད་ཀྱང་། མཐའ་བཞིའམ་མཐའ་བརྒྱད་དང་བྲལ་བ་སོགས་སྣ་ཚོགས་ཡོང་སྲིད། ཡིན་ནའང་མཐའ་དེ་དག་ལས་འདས་པའི་དཀྱིལ་ལ་དབུས་ཞེས་བརྗོད་ཀྱི་རེད། དེ་ལྟ་བུའི་ལམ་ལ་དབུ་མའི་ལམ་ཞེས་སྨྲ། འོན་ཀྱང་དེང་སང་རྒྱུན་ལྡན་བེད་སྤྱོད་ནང་དབུ་མའི་ལམ་དེ་ལྟ་བ་ལ་བེད་སྤྱོད་བྱེད་པ་མ་གཏོགས། སྤྱོད་པ་དང་སྒོམ་པ་ལ་བེད་སྤྱོད་བྱེད་པ་ཉུང་བ་ལྟ་བུ་རེད། ཡིན་ནའང་སངས་རྒྱས་ཀྱིས་དབུ་མའི་ལམ་ཐོག་མར་བཀའ་གནང་བ་དེ་སྤྱོད་པའི་དོན་དུ་ཡིན་པ་ལས། ལྟ་བ་དང་སྒོམ་པའི་དོན་དུ་མ་རེད། དེ་གནང་དགོས་པའི་རྒྱབ་ལྗོངས་དེ་ཕལ་ཆེར་ཚང་མས་མཁྱེན་ཤག་རེད། རྒྱལ་བུ་གཞོན་ནུ་དོན་གྲུབ་རྒྱལ་སྲིད་བཞག་ནས་བྱང་ཆུབ་འཚོལ་དུ་ཕེབས་པའི་རྗེས་སུ་ཡབ་ཟས་གཙང་གིས་དཀའ་ཐུབ་སྤྱོད་ཐུབ་མཁན་གྱི་མི་ལྔ་གཞོན་ནུ་དོན་གྲུབ་ལ་ཞབས་ཕྱི་ཞུ་བའི་དོན་དུ་བཏང་བ་རེད། གཞོན་ནུ་དོན་གྲུབ་ཀྱིས་ཆུ་བོ་ནཻརཉྫནའི་འགྲམ་དུ་ལོ་དྲུག་རིང་དཀའ་བ་སྤྱད་པའི་ཚུལ་མཛད་པའི་སྐབས་སུ་ཟས་རགས་པ་ཧ་ཅང་ཉུང་ཉུང་བསྟེན་ནས་ལོ་དྲུག་བཞུགས་པར་བརྟེན། སྐུ་གཟུགས་ཀྱི་སྐུ་ཤ་ཡོངས་རྫོགས་བསྐམས་ནས་པགས་པ་དང་རུས་པ་རྒྱུས་པའི་དྲྭ་བ་མ་གཏོགས་མཐོང་རྒྱུ་མེད་པ་ཆགས་རུང་བྱང་ཆུབ་མ་བརྙེས་པ་རེད། དེས་ན་ལུས་གདུང་བའི་དཀའ་ཐུབ་རྐྱང་པས་བྱང་ཆུབ་མི་ཐོབ་པར་གཟིགས་པ་རེད། ཞིང་པའི་བུ་མོ་ལེགས་སྐྱེས་མས་འབྲས་ཐུག་ཕུལ་བའི་ཟས་རགས་པ་དེ་གསོལ་ནས་ནཻརཉྫན་ཆུ་བོར་སྐུ་ཁྲུས་མཛད་པ་རེད། དེ་ལྟ་བུའི་ཁམས་ཀྱི་ཟས་རགས་པ་གསོལ་ནས་སྐུ་གཟུགས་གསོས་པར་བརྟེན། ཁོང་གི་མཉམ་དུ་ཡོད་པའི་འཁོར་ལྔ་པོས་གཽཏམ་དཀའ་ཐུབ་ལས་ཉམས་འདུག ཟས་རགས་པ་ལ་ལོངས་སྤྱད་ནས་གང་བྱུང་བྱེད་ཀྱི་འདུག་ཅེས་གཽཏམ་སྤངས་ཏེ་ཝཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཕེབས་པ་རེད། ཁོང་ཚོ་ཕྱིན་ནའང་གཞོན་ནུ་དོན་གྲུབ་ཀྱིས་ཐུགས་སྣང་གང་ཡང་མ་གནང་བར། སྐུ་གཟུགས་ཡག་པོ་གསོས་པའི་རྗེས་སུ་གཞི་ནས་བྱང་ཆུབ་ཤིང་དྲུང་ལ་རྩ་དུར་བ་བཏིང་བ་ལ་བཞུགས་ནས་དགོང་གཅིག་ལ་བདུད་བཞི་བཅོམ་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་རེད། ང་ཚོས་ཡོངས་གྲགས་སུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་ལ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་བརྙེས་པ་རེད་ཅེས་བཤད་ཀྱི་ཡོད།  ཡིན་ནའང་ཞིབ་ཚགས་པོས་རྟགས་བསལ་གཏང་ན་ཐོ་རངས་དེ་བཞག་ཁག་པོ་རེད། དེ་ནི་ཚེས་ ༡༥ ཐོ་རངས་ཡིན་ནམ། ཡང་ན་ཚེས་ ༡༦ ཐོ་རངས་ཡིན། ཟླ་བ་གཟའ་འཛིན་དང་ཡང་བསྟུན་དགོས། གང་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་རིང་རྡོ་རྗེ་གདན་དུ་བཞུགས་པའི་རྗེས་སུ་ཝཱ་རཱ་ཎ་སཱིར་ཕེབས་པ་རེད། ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཚེས་ཀྱང་ང་ཚོ་བོད་པས་བོད་ཟླ་ ༦ ཚེས་ ༤ ལ་རྩིས་པ་དང་། འཕགས་པ་གནས་བརྟན་སྡེ་པས་བོད་ཟླ་ ༦ ཚེས་ ༡༥ ལ་རྩིས་ཀྱི་རེད། བོད་ཟླ་ ༦ ཚེས་ ༡༥ ལ་རྩིས་དགོས་པ་དེ་གང་རེད་ཅེ་ན། ཚེས་ ༣ བར་དུ་བདུན་ཕྲག་བདུན་རིང་བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་པ་རེད། དེའི་ཉིན་གཅིག་གི་རྗེས་སུ་ཝཱ་རཱ་ཎ་སཱིར་ལམ་སེང་ཆོས་འཁོར་བསྐོར་ཐབས་མེད་པ་ལྟ་བུ་ཞིག་རེད། དེར་བརྟེན་ཁོང་ཚོས་ཚེས་ ༡༥ རྩིས་པ་དེ་གཅིག་བྱས་ན་ཡག་པ་མེད་འགྲོ་བསམ་གྱི་འདུག ཡིན་ནའང་འབྲས་སྤུངས་སྒོ་མང་གི་ཡིག་ཆའི་ནང་ཚེས་ ༤། ༥། ༦ གང་དུ་རྩིས་ནའང་འགྲིག་པ་ལྟ་བུ་ཞིག་འདུག དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པས་རྡོ་རྗེ་གདན་དང་ཝཱ་རཱ་ཎ་སཱིའི་དབར་ཕེབས་ལམ་དུ་དུས་ཚོད་དགོས་ཀྱི་འདུག་དགོངས་པ་ཡིན་སྲིད། གང་ལྟར་སངས་རྒྱས་ཐག་རེིང་ནས་ཕེབས་པའི་སྐབས་སུ། ལྔ་སྡེས་གཽཏམ་ཉམས་པ། བྱ་བ་མང་བ་དེ་ཡོང་གི་འདུག ང་ཚོས་ཁོང་ལ་གདན་བཏིང་གི་མིན། སྐད་ཆ་བཤད་ཀྱི་མིན་ཞེས་ནང་ཁྲིམས་བཅས་པ་རེད། འོན་ཀྱང་སངས་རྒྱས་ཉེ་འགྲམ་དུ་ཕེབས་པའི་སྐབས་སུ། ཁོང་ཚོའི་ནང་ཁྲིམས་དེ་གནས་མ་ཐུབ་པར། ཁ་ཤས་ཀྱིས་བཞུགས་གདན་བཏིང་བ་དང་། ཁ་ཤས་ཀྱིས་ཞབས་བཀྲུ་རྒྱུའི་ཆུ་ཁྱེར་ཡོང་བ་སོགས་གང་ལྟར་གཟི་བརྗིད་ཀྱིས་མ་བཟོད་པར། ཁོང་ཚོས་ཁྱེད་རང་བཞིན་དང་དབང་པོ་ཧ་ཅང་གསལ་པོ་ཆགས་འདུག བྱང་ཆུབ་བརྙེས་སོང་ངམ། བདེན་པ་མཐོང་ངམ་ཞུས་པར། སངས་རྒྱས་ཀྱིས་མཐོང་བྱུང་གསུངས་པ་རེད། ཁོང་ཚོ་ཧ་ལས་ཏེ་ཟས་རགས་པ་སོགས་འདོད་ཡོན་ལ་བག་མེད་དུ་སྤྱོད་པའི་གང་ཟག་ཅིག་གིས་ཇི་ལྟར་བྱང་ཆུབ་བརྙེས་པ་ཡིན་ནམ་བསམས་པ་རེད། དེ་ནས་སངས་རྒྱས་ཀྱིས་ཁོང་ཚོའི་དྭོགས་པ་སེལ་བའི་ཆེད་དུ་ངལ་ཞིང་དུབ་པའི་མཐའ་ལ་བརྟེན་ནས་ལུས་ཀྱི་གདུང་བ་འབའ་ཞིག་གིས་བྱང་ཆུབ་མི་ཐོབ་པ་དང་། འདོད་པ་བསོད་ཉམས་ཀྱི་མཐའ་ལ་བརྟེན་ནས་འདོད་ཡོན་ལ་བག་མེད་ལོངས་སྤྱོད་ཀྱིས་བྱང་ཆུབ་མི་བརྙེས་ཚུལ་རྒྱས་པར་གསུངས། ཧ་ཅང་རྒྱས་སྤྲོས་ཆེན་པོས་འདོད་ཡོན་ལ་དགོས་མཁོ་ལས་ལྷག་པར་ལོངས་སྤྱོད་པ་དེ་ལ་འདོད་པ་བསོད་ཉམས་ཀྱི་མཐའ་ཟེར། དེ་ལྟར་འདོད་པ་བསོད་ཉམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ལ་གནས་ན་བྱང་ཆུབ་ཐོབ་ཚུལ་གསུངས་པ་རེད། དབུ་མའི་ལམ་ཞེས་པའི་ཚིག་དང་པོར་བེད་སྤྱོད་གནང་རྒྱུ་དེ་དེ་ལྟར་བྱུང་འདུག དེ་ནས་ཤེར་ཕྱིན་གྱི་མདོ་སོགས་སུ་དབུ་མའི་ལམ་དེ་ལྟ་བ་ལ་མང་ཆེ་བ་བེད་སྤྱོད་གནང་བ་རེད། དེ་བཞིན་སྒོམ་པ་ལའང་བྱིང་རྒོད་ཀྱི་མཐའ་གཉིས་བྲལ་བའི་སེམས་རྩེ་གཅིག་པ་དེ་ལའང་དབུ་མའི་ལམ་ཞེས་བརྗོད་ན་མ་འགྲིག་པ་གང་ཡང་མེད།

ཚོགས་ཐེངས་དང་པོའི་ནང་གི་དྲི་བ་གཅིག་ལ། ནང་པའི་བསྟན་པ་དར་བའི་སྔོན་གྱི་རྒྱ་གར་གྱི་གཞུང་ལུགས་ནང་ཡོད་པའི་དབུ་མའི་ལམ་དེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་སྦྱར་གྱི་ཡོད་དམ་ཞེས་བཀའ་འདྲི་གནང་སོང་། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་སྦྱར་གྱི་ཡོད་ཀྱི་རེད། གང་ལགས་ཤེ་ན། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྐབས་དེ་དུས་ནས་བཤད་ཀྱི་ཡོད། གཞི་དང་ལམ་དང་འབྲས་བུའི་འདོད་ཚུལ་མི་འདྲ་བ་རེད་མ་གཏོགས། གཞི་ལམ་འབྲས་གསུམ་ཞེས་པའི་ཐ་སྙད་དེ་ནང་པའི་སྔོན་གྱི་ཐ་སྙད་ཅིག་རེད།

དེ་ནས་ནང་པའི་གྲུབ་མཐའ་སྨྲ་བ་བཞི་དང་། སྡེ་པ་མི་འདྲ་བ་ཧ་ཅང་མང་པོ་བྱུང་ཡང་། ཚང་མས་དབུ་མའི་ལམ་ཁས་ལེན་པ་མ་ཟད། གཞི་ལམ་འབྲས་གསུམ་ལའང་སྦྱར་གྱི་རེད། གང་ལྟར་མཐའ་གཉིས་སྤངས་པའི་དབུས་གཅིག་ལ་དབུ་མ་དང་། དེ་འདྲ་བའི་འགྲུལ་ལམ་ཞིག་ལ་དབུ་མའི་ལམ་ཞེས་བརྗོད།

དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་མཐའ་གཉིས་དེ་གང་རེད་ཅེ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་ཏེ་བོད་དེ་རང་བཙན་གཙང་མ་བསྐྱར་གསོ་བྱེད་རྒྱུ་དེ་མཐའ་གཅིག་རེད། ད་ལྟ་བོད་ཀྱི་གནས་བབ་གང་ཡོད་པ་བསྡད་རྒྱུ་དེ་མཐའ་གཉིས་པ་དེ་རེད། མཐའ་ཡིན་ན་རྟག་མཐའ་དང་ཆད་མཐའ་ཡིན་དགོས་ཀྱི་མེད། ལྟ་བ་ལ་སྦྱར་བའི་སྐབས་སུ་རྟག་མཐའ་དང་ཆད་མཐའ་ཟེར་བ་མ་གཏོགས། དབུ་མའི་ལམ་གྱི་གནས་ཚུལ་གཞན་པ་བཤད་པའི་སྐབས་སུ་མཐའ་དེ་ཚོ་མི་འདྲ་བ་རེད། ད་གིན་གོང་དུ་ཞུས་པ་བཞིན། འདོད་པ་བསོད་ཉམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་དང་པོ་གསུངས་པའི་སྐབས་སུའང་རྟག་མཐའ་དང་ཆད་མཐའི་ཐ་སྙད་སྦྱར་ནས་གསུངས་མེད། གང་ལྟར་མཐའ་གཅིག་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་རང་བཙན་བྱེད་རྒྱུ་དང་། མཐའ་གཞན་པ་དེ་ད་ལྟའི་གནས་བབ་གང་ཡོད་པ་དེའི་ཐོག་བསྡད་རྒྱུ་དེ་རེད། མཐའ་དེ་གཉིས་སྤངས་པའི་དབུས་ལ་གང་ཡོད་ཅེ་ན། བོད་རིགས་ཡོངས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་ལྷག་བསམ་རྣམ་དག་གི་ཐོག་ནས་ལག་ལེན་བསྟར་རྒྱུ་དེ་དབུ་མའི་ལམ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་མཐར་ཐུག་གི་བསྒྲུབ་བྱ་དེ་གང་རེད་ཅེ་ན། བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་དུ་བསྟར་ནས། ང་ཚོའི་མངོན་འདོད་དེ་སྒྲུབ་ཐུབ་པ་བཟོ་རྒྱུ་དེ་རེད། བོད་མི་རིགས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་འཚེ་བ་མེད་པའི་སྤྱི་ཚོགས་བསྐྲུན་རྒྱུ་དེ་རེད། ༧གོང་ས༧སྐྱབས་མགོན་ཆེན་པོས་ཨ་རི་ལ་གནང་བའི་ཞི་བའི་དོན་ཚན་ལྔ་དེ་མང་ཆེ་བ་མཐར་ཐུག་གི་དམིགས་ཡུལ་སྐོར་བཀའ་གནང་ཡོད། བོད་ཀྱི་སྣོད་དེ་འཚེ་མེད་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ། དེའི་ནང་གནས་པའི་བཅུད་ཀྱི་སེམས་ཅན་རྣམས་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་རེད། སྤྱིར་བཏང་བོད་ཆོས་ལྡན་ཞིང་ཞེས་གནའ་སྔ་མོ་ནས་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་ཡིན་པ་ལྟ་བུ་རེད། བོད་མིའི་སྤྱི་ཚོགས་ནང་འཚེ་བ་མེད་པའི་ལམ་ལ་མཐའ་གཅིག་ཏུ་ཉམས་ལེན་བྱེད་མཁན་བརྒྱ་ཕྲག་སྟོང་ཕྲག་མང་པོ་ཡོད་ཀྱང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཆ་ནས་འཚེ་བ་མེད་པ་ཞིག་ཆགས་མེད། སྤྱི་ཚོགས་དེ་འཚེ་བའི་རྣམ་པ་མང་པོའི་ཐོག་འགྲོ་བའི་གནས་སྟངས་ཤིག་རེད། དེར་བརྟེན་མ་འོངས་པ་ལ་ཆོས་སྲིད་ཟུང་འབྲེལ་ཡིན་ནའང་རེད། ཆོས་ལྡན་གྱི་ཞིང་ཞེས་དངོས་གནས་མིང་དོན་མཚུངས་པ་ཞིག་ཡོང་དགོས་ན། བོད་པའི་སྤྱི་ཚོགས་དེ་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་ལ་བསྒྱུར་རྒྱུ་དང་། དེའི་མཐུན་རྐྱེན་ལྟ་བུར་བོད་ཀྱི་སྣོད་ཀྱི་འཇིག་རྟེན་དེ་འཚེ་བ་དང་བྲལ་བའི་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ལྟ་བུར་བསྒྱུར་རྒྱུ་དེ་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་རེད། དེས་ན་དབུ་མའི་ལམ་གྱི་མཐར་ཐུག་གི་དམིགས་ཡུལ་དེ་ཡང་བོད་དེ་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་ཏུ་བསྐྲུན་རྒྱུ་དེ་རེད། འདིའི་ནང་གྲུབ་ཆའི་དབྱེ་བ་མང་པོ་ཕྱེ་དགོས་པ་གང་ཡང་མེད། ང་ཚོས་བསྡོམས་བརྒྱབས་ནས་བཤད་ན། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡོངས་སུ་རྫོགས་པ་ཞིག་ཡོང་དགོས་པ་དེའི་ནང་སྲིད་དོན་དང་། དཔལ་འབྱོར། ཤེས་ཡོན། འཕྲོད་བསྟེན། ཆོས་ལུགས། ལེགས་བྱང་། སྐད་ཡིག་བཅས་ཚང་མ་ཚུད་ཡོད། མི་རིགས་ས་གནས་རང་སྐྱོང་ཟེར་བ་དེའི་ནང་མ་འདུས་པའི་གནས་ཚུལ་གཅིག་ཀྱང་ལྷག་གི་མེད།

མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ཐོག་མར་ཡོང་ས་དེ་ཀཱལ་མ་ཁ་སིའི་ (Karl Marx) སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ནས་བྱུང་བ་རེད།  ཀཱལ་མ་ཁ་སིས་མ་ཁ་སིའི་རིང་ལུགས་ (Marxism) སྲོལ་འབྱེད་པའི་སྐབས་སུ་ནུབ་ཕྱོགས་ཀྱི་ལུང་པ་མང་པོའི་ནང་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་གཉའ་གནོན་བཤུ་གཞོག་ཧ་ཅང་མང་པོ་རེད། དེའི་དབང་གིས་མི་རིགས་འཐབ་རྩོད་དེ་ཧ་ཅང་ཤུགས་ཆེན་པོ་རེད། དེ་ལ་བརྟེན་ནས་མི་རིགས་ཁ་བྲལ་མང་པོ་འགྲོ་གི་ཡོད། དེ་ལྟར་བཀས་བཀོད་རྒྱུན་འཛིན་རིང་ལུགས་དང་། ས་བདག་གྲལ་རིམ་རིང་ལུགས་ལ་སོགས་པ་དེ་ཚོའི་འོག་ཏུ་གྲལ་རིམ་གྱི་གཉའ་གནོན་ཙམ་དུ་མ་ཟད། མི་རིགས་ཀྱི་གཉའ་གནོན་ཡང་ཡོད་པ་མཐོང་བ་རེད། གང་ལྟར་མི་རིགས་སྤྱི་དང་། ཁྱད་པར་དུ་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་གཉའ་གནོན་བཤུ་གཞོག་དང་། གྲངས་ཉུང་མི་རིགས་དེ་གྲངས་མང་མི་རིགས་ནང་སིམ་དུ་འཇུག་རྒྱུ་བཅས་རེད། སིམ་དུ་འཇུག་པ་ཟེར་བ་ནི་ཆུའི་ནང་དུ་མངར་མོ་བླུགས་པ་ཆུ་དང་འདྲེས་འགྲོ་བ་ལྟར་གྲངས་ཉུང་མི་རིགས་འདི་རེད་ཅེས་ལོགས་སུ་ངོས་འཛིན་བྱེད་རྒྱུ་མེད་པ་གྲངས་མང་མི་རིགས་ནང་སིམ་སྟེ་ཡལ་འགྲོ་བ་དེ་རེད། ཨིན་སྐད་དུ་ assimilation ཞེས་བརྗོད། སིམ་པའི་སྲིད་བྱུས་ (Policy of assimilation) ནི་མི་རིགས་རྩ་མེད་གཏང་རྒྱུའམ། ཡང་ན་མི་རིགས་ཁ་བྲལ་གཏོང་རྒྱུའི་གནས་སྟངས་ཤིག་རེད། གལ་ཏེ་མི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་གཅིག་འཛིན་སྐྱོང་བྱེད་དགོས་ན། དང་པོ་དེར་མི་རིགས་འདྲ་མཉམ་དགོས་ཀྱི་རེད། མི་རིགས་འདྲ་མཉམ་བྱུང་ན་མི་རིགས་མཐུན་སྒྲིལ་ཡོང་གི་རེད་ཅེས་ལྟ་གྲུབ་དེ་རེད། མི་རིགས་འདྲ་མཉམ་ཇི་ལྟར་ཡོང་གི་རེད་ཅེ་ན། དེ་ལ་སྤང་བྱ་གཉིས་རེད། དེ་ནི་མི་རིགས་ཆེན་པོའི་རིང་ལུགས་དང་། ས་གནས་མི་རིགས་རིང་ལུགས་སྤང་རྒྱུ་དེ་རེད། མི་རིགས་ཆེན་པོའི་རིང་ལུགས་ཟེར་བ་དེ་བོད་སྐད་ནང་ཤུགས་ཆེན་པོ་ཐོན་གྱི་མི་འདུག ཨིན་སྐད་དུ་ཧ་ཅང་ཤུགས་ཆེན་པོ་རེད། དེ་ལ་ Chauvinism ཟེར། རྒྱ་མི་རིགས་མང་ཆེ་བ་དེ་ཧན་ (Han) མི་རིགས་རེད།  མི་རིགས་ཆེན་པོ་དེས་སྤོབས་པ་དང་ང་རྒྱལ་ཆེན་པོ་བྱས་ནས་མི་རིགས་གཞན་ལ་གཉའ་གནོན་བྱེད་པ་དེ་ལ་ Han Chauvinism དང་ Han Hegemony ཟེར་བའི་ཚིག་གཉིས་པོ་དེ་བེད་སྤྱོད་བྱེད་ཀྱི་རེད། དེར་བརྟེན་དེ་སྤང་དགོས་ཞེས་བརྗོད་ཀྱི་ཡོད། ད་ལྟ་ཁོང་ཚོས་དེ་སྤང་རྒྱུའི་ཚབ་ཏུ་ད་དུང་ཡར་རྒྱས་དང་གོང་འཕེལ་གཏོང་གི་ཡོད། ས་གནས་མི་རིགས་རིང་ལུགས་ཟེར་ན་ས་གནས་ཀྱི་མི་རིགས་ཀྱིས་རིགས་ཞེན་བྱས་ནས་མི་རིགས་ཆེན་པོའི་མཉམ་དུ་མཐུན་སྒྲིལ་མེད་པར་ལོགས་སུ་བསྡད་རྒྱུ་དེ་ལ་བརྗོད། དེ་གཉིས་སྤང་ཐུབ་ན་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་ཟེར་བ་ཡོང་གི་རེད་ཅེས་བཤད་ཀྱི་ཡོད། དེས་ན་དེ་འདྲའི་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་ཡོང་བ་དང་། ས་གནས་མི་རིགས་ཀྱི་རིང་ལུགས་སྤང་ཐུབ་པའི་ཆེད་དུ་གྲངས་ཉུང་མི་རིགས་ལ་མི་རིགས་ཀྱི་རང་སྐྱོང་སྤྲད་པ་ཙམ་དུ་མ་ཟད། མི་རིགས་གནས་ཡུལ་གྱི་ས་གནས་ལའང་རང་སྐྱོང་སྤྲད་དགོས་ཀྱི་ཡོད། རྒྱ་ནག་གི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་ ༡༡༢ ནས་ ༡༢༢ བར་དུ་ས་གནས་མི་རིགས་རང་སྐྱོང་གི་གནས་བབ་དེ་ཧ་ཅང་ཞིབ་ཚགས་པོས་བཤད་ཡོད། དེའི་ནང་གང་ཡོད་ཅེ་ན། ས་གནས་ཀྱི་འཐུས་ཚོགས་ལ་ཁྲིམས་བཟོའི་དབང་ཆ་ཆ་ཚང་ཡོད་པ་དང་། ས་གནས་ཀྱི་འཛིན་སྐྱོང་ལ་ལག་བསྟར་གྱི་དབང་ཆ་ཆ་ཚང་ཡོད་པ། དབུས་ཀྱི་ཁྲིམས་དང་བཀོད་ཁྱབ་སོགས་གནས་ཚུལ་གང་འདྲ་ཡིན་ནའང་ས་གནས་ལ་འཚམས་ཀྱི་མེད་ན་ལག་ལེན་བསྟར་མི་དགོས་པ། མི་རིགས་ས་གནས་རང་སྐྱོང་གི་ལམ་སྲོལ་རྣམས་ས་གནས་ཁྲིམས་བཟོ་ཁང་ནས་བཟོ་ཆོག་པ། དཔལ་འབྱོར་ལྟ་བུ་ལ་མཚོན་ན། ས་གནས་མི་རིགས་རང་སྐྱོང་གིས་ཐག་གཅོད་མ་བྱས་པར་དབུས་གཞུང་གིས་གཏེར་ཁ་སྔོག་འདོན་དང་། དཔལ་འབྱོར་བེད་སྤྱོད་གཏོང་ན་མི་འགྲིགས་པ། ཡར་རྒྱས་ཀྱི་འཆར་གཞི་ཞིག་ཡིན་ནའང་ས་གནས་རང་སྐྱོང་གི་ཚོགས་འདུས་ཐག་གཅོད་པ་མ་གཏོགས་དབུས་ཀྱིས་བཙན་ཤེད་དང་དབང་ཤུགས་མི་བྱེད་པ། སྐད་ཡིག་ཡིན་ནའང་ས་གནས་རང་གི་སྐད་ཡིག་གང་ཡིན་པ་དེ་བེད་སྤྱོད་བྱེད་དགོས་པ་སོགས་ཆ་ཚང་བ་ཞིག་ཡོད་རེད། བསྡོམས་བརྒྱབས་ནས་བཤད་ན། མི་རིགས་ས་གནས་རང་སྐྱོང་ཟེར་བ་དེས་དབུས་གཞུང་གི་ཁྲིམས་ཀྱིས་རང་སྐྱོང་གི་ལྗོངས་ལ་ཁྱབ་ཀྱི་མེད་པ་དང་། མི་རིགས་ཆེན་པོའི་སྐད་ཡིག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཚབ་མི་བྱེད་པ། མི་རིགས་ཆེན་པོའི་ཁྲིམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་ཀྱི་ཚབ་མི་བྱེད་པ་སོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྔོན་གླེང་ནང་དུ་ཡོད་ལ། དོན་ཚན་སོ་སོའི་ནང་དུའང་ཡོད། དེ་བཞིན་སྔོན་མ་གོང་མའི་རིང་ལུགས་དང་གོ་མིན་ཏང་བཙན་རྒྱལ་རིང་ལུགས་ཀྱི་སྐབས་སུ་མི་རིགས་གཉའ་གནོན་བྱས་པར་བརྟེན་མི་རིགས་ཁ་བྲལ་འགྲོ་བ་རེད། མི་རིགས་ཁ་བྲལ་མི་འགྲོ་བའི་ཆེད་དུ་མི་རིགས་གཉའ་གནོན་མེད་པའི་མི་རིགས་ས་གནས་རང་སྐྱོང་གི་ཐབས་ལམ་གསར་པ་ཞིག་བཙལ་བ་ཡིན་ཞེས་པ་དེ་རྩ་ཁྲིམས་ཀྱི་དགོངས་དོན་རེད། གལ་ཏེ་དེ་ཚོ་ཆ་ཚང་བ་ས་གནས་ལ་ལག་བསྟར་བྱུང་ན། ཆོས་དང་རིག་གཞུང་། སྐད་ཡིག་དང་དཔལ་འབྱོར་སོགས་བོད་པས་བསྒྲུབ་དགོས་པའི་མངོན་འདོད་ཡོངས་སུ་རྫོགས་པ་དེའི་ནང་ལ་ཚུད་ཡོད། དེ་བཞིན་དུ་མི་རིགས་ས་གནས་རང་སྐྱོང་གིས་མི་འབོར་ཕར་ཚུར་འགྲོ་བསྐྱོད་ཐོག་ཏུ་ཁྲིམས་བཟོ་རྒྱུའི་ཐོབ་ཐང་ཡོད་ཅིང་། འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་རེད་ཅེས་མི་སུ་ཡང་འགྲོ་ཆོག་པ་དང་གཞིས་ཆགས་ཆོག་པའི་ཐོབ་ཐང་མེད། གང་ལྟར་མི་འབོར་སྤོ་བཞུད་དང་འགྲུལ་བཞུད་བྱེད་པའི་ཐོག་ལ་ཁྲིམས་གཞི་གང་འདྲ་བཟོ་ནའང་མི་རིགས་ས་གནས་རང་སྐྱོང་གི་གྲོས་ཚོགས་ཀྱི་འགན་དབང་རེད། དཔེར་ན། ད་ལྟ་ཧོང་ཀོང་ (Hong Kong) གི་མི་འབོར་དང་སྐམ་ས་ཆེན་པོའི་མི་འབོར་གཉིས་ཐ་དད་ཆགས་ཡོད། ཧོང་ཀོང་ནས་སྐམ་ས་ཆེན་པོར་འགྲོ་ན་སྒྲིག་གཞི་ཞིག་གི་འོག་ནས་བཀའ་ཁྲོལ་བླངས་ནས་འགྲོ་དགོས། དེ་བཞིན་སྐམ་ས་ཆེན་པོ་ནས་ཧོང་ཀོང་ལ་ཡོང་དགོས་བྱུང་ན་བཀའ་ཁྲོལ་བླངས་ནས་ཡོང་དགོས་མ་གཏོགས། རང་དབང་གིས་ཡོང་ས་མེད། དེར་བརྟེན་མི་རིགས་ས་གནས་རང་སྐྱོང་ནང་མི་རིགས་ཆེན་པོའི་མི་འབོར་སྤོ་བཞུད་མི་ཡོང་བའི་ཆེད་དུ་ཕར་ཚུར་འགྲུལ་བཞུད་དང་ཡུལ་བསྐོར་སྤྲོ་འཆམ་སོགས་ཀྱི་ཐོག་ཁྲིམས་བཟོ་རྒྱུའི་དབང་ཚད་དེ་མི་རིགས་ས་གནས་རང་སྐྱོང་གི་སྲིད་གཞུང་དང་། མི་རིགས་ས་གནས་རང་སྐྱོང་གི་གྲོས་ཚོགས་ལ་ཡོད་པ་ཞིག་རེད། ཡིན་ནའང་ད་ལྟ་ཕན་ལ་བོད་ཙམ་མ་ཡིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་ ༥༥ སུ་ལའང་མི་རིགས་ས་གནས་རང་སྐྱོང་གི་མིང་ཙམ་མ་གཏོགས། མི་རིགས་ས་གནས་རང་སྐྱོང་གི་དོན་དེ་ལག་ལེན་དུ་བསྟར་མེད། མི་རིགས་ས་གནས་རང་སྐྱོང་གི་དོན་དེ་ལག་ལེན་དུ་བསྟར་བའི་གོམས་པ་དང་པོ་དེ་གང་རེད་ཅེ་ན། མི་རིགས་ས་གནས་རང་སྐྱོང་གི་གཞི་རྩའི་ལམ་སྲོལ་དེ་བཟོ་དགོས་ཀྱི་ཡོད། མི་རིགས་ས་གནས་རང་སྐྱོང་གི་གཞི་རྩའི་ལམ་སྲོལ་དེ་བཟོ་བར་དབུས་ཀྱི་བཀའ་ཁྲོལ་དགོས་ཀྱི་ཡོད།

