ཧུན་སུར་རབ་རྒྱས་གླིང་སེར་སྐྱ་མང་ཚོགས་ལ་གནང་བའི་གསུང་བཤད།

༄༅།། མཁན་རིན་པོ་ཆེ་རྣམ་པ་ཚོས་གཙོས་པའི་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང༌། སྤྱི་འཐུས་རྣམ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་འགོ་འཛིན། ནང་སྲིད་སྐུ་ཚབ། ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམ་པ། མི་མང་ཚང་མར། ད་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། སྤྱི་འཐུས་རྒྱུན་ལས། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་སྤྱི་ཡོངས་དང༌། དེ་བཞིན་ང་རང་སྒེར་གྱི་ངོས་ནས་དངོས་སུ་མཇལ་འཕྲད་བྱུང་བའི་གོ་སྐབས་འདི་བཟུང་སྟེ། ངས་མཛའ་སེམས་ལྡན་པའི་སྙིང་ཐག་པ་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ལྗོངས་གདུལ་ཞིང་དུ་བདག་གིར་བཞེས་པ་ནས་བཟུང༌། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་འཛམ་གླིང་གི་མི་མང་སྤྱིའི་མཉམ་དུ་གོམ་པ་མཉམ་བགྲོད་བྱེད་ཐུབ་པ་ཞིག་དང༌། བོད་དེ་འཛམ་གླིང་མི་མང་གི་ངལ་གསོའི་བསྟི་གནས་སུ་ཆགས་རྒྱུའི་དགོངས་པ་མུ་མཐུད་བཞེས་ཏེ་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོའི་རིང་ལུགས་ཐོག་ལ་གོམ་བགྲོད་གནང་རྒྱུའི་ཕྱག་ལས་རབས་དང་རིམ་པ་གནང་ཡོད་པ་རེད།

རྒྱ་མིས་བོད་ལ་བཙན་འཛུལ་དབང་གིས་ང་ཚོ་རྗེ་འབངས་ཚང་མ་རང་ཡུལ་བཞག་སྟེ་གནས་སྐབས་རིང་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་སྲིད་དོན་གྱི་སྐྱབས་བཅོལ་བ་བྱས་ཏེ་ཕེབས་ནས་འདས་པའི་ལོ་སུམ་ཅུ་སོ་གྲངས་དེའི་རིང་ལ་གཅིག་ཏུ་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གནས་སྐབས་འཚོ་ཐབས་ཀྱི་གཞིས་ཆགས་ཐབས་དང༌། ན་གཞོན་ཚོར་དེང་རབས་དང་མཐུན་པའི་སློབ་སྦྱོང་གི་གོ་སྐབས་འཐོབ་རྒྱུ། ཆོས་སྡེ་ཁག་གིས་མཚོན་པའི་ཆོས་བྱེད་དགེ་འདུན་གྱི་སྡེ་དེ་དག་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་བཤད་སྒྲུབ་འཆད་ཉན་གྱི་བྱ་བ་མུ་མཐུད་ནས་གནང་ཐུབ་རྒྱུ། ལྷག་པར་འཛམ་གླིང་ནང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་བོད་ཀྱི་གནད་དོན་དེ་དག་གསལ་བཤད་དྲིལ་བསྒྲགས་གནང་རྒྱུས་མཚོན་པའི་མཛད་རིམ་རྒྱ་ཆེན་པོ་ཞིག་གནང་དང་གནང་བཞིན་པའི་ནང་ནས་གཙོ་ཆེ་བ་གཅིག་ནི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་མང་གཙོའི་རིང་ལུགས་ཡང་དག་པ་ཞིག་ཐོག་ལ་འཁྲིད་གནང་རྒྱུ་དེ་གལ་ཆེན་པོར་བརྩིས་གནང་བ་རེད།

