ྋསྐུའི་འཁྲུངས་སྐར་ཉིན་གནང་བའི་གསུང་བཤད།

༄༅། ། ལྷ་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་མིའི་གཟུགས་སུ་བཟློ་བ་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ། བདག་གི་བཀའ་དྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེ་ཞལ་སྔ་ནས། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག མཁའ་ཁྱབ་སྐྱེ་འགྲོའི་མགོན་དཔུང་དམ་པར་མཚན་དཔེའི་ལང་ཚོ་གསར་དུ་བཞད་ནས་མི་ལོ་ ༦༩ འཁོར་བའི་འཁྲུངས་ཚེས་ཀྱི་དུས་ཆེན་ཁྱད་པར་ཅན་འདིའི་ཉིན། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ྋགོང་ས་སྐྱབས་མགོན་ཆེན་པོར་སྒོ་གསུམ་གུས་ཕྱག་སྔོན་དུ་འགྲོ་བའི་འཚམས་ཞུའི་བཀྲ་ཤིས་བདེ་ལེགས་དང༌། མགོན་པོ་གང་ཉིད་མཁའ་ཁྱབ་སྐྱེ་འགྲོའི་ཕན་བདེའི་སྲོག་ཤིང་དམ་པར་གྲངས་མེད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ཏེ་རྣམ་དཀར་འཕྲིན་ལས་ཀྱི་རོལ་པ་རྒྱ་མཚོའི་རླབས་དང་ཉི་ཟླའི་འགྲོས་བཞིན་དུས་ལས་ཡོལ་བ་མེད་པར་རྒྱ་ཆེ་རྒྱུན་མི་ཆད་དུ་སྐྱོང་གནང་ཡོང་བའི་གསོལ་འདེབས་ཀྱང་ཞུ་རྒྱུ་ཡིན།

ད་རིང་གི་ཉིན་མོ་འདི་ནི་ཁ་བ་རི་པའི་སྐྱེ་འགྲོ་ཙམ་མ་ཟད། འཇིག་རྟེན་སྐྱེ་རྒུ་ཡོངས་ཀྱི་སྡུག་ཀུན་ཟུག་རྔུ་འབྱིན་པའི་གསོས་སྨན་དང༌། ངེས་ལེགས་ལམ་བཟང་གསལ་བའི་སྒྲོན་མེ་དམ་པ་ཞིག་གསར་དུ་རྙེད་པའི་དུས་ཚིགས་ཁྱད་པར་ཅན་ཡིན་སྟབས། གཞིས་བྱེས་བོད་རིགས་སྤུན་ཟླ་རྣམ་པས་མཚོན་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་མཛའ་བརྩེ་དང་དགའ་སེམས་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱིས་གདུལ་བྱའི་ཁམས་མོས་བསམ་པ་དང་རྗེས་སུ་འཚམས་པའི་གང་ལ་གང་འདུལ་གྱི་འཕྲིན་ལས་རླབས་པོ་ཆེ་སྤྱི་དང༌། ཁྱད་པར་བོད་མིའི་ཆབ་སྲིད་ཡང་དག་པའི་མང་གཙོའི་ལམ་བཟང་དུ་བཙན་ཐབས་སུ་བསྒྱུར་གནང་མཛད་པ་དང༌། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་རྣམས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་ཏེ་གཉིས་སྨན་དབུ་མའི་ལམ་ནས་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་བྱུང་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་བྱ་རྒྱུའི་སྲིད་བྱུས་ཀྱི་ལམ་སྟོན་མཛད་པ་བཅས་ནི་རྒྱ་བོད་མི་རིགས་ཡོངས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་བའི་འོས་སུ་ཆེ་བའི་ཁྱད་འཕགས་ཀྱི་མཛད་བཟང་བླ་མེད་ཅིག་ཡིན་སྟབས། ད་རེས་སླར་ཡང་བཀའ་དྲིན་རྗེས་དྲན་དང་བཅས་གུས་འབངས་བཀའ་ཤག་གིས་མགོན་པོ་གང་གི་བཀའ་དགོངས་དང་མཐུན་པར་ཁ་ཞེ་གཉིས་མེད་ཀྱིས་ལག་བསྟར་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་ཡིན།