དཔེར་ན་བོད་རང་སྐྱོང་ལྗོངས་ཟེར་བ་ལྟ་བུར་ཆ་བཞག་ན། བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཚུགས་ནས་ལོ་ ༤༥།༤༦ ཕྱིན་ཚར་བ་རེད། ཡིན་ནའང་ད་ལྟ་བར་དུ་གཞི་རིམ་གྱི་མི་རིགས་ས་གནས་རང་སྐྱོང་གི་ལམ་སྲོལ་དེ་གཏན་ལ་ཕབ་ཐུབ་མེད། ཁོང་ཚོས་ཟིན་བྲིས་ཚར་གསུམ་བརྒྱབས་ནས་དབུས་ལ་སྤྲད་པ་རེད་ཟེར་གྱི་འདུག ཡིན་ནའང་ད་ལྟ་བར་དུ་འདི་བྱེད་འདི་མིན་གྱི་གནས་ཚུལ་གང་ཡང་བྱུང་མེད། དེས་ན་མི་རིགས་ས་གནས་རང་སྐྱོང་གི་དྲི་བ་གཞན་པ་རྣམས་རང་བཞིན་གྱིས་ལྷག་རྒྱུ་རེད། དེར་བརྟེན་དབུ་མའི་ལམ་གྱི་བསྒྲུབ་བྱ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཆ་ཚང་ལྷག་བསམ་རྣམ་དག་གི་ཐོག་ནས་ལག་བསྟར་བྱེད་དགོས་ཀྱི་འདུག་ཅེས་པ་དེ་རེད།  དེའི་ཐབས་ལམ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ལག་བསྟར་བྱེད་དགོས་ཞེས་གསལ་ཡོད་སྟབས། རྒྱ་ནག་མཉམ་དུ་མེས་འཚིག་མེར་གཏུག་གིས་སྐད་ཆ་བཤད་ནས་ལག་བསྟར་བྱེད་དགོས་པ་རེད་མ་གཏོགས། དེ་ལས་གཞན་པའི་ཐབས་ལམ་གང་ཡང་མེད། རྒྱལ་ཁབ་གཞན་དག་གིས་གནོན་ཤུགས་སྤྲད་ནས་བསྒྲུབ་ཐུབ་རྒྱུ་མེད་ལ། དེ་མ་ཡིན་པའི་ཐབས་ལམ་གཞན་ཞིག་ང་ཚོའི་བསམ་བློའི་ནང་རྙེད་ཀྱི་ཡོད་མ་རེད། དེས་ན་ཇི་ལྟར་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་དེ་དག་ལག་ལེན་བསྟར་ཐུབ་པ་དང་། ལག་ལེན་བསྟར་དགོས་པ། ད་བར་ལག་ལེན་མ་བསྟར་བ་དེ་གང་དུ་འགགས་པ་སོགས་ཚང་མར་ཞིབ་འཇུག་གིས་སྐད་ཆ་བཤད་ནས་འགྲོ་རྒྱུ་ནི་ང་ཚོའི་ཐབས་ལམ་དེ་རེད། དེར་བརྟེན་ཐབས་ལམ་འདིའི་ཐོག་ནས་ད་ལྟ་ཡོད་བཞིན་པའི་རྒྱ་ནག་གི་འགོ་ཁྲིད་ཚོའི་མཉམ་དུ་ང་ཚོའི་མངོན་འདོད་འགྲུབ་པའང་ཡོང་སྲིད། མ་འགྲུབ་པའང་ཡོང་སྲིད། དེ་བཞིན་དུས་ཚོད་གང་ལ་གང་མཚམས་སོང་སྟེ་རྒྱ་ནག་གི་འགོ་ཁྲིད་ནང་འགྱུར་བ་ཞིག་མ་ཕྱིན་བར་དུ་ང་ཚོའི་མངོན་འདོད་མ་འགྲུབ་པའང་ཡོང་སྲིད་པ་རེད། ཡིན་ནའང་ལྟ་གྲུབ་ཀྱི་ཆ་ནས་བཤད་ན། ད་ལྟའི་ང་ཚོའི་དབུ་མའི་ལམ་གྱི་མངོན་འདོད་དེ་མི་འགྲུབ་པའི་རྒྱུ་མཚན་གང་ཡང་མེད། ལར་ནས་རྒྱ་ནག་གི་རྩ་ཁྲིམས་འགྱུར་བ་གཏང་དགོས་ཀྱི་མེད་ལ། རྒྱ་ནག་གིས་ད་ལྟ་འཛིན་བཞིན་པའི་ཆབ་སྲིད་ཀྱི་ལམ་སྲོལ་ལའང་འགྱུར་བ་གཏང་དགོས་ཀྱི་མེད། ག་རེ་དགོས་ཀྱི་ཡོད་ཅེ་ན། རྒྱ་ནག་གི་མགོ་ཁྲིད་ཚོ་ལ་ཆབ་སྲིད་ཀྱི་ཆོད་སེམས་ཤིག་  (Political will) དགོས་ཀྱི་ཡོད།  དེ་བྱུང་ན་ཉིན་གཅིག་གི་ནང་བྱེད་ཐུབ་པའི་གནས་སྟངས་ཤིག་རེད། འཛམ་བུ་གླིང་སུས་བལྟས་པ་ཡིན་ནའང་ང་ཚོའི་མངོན་འདོད་དེ་འོས་ཤིང་འཚམས་པ་དང་། ཁྲིམས་དང་མཐུན་པ། གལ་ཏེ་རྒྱ་ནག་གིས་སྤྲད་འདོད་ཡོད་ན་སྤྲད་ཐུབ་པ་ཞིག་ཡིན་པ། དེ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཁེ་བཟང་མ་གཏོགས། གྱོང་གུན་གང་ཡང་རག་གི་མེད་པ་དེ་གསལ་པོས་མཐོང་ཐུབ། དེ་ལ་བརྟེན་ནས་ད་ལྟ་འབྲེལ་མོལ་ཞིག་འགྲོ་བཞིན་པ་རེད། དེ་ལ་འཕར་འབུབ་སྣ་ཚོགས་ཡོང་གི་ཡོད། གལ་ཏེ་འབྲེལ་མོལ་ཐེངས་བརྒྱད་པ་དེ་བྱུང་ན། དེའི་ནང་ད་ལྟ་ངས་ཞུས་པའི་མི་རིགས་ས་གནས་རང་སྐྱོང་གི་རྩ་ཁྲིམས་ཀྱི་ཆ་རྐྱེན་རྣམས་ཇི་ལྟར་བོད་ནང་ལག་ལེན་བསྟར་ཐུབ་ཀྱི་རེད། ཇི་ལྟར་བོད་ས་ཡོངས་རྫོགས་ལ་ཁྱབ་པ་གཅིག་གྱུར་ཞིག་བཟོ་ཐུབ་ཀྱི་རེད། དེ་ཚོའི་ཐོག་ཏུ་འབྲེལ་མོལ་བྱེད་རྒྱུ་དང་བསམ་ཚུལ་བསྡུར་རྒྱུའི་བང་ཞིག་སྒྲིག་གི་ཡོད་རེད། གང་ལྟར་ཐབས་ལམ་ནི་འབྲེལ་མོལ་ལས་གཞན་པའི་ཐབས་ལམ་མེད། འདིར་མཚམས་འཇོག་བྱ་རྒྱུ་ཡིན། གལ་ཏེ་བགྲོ་གླེང་དང་དྲི་བ་དྲིས་ལན་ལ་དུས་ཚོད་མང་བ་བྱུང་ན་ཕན་ཐོགས་ཆེ་བ་བཟོ་འདྲ་ཞིག་འདུག དེ་ནས་ཁྱེད་ཚོས་བཀའ་འདྲི་དང་འགྲེལ་བརྗོད་སོགས་ག་རེ་གནང་རྒྱུ་ཡོད་པ་ཡིན་ནའང་འཛེམས་ཟོན་མེད་པར་ལྷུག་པོ་གནང་རོགས། དེ་ཚོ་ཏོག་ཙམ་ཐུང་ངུ་གནང་ཐུབ་ན་མི་མང་བ་ལ་དུས་ཚོད་རག་རྒྱུའི་དགེ་མཚན་ཡོད་རེད་བསམ་གྱི་འདུག ཐུགས་རྗེ་ཆེ།