རྒྱ་གར་ནང་ཕེབས་པ་ནས་བཟུང་སྟེ་སྤྱི་འཐུས་ལྷན་ཚོགས་གསར་དུ་འཛུགས་རྒྱུ་དང༌། མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་རྩ་ཁྲིམས་ཟིན་བྲིས་རྒྱས་པ་གསལ་བསྒྲགས་གནང་རྒྱུས་མཚོན་པའི་རིམ་པ་མང་པོ་ཞིག་ཕྱག་བཞེས་བསྟར་བ་མ་ཟད། ད་དུང་ང་ཚོ་སྐྱབས་བཅོལ་ལ་བསྡད་པའི་གནས་སྐབས་ལ་ཁྲིམས་ཀྱི་ངོ་བོ་ལྡན་པའི་ཆབ་སྲིད་ཀྱི་ལམ་སྲོལ་ཞིག་ནང་འགྲོ་རྒྱུ་དང༌། དེའི་སྦྱོང་བདར་དང་ཉམས་མྱོང་གང་བྱུང་བ་དེ་འཁྱེར་ནས་མ་འོངས་བོད་ཀྱི་རང་དབང་གི་ལུང་པ་བསྐྱར་སོན་བྱུང་སྐབས་དེའི་ནང་ཆབ་སྲིད་ཀྱི་ལམ་སྲོལ་དེ་ཡག་པོ་ཞིག་ཆགས་ཐུབ་རྒྱུའི་དགོངས་པ་ཆེན་པོ་དེ་འདྲ་བཞེས་པ་རེད། ཡིན་ནའང་བོད་མི་སྐྱབས་བཅོལ་བ་མང་ཚོགས་ངོས་ནས་གོམ་པ་རྒྱག་སྟངས་དེ་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་ཀྱི་རྗེས་ཟིན་པར་བྱས་ཏེ་ཏག་ཏག་ཅིག་རྒྱག་ཐུབ་ཡོད་དམ་ཞེ་ན། ང་ཚོས་དེ་ཙམ་ཏག་ཏག་ཅིག་བརྒྱབས་ཐུབ་ཡོད་མ་རེད།

ལོ་སོ་གྲངས་ཤིག་རིང་མུ་མཐུད་ནས་ཡར་རྒྱས་འགྲོ་དགོས་རྒྱུའི་གནས་ཚུལ་དེ་ྋརྒྱལ་བ་རིན་པོ་ཆེའི་དགོངས་བཞེད་དང་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་མ་བྱུང་བ་ཡིན་ཙང༌། ཕྱི་ལོ་༡༩༩༠ ལོར་དམིགས་བསལ་ཚོགས་ཆེན་གྱི་ཆབ་སྲིད་ཀྱི་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་ནས་དེའི་ཐོག་ཏུ་སྐབས་བཅུ་པའི་སྤྱི་འཐུས་དུས་ཡུན་མ་རྫོགས་གོང་ཕྱིར་བསྡུ་གནང་རྒྱུ་དང༌། ྋགོང་ས་ལྔ་པ་ཆེན་པོའི་གཞུང་དགའ་ལྡན་ཕོ་བྲང་པ་དེ་ཕྱག་བཏབ་པ་ནས་བཟུང་སྟེ་མུ་མཐུད་ནས་བརྒྱུད་རིམ་ལྡན་པའི་ྋསྐྱབས་མགོན་རིན་པོ་ཆེས་བསྐོ་གཞག་གནང་བའི་བཀའ་ཤག་གི་སྒྲིག་འཛུགས་ཕྱིར་བསྡུ་གནང་རྒྱུས་མཚོན་པའི་ྋརྒྱལ་བ་རིན་པོ་ཆེས་རང་གི་ཐད་ཀའི་ཐག་གཅོད་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཐོག་འགྱུར་བ་རླབས་ཆེན་བཏང་ནས་བཀའ་ཤག་འོས་བསྡུ་བྱེད་དགོས་རྒྱུ་དང༌། བར་བརྒལ་གྱི་བཀའ་ཤག་གི་བཀའ་བློན་རྣམ་པ་དེ་དག་སྐབས་དེའི་ཆབ་སྲིད་ཚོགས་ཆེན་དེ་གའི་ཐོག་ནས་འོས་བསྡུ་བྱ་རྒྱུ། སྤྱི་ཚོགས་ལྷན་ཚོགས་ཀྱི་མི་གྲངས་བཅོ་བརྒྱད་ཡོད་པ་དེ་མི་གྲངས་ཞེ་དྲུག་ཐོག་ཏུ་སྤར་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་རྒྱ་ཆེ་རུ་གཏོང་རྒྱུ། ལྷག་པར་དུ་མ་འོངས་བོད་ཀྱི་རྩ་ཁྲིམས་དེ་གནས་སྐབས་སྐྱབས་བཅོལ་ལ་བསྡད་རིང་འབྲུ་དོན་ཇི་ལྟ་བ་བཞིན་ལག་ལེན་བསྟར་མི་ཐུབ་པ་ཞིག་ཡིན་ཙང༌། ད་ལྟ་དངོས་སུ་ང་རང་ཚོས་ལག་ལེན་ལ་བསྟར་ཐུབ་རྒྱུའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཤིག་ཟུར་དུ་གཏན་འབེབས་དགོས་པའི་དགོངས་བཞེས་ཐག་གཅོད་གནང་སྟེ་བཙན་བྱོལ་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་གཞག་གནང་བ་རེད།