ྋགོང་ས་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གི་དབུ་ཁྲིད་སྐུ་གཤེགས་དིང་ཞོ་པིན་གྱིས་ཕྱི་ལོ་ ༡༩༧༩ ལོར་བོད་རང་བཙན་མ་རྩོད་ན་གནས་ཚུལ་གཞན་དག་ཚང་མ་ཞི་མོལ་གྱི་ལམ་ནས་འགྲིག་ཆགས་བྱེད་ཆོག་གི་རེད་ཅེས་ཞུས་པ་དེ་ལ་གཞི་རྩར་བཟུང་ནས་གཏན་འབེབས་གནང་བ་ཞིག་ཡིན་པ་དང༌། དེ་ནས་བཟུང་ད་བར་ལོ་ཉེར་བཞི་བརྒལ་བའི་རིང་སྲིད་བྱུས་འགྱུར་མེད་བརྟན་བཟུང་གནང་སྟེ། ཕན་ཚུན་ཡིད་ཆེས་སྤེལ་ཐབས་དང་ཁོར་ཡུག་བཟང་པོ་སྐྲུན་ཐབས་ལ་སྒོ་གང་ས་ནས་འབད་རྩོལ་ལྷོད་མེད་གནང་ཡོད། དེ་སྔོན་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུའི་ནང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་འོག་གནས་པའི་སྐབས་སུའང༌། ྋགོང་ས་མཆོག་གི་ངོས་ནས་གྲོས་མཐུན་དོན་ཚན་ཁག་གཞིར་བཟུང་བོད་རྒྱ་མཛའ་མཐུན་མཉམ་གནས་ཡོང་ཐབས་ཡོད་རྒུ་རྩལ་སྤྲུགས་གནང་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན། གཞིས་བྱེས་བོད་མི་ཡོངས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་རེ་ལྟོས་ཚད་མེད་ཞུ་བའི་དབང་གིས་རང་བཞིན་གྱིས་ཁོང་ནི་བོད་མིའི་མགྲིན་ཚབ་དང༌། ཀུན་གྱི་མངོན་འདོད་མཚོན་ནུས་པའི་ངེས་དོན་གྱི་དབུ་ཁྲིད་གཅིག་པུ་དེ་ཡིན་པས། བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་ལ་ཐུགས་ཁུར་བཞེས་དགོས་པ་ནི་རང་བཞིན་གྱིས་འདོར་ཐབས་མེད་པའི་ཐུགས་འགན་ཞིག་ཡིན། བོད་ནང་བཟོད་པར་དཀའ་བའི་རྙོག་འཛིངས་མང་པོ་ཡོད་པ་ནི་སུས་ཀྱང་བཀབ་མི་ཐུབ་པའི་བདེན་དོན་གྱི་གནས་ཚུལ་ཞིག་ཡིན་པ་ཀུན་གཟིགས་པཎ་ཆེན་སྐུ་གོང་མས་མཚོན་བོད་ནང་ཡོད་པའི་བོད་མིའི་དབུ་ཁྲིད་ཚད་ལྡན་མང་པོ་དང༌། དམར་ཤོག་ཚོགས་མི་ཡིན་པའི་བོད་མི་མང་པོས་ཡིག་ངག་གཉིས་ཐོག་ནས་ཡང་ཡང་གསལ་བཤད་གནང་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་བོད་མི་ཚང་མ་གཏིང་ཟབ་ཀྱི་ཞེ་འཁོན་དང་སེམས་སྡུག་དྲག་པོ་ཡོང་གི་ཡོད།

ཉེ་ལམ་ཕྱི་ལོ་ ༢༠༠༤ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་ཁང་ནས་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ཞེས་འགོ་བརྗོད་དུ་བཀོད་པའི་ཤོག་བུ་དཀར་པོ་ཟེར་བའི་ཡིག་ཆ་ཞིག་འདོན་འགྲེམས་བྱས་འདུག ང་ཚོས་ཡིག་ཆ་དེར་ཞིབ་བལྟས་བྱས་པ་ཡིན།