དྲི་བ། དབུ་མའི་སྲིད་བྱུས་ཀྱི་ལྟ་གྲུབ་འདི་གཞི་བཟུང་ཐོག་ནས་བོད་རྒྱ་འབྲེལ་མོལ་བྱེད་ཀྱི་ཡོད་རེད། ཡིན་ནའང་རྒྱ་ནག་གཞུང་གི་ངོས་ནས་ག་དུས་ཡིན་ནའང་བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་ལེན་བྱེད་དགོས་ཀྱི་ཡོད་ཅེས་ཆ་རྐྱེན་ཁ་ཤས་བཏོན་གྱི་ཡོད་རེད། ཡིན་ནའང་ང་ཚོའི་ངོས་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ག་དུས་ཡིན་ནའང་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་གནས་ཀྱི་ཡིན་ཞེས་གསུངས་དུས་དེ་མ་འོངས་པར་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱས་པ་ཞིག་ལ་ངོས་འཛིན་བྱེད་དགོས་རེད་དམ། ཡང་ན་དེ་ལས་གཞན་པ་ཞིག་ཡིན། རྒྱ་ནག་གཞུང་གིས་ཆ་རྐྱེན་བཏོན་པ་དེ་ངོས་ལེན་བྱེད་མ་ཐུབ་པའི་འགག་རྩ་དེ་གང་དུ་ཐུག་ཡོད།

གཉིས་པ་དེ། ང་ཚོའི་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་དེ་སི་ཏྲ་སི་སྦག་གསུང་བཤད་དང་ཨ་རིར་གནང་བའི་གསུང་འཕྲིན་གཞི་རྩར་བཞག་ནས་གསུངས་པ་དེ་དང་། ད་ལྟ་ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་དབར་ཁྱད་པར་འདྲ་ཕྱིན་ཡོད་དམ།

ལན། དྲི་བ་ཧ་ཅང་གལ་ཆེན་པོ་འདུག རྒྱ་ནག་གི་ངོས་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ངོས་ལེན་བྱེད་དགོས་ཟེར་བ་དེ་རྒྱུན་དུ་བཤད་ཀྱི་རེད། དེ་ནི་ད་ལྟ་ང་ཚོས་སེལ་མི་ཐུབ་པའི་འགལ་ཟླ་ཆེན་པོ་གཉིས་ཡོད་པའི་ནང་ནས་དང་པོ་དེ་རེད། ང་ཚོའི་ངོས་ནས་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ བཞག་པ་ནས་བཟུང་སྟེ་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་ཆགས་པ་དེ་ངོས་ལེན་བྱེད་ཀྱི་ཡོད་རེད། ད་ལྟའི་གནས་སྟངས་ནི་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་བཞིན་པ་རེད། མ་འོངས་པ་ལའང་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་བྱེད་ནས་བསྡད་ཀྱི་ཡིན་ཞེས་བཤད་རྒྱུར་དཀའ་ངལ་གང་ཡང་མེད་ཅེས་བརྗོད་ཀྱི་ཡོད། ཡིན་ནའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་གནའ་སྔ་མོ་བྱུང་རབས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་བྱེད་དགོས་ཀྱི་རེད། དེ་ཡང་འདས་པ་དང་། ད་ལྟ་བ། མ་འོངས་པ་བཅས་གསུམ་གར་ཁྱབ་དགོས་ཀྱི་རེད་ཅེས་བཤད་ཀྱི་ཡོད། དེ་ནི་བདེན་པ་མིན་པར་བརྟེན་ང་ཚོས་ཁས་ལེན་བྱེད་ཐུབ་ཀྱི་མེད། གལ་ཏེ་དངོས་གནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ན་ང་ཚོའི་ངོས་ནས་ཁས་ལེན་བྱེད་རྒྱུར་དཀའ་ངལ་གང་ཡང་མེད། ལྷག་པར་དུ་༧གོང་ས་མཆོག་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་བདེན་པ་མ་ཡིན་པའི་གནས་ཚུལ་ཞིག་གསུངས་ཐུབ་ཐབས་མེད། འོན་ཀྱང་རྒྱ་ནག་ལའང་ཁག་མེད་པ་ལྟ་བུ་ཞིག་རེད། ཁོང་ཚོས་གསལ་པོ་ག་རེ་བཤད་ཀྱི་ཡོད་ཅེ་ན། བོད་དེ་བྱུང་རབས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་མ་ལེན་ན། ཕྱི་ལོ་ ༡༩༥༡ ལོར་བོད་ཞི་བའི་བཅིངས་བཀྲོལ་བཏང་བ་དེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བལྟས་ན། བཙན་འཛུལ་ (Aggression) ལ་ཆགས་པ་དང་། ད་ལྟའི་གནས་བབ་དེ་བཙན་བཟུང་ (Occupation) ལ་ཆགས་རྒྱུ་རེད།  གང་ལྟར་ཁྲིམས་དང་མཐུན་པ་ཡོང་(Legitimise) ཐུབ་ཀྱི་མི་འདུག དེས་ན་ང་ཚོ་བཀའ་མོལ་མ་གནང་གོང་དུ་ད་ལྟའི་ང་ཚོའི་གནས་བབ་དེ་ཁྲིམས་དང་མཐུན་པ་ཞིག་བཟོ་དགོས་ཀྱི་ཡོད་རེད་ཅེས་བཤད་ཀྱི་ཡོད།  ཡིན་ནའང་ང་ཚོས་ཞི་འགྲིག་ཡོང་གི་ཡོད་ནའང་རེད། ཞི་འགྲིག་ཡོང་གི་མེད་ནའང་རེད། འབྲེལ་མོལ་དེ་ཆད་ནའང་རེད། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་མིའི་ཆ་ཤས་ཡིན་པ་དེ་ཁས་ལེན་བྱེད་ཐུབ་ཐབས་མེད། ༧གོང་ས་མཆོག་གིས་ཧ་ཅང་དགོངས་པ་གུ་ཡངས་པོ་དང་རྒྱ་ཆེན་པོ་བཞེས་ནས་ལོ་རྒྱུས་དེ་ཟུར་དུ་གཞག་དགོས། དེ་ནི་ལོ་རྒྱུས་མཁས་པ་ཚོས་བརྟག་དཔྱད་བྱེད་རྒྱུ་རེད། ང་ཚོས་མ་འོངས་པའི་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད་མ་གཏོགས། འདས་པའི་སྐོར་ལ་སྐད་ཆ་བཤད་ཀྱི་མེད། ལོ་རྒྱུས་ལ་ཆ་བཞག་ན། ཁྱེད་རང་ཚོའི་བཤད་སྟངས་གཞན་ཞིག་རེད། ང་ཚོའི་བཤད་སྟངས་གཞན་པ་ཞིག་རེད། འཛམ་བུ་གླིང་མི་གཞན་གྱི་བཤད་སྟངས་མི་འདྲ་བར་བརྟེན་མཐུན་པ་ཞིག་ཡོང་མི་ཐུབ་ཅེས་བཀའ་གནང་ཡང་། ཁོང་ཚོས་ལོ་རྒྱུས་དེ་གཡུག་ན། མ་འོངས་པར་རྙོག་ཁྲ་ལང་རྒྱུའི་ས་བོན་གལ་ཆེ་ཤོས་དེ་ཟུར་དུ་བཞག་གི་ཡོད་རེད། ལོ་རྒྱུས་ནི་ཤེས་ཡོན་སློབ་སྦྱོང་གི་དོན་དུ་མིན་པར། དེ་ནི་ཆབ་སྲིད་ཀྱི་དོན་དུ་རེད། དེས་ན་དེ་སྔོན་ལ་ཐག་གཅད་དགོས་ཞེས་བཤད་ཀྱི་ཡོད།

དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རིག་པའི་གཞུང་ལུགས་ལྟ་བུར་ཞི་བའི་དོན་ཚན་ལྔ་དང་།  སི་ཏྲ་སི་སྦག་གི་གསུང་བཤད་གཉིས་པོ་རྒྱུན་རིང་པོ་གནས་པ་རེད།  སི་ཏྲ་སི་སྦག་གི་གསུང་བཤད་ནི་ཞི་མོལ་གྱི་གྲོས་གཞི་མ་རེད། དེ་ནི་བོད་ཀྱི་གནས་བབ་འགྱུར་བ་འགྲོ་མིན་ལ་མ་ལྟོས་པར་མ་འོངས་པར་བོད་དང་རྒྱ་ནག་གཉིས་ཀར་མཁོ་བའི་ཕུགས་རྒྱང་རིང་པོའི་གཟིགས་སྣང་ཞིག་རེད། དེར་བརྟེན་དེ་ནི་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་ལྟེ་བ་གང་ཡང་ཆགས་ཀྱི་མེད། འོན་ཀྱང་སི་ཏྲ་སི་སྦག་གི་གསུང་བཤད་ནང་དབུ་མའི་ལམ་གྱི་དགོས་འདུན་ཞིབ་ཕྲ་གསུངས་ཡོད།  དེའི་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་བོད་ལ་ཆབ་སྲིད་ཀྱི་གནས་སྟངས་མི་འདྲ་བ་དགོས་རྒྱུ་དང་། མང་གཙོའི་ཆབ་སྲིད་དགོས་པ། བོད་ལ་གཞི་རིམ་གྱི་ཁྲིམས་ལོགས་སུ་་དགོས་པ་སོགས་འཁོད་ཡོད། དེ་ལ་རྒྱ་ནག་གིས་མངོན་པར་མི་གསལ་བའི་རང་བཙན་དང་། རྣམ་པ་འགྱུར་བའི་རང་བཙན་རེད་མ་གཏོགས། རང་སྐྱོང་གི་གནས་བབ་གང་ཡང་མི་འདུག་ཅེས་ངོས་ལེན་བྱས་མེད། དེར་བརྟེན་ཕྱི་ལོ་ ༡༩༩༣།༡༩༩༤ གང་རུང་ཞིག་ཏུ་༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་། དུས་ཚོད་ངེས་ཅན་ནང་སི་ཏྲ་སི་སྦག་གི་གསུང་བཤད་ལ་རྒྱ་ནག་ངོས་ནས་མཐུན་ཕྱོགས་ཀྱི་ཡ་ལན་མ་བྱུང་ན། དེའི་ནང་བོད་ཀྱི་ངོས་ནས་འཁྱེར་དགོས་པའི་འགན་ཁུར་རྣམས་མེད་པ་ཆགས་རྒྱུ་རེད་ཅེས་བཀའ་གནང་ཡོད། ཡིན་ནའང་དེའི་དུས་ཚོད་ནང་རྒྱ་ནག་ངོས་ནས་ལན་གང་ཡང་མ་བྱུང་བར་བརྟེན། དེའི་ལོ་རྗེས་མའི་གསུང་འཕྲིན་ནང་།  སི་ཏྲ་སི་སྦག་གི་གསུང་བཤད་དེ་ནུས་མེད་ལ་ཕྱིན་པར་ངོས་འཛིན་གནང་གི་ཡོད་ཅེས་བཀའ་གནང་ཡོད། དེ་བཞིན་བཀའ་ཤག་གི་གསུང་འཕྲིན་ནང་དུའང་རང་བཞིན་གྱིས་ནུས་མེད་ལ་ཕྱིན་པར་རྩ་འཛིན་གནང་ཡོད། དེས་ན་ཕྱི་ལོ་ ༢༠༠༢ ནས་བསྐྱར་དུ་འབྲེལ་མོལ་མགོ་ཚུགས་པ་ནས་ད་ལྟའི་བར་དུ་སི་ཏྲ་སི་སྦག་གི་གསུང་བཤད་དེ་རིག་པའི་གཞུང་ལུགས་ཀྱི་ངོ་བོར་ཁྱེར་ནས་བཀའ་མོལ་གནང་གི་མེད། ཡིན་ནའང་སི་ཏྲ་སི་སྦག་གི་གསུང་བཤད་ཀྱི་སྙིང་དོན་དེ་ཚོ་ད་ལྟའང་བསྡད་ཡོད་རེད། དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་ཞེས་པ་མ་གཏོགས་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཞེས་པ་དེ་མེད། ཕྱི་ལོ་ ༢༠༠༤ དང་། ༢༠༠༥ ལོ་སོ་སོའི་༧སྐྱབས་མགོན་རིན་པོ་ཆེའི་གསུམ་དུས་གསུང་འཕྲིན་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ཅེས་གསལ་པོ་བཀའ་གནང་ཡོད། དེས་ན་ད་ལྟའི་གནས་སྐབས་སུ་དབུ་མའི་ལམ་གྱི་རྩ་འཛིན་གྱི་རིག་པའི་གཞུང་ལུགས་གང་ཡང་མེད་པར་བརྟེན། རྒྱ་ནག་ངོས་ནས་དེ་འདྲ་ཞིག་དགོས་ཀྱི་འདུག སྐུ་ཚབ་རྣམ་པ་ཚོས་འགྲེལ་བཤད་བརྒྱབས་པ་དེས་ཕན་ཐོགས་ཀྱི་མི་འདུག བཀའ་བློན་ཁྲི་པས་འགྲེལ་བཤད་བརྒྱབས་པ་དེས་ཕན་ཐོགས་ཀྱི་མི་འདུག ༧རྒྱལ་བ་རིན་པོ་ཆེའི་ཞལ་དྲོད་མོ་ནས་དབུ་མའི་ལམ་གྱི་འགྲེལ་བརྗོད་ཅིག་བསྐྱར་དུ་གནང་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། ཡིན་ནའང་ང་ཚོས་ད་ལྟ་དེ་འདྲ་གནང་རྒྱུའི་དུས་ཚོད་སྨིན་པ་ཞིག་ཏུ་རྩིས་ཀྱི་མེད། ཡང་བསྐྱར་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་གསར་པ་ཞིག་གནང་དགོས་ཀྱི་ཡོད་ན། དེ་གནང་བ་དང་ཆབས་ཅིག་ཏུ་འབྲེལ་མོལ་གྱི་གོམ་པ་དེ་མངོན་གསལ་དོད་པོས་སྤོ་ཐུབ་པ་མ་བྱུང་ཁར། ཉིན་ཤས་རྗེས་སུ་ཡལ་འགྲོ་བ་དང་ནུས་མེད་འགྲོ་བའི་རིག་པའི་གཞུང་ལུགས་ཤིག་བརྩམས་ནའང་ཕན་ཐོགས་མི་འདུག་ཅེས་བཤད་ཀྱི་ཡོད། ཡིན་ནའང་དེ་གནང་རྒྱུའི་སྔོན་དུ་ང་ཚོས་འབྲེལ་མོལ་ཐོག་ནས་གོམ་པ་གང་ལ་གང་འཚམས་ཤིག་བརྒྱབས་ནས་དངོས་གནས་བོད་ནང་གནས་བབ་འགྱུར་བ་གཏང་ཐུབ་པ་ཞིག་ཡོང་ཐུབ་ཐབས་བྱེད་དགོས་ཀྱི་ཡོད། དེས་ན་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་གསར་པ་ཞིག་ཡོང་རྒྱུ་བསྡད་པའི་ལོ་གཅིག་གཉིས་ནང་ཏན་ཏན་༧གོང་ས་མཆོག་གིས་གསལ་བསྒྲགས་གནང་སྲིད་པ་རེད་བསམ་གྱི་འདུག