དེའི་ཉེར་ལེན་ལ་བརྟེན་ནས་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཆ་ཚང་སྟེ་དམ་འབུལ་ཞུས་པ་ནས་བཟུང་སྟེ་ལས་དོན་གྱི་ཐོག་མ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཞུ་རྒྱུའི་ལས་དོན་འདིའི་ཐོག་འབད་རྩོལ་བྱས་ཏེ། ྋསྐྱབས་མགོན་རིན་པོ་ཆེས་ཟིན་བྲིས་གསོལ་རས་གནང་བ་འདིའི་ཐོག་ཏུ་མང་ཚོགས་ཀྱིས་ཁྲིམས་ལུགས་གཞིར་བཟུང་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བསམ་ཞིབ་གོ་བསྡུར་མཐིལ་ཕྱིན་ཞུས་པའི་མཐའ་མའི་ཐག་གཅོད་བྱས་པ་དེ་ལ་ྋསྐྱབས་མགོན་རིན་པོ་ཆེས་ཆོག་མཆན་ཕྱག་རྟགས་བསྩལ་ཏེ་ད་ལྟ་ང་ཚོས་ལག་ཏུ་ལེན་བཞིན་པ་དང༌། བེད་སྤྱོད་བྱེད་བཞིན་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གནས་སྟངས་དེ་བྱུང་བ་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་འདིའི་འོག་ད་ལྟའི་གནས་སྐབས་ལ་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་གང་འདྲ་ཞིག་ཡིན་ནའང་འདིའི་འོག་ཐག་གཅོད་བྱ་རྒྱུའི་ལས་འགན་དང་དབང་ཆ་གཉིས་ཀའི་འགན་དབང་ཚང་མ་བོད་མི་མང་ཚོགས་ཀྱི་ཕྱག་ལ་ཡོད་པ་དང༌། བོད་མི་མང་ཚོགས་ཀྱི་ཕྱག་ལ་ཡོད་པའི་འགན་དབང་དེ་གང་འདྲ་བྱས་ཏེ་བསྒྲུབ་དགོས་ཤེ་ན། བོད་མི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་བརྒྱུད་ནས་འགྲོ་དགོས་པ་དེ་འདྲ་ཆགས་ཡོད།བྱས་ཙང་སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་བྱེ་བྲག་པ་རེ་རེ་བཞིན་ནས་དུས་རྒྱུན་དུ་བོད་མི་མང་ཚོགས་ལ་འགན་འཁྱེར་དགོས་རྒྱུ་ཞིག་དང༌། བོད་མི་མང་ཚོགས་ལ་ལན་འདེབས་བྱེད་དགོས་རྒྱུ། བོད་མི་མང་ཚོགས་ལ་ལས་དོན་གང་བྱས་པ་དེ་རྩིས་རྒྱག་དགོས་པའི་གནས་ཚུལ་དེ་འདྲ་ཞིག་ཡོད་པ་ཡིན་དུས། སྐབས་སྔ་མའི་སྤྱི་འཐུས་ཚོ་དང་མི་འདྲ་བར་སྐབས་བཅིུག་པའི་སྤྱི་འཐུས་འདི་ནས་བཟུང་སྟེ་ཡོང་རྒྱུ་བསྡད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ལྷན་ཚོགས་དང༌། སྤྱི་འཐུས་བྱེ་བྲག་པ་ཚང་མས་དུས་རྒྱུན་དུ་མང་ཚོགས་དང་འབྲེལ་བ་ཐག་ཉེ་པོ་དང་གཏིང་ཟབ་པོ་ཞིག་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