ཡིག་ཆ་དེའི་ནང་གཡོན་ཐལ་སྲིད་བྱུས་ཀྱི་རྒྱགས་གཏམ་མང་པོ་འཁོད་ཡོད་པ་མ་ཟད། དེའི་ནང་གསལ་བའི་བསམ་ཚུལ་དང༌། གནད་དོན་མང་པོ་ང་ཚོས་ཁས་ལེན་ཐུབ་ཐབས་མེད་པ་རེད་འདུག བོད་དོན་ཐོག་དུས་ནས་དུས་སུ་ཤོག་བུ་དཀར་པོ་ཟེར་བའི་ཡིག་ཆ་འདོན་སྤེལ་བྱས་པ་དེ་དག་གིས་བོད་ནང་གི་བློ་ཕམ་བྱེད་འོས་པའི་དངོས་ཡོད་གནས་སྟངས་རྣམས་བཀབ་མི་ཐུབ་པ་མ་ཟད། ཕྱོགས་ཕན་ཚུན་དབར་ཡིད་ཆེས་དང༌། གདེང་སྤོབས་བསྐྲུན་རྒྱུའི་འབད་བརྩོན་ལ་དོ་ཕོག་འགྲོ་གཞི་ལས་མ་འདས།

བོད་མི་རྣམས་དང༌། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་གྲོགས་པོ་རྣམས་ཀྱི་ཁྲོད་དུ་བར་ལམ་གྱི་ཤོག་བུ་དཀར་པོའི་ཡིག་ཆ་དེར་བཙན་བྱོལ་བོད་གཞུང་ནས་གནད་དུ་ཕིགས་པའི་ལན་འདེབས་ཤིག་ཡོང་རྒྱུའི་རེ་བ་བྱེད་མཁན་མང་པོ་ཡོད། ཁོང་ཚོའི་སེམས་འཚབ་ཁག་ང་ཚོས་ཤེས་རྟོགས་ཡོད་ནའང༌། ད་ལྟའི་ཆར་བཙན་བྱོལ་གཞུང་གིས་ཡིག་ཆ་དེར་ཡོངས་གྲགས་ཀྱིས་ལན་འདེབས་མི་བྱེད་པའི་ཐག་གཅོད་བྱས་པ་ཡིན། ཐག་གཅོད་དེ་ནི་བོད་ཀྱི་གནད་དོན་འདི་ཞི་མོལ་གྱི་བརྒྱུད་ལམ་ལ་བརྟེན་ནས་འགྲིག་ཆགས་ཡོང་བ་བྱ་རྒྱུའི་རྒྱ་ཆེའི་ཁེ་ཕན་ལ་བསམ་བློ་བཏང་སྟེ་བྱས་པ་ཡིན། བོད་རྒྱའི་དབར་ཐད་ཀའི་འབྲེལ་བ་སླར་གསོ་ཐུབ་པ་ནས་བཟུང་ང་ཚོས་ཞི་མོལ་དང༌། འགྲིགས་ཆགས་ཀྱི་བརྒྱུད་རིམ་འདི་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་འགག་ཆེ་ཤོས་སུ་བརྩི་རྒྱུའི་ཐག་གཅོད་བྱས་པ་དང༌། བརྒྱུད་རིམ་འདི་ལ་གེགས་སུ་གྱུར་པའི་བྱ་སྤྱོད་རྣམས་ལ་བཀག་བསྡོམས་ནན་པོ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་སེམས་ཐག་ཆོད་པོའི་ངང་གནད་དོན་འདི་དང་འབྲེལ་བའི་ལས་དོན་རྣམས་འགན་ཁུར་ཡོད་པ་དང༌། བསམ་བློ་གུ་ཡངས་ཀྱི་ཐོག་ནས་བྱེད་རྒྱུ་ཡིན།