དྲི་བ། བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་པ་བསྙོན་དུ་མེད་པའི་ལོ་རྒྱུས་ཐོག་གྲུབ་བསྡད་ཡོད། བོད་ཀྱི་རྒྱལ་རྟགས་དང་རྒྱལ་གླུ་སོགས་དགའ་ལྡན་ཕོ་བྲང་སོགས་ཀྱི་སྐབས་ནས་ཡོད་དམ། གལ་ཏེ་ཡོད་ན་མ་འོངས་པར་རང་སྐྱོང་ཐོབ་ན་དེ་དུས་རྒྱལ་རྟགས་རྒྱལ་དར་སོགས་ཀྱི་ཐོབ་ཐང་དང་དབང་ཚད་དེ་ཡོད་དམ།

གཉིས་པ་དེ་ལ། ང་ཚོའི་སྐུ་ཚབ་ཚོགས་པ་ཕྱི་ལོ་ ༢༠༠༢ ནས་ད་ལྟའི་བར་དུ་ཐེངས་བརྒྱད་ཕེབས་པ་རེད། ཡིན་ནའང་རྒྱ་ནག་ཕྱོགས་ནས་ང་ཚོའི་སྐུ་ཚབ་ཚོ་སྐབས་རེ་སྐུ་ཚབ་ཡིན་པ་འདྲ་པོ་དང་། སྐབས་རེ་མིན་པ་འདྲ་པོ་སྣ་ཚོགས་བཤད་ཀྱི་འདུག དེ་བཞིན་ཕྱོགས་གཉིས་ཀྱི་གསར་འགོད་གསལ་བསྒྲགས་ཀྱང་མི་འདྲ་བ་ཡོང་གི་འདུག དེར་བརྟེན་གཟུ་དཔང་གི་རྒྱལ་ཁབ་ཨ་རི་དང་། ཡང་ན་ཡོ་རོབ་རྒྱལ་ཁབ་དེ་འདྲ་མཉམ་དུ་ཡོད་པའི་ཐོག་ནས་གསར་འགོད་གསལ་བསྒྲགས་ཐུབ་ན་ཁྱད་པར་ཞིག་མེད་དམ།

ལན། བོད་དེ་བྱུང་རབས་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་ཡིན་པ་ཧ་ཅང་གསལ་པོ་རེད་ཅེས་བཀའ་གནང་སོང་། སྤྱིར་བཏང་རང་བཙན་གཙང་མ་བྱས་ནས་ཡུན་རིང་པོ་བསྡད་པ་རེད། དངོས་གནས་ཀྱི་བྱུང་རབས་ལ་ང་ཚོས་བལྟས་ན། བོད་ཀྱི་རྒྱལ་བརྒྱུད་ཐོག་མ་མགོ་བཙུག་རྒྱུ་དེ་ཕྱི་ལོའི་སྔོན་གྱི་ལོ་ཉི་བརྒྱ་བཞི་བཅུ་ཞེ་གྲངས་ཤིག་ནང་ཡིན་པར་བརྟེན། ད་ལྟ་ལོ་ཉིས་སྟོང་ཉིས་བརྒྱ་ཙམ་འགྲོ་ཟིན་པ་རེད། དེ་ནས་བཟུང་སྟེ་ཕྱི་ལོ་ཆིག་སྟོང་ཉིས་བརྒྱའམ་བརྒྱ་ཕྲག་བཅུ་གསུམ་པའི་མགོ་སྟོད་དུ་སོག་པོས་དབང་བསྒྱུར་མ་བྱས་བར་དུ་བོད་དེ་རང་བཙན་གཙང་མ་བྱས་ནས་བསྡད་པ་རེད། གང་ལྟར་ས་ཁྱོན་ཆེ་ཆུང་ལ་མ་ལྟོས་པར་བོད་ཀྱི་དབུས་དེ་ག་དུས་ཡིན་ནའང་རང་བཙན་བྱས་ནས་བསྡད་པ་རེད། ཕྱི་ལོ་ཆིག་སྟོང་༡༢༦༧།༡༢༦༨ ལ་སོག་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཆོལ་ཁ་གསུམ་བསྐྱར་དུ་ཕུལ་བའི་སྐབས་སུ་བོད་ཀྱི་རང་བཙན་གྱི་མངའ་དབང་བསྐྱར་གསོ་བྱས་པ་རེད་དམ། ཡང་ན་བོད་དེ་སོག་པོའི་གོང་མའི་འོག་ཏུ་ཡོད་བཞིན་དུ་ས་གནས་ཀྱི་དཔོན་རིགས་ཤིག་ལ་བསྐོས་པ་རེད། དེ་ནི་ད་ལྟ་རྒྱ་ནག་དང་ང་ཚོའི་དབར་ལ་ལོ་རྒྱུས་ཀྱི་འགལ་ཟླ་དེར་ཐུག་ཡོད། སོག་པོའི་དབང་འོག་ཏུ་འགྲོ་བའི་སྔོན་དུ་བོད་དེ་རྒྱ་ཁོངས་ཡིན་པ་རྒྱ་ནག་གིས་ཀྱང་དེང་སང་བཤད་ཀྱི་མེད། སྤྱིར་བཏང་ལོ་རྒྱུས་ལ་བལྟས་པའི་སྐབས་སུ་ལོ་རྒྱུས་རང་གི་ངོ་བོར་བལྟ་རྒྱུ་ཞིག་དང་། ལོ་རྒྱུས་དེ་ཆབ་སྲིད་ཀྱི་ལྟ་སྟངས་ངོས་ནས་བལྟ་རྒྱུ། ལོ་རྒྱུས་དེ་ཁྲིམས་ཀྱི་ངོས་ནས་བལྟ་རྒྱུ་བཅས་ལྟ་སྟངས་མི་འདྲ་བ་གསུམ་རེད། དེས་ན་ལོ་རྒྱུས་རང་གི་ངོ་བོ་ནས་བལྟས་ན་ད་ལྟ་བཀའ་འདྲི་གནང་མཁན་གྱིས་གསུངས་པ་བཞིན་བོད་རང་བཙན་གཙང་མ་བྱས་ནས་བསྡད་པ་རེད། ཁྲིམས་ཀྱི་ཐོག་ནས་བལྟས་པ་ཡིན་ནའང་དེ་རང་རེད། འོན་ཀྱང་ཆབ་སྲིད་ཀྱི་འགྲེལ་བརྗོད་བྱེད་སྟངས་ཐོག་ནས་བལྟས་ན་ནོར་འཁྲུལ་མང་པོ་བཏང་ཡོད། རང་བཙན་གཙང་མ་ཡིན་མིན་ཆབ་སྲིད་ཀྱི་ཐོག་ནས་མཚམས་གཟུང་ས་དེ་སོ་སོས་ང་རང་བཙན་ཡིན་ཟེར་བས་ཕན་ཐོགས་མེད། འདྲ་མཉམ་གྱི་རྒྱལ་ཁབ་གཞན་དང་མཉམ་དུ་ཕར་ཚུར་གཞུང་ཚབ་གཏོང་ལེན་སོགས་ཀྱི་འབྲེལ་བ་གཞག་རྒྱུ་དེ་རང་བཙན་ཡིན་པའི་རྟགས་མཚན་གསལ་ཤོས་རེད། དེ་ནི་ང་ཚོས་བྱས་མེད། ང་ཚོ་ཟུར་བསྡད་བྱས་ནས་རྒྱལ་ཁབ་གཞན་དང་གཞུང་ཚབ་གཏོང་ལེན་ (Diplomatic relation) གྱི་འབྲེལ་བ་རྩ་བ་ནས་མ་བྱས་པ་ཡིན་སྟབས། དེང་སང་ང་ཚོའི་བྱུང་རབས་ཀྱི་ལོ་རྒྱུས་ཐོག་འཁྱོག་བཤད་དང་ལོག་བཤད་གང་བྱེད་ནའང་ང་ཚོས་ལས་སླ་པོ་དང་ཤུགས་ཆེན་པོའི་ཐོག་ནས་ལན་བརྒྱབ་མི་ཐུབ་པའི་གནས་སྟངས་གཅིག་དེར་ཐུག་ཡོད། ང་ཚོ་ལ་ཁྲིམས་ཀྱི་ཐོག་ལ་བྱས་པ་ཡིན་ནའང་རེད། ལོ་རྒྱུས་ཀྱི་ཐོག་ལ་བྱས་པ་ཡིན་ནའང་གང་ལ་གང་འཚམས་བཤད་རྒྱུ་ཡོད་རེད། འོན་ཀྱང་ཆབ་སྲིད་ཀྱི་ཐོག་ནས་རྗེས་ལུས་མང་པོ་ཐེབས་བསྡད་ཡོད།

དགའ་ལྡན་ཕོ་བྲང་དབུ་བརྙེས་པ་སོགས་ཀྱི་སྐབས་སུ་རྒྱལ་དར་དང་རྒྱལ་རྟགས་ཀྱི་ལུགས་སྲོལ་དར་མེད། ཕྱི་ལོ་༡༩༤༧ བར་དུ་ཕལ་ཆེར་ང་ཚོའི་བོད་པའི་རྒྱལ་དར་དང་རྒྱལ་གླུའི་བསམ་ཚུལ་དེ་བྱུང་མེད་བསམ་གྱི་འདུག  རྒྱ་གར་རང་བཙན་ཐོབ་ཁར་རྒྱ་གར་བར་བརྒལ་སྲིད་གཞུང་གིས་ཕྱི་ལོ་ ༡༩༤༧ ལོར་ཨེ་ཤི་ཡའི་འབྲེལ་ལམ་ཚོགས་ཆེན་ (Asian Relations Conference) སྐབས་སུ་བོད་དང་རྒྱ་ནག་གཉིས་ཀྱི་སྐུ་ཚབ་ལོགས་སུ་གདན་འདྲེན་ཞུས་ཡོད། སྐབས་དེར་རྒྱལ་དར་དང་རྒྱལ་གླུའི་དགོས་མཁོ་བྱུང་སྐབས་ང་ཚོས་ལམ་སེང་དམག་སྒར་གྱི་དར་ཆ་གཅིག་ལ་རྒྱལ་དར་དང་། དམག་སྒར་གྱི་གླུ་གཞས་གཅིག་ལ་རྒྱལ་གླུའི་ངོ་བོར་དེ་དུས་བཏང་འདུག དེ་ནས་བཟུང་སྟེ་ད་ལྟ་ང་ཚོའི་སེང་གེ་འཁོར་ལོའི་རྒྱལ་དར་དེ་བོད་ཀྱི་རྒྱལ་དར་ལ་ཆགས་པ་དང་། དེ་དུས་བཏང་བའི་གཞས་དེ་ག་རེ་ཡིན་མིན་མི་ཤེས་ཀྱང་། དེ་ནི་རྒྱལ་གླུ་ཡིན་ཞེས་རྒྱུན་རིང་པོར་བཏང་བ་བྱུང་མེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་སླེབས་པའི་རྗེས་སུ་རྒྱལ་དར་སྔོན་མ་ཡོད་པ་དེ་རང་འཇགས་བཞག་པ་དང་། རྒྱལ་གླུའི་ཚིག་གསར་པ་དེ་ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་མ་སཱུ་རཱིར་བཞུགས་པའི་སྐབས་སུ་བརྩམས་པ་རེད། ད་ལྟ་ང་ཚོའི་བོད་གཞུང་གི་ལས་ཤོག་སྟེང་དུ་ཡོད་པའི་རྒྱལ་རྟགས་དེའང་ང་ཚོ་རྒྱ་གར་དུ་སླེབས་པའི་རྗེས་སུ་གསར་པ་བཟོས་པ་ཞིག་རེད། གང་ལྟར་རྒྱལ་དར་དེ་ ༡༩༤༧ ཕྱི་ཟླ་ ༣ ནས་བྱུང་བ་དང་། ད་ལྟ་གཏོང་བའི་རྒྱལ་གླུ་དེ་ ༡༩༥༩ ཕྱི་ཟླ་ ༥ ཙམ་ནས་བྱུང་བ་རེད། ད་ལྟ་སེང་གེ་གཉིས་ཡོད་པའི་རྒྱལ་རྟགས་དེ་ད་དུང་དེའི་རྗེས་སུ་བྱུང་བ་རེད། ང་མ་སཱུ་རཱི་ལ་༧གོང་ས་མཆོག་མཇལ་ཁ་བཅར་སྐབས་ཕལ་ཆེར་ ༡༩༥༩ ཕྱི་ཟླ་ ༨ མཇུག་གམ་ ༩ པའི་ཚེས་ཤར་ལ་རེད། དེ་དུས་རྒྱལ་རྟགས་དང་ལས་ཤོག་བཟོས་ནས་ཉིན་ཤས་མ་གཏོགས་ཕྱིན་མི་འདུག