དངོས་གནས་བྱས་ན་དུས་ནས་དུས་སུ་མང་ཚོགས་ལ་འབྲེལ་བ་ཞུ་རྒྱུ་དང༌། མང་ཚོགས་ཀྱི་བསམ་ཚུལ་དང་མངོན་འདོད་གང་ཡིན་པ་དེ་ཡག་པོ་བྱས་ཏེ་ཤེས་རྒྱུ། གཞུང་གི་ཆབ་སྲིད་ཀྱི་ལས་དོན་ཆེ་འབྲིང་ཆུང་གསུམ་གང་འདྲ་ཡིན་ནའང་གནས་ཚུལ་དེ་དག་ཕྱི་གསལ་ནང་གསལ་མང་ཚོགས་ཀྱི་མཁྱེན་རྟོགས་ཆེད་གསལ་བསྒྲགས་བྱེད་དགོས་རྒྱུ། མང་ཚོགས་ཀྱིས་གནས་ཚུལ་དེ་དག་ཐོག་དགོངས་པ་བཞེས་ཏེ་མི་མང་གི་བསམ་ཚུལ་དངོས་ཡོད་གྲོས་ཚོགས་ནང་མཚོན་ཐུབ་པ་ཡོང་རྒྱུ།

དེའི་ཆེད་དུ་གྲོས་ཚོགས་ཀྱི་འཐུས་མི་རེ་རེ་བཞིན་ནས་མང་ཚོགས་ཀྱི་མངོན་འདོད་དང་བསམ་ཚུལ་གང་ཡོད་པ་དེ་དག་མཁྱེན་ཐུབ་པ་བྱེད་རྒྱུའི་ལས་འགན་དེ་གལ་ཆེན་པོ་ཆགས་པ་ཡིན་དུས་རྒྱུན་མཐུད་ནས་ང་ཚོ་མང་ཚོགས་དང་འབྲེལ་བ་ཞུ་དགོས་པ་ནི་ང་ཚོའི་ལས་འགན་གྱི་ཆ་ཤས་ཤིག་ཆགས་པ་དེ་འདྲ་རེད་དེ། ཡིན་ནའང་སྐབས་བཅིུག་པའི་སྤྱི་འཐུས་དེ་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཕྱིན་པའི་གནས་སྐབས་ཀྱི་བར་བརྒལ་གྱི་དུས་ཚོད་ཅིག་ལ་ཆགས་པ་ཡིན་དུས། འཆར་འཕར་གྱི་ཞུ་སྒོ་མང་པོ་ཞིག་ཡོད་པ་རེད།

རྒྱུན་བཞུགས་གནང་མཁན་གྱི་སྤྱི་འཐུས་དེ་དག་རྒྱུན་ལྡན་གྱི་མང་ཚོགས་ཀྱི་ཡིག་འགྲུལ་ལ་ཐུགས་སྣང་གནང་རྒྱུ་དང༌། གཞུང་གི་འཛིན་སྐྱོང་གི་ཉིན་རེའི་ལས་དོན་ཐོག་བཏང་འཛིན་ཞིབ་འཇུག་གནང་རྒྱུས་མཚོན་པའི་ལས་དོན་ཧ་ཅང་མང་པོ་ཡོད་པ་དང་ཆབས་ཅིག ཡང་ཡང་ཕྱོགས་ཕེབས་གནང་རྒྱུའི་ཆེད་དུ་དཔལ་འབྱོར་གྱི་མཐུན་རྐྱེན་གྱིས་དེ་ཙམ་རྒྱབ་མི་འཁྱོག་པ་བཅས་ཀྱི་ཉེར་ལེན་ལ་བརྟེན་ནས་ད་ཕན་ང་ཚོས་མང་ཚོགས་ཀྱི་མདུན་དུ་མཇལ་རྒྱུ་དང་འབྲེལ་བ་ཞུ་རྒྱུ་དེ་ཧ་ཅང་ཉུང་དྲགས་པའི་སྐྱོན་ཞིག་ཆགས་ཡོད་རེད། སྤྱིར་བཏང་སྤྱི་འཐུས་ཡོངས་རྫོགས་དྷ་སར་བཞུགས་གཏན་འཇགས་མ་དགོས་པར་སྤྱི་འཐུས་༤༦ ནང་ནས་མང་ཆེ་བ་ས་གནས་སོ་སོར་བཞུགས་ཀྱི་ཡོད་ཙང༌། ཁོང་ཚོའི་བརྒྱུད་ནས་ས་གནས་ཀྱི་མང་ཚོགས་དང་འབྲེལ་བ་གང་ལ་གང་འཚམས་ཤིག་ཆགས་ཀྱི་ཡོད་རེད་དེ།