བོད་དང་འབྲེལ་བའི་གནད་དོན་ཐད་བོད་ཕྱོགས་དང༌། རྒྱ་ཕྱོགས་ཀྱི་ལྟ་ཚུལ་མི་འདྲ་བ་གཉིས་ཡོང་གི་ཡོད་པའི་དངོས་ཡོད་ཀྱི་གནས་ཚུལ་འདི་ངོས་འཛིན་ཐུབ་པ་བྱེད་དགོས། ལྟ་ཚུལ་མི་མཐུན་པ་འདི་དག་བགྲོ་གླེང་དང༌། གྲོས་མོལ་གྱི་ཐོག་ནས་འགྲིགས་ཆགས་ཡོང་ཐབས་བྱེད་དགོས་པ་ལས། བཙན་སྐུལ་རིགས་བྱ་རྒྱུ་མེད་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། འདི་ནི་འདས་པའི་བྱུང་རབས་ལས་མ་འོངས་པ་གལ་ཆེ་བར་གཟིགས་ཏེ་བོད་རྒྱ་མི་རིགས་གཉིས་ཀྱི་དབར་ཕན་ཚུན་མཛའ་མཐུན་དང༌། བསམ་ཤེས། དེ་བཞིན་བརྩི་བཀུར་ལྡན་པའི་འབྲེལ་ལམ་བཟང་པོ་ཞིག་འཛུགས་རྒྱུའི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གཞི་རྩའི་མཛད་བྱུས་དེ་ཡིན།

ང་ཚོས་རྒྱ་ནག་གི་དབུ་ཁྲིད་ཚོར་ཕྱི་ལོ་ ༢༠༠༢ ཟླ་ ༩ པར་འགོ་འཛུགས་ཐུབ་པའི་འབྲེལ་བའི་བརྒྱུད་རིམ་དེ་དག་མུ་མཐུད་གོང་འཕེལ་གཏང་རྒྱུའི་འདུན་པ་ཡོད་ཅེས་གསལ་ཞུ་བྱས་ཡོད། གཟིགས་སྐོར་དེ་དག་ནམ་བྱུང་སྐབས་སྐུ་ཚབ་རྣམ་པས་བོད་མི་ཚོས་སེམས་འཚབ་བྱེད་པའི་གནད་དོན་ཁག་མུ་མཐུད་གླེང་སློང་གནང་རྒྱུ་ཡིན།

བོད་ཀྱི་དཀའ་རྙོག་སེལ་བའི་སླད་དུ་ྋགོང་ས་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་མཛད་བྱུས་ལ་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་དང༌། བསྔགས་བརྗོད་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་ཆར་ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༡༥ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམས་རྒྱ་ནག་ཏུ་ཐེངས་གཉིས་ཕེབས་བསྐྱོད་ཐུབ་པར་དགའ་བསུ་ཞུས་པ་དང་ཆབས་ཅིག་ད་ལྟའི་འབྲེལ་བའི་བརྒྱུད་རིམ་འདི་དག་གཏིང་ཇེ་ཟབ་དང༌། སྲ་བརྟན་དུ་གཏང་རྒྱུའི་གཞེན་སྐུལ་ཞུ་རྒྱུ་ཡིན། བོད་ཀྱི་དཀའ་རྙོག་གཙང་སེལ་ཐུབ་པའི་དངོས་ཡོད་ཀྱི་ཐབས་ལམ་གཅིག་ཉིད་ཡོད་པ་དེ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རྒྱ་ནག་གི་དབུ་ཁྲིད་དབར་ཞི་མོལ་བྱ་རྒྱུ་དེ་ཡིན། ཞེས་བཀོད་ཡོད་པ་རེད།

ང་ཚོས་སླར་ཡང་ནན་ཏན་ཆེན་པོས་བསྐྱར་ལྡབ་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་རེ་སྐུལ་ཞུ་རྒྱུར། ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་འཇུག་ངོགས་ཀྱི་གོ་སྐབས་བཟང་པོ་འདི་ལ་ཐུགས་སྣང་གིས་མཁྲེགས་བཟུང་དམ་འཛིན་དོར་ནས་དོན་སྙིང་ལྡན་པའི་འགྲིགས་ཆགས་ཀྱི་ཐབས་ལམ་ཞིག་བཟུང་སྟེ། བོད་མིའི་དཀའ་རྙོག་སེལ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིག་སྒྲིལ་བརྟན་ལྷིང་ཡོང་ཐབས་ཤིག་ངེས་པར་དུ་གནང་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ྋཞབས་ཟུང་སྲིད་མཐར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། །