མ་འོངས་པར་བོད་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་བྱུང་ན། རྒྱལ་གླུ་དང་རྒྱལ་དར་རང་འཇགས་བསྡད་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་སོང་། དེ་ནི་ད་ལྟ་ང་ཚོས་ཐག་བཅད་ནས་བཤད་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་བསྡད་དགོས་ཀྱི་རེད་ལ། བསྡད་ཆོག་གི་རེད་བསམ་གྱི་ཡོད། ཕྱི་ལོ་ ༡༩༥༡ རྗེས་སུ་བོད་ནང་ཡོད་མཁན་རྒྱ་མིས་ང་ཚོའི་རྒྱལ་དར་དེ་འཛུགས་ཆོག་གི་མ་རེད། རྒྱ་མིའི་སྐར་ལྔའི་དར་ཆ་དེ་འཛུགས་དགོས་རེད་ཅེས་ཤུགས་ཆེན་པོས་བཤད་དུས་སྲིད་ཚབ་ཀླུ་ཁང་པ་སོགས་ཀྱིས་སྐར་ལྔའི་དར་ཆ་དེ་རྩ་བ་ནས་འཛུགས་རྒྱུ་མིན་ཞེས་གསུངས་པར་བརྟེན། རྙོག་ཁྲ་མང་པོ་བྱུང་བ་རེད། དེར་བརྟེན་ཕྱི་ལོ་ ༡༩༥༤ ལོར་སྐུ་མདུན་རྒྱ་ནག་ཏུ་ཆིབས་སྒྱུར་གནང་བའི་སྐབས་སུ་དེའི་སྐོར་མའོ་ཙེ་ཏུང་དང་བཀའ་མོལ་བྱུང་འདུག སྐབས་དེར་མའི་ཙེ་ཏུང་གིས་དེ་ང་ཚོའི་ལས་བྱེད་ཚོས་ནོར་བ་རེད། ཁྱེད་ཚོའི་རྒྱལ་དར་ངེས་པར་དུ་འཛུགས་ཆོག  ཡིན་ནའང་དེ་དང་མཉམ་དུ་དབུས་ཀྱི་རྒྱལ་དར་རམ་རྒྱལ་ཁབ་སྤྱིའི་སྐར་ལྔའི་དར་ཆའང་འཛུགས་དགོས། སྐར་ལྔའི་དར་ཆ་མ་བཙུགས་པར་བོད་པའི་དར་ཆ་རྐྱང་པ་བཙུགས་ན་འགྲིག་གི་མ་རེད་ཅེས་ཞུས་འདུག ཡིན་ནའང་ཕྱི་ལོ་ ༡༩༥༦།༡༩༥༧ རྗེས་སུ་གཡོན་ཐལ་རིང་ལུགས་ཅན་གྱི་སྲིད་བྱུས་ཟེར་བ་དེ་བྱུང་སྟེ་སྲིད་བྱུས་གཞན་ནང་ཕྱིན་པར་བརྟེན། མའོ་ཙེ་ཏུང་གིས་བཤད་པ་དེ་བསྡད་མེད། ལར་ནས་འཛམ་བུ་གླིང་གི་རྒྱལ་ཁབ་གཞན་ལ་བལྟས་པ་ཡིན་ནའང། རྒྱལ་ཁབ་སྤྱིའི་རྒྱལ་དར་དང་མངའ་སྡེ་སོ་སོའི་དར་ཆ་གཉིས་མཐོ་དམན་འདྲ་མཉམ་འཛུགས་རྒྱུའི་ལུགས་སྲོལ་ཡོད་པའི་རྒྱལ་ཁབ་མང་པོ་ཡོད། དེར་བརྟེན་བོད་པ་ལའང་མ་འོངས་པར་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡང་དག་པ་ཞིག་ཐོབ་ན། རང་སྐྱོང་ལྗོངས་ཀྱི་ལས་རྟགས་དང་དར་ཆ་སོགས་ངེས་པར་དུ་ཡོད་དགོས་ཀྱི་རེད། སྐབས་དེར་རྒྱལ་ཁབ་ལོགས་སུ་མེད་དུས་མིང་ལ་རྒྱལ་དར་དང་རྒྱལ་རྟགས་ཞེས་བརྗོད་མདོག་ཁ་པོ་མ་རེད། ཡིན་ནའང་དར་ཆ་དང་ལས་རྟགས་དེ་བསྡད་ཀྱི་རེད་བསམ་གྱི་འདུག

འབྲེལ་མོལ་གནང་བའི་སྐབས་སུ་ཕྱོགས་གཉིས་ཀྱི་གསལ་བསྒྲགས་བྱེད་སྟངས་མི་འདྲ་བ་ཡོང་གི་འདུག་ཅེས་གསུངས་པ་དེ་ཕྱོགས་གཅིག་ནས་བདེན་པ་རེད། ཕྱོགས་གཞན་ནས་དེ་ལ་ཞིབ་ཆ་ཞིག་ཕྱེ་དགོས་ཀྱི་རེད། འབྲེལ་མོལ་ཐེངས་དྲུག་པའི་བར་དུ་ང་ཚོས་འབྲེལ་མོལ་ཞུ་སའི་འཐབ་ཕྱོགས་གཅིག་གྱུར་གྱི་ངོས་ནས་དེའི་སྐོར་ལ་གསར་འགྱུར་བརྒྱུད་ལམ་ཐོག་ལ་གང་ཡང་བཤད་ཀྱི་ཡོད་མ་རེད། ཡིན་ནའང་འདི་ག་སྐུ་སྒེར་ཡིག་ཚང་ནས་ཚེས་གྲངས་འདི་འདྲ་ཞིག་ལ་༧གོང་ས་མཆོག་གི་སྐུ་ཚབ་རྣམས་རྒྱ་ནག་དང་བཀའ་མོལ་གནང་དུ་ཕེབས་རྒྱུའམ། ཡང་ན་ཕེབས་ཚར་སོང་ཞེས་གསར་འགོད་གསལ་བསྒྲགས་གནང་གི་ཡོད་རེད། གསར་འགོད་གསལ་བསྒྲགས་གནང་རྒྱུའི་ཚིག་གཞི་དེ་ཉུང་ཉུང་མ་གཏོགས་མེད་ཅིང་། རྒྱ་རི་བློ་གྲོས་རྒྱལ་མཚན་དང་། སྐལ་བཟང་རྒྱལ་མཚན་ལས་རོགས་དང་བཅས་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་བཀའ་མོལ་གནང་ཆེད་ཚེས་གྲངས་འདི་འདྲ་ཞིག་ལ་ཐོན་པ་རེད། དེའི་འོག་ཏུ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་། སྐལ་བཟང་རྒྱལ་མཚན་རྣམ་གཉིས་༧གོང་ས་མཆོག་གི་སྐུ་ཚབ་རེད། ཁོང་ཚོ་ཉི་མ་འདི་ཙམ་རྒྱ་ནག་ཏུ་བསྡད་ཀྱི་རེད་ཅེས་སོགས་འཁོད་ཀྱི་ཡོད། གསར་འགོད་གསལ་བསྒྲགས་དེ་ལ་རྒྱ་ནག་ངོས་ནས་མ་རེད་ཅེས་ནམ་ཡང་བཤད་ཀྱི་མེད་པར་བརྟེན། ངོས་ལེན་བྱས་པ་ལ་ཆ་བཞག་དགོས་ཀྱི་རེད། དེའི་ཐོག་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་གང་ཡང་བྱེད་ཀྱི་མེད་ཀྱང་། གསར་འགོད་པ་དེ་ཚོས་སྐད་ཆ་དྲིས་པའི་སྐབས་སུ་ང་ཚོས་ཧ་གོ་མ་སོང་། ཕྱི་ལ་བསྡད་པའི་མི་ཁ་ཤས་སླེབས་ཡོད་རེད། དེ་ཚོ་༧རྒྱལ་བ་རིན་པོ་ཆེ་དང་ཐག་ཉེ་པོ་རེད་ཅེས་སོགས་རིང་ཐུང་སྣ་ཚོགས་ཤིག་བཤད་ཀྱི་ཡོད་རེད། དེ་ནི་ཕྱི་སྲིད་ལས་ཁུངས་དང་འབྲེལ་བ་གང་ཡང་ཡོད་མ་རེད། སྤྱི་བཏང་རྒྱ་ནག་ངོས་ནས་བོད་ཀྱི་རྙོག་ཁྲ་དེ་ནང་སྲིད་མ་གཏོགས་ཕྱི་སྲིད་ཀྱི་རྙོག་ཁྲ་ཞིག་ལ་རྩིས་ཀྱི་མེད། འོན་ཀྱང་ཕྱི་སྲིད་ལས་ཁུངས་ཀྱིས་བཤད་བསྡད་པ་དེ་ཁོང་ཚོའི་ནམ་རྒྱུན་སྐྱག་རྫུན་བཤད་པའི་གཤིས་ཀ་དེ་རང་རེད། ཉེ་ཆར་ཕྱི་ཟླ་ ༧ ནང་འབྲེལ་མོལ་གནང་རྒྱུ་དང་། དེ་བཞིན་ཕྱི་ཟླ་ ༥ ནང་གཞུང་འབྲེལ་མ་ཡིན་པའི་འབྲེལ་མོལ་གནང་རྒྱུ་དེ་ཚོའི་སྐོར་ལ་ཕྱི་སྲིད་ལས་ཁུངས་ཀྱིས་གང་ཡང་བཤད་མེད་ཀྱང་། རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཁང་གིས་༧གོང་ས་མཆོག་གི་སྐུ་ཚབ་ཕེབས་ཀྱི་ཡོད་པ་དང་། དེ་དང་འབྲེལ་མོལ་བྱེད་ཀྱི་ཡོད་པ་སོགས་བཤད་འདུག འོན་ཀྱང་སྐུ་ཚབ་ཅེས་པའི་ཚིག་འདི་ལ་ཁོང་ཚོས་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་སྐུ་ཚབ་ཅེས་ཚིག་གསར་པ་ཞིག་སྦྱར་ཡོད།

རྒྱལ་ཁབ་གཞན་གཅིག་གམ་ཁ་ཤས་ཀྱིས་བར་ཞུགས་ཐོག་ནས་འབྲེལ་མོལ་འགྲོ་རྒྱུ་ཟེར་བ་དེ་ཡོང་ཐབས་རྩ་བ་ནས་མེད་པ་ཞིག་རེད། དེ་འདྲའི་བསམ་ཚུལ་ཡོད་མཁན་མང་པོ་ཡོད་ཀྱང་། དེ་ནི་རྒྱ་ནག་གི་སྤྱིར་བཏང་གི་ལས་དོན་བྱེད་ཕྱོགས་དང་སྒྲོམ་གཞིའི་ཆ་ནས་ཡོང་ཐབས་མེད་པ་ཞིག་རེད། ཡིན་ནའང་འབྲེལ་མོལ་ཐེངས་གསུམ་པའི་རྗེས་ནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་མང་པོ་ཞིག་ལ་འབྲེལ་མོལ་གྱི་སྐོར་ལ་གསལ་བཤད་བྱེད་རྒྱུ་འགོ་བཙུགས་འདུག དེས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་སོང་། དཔེར་ན་ད་ལམ་ཕྱི་ཟླ་ ༥ དང་ ༧ ནང་སྐུ་ཚབ་ཕེབས་རྒྱུ་དེ་ཚོ་གསར་འགྱུར་ནང་མ་བརྒྱབ་གོང་དུ་རྒྱ་ནག་གིས་འབྲེལ་ཡོད་རྒྱལ་ཁབ་བདུན་གྱི་གཞུང་ཚབ་ལ་འདི་ལྟར་བྱེད་ཀྱི་ཡོད་ཅེས་དང་། ཡང་སྐུ་ཚབ་ཕེབས་ཚར་བའི་རྗེས་སུ་ང་ཚོ་བཀའ་མོལ་འདི་འདྲ་བྱུང་སོང་ཞེས་ནང་དོན་གསལ་བཤད་བྱེད་ཀྱི་ཡོད་འདུག  དེར་བརྟེན་གནས་ཚུལ་ཚང་མ་སྔོན་མ་ནང་བཞིན་ཆུའི་ནང་དུ་རྡོ་གཡུག་པ་ལྟ་བུ་དང་། ཁོང་ཚོས་གང་བཤད་པ་དེ་མ་གཏོགས་ང་ཚོས་བཤད་ས་མེད་པ་དེ་ཚོ་བསྡད་མེད། འབྲེལ་མོལ་གསུམ་པ་ནས་ཁོང་ཚོས་རྒྱལ་ཁབ་ཁག་ལ་གསལ་བཤད་བྱེད་རྒྱུ་འགོ་ཚུགས་པ་ཡིན་སྟབས། ང་ཚོས་ཀྱང་ལམ་སེང་དེ་དང་མཉམ་དུ་གསལ་བཤད་བྱེད་རྒྱུ་འགོ་འཛུགས་ཐུབ་ཡོད། དེར་བརྟེན་ཁོང་ཚོས་གང་བཤད་པ་ལ་ང་ཚོས་གསལ་བཤད་བྱེད་རྒྱུ་གང་འདུག་ཆ་ཚང་བལྟས་ཡོང་དུས། ད་ལྟའི་གནས་སྐབས་སུ་རྒྱལ་ཁབ་གཞན་པ་མང་པོ་ཞིག་གིས་ལས་རིམ་ཆ་ཚང་རྟོགས་བསྡད་ཀྱི་ཡོད་རེད།