ཡིན་ནའང་ཁོང་ཚོར་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་དང་འབྲེལ་བ་ཞུ་རྒྱུའི་དམིགས་བསལ་གྱི་ལས་འགན་ལས་རིམ་དེ་དག་བསྒྲུབ་རྒྱུའི་ཆེད་དུ་དཔལ་འབྱོར་གྱི་མཐུན་རྐྱེན་འབུལ་མ་ཐུབ་པར་བརྟེན། ས་གནས་ལ་ཡོད་པའི་སྤྱི་འཐུས་དེ་དག་གིས་རང་གི་ཉེ་འཁོར་གྱི་གནས་ཚུལ་ཕྲ་ལ་ཕྲན་བུ་མཁྱེན་རྟོགས་ཡོང་རྒྱུ་དང༌། ཡར་ཞུ་ཐུབ་པ་མ་གཏོགས། ག་ས་ག་ལ་འབྲེལ་ཡོད་ཀྱི་ས་གནས་ཁག་ལ་ཕེབས་རྒྱུ་དང༌། ཆེད་མངགས་མང་ཚོགས་དང་འབྲེལ་བ་གནང་རྒྱུ་སོགས་ཀྱི་ལས་དོན་དེ་ཡག་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད་མ་རེད། དེ་འདྲའི་ལས་དོན་ཡག་པོ་ཞིག་མ་གྲུབ་པ་ལ་ང་ཚོ་སྤྱི་འཐུས་ལྷན་ཁང་ནས་ཧ་ཅང་བློ་ཕམ་དང༌། རང་གི་ལས་འགན་མ་གྲུབ་པའི་ཚོར་བ་དེ་གསལ་པོ་ཡོད་རེད་དེ། ད་ཕན་ང་ཚོའི་འདོད་པ་ལ་ཡོད་པ་བཞིན་བྱས་ཐུབ་མ་སོང༌།

ལྷག་པར་དུ་ཕྱོགས་གཅིག་ནས་སྤྱི་འཐུས་ཚོགས་གཙོ་ཟེར་རྒྱུ་དེ་ཚོགས་འདུའི་སྐབས་སུ་ཚོགས་འདུའི་ལས་དོན་ལྟ་རྟོག་བྱེད་མཁན་དཔེར་ན་རྩེད་ཐང་ནང་གི་refree བཟོ་འདྲ་བྱས་ཏེ་བསྡད་རྒྱུ་ཞིག་མ་གཏོགས། མདུན་གྲོས་ཀྱི་ནང་ལ་དངོས་སུ་ཆ་ཤས་བླངས་ཏེ་ལས་དོན་གྱི་ཐོག་ལ་ལས་ཀ་བྱེད་རྒྱུ་ཡོད་པའི་གང་ཟག་ཅིག་ཆགས་ཀྱི་ཡོད་མ་རེད་དེ། ཡིན་ནའང་རྒྱུན་ལས་ནང་ལས་དོན་མང་པོ་ཞིག་བཏང་འཛིན་གསལ་བཤད་བྱེད་རྒྱུའི་འགན་ཡོད་པ་ཞིག་དང༌། ལྷག་པར་དུ་སྤྱི་འཐུས་གྲོས་ཚོགས་མེད་སྐབས་གྲོས་ཚོགས་ཀྱི་འགན་དབང་དང་དབང་ཚད་མང་པོ་ཞིག་ཚོགས་གཙོ་གཉིས་ཀྱི་འགན་དབང་ཐོག་སྤུངས་ཏེ་བསྡད་ཡོད་པར་བརྟེན། ཚོགས་གཙོ་གཉིས་ཀྱི་ངོས་ནས་མི་མང་ལ་འབྲེལ་བ་ཞུ་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། ཡིན་ནའང་ཚོགས་གཙོ་སོ་སོའི་ཐོག་ལ་འཆར་འཕར་གྱི་ལས་དོན་མང་པོ་ཞིག་མུ་མཐུད་ནས་ཡོད་དུས། དུས་ཚོད་བཏོན་ནས་མང་ཚོགས་དང་མཇལ་རྒྱུའི་གོ་སྐབས་དེ་ཉུང་ཉུང་བྱས་ཏེ་ལུས་བསྡད་པ་རེད།

ལོ་སྔོན་མ་ལྷོ་ཕྱོགས་ཀྱི་སྤྱི་འཐུས་རྣམ་པ་ཚོ་གྲོས་ཚོགས་ལ་ཕེབས་སྐབས་ངེས་པར་དུ་ཚོགས་གཙོ་བོད་མི་མང་པོ་ཡོད་པའི་ས་གནས་ཆ་ཚང་ལ་འགྲོ་མ་ཐུབ་ཀྱང༌། བོད་མི་མང་པོ་ཕྱོགས་གཅིག་ལ་ཡོད་པའི་ས་གནས་དེ་དག་ལ་འཚམས་འདྲིར་བཅར་ཐུབ་ན་ཧ་ཅང་ཡག་པོ་འདུག་ཅེས་དགོངས་འཆར་བྱུང་བ་བཞིན་སྤྱི་འཐུས་རྒྱུན་ལས་ནས་ཀྱང་འགྲོ་ན་ཡག་པོ་འདུག་ཅེས་ཐག་གཅོད་བྱས་ཏེ། འདི་ལོ་ནས་ང་ཚོ་རིམ་པས་བོད་མི་ཡོད་པའི་ས་གནས་ལ་སྐོར་བ་ཞིག་རྒྱག་ཐུབ་ན་སྙམ་པའི་རེ་བ་བྱས་ཏེ། དེའི་འགོ་འཛུགས་ལྟ་བུ་དེ་ད་རེས་ལྷོ་ཕྱོགས་གཞིས་ཆགས་ཁག་བཞི་ལ་དུས་ཐོག་གཅིག་ལ་སྐོར་བ་ཞིག་བརྒྱབ་རྒྱུའི་ལས་རིམ་བཟོས་ཏེ། ལས་རིམ་དེའི་ཆ་ཤས་ལྟ་བུར་དེ་རིང་ང་འདིར་བཅར་བ་རེད།

ཧུན་སུར་རབ་རྒྱས་གླིང་གི་གཞིས་ཆགས་འདིའི་སྐོར་ལ་གནས་ཚུལ་མང་པོ་ཞིག་ང་ཚོ་གཞུང་གི་ལས་དོན་ལ་མེད་པའི་སྐབས་ལའང་ཤེས་རྟོགས་གོ་རྟོགས་ཡོད་པ་དེ་འདྲ་ཡིན་ལ། དྷརྨ་ཤཱ་ལཱར་གཞུང་གི་ཆབ་སྲིད་ཀྱི་ལས་ཀྱི་སྣེ་ལ་སླེབས་ནས་འདི་དག་ང་ཚོས་ཤེས་བཞིན་པ་དང་གོ་བཞིན་པ་དེ་འདྲ་རེད་དེ། ཡིན་ནའང་གཞིས་ཆགས་འདི་ཆགས་ཏེ་དངོས་སུ་ད་རིང་ས་གནས་ས་ཐོག་ལ་སླེབས་པ་དང་པོ་ཡིན། ལྷོ་ཕྱོགས་ཀྱི་གཞིས་ཆགས་ཐོག་མ་གསར་འཛུགས་བྱེད་སྐབས་ཚར་མང་པོ་སླེབས་མྱོང་ཡོད། དེ་དུས་གཞིས་སྒར་མང་ཆེ་བ་གུར་གྱི་འོག་ལ་བཞུགས་པའི་སྐབས་དང༌། གདན་ས་དེ་དག་ཀྱང་གུར་དང་སྨྱུག་ཁང་ནང་བཞུགས་པའི་སྐབས་རེད། བར་ལམ་ཞིག་ནས་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར་གཞིས་ཆགས་ཕྱོགས་སུ་ཁྱོན་ནས་མ་སླེབས་པར་ལོ་ཉི་ཤུ་རྩ་གྲངས་ཕྱིན་འདུག ལྷག་པར་དུ་ཧུན་སུར་སྐོར་གོ་བསྡད་པ་མ་གཏོགས། དངོས་སུ་སླེབས་ནས་མཇལ་བ་དེ་དེ་རིང་དང་པོ་རེད།