དྲི་བ། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞི་བཟུང་ཐོག་ནས་དབུ་མའི་ལམ་གྱི་དམིགས་ཡུལ་མཐར་ཐུག་ས་གནས་མི་རིགས་རང་སྐྱོང་ཟེར་བ་དེ་གལ་སྲིད་མ་འོངས་པར་བྱུང་བ་ཡིན་ན། ད་ལྟ་བོད་ནང་ལ་རྒྱ་མི་གནས་སྡོད་བྱེད་བསྡད་པ་དེ་ཚོ་མར་རྒྱ་ནག་ལ་སློག་གི་རེད་དམ། ཡང་ན་མུ་མཐུད་ནས་བསྡད་ཆོག་གི་རེད།

གཉིས་པ་དེ་ལ་བོད་གཞུང་མང་ཚང་མ་གཅིག་གྱུར་ཐོག་འགྲོ་སྡོད་པའི་དབུ་མའི་ལམ་དེ་དང་། བཀའ་བློན་ཁྲི་པས་སྔོན་མ་ནས་ལམ་སྟོན་གནང་བའི་བདེན་པའི་ཨུ་ཚུགས་ཟེར་བ་དེར་ཁྱད་པར་ཡོད་དམ་མེད། བདེན་པའི་ཨུ་ཚུགས་ཟེར་བ་དེར་འགྲེལ་བཤད་འདྲ་མིན་རྒྱག་གི་ཡོད་ཀྱང་། སྐུ་དངོས་ནས་འགྲེལ་བཤད་དེ་གོ་བ་ཡིན་ན་སེམས་པ་བདེ་བ་ཡོད་དུས་གཅིག་གསུང་རོགས་གནང་ཞུ་རྒྱུ་ཡིན།

ལན། མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་བྱུང་ན།  རང་སྐྱོང་གི་ས་ཁུལ་དེའི་ནང་རང་སྐྱོང་དེའི་གྲངས་ཉུང་མི་རིགས་མ་ཡིན་པའི་མི་དེ་ཚོའི་འགྲོ་སྟངས་སྡོད་སྟངས་སོགས་ཀྱི་ཐོག་ལ་ཁྲིམས་བཟོ་རྒྱུའི་དབང་ཆ་དེ་རང་སྐྱོང་ལྗོངས་དེ་ལ་ཡོད་ཅེས་ད་གིན་གོང་དུ་ཞུས་ཟིན།  དེར་བརྟེན་ང་ཚོས་ངེས་པར་དུ་ཕྱི་མིའི་གཞིས་ཆགས་བྱེད་སྟངས་དང་།  ཕྱི་མི་ཡོང་སྟངས།  ཕྱི་མིའི་འགྲོ་སྟངས་སོགས་ལ་རང་སྐྱོང་ལྗོངས་ཀྱི་ཁྲིམས་གཞི་ཞིག་ངེས་པར་དུ་གཏན་ལ་ཕབ་དགོས་ཀྱི་རེད།  ཁྲིམས་གཞི་དེ་དངོས་ཡོད་ཀྱི་གནས་ཚུལ་མང་པོ་ལ་བལྟས་ནས་གཏན་ལ་ཕབ་དགོས་པ་མ་གཏོགས།  ཁྱོན་ནས་བསྒྲུབ་མི་ཐུབ་པ་ཞིག་གཏན་ལ་ཕབ་ན་ཁག་པོ་བྱེད་སྲིད། ཐོག་མར་གསལ་པོ་མཁྱེན་དགོས་པ་གཅིག་གང་རེད་ཅེ་ན།  བོད་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་ལག་ལེན་བསྟར་རྒྱུ་བྱུང་ན།  རང་སྐྱོང་གི་ཐོབ་ཐང་དེ་གྲངས་ཉུང་མི་རིགས་ཡིན་པའི་བོད་མི་ལ་མ་གཏོགས། མི་རིགས་གཞན་པ་བོད་ནང་བསྡད་ནའང་།  རང་སྐྱོང་གི་ཐོབ་ཐང་དེ་མེད།  དེའི་འོས་བསྡུ་དང་ཆབ་སྲིད་ནང་རང་སྐྱོང་ལྗོངས་དེའི་གྲངས་ཉུང་མི་རིགས་མ་གཏོགས།  མི་རིགས་སུ་ཡིན་ནའང་ས་གནས་དེ་ལ་ཡོད་པའི་དབང་གིས་རང་སྐྱོང་གི་ཐོབ་ཐང་དེ་རག་གི་མེད།  འོན་ཀྱང་ས་གནས་དེའི་ནང་མི་རབས་གཅིག་གཉིས་ཤིག་གཞིས་ཆགས་ནས་བསྡད་མཁན་ཞིག་ཡིན་ན།  དེ་དག་རྩ་སློག་གིས་གནས་སྤོ་བྱེད་དགོས་ཞེས་བཤད་ན་ཏོག་ཙམ་ཁག་པོ་ཆགས་ཀྱི་རེད་བསམ་གྱི་འདུག དེ་འདྲ་བྱས་ན་འགྲོ་བ་མིའི་ཐོབ་ཐང་འཕྲོག་གི་འདུག་ཅེས་བཤད་སྲིད་པ་རེད།  དེ་མིན་ལོ་གཅིག་གཉིས་ནང་ཡོང་མཁན་དེ་ཚོ་ཁྲིམས་ཤིག་གི་འོག་ནས་བསྡད་མི་ཆོག་པ་དང་།  བསྡད་མ་ཐུབ་པ་ཏན་ཏན་བཟོ་ཐུབ་ཀྱི་རེད་བསམ་གྱི་འདུག དེས་ན་བོད་ཀྱི་ས་ཆའི་ནང་དུ་བོད་རིགས་མ་ཡིན་པའི་མི་ཁྱོན་ནས་མེད་པར་གཙང་མ་ཞིག་བཟོ་ཐུབ་ཀྱི་རེད་དམ་ཞེ་ན་ཧ་ལམ་ཁག་པོ་རེད། ཡིན་ནའང་བོད་རིགས་ལས་མི་རིགས་གཞན་གྲངས་མང་བ་བསྡད་ཐུབ་ཐབས་རྩ་བ་ནས་མེད།  གལ་ཏེ་ཕྱོགས་མང་པོའི་གནས་ཚུལ་ཐོག་ནས་བོད་ནང་མ་བསྡད་ཐབས་མེད་ཡིན་ནའང་།  མི་རིགས་ས་གནས་རང་སྐྱོང་གི་ཆབ་སྲིད་ཀྱི་བརྒྱུད་རིམ་ནང་ཐོབ་ཐང་མེད་པ་དང་།  ཕྱི་མི་བྱས་ནས་བསྡད་རྒྱུ།  གྲངས་འབོར་ཧ་ཅང་མང་བའི་དབང་གིས་བོད་མི་རིགས་ཀྱི་ཁེ་ཕན་ལ་གནོད་པ་དེ་ཚོ་ཏན་ཏན་བཀག་ཐུབ་ཀྱི་རེད་བསམ་གྱི་འདུག དེའི་དཔེ་མཚོན་ད་ལྟ་ང་ཚོའི་མདུན་ལ་ཡོད་པ་ནི་ཧོང་ཀོང་ (Hong Kong) དང་མ་ཀའོ་ (Macao) གཉིས་རེད།  ད་ལྟ་ཧོང་ཀོང་དང་མ་ཀའོ་ནང་ཕྱི་མིའི་དཀའ་ངལ་ཧ་ལམ་མེད་པ་ལྟ་བུ་རེད། གང་ལྟར་འགྲོ་འོང་སོགས་ཀྱི་ཐོག་ཁྲིམས་གཞི་ཡག་པོ་བཟོ་ཐུབ་ན་ད་ལྟ་ནང་བཞིན་བོད་ནང་རྒྱ་མི་མང་པོ་ལྷག་གི་མ་རེད་བསམ་གྱི་འདུག ཡུལ་སྐོར་སྤྲོ་འཆམ་ལྟ་བུ་ཡོང་ན་བོད་པ་ལ་ཁེ་བཟང་ལས་གྱོང་མེད།  དེར་བརྟེན་གཏན་སྡོད་ཀྱི་མི་དང་།  ལྷག་པར་དུ་ཚོང་ལས་སོགས་སུ་ཞུགས་མཁན་ལ་གྲངས་ཉུང་མི་རིགས་རང་གིས་འགན་རྐང་ལེན་ཐུབ་པ་དེ་ཏན་ཏན་ཡོད་དགོས་བསམ་གྱི་འདུག

བདེན་པའི་ཨུ་ཚུགས་ཟེར་བ་ལ་མི་ཚོས་འགྲེལ་བཤད་གང་རྒྱག་གི་ཡོད་མེད་མི་ཤེས།  དེ་ནི་ཆབ་སྲིད་ཀྱི་ལྟ་གྲུབ་མིན་པར་ཆབ་སྲིད་ཀྱི་ཐབས་ལམ་ཞིག་རེད།  བདེན་པའི་ཨུ་ཚུགས་ནི་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་དང་།  རང་བཙན་གཙང་མ་རྩོད་མཁན། དེ་མ་ཡིན་པའི་དམིགས་ཡུལ་གཞན་པ་ཡོད་མཁན་བཅས་སུ་ཡིན་ནའང་ཐབས་ལམ་དུ་བེད་སྤྱོད་བྱེད་རྒྱུ་ཡོད་པ་ཞིག་རེད། གང་ལྟར་གང་དུ་སྦྱར་སྦྱར་ལྟ་བུ་རེད།   རང་གིས་ངོས་འཛིན་བྱེད་པའི་བདེན་པ་དེ་འཐོབ་རྒྱུའི་ཆེད་དུ་ཨུ་ཚུགས་ཀྱིས་འབད་བརྩོན་བྱེད་རྒྱུ་དེ་ལ་བདེན་པའི་ཨུ་ཚུགས་ཞེས་བརྗོད། དེ་ནི་དམིགས་ཡུལ་རྩ་བ་ཉིད་ནས་མ་རེད།  དེར་བརྟེན་བདེན་པའི་ཨུ་ཚུགས་དང་དབུ་མའི་ལམ་གཉིས་མཚུངས་བསྡུར་བྱས་ནས་འགྲོ་རྒྱུ་ཡོད་པ་ཞིག་ཆགས་ཀྱི་མེད།

སྔོན་མ་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ་སྤེལ་བའི་སྐབས་སུ་དབུ་མའི་ལམ་དང་། རང་བཙན་གཙང་མ།  བདེན་པའི་ཨུ་ཚུགས།  རང་ཐག་རང་གཅོད་བཅས་གདམ་ག་མང་པོ་བཟོས་པར་བརྟེན། དེ་ཡང་གདམ་ག་གཅིག་མིན་འགྲོ་བསམས་ནས་དེ་ནས་འཁྲུལ་པ་རེད་འདུག དེ་དུས་ང་སྤྱི་འཐུས་ནང་ཡོད་ཀྱང་། སྐབས་དེར་ཝཱ་རཱ་ཎ་སཱིར་ཡོད།  དེའི་བར་བཀའ་ཤག་གིས་མང་མོས་འོས་བསྡུའི་སྐོར་གྱི་ཡིག་ཆ་ཆ་ཚང་བཟོས་ཏེ་འགྲེམས་སྤེལ་ཆེད་བཏང་ཚར་འདུག དྷ་སར་འབྱོར་ཏེ་བདེན་པའི་ཨུ་ཚུགས་དེ་གདམ་གའི་ནང་བཞག་པ་དེ་འགྲིགས་མེད་ཅེས་ཞུ་རྒྱུ་བྱུང་། འོན་ཀྱང་སྐབས་དེར་ཡིག་ཆ་ཚང་མ་བཀྲམས་ཚར་བ་རེད།

དབུ་མའི་ལམ་ནི་བོད་དང་བོད་མིའི་ཆབ་སྲིད་ཀྱི་མཐར་ཐུག་གི་དམིགས་ཡུལ་སྐོར་བཤད་ཀྱི་ཡོད།  དེ་བཞིན་རང་བཙན་གཙང་མ་དང་རང་ཐག་རང་གཅོད་ཀྱང་མཐར་ཐུག་གི་དམིགས་ཡུལ་བཤད་ཀྱི་ཡོད་རེད།  འོན་ཀྱང་བདེན་པའི་ཨུ་ཚུགས་ནི་ཐབས་ལམ་རེད་མ་གཏོགས།  དེས་མཐར་ཐུག་གི་དམིགས་ཡུལ་བཤད་ཀྱི་མེད།  དེར་བརྟེན་དེ་ནི་དབུ་མའི་ལམ་དང་གཅིག་པའང་མིན་ལ།  དེའི་འགལ་ཟླའང་མིན།  གང་ལྟར་དབུ་མའི་ལམ་གྱི་དམིགས་ཡུལ་སྒྲུབ་པའི་ཆེད་དུ་བདེན་པའི་ཨུ་ཚུགས་བྱེད་ནའང་འགྲིགས་ཀྱི་ཡོད།  དེ་བཞིན་རང་བཙན་གྱི་དམིགས་ཡུལ་སྒྲུབ་པའི་ཆེད་དུ་བདེན་པའི་ཨུ་ཚུགས་བྱེད་ནའང་འགྲིགས་ཀྱི་རེད།  དམིགས་ཡུལ་གང་ཡིན་ནའང་བདེན་པའི་ཨུ་ཚུགས་དེའི་ཐབས་ལམ་ལ་སྦྱར་རྒྱུ་ཡོད་པ་ཞིག་རེད།  དམིགས་ཡུལ་དེ་བདེན་པ་མིན་ན་བདེན་པའི་ཨུ་ཚུགས་ཡོང་ཐབས་མེད།