ང་ཚོས་གནས་ཚུལ་གང་འདྲ་ཡིན་ནའང་དཔལ་འབྱོར་གྱི་མཐུན་རྐྱེན་ཐོག་ནས་བལྟས་ཏེ་དེའི་ཐོག་ནས་རིན་ཐང་བླངས་པ་ཡིན་ན། ཧུན་སུར་གཞིས་ཆགས་དེ་དཔལ་འབྱོར་འདུ་འགོད་རྒྱ་ཆེ་བ་དང༌། མི་དེ་ཚོ་ཕྱུག་པ། གྲ་སྒྲིག་པ་ཞིག་མིན་པ་ཧ་ཅང་གསལ་པོ་རེད། ལྷག་པར་དུ་བར་ལམ་ལོ་ཤས་ནང་སྟོན་ཐོག་ཡག་པོ་མ་བྱུང་ནས་སྐུ་ངལ་ཧ་ཅང་བྱུང་བའི་གནས་ཚུལ་ད་ལྟ་འདིར་ས་གནས་འགོ་འཛིན་གྱིས་ལས་བསྡོམས་ནང་གསུངས་པ་བཞིན་ཧ་ཅང་སྐུ་བསྙེལ་པོ་བྱུང་ཡོད་རེད་དེ། ཡིན་ནའང་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་དཔལ་འབྱོར་གྱི་གནས་སྟངས་རྐྱང་རྐྱང་ཐོག་ནས་གོང་ཚད་བརྒྱབ་རྒྱུ་མེད་ཅིང༌། སྤྱི་ཚོགས་ཀྱི་གནས་སྟངས་ཁོ་རང་གི་ངོ་བོའི་ཆ་ནས་བལྟས་ན་ཧུན་སུར་གཞིས་ཆགས་འདི་གཞིས་ཆགས་གཞན་དང་མི་འདྲ་བར་ཡག་པོ་ཞིག་ཡིན་པར་ང་ཚོ་སྤྱི་འཐུས་ལྷན་ཚོགས་ངོས་ནས་ངོས་འཛིན་ཞུ་གི་ཡོད་ལ། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་མཐོང་ཚུལ་དེ་འདྲ་ཞིག་ཡོད་རེད།

ཚང་མ་རྡོག་རྩ་བསྒྲིལ་པོ་དང༌། ཁ་འཆམ་པོ། བཙན་བྱོལ་བོད་གཞུང་གི་བཏང་འཛིན་བཀས་བཀོད་འོག་ཏག་ཏག་སྒྲིག་ལམ་འཁྱེར་ནས་སྡོད་མཁན། དོན་མེད་ཀྱི་སྐད་ཆ་དང་རྙོག་ཁྲ་གང་ཡང་མེད་པ། དགོན་སྡེ་ཁག་ཡིན་ནའང་ཐུགས་མཐུན་ཁྲིམས་གཙང༌། བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་ཧ་ཅང་ཡག་པོ་ཡོད་པ། ཁྱིམ་པ་ཚོ་ཡིན་ནའང་དེ་དང་དེ་མཚུངས་ཀྱི་སྒྲིག་ལམ་ནོན་པོ། རྙོག་ཁྲ་མེད་མཁན་དེ་འདྲ་ཞིག་རེད། དེར་བརྟེན་ངས་ཁྱེད་ཚོ་ཚང་མར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང༌། ད་དུང་མུ་མཐུད་ནས་དེ་ག་རང་ཐོག་ཡར་རྒྱས་གཏོང་བ་མ་གཏོགས། ཉམས་ཆག་མ་འགྲོ་བ་ཞིག་དགོས་ཀྱི་རེད་ཅེས་ནན་ཏན་བྱས་ཏེ་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱིའི་སྣོད་ཀྱི་བཀོད་པ་ལ་བལྟས་པ་ཡིན་ནའང་ངས་ད་ལྟ་གཞིས་ཆགས་ཚང་མ་འཁོར་ཡོད་མ་རེད་དེ། ང་རང་གིས་མཐོང་མྱོང་བའི་གཞིས་ཆགས་དེ་དག་ལ་གཞིགས་ན། འདི་པའི་ས་གཞི་འདི་སྟོན་ཐོག་ཆེད་ཡག་ཉེས་ཇི་ལྟར་ཡིན་མིན་མ་ཤེས་མ་གཏོགས། རྩ་བའི་ཁོར་ཡུག་གི་གནས་སྟངས་ཆ་ནས་གཙང་མ་དང༌། སྤུས་ཀ་ལེགས་པོ། ལམ་ཁ་དེ་དག་མཐུན་རྐྱེན་འཛོམས་པོ་ཡག་པོ་འདུག་བསམས་པ་བྱུང༌།