སྤྱིར་བཏང་བདེན་པའི་ཨུ་ཚུགས་ཟེར་བའི་མིང་དེ་གཱཾདྡྷཱིའི་སཏྱཱགྲཧ་ (Satyagraha) ཞེས་པ་ནས་བསྒྱུར་བ་ལས། བོད་པའི་མིང་གསར་པ་ཞིག་མ་རེད།  སཏྱ་ཞེས་པ་བདེན་པ་དང་།  ཨཱགྲཧ་ཞེས་པ་ཨུ་ཚུགས་རེད།  སཏྱཱགྲཧ་ཞེས་པ་ནི་གཱཾདྡྷཱིས་བཟོས་པའི་ཚིག་ཅིག་རེད།  དེས་ན་བདེན་པའི་ཨུ་ཚུགས་ཟེར་བ་ཐབས་ལམ་རེད་མ་གཏོགས། མཐར་ཐུག་གི་བསྒྲུབ་བྱའི་དམིགས་ཡུལ་མ་རེད།

དྲི་བ།  ཁ་སང་ཕྱག་སྦྲེལ་བཀའ་བློན་ཞིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ཐོག་མར་གཏན་འབེབས་བྱེད་པའི་སྐབས་སུ་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐོག་རྩོད་པ་མང་པོ་བྱུང་བ་རེད།  ལྷག་པར་དུ་བཅའ་ཁྲིམས་རིན་པོ་ཆེའི་ཟིན་བྲིས་ཚོགས་ཆུང་གིས་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེ་བཅུག་མེད། ཡིན་ནའང་གྲོས་ཚོགས་ནང་རྗེས་སུ་བཅུག་པ་རེད། སྐབས་དེར་རིན་པོ་ཆེས་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་བཅུག་པ་ཡིན་ན་མ་འོངས་པར་ཕམ་ཁ་ཡོང་གི་རེད། རྒྱལ་ཁ་ཡོང་དགོས་ན་ཆོས་ལུགས་རིས་མེད་བཅུག་དགོས་གསུངས་པ་རེད། ཡིན་ནའང་གྲོས་ཚོགས་སུ་གྲོས་བསྡུར་མང་པོ་བྱས་པའི་མཐའ་མ་དེ་ལ་ཆོས་སྲིད་ཟུང་འབྲེལ་ཟེར་བ་གཏན་འབེབས་བྱས་པ་རེད།  སྐབས་དེར་རིན་པོ་ཆེ་མཆོག་གི་དགོངས་ཚུལ་ག་རེ་ཡིན་ནམ། ཆོས་སྲིད་ཟུང་འབྲེལ་ཟེར་བ་དེས་ང་ཚོའི་འཐབ་རྩོད་ལ་ཤུགས་རྐྱེན་གང་འདྲ་ཞིག་ཡོང་གི་ཡོད་དམ།

ལན། ཆོས་སྲིད་ཟུང་འབྲེལ་ལ་སྐབས་དེར་མི་བཞིའི་ཐོག་ནས་རྒྱལ་ཁ་ཐོབ་པ་རེད།  ད་ལྟ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་མགོ་ནས་མཇུག་བར་ཆ་ཚང་ཆོས་ལུགས་རིས་མེད་ཀྱི་སྒྲོམ་གཞི་ལ་ཆ་བཞག་ནས་བཟོས་ཡོད།  དེར་བརྟེན་ད་ལྟ་ང་ཚོའི་བྱེད་སྟངས་དེ་ཆོས་ལུགས་རིས་མེད་རང་རེད།  ཡིན་ནའང་བཅའ་ཁྲིམས་ཀྱི་མགོ་བརྗོད་ནང་ཆོས་སྲིད་ཟུང་འབྲེལ་བཞག་ཐུབ་པ་དེས་ཆོས་ལ་ཕན་ཐོགས་ཡོད་པ་དང་།  བཞག་མ་ཐུབ་པ་དེས་ཆོས་ལ་གནོད་པ་དེ་འདྲ་གང་ཡང་མེད་བསམ་གྱི་འདུག ཡིན་ནའང་ནུབ་ཕྱོགས་པ་མང་པོ་ལ་འགྲེལ་བཤད་རྒྱག་དུས་སྐད་ཆ་རིང་པོ་བཤད་དགོས་པ་ཞིག་ཆགས་ཀྱི་ཡོད།  ནུབ་ཕྱོགས་པ་ཚོས་ང་ཚོའི་མང་གཙོའི་ལམ་སྲོལ་དེ་ཡང་དག་པ་མ་ཡིན་པའི་འཇུ་ས་ལྟེ་བ་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་རེད། གནའ་སྔ་མོ་ (Middle age) ཡོ་རོབ་ཀྱི་རྒྱལ་ཁབ་ནང་ཡེ་ཤུའི་ཆོས་ལུགས་དང་དགོན་པས་ཆབ་སྲིད་ཀྱི་ནང་དུ་ཧ་ཅང་དབང་བསྒྱུར་བྱས་ནས་རྙོག་ཁྲ་མང་པོ་བྱུང་བ་དང་། རིམ་པས་ཆབ་སྲིད་ཀྱི་གནས་སྟངས་ཡར་རྒྱས་བྱུང་བའི་སྐབས་སུ་ཆོས་དང་སྲིད་གཉིས་དབྱེ་བ་ཕྱེ་དགོས་པའི་གནས་ཚུལ་བྱུང་སྟེ་རྒྱལ་ཁབ་དང་དགོན་པ་ (State and Church) ཐ་དད་བཟོ་བའི་དོན་དུ་ Secular ཞེས་པའི་ཚིག་དེ་བྱུང་བ་རེད། དེ་ནི་ཆོས་ལུགས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ཐོག་བྱུས་གཏོགས་མི་བྱེད་པ་དང་།  རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱིས་ཀྱང་ཆོས་ལུགས་ཐོག་བྱུས་གཏོགས་མི་བྱེད་པ་ཡིན།  Secular ཞེས་པའི་ཚིག་གི་ཐོག་མའི་དོན་ནི་འཇིག་རྟེན་པ་ཟེར་བ་དེ་རེད།  ཆོས་དང་འཇིག་རྟེན་གཉིས་ཀྱི་ནང་ནས་འཇིག་རྟེན་ལ་བརྗོད། དེ་ནས་རིམ་པས་ Secular ཞེས་པའི་ཚིག་དེ་ལ་འགྲེལ་པ་རྒྱག་སྟངས་མི་འདྲ་བ་སྣ་ཚོགས་བྱུང་བ་རེད།  ཁ་ཤས་ཀྱིས་ཆོས་མེད་རིང་ལུགས་ལ་བེད་སྤྱོད་བཏང་སྟེ་རྒྱལ་ཁབ་ཀྱིས་ཆོས་རྩ་བ་ནས་ངོས་ལེན་བྱེད་རྒྱུ་མེད་ཅེས་བརྗོད།  ཁ་ཤས་ཀྱིས་ཆོས་འགལ་རིང་ལུགས་ལ་བེད་སྤྱོད་བཏང་སྟེ་ཆོས་དེ་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་འགོག་རྐྱེན་གཙོ་བོ་རེད་ཅེས་བརྗོད།  མར་ཁེ་སི་ (Marx) དང་པོའི་བསམ་བློའི་ནང་ Secular ཟེར་བ་དེ་ཆོས་མེད་པ་ཙམ་དུ་མ་ཟད། ཆོས་རྩ་མེད་གཏང་རྒྱུའི་བསམ་བློ་འཁྱེར་དགོས་ཚུལ་བཤད་ཡོད། ཡིན་ནའང་བདག་ཉིད་ཆེན་པོ་གཱཾདྡྷིས་ Secular ཟེར་བའི་ཚིག་དེ་ཆོས་ལུགས་རིས་མེད་ལ་བསྒྱུར་ཡོད།  དེ་ནི་རིས་སུ་མ་ཆད་པའི་ཆོས་ལུགས་ལ་གུས་ཞབས་གཅིག་པ་བྱེད་དགོས་རྒྱུ་དེ་རེད།  དེ་ནི་ད་ལྟ་ང་ཚོ་ཡིན་བཞིན་པ་རེད། ང་ཚོའི་གཞུང་གི་ཆོས་ལུགས་འདི་ཡིན་ཞེས་མེད།  དཔེར་ན་ད་ལྟའི་ཐ་ཡི་ལེན་ (Thailand) དང་། ཤྲཱི་ལངྐཱ། (Sri Lanka) འབར་མ་ (Burma) བཅས་ནང་པའི་རྒྱལ་ཁབ་ཀྱི་ཆོས་ལུགས་ནི་ནང་པ་སངས་རྒྱས་པ་རེད། དེས་ན་ཁོང་ཚོའི་ཟུང་དུ་འབྲེལ་རྒྱུའི་ཆོས་ནི་ནང་པའི་ཆོས་དེ་རེད། འོན་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཡོད་པའི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཆོས་དེ་གང་རེད་ཅེ་ན།  འདི་ཡིན་ཞེས་མཛུབ་མོ་བཙུགས་མེད་པར་བརྟེན། ང་ཚོའི་ཆོས་སྲིད་ཟུང་འབྲེལ་དེ་ཆོས་ལུགས་རིས་མེད་དང་གཅིག་པ་ཆགས་བསྡད་ཡོད་རེད།  གང་ལྟར་བཅའ་ཁྲིམས་ཀྱི་ཐོག་མཐའ་བར་གསུམ་གང་དུའང་ང་ཚོའི་ཆོས་སྲིད་ཟུང་འབྲེལ་གྱི་ཆོས་ནི་འདི་ཡིན་ཞེས་ངོས་འཛིན་གནང་མེད།  དེར་བརྟེན་ང་ཚོའི་ཆོས་སྲིད་ཟུང་འབྲེལ་གྱི་ཆོས་ནང་ལ་ཆོས་ལུགས་ཐམས་ཅད་ཚུད་པར་བརྟེན། གཱཾདྡྷཱིའི་དགོངས་པའི་ནང་ལ་ཡོད་པའི་ Secular དང་གཅིག་པ་ཆགས་ཡོད་བསམ་གྱི་འདུག དངོས་གནས་བྱས་ན་ཆོས་སྲིད་ཟུང་འབྲེལ་གྱི་མིང་དེ་བཅའ་ཁྲིམས་ཀྱི་མགོ་བརྗོད་ནང་བཅུག་དུས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཆ་ཚང་འགྱུར་བ་གཏང་དགོས་ཀྱང་། སྐབས་དེར་ང་ཚོས་དེའི་འགྲེལ་བཤད་གང་ཡང་བརྒྱབས་མེད།  ཁོང་ཚོས་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེ་བཅུག་རྒྱུ་རག་པ་ཡིན་སྟབས་དེས་འདོད་པ་ཚིམས་པ་རེད།  ང་ཚོས་ཀྱང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་མ་ཕྱིན་པ་དེས་འགྲིགས་འདུག་བསམས་ནས་བཞག་པ་རེད།  དེར་བརྟེན་རྒྱལ་ཁ་དང་ཕམ་ཁ་བརྩི་རྒྱུ་གང་ཡང་བསྡད་མེད། ལར་ནས་  Secular ཟེར་བའི་དོན་དུ་ཆོས་ལུགས་རིས་མེད་ཀྱི་ཚིག་དེ་འཁོད་པ་ཡིན་ན།  ནུབ་ཕྱོགས་པ་ལ་འགྲེལ་བཤད་རྒྱག་བདེ་བ་ཡོང་རྒྱུ་རེད་ལ།  ལྷག་པར་དུ་གནས་ཚུལ་མང་པོའི་ཐོག་ཏུ་ང་ཚོས་ཕྲན་བུ་བྱེད་བདེ་བ་བྱུང་ཡོད། གལ་ཏེ་ཆོས་ལུགས་རིས་མེད་ཅེས་འཁོད་ཡོད་ན།  ཆོས་ལ་ཕན་ཐོགས་རྒྱུ་མ་གཏོགས་གནོད་སྐྱེལ་རྒྱུ་གང་ཡང་ཆགས་ཀྱི་མེད། ཡིན་ནའང་གནས་ཚུལ་ཁ་ཤས་རྗེས་སུ་ང་ཚོས་ཞིབ་ཚགས་པོས་ཞིབ་འཇུག་བྱེད་པའི་སྐབས་སུ་ཆོས་ལུགས་རིས་མེད་ཅེས་པའི་ཚིག་དེ་འཁོད་ན།  ཆོས་བརྒྱུད་སྤྱི་འཐུས་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་རེད་ཅེས་པའི་དགོངས་ཚུལ་མང་པོ་བྱུང་བ་རེད་ཟེར་གྱི་འདུག དེ་འདྲ་ཡིན་ན་ཧ་ཅང་བྱབ་ཆུང་རེད། སྤྱིར་བཅའ་ཁྲིམས་ཀྱི་མགོ་བརྗོད་ནང་ཆོས་ལུགས་རིས་མེད་འཁོད་ནའང་།  ཆོས་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་སྟངས་བཅའ་ཁྲིམས་ནང་གསལ་འཁོད་ཡོད་པ་དེས་དྭོགས་པ་བྱེད་དགོས་དོན་གང་ཡང་མེད། གང་ལྟར་ད་ལྟའི་གནས་སྐབས་སུ་ཆོས་སྲིད་ཟུང་འབྲེལ་སོགས་ག་རེ་བཤད་ནའང་དེའི་དབང་གིས་ང་ཚོའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་དེ་མང་གཙོའི་མཚན་ཉིད་མ་ཚང་བའམ།  ཡང་ན་ཆོས་དང་འཇིག་རྟེན་ལ་འགལ་ཟླ་འགྲོ་བ་རྩ་བ་ནས་མེད་བསམ་གྱི་འདུག ད་གྲུབ་པ་ཡིན་ས་རེད། ཐུགས་རྗེ་ཆེ།

(༢༠༠༨ ཕྱི་ཟླ་ ༩ ཚེས་ ༧ ཉིན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཚོགས་ཁང་དུ་རབ་བྱུང་བ་རྣམས་ཀྱི་ཟབ་སྦྱོང་གི་ཚོགས་ཐེངས་གཉིས་པར་དབུ་མའི་ལམ་གྱི་སྲིད་བྱུས་དང་། དེའི་བསྒྲུབ་བྱ་དང་ཐབས་ལམ་ཞེས་པའི་སྐོར་གསུང་བཤད་གནང་འདུག)