ཁོར་ཡུག་གི་གནས་སྟངས་གཙང་མ་གཞག་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་རེད་དེ། བོད་པའི་སྤྱི་ཚོགས་ནང་དཀའ་ལས་ཁག་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ལྷག་པར་དུ་མི་མང་པོ་ཡོད་སར་ད་དུང་ཡང་དཀའ་ལས་ཁག་པ་ཆགས་ཡོད། ྋསྐྱབས་མགོན་རིན་པོ་ཆེས་འཛམ་གླིང་སྤྱི་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཀའ་སློབ་ཧ་ཅང་མང་པོ་གནང་གི་ཡོད་རེད་དེ། དྷ་ས་བཞུགས་སྒར་གྱི་ཉེ་འགྲམ་ལ་ཁོར་ཡུག་སྲུང་སྐྱོབ་རྩ་བ་ནས་མི་འདུག་ཅེས་ཕྱི་རྒྱལ་བ་མང་པོས་བཤད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་གཞིས་སྒར་འདིའི་ནང་དགོན་པ་ཁག་ཡིན་ནའང་རེད། ལས་ཁུངས་ཡིན་ནའང་རེད། གྲོང་སྡེ་ཡིན་ནའང་རེད།

དེ་དག་གི་གནས་སྟངས་ཧ་ཅང་གིས་གཙང་སྦྲ་དོད་པོ་དང༌། ལྷག་པར་དུ་ཁོར་ཡུག་གི་གནས་སྟངས་དང་མཐུན་པོ་བྱས་ཏེ་བསྡད་པ་ཞིག་ངས་དེ་འདྲ་ཉམས་སྣང་བྱུང་སོང༌། དེ་ཚོ་ཧ་ཅང་ཡག་པོ་རེད་ཅེས་ཞུ་རྒྱུ་ཡིན། ད་རེས་འདིར་མི་མང་དང་མཇལ་ནས་ངས་དམིགས་ཀྱིས་བཀར་ནས་རེ་འདུན་ཞུ་རྒྱུའི་དོན་གནད་ཁ་ཤས་ཤིག་ཡོད། མ་གཞི་ཚང་མས་མཁྱེན་གསལ་རེད། ངས་སླར་ཡང་ལྡབ་སྐྱོར་བྱས་ཏེ་ཞུ་དགོས་པ་མི་འདུག ད་ལྟའི་གནས་སྐབས་འདི་ང་ཚོ་བོད་པའི་རྒྱལ་ཁབ་ཀྱི་གནས་སྟངས་འདི་ནི་ཧ་ཅང་ཛ་དྲག་པོ་དང་ཉག་ཕྲ་པོའི་གནས་ཚུལ་ཞིག་གི་འོག་ནས་འགྲོ་བསྡད་པའི་སྐབས་ཤིག་རེད།

སྤྱིར་བཏང་ནས་ལོ་སུམ་ཅུ་སོ་གྲངས་ཟེར་རྒྱུ་དེ་རྒྱལ་ཁབ་ཅིག་གི་ལོ་རྒྱུས་ཀྱི་མི་ཚེ་ལ་བལྟས་ན་རིང་པོ་གང་ཡང་མིན། གང་ཟག་བྱེ་བྲག་པ་ཞིག་གི་མི་ཚེ་ལ་བལྟས་ན་མི་ཚེ་ཕྱེད་ཀ་ཙམ་ཡིན་པས་ཧ་ཅང་རྒྱུན་རིང་པོ་རེད། ཡིན་ནའང་རྒྱལ་ཁབ་ཅིག་གི་ལོ་རྒྱུས་ཀྱི་འགྱུར་འགྲོས་ལ་བལྟས་ན་ལོ་སུམ་ཅུ་སོ་གྲངས་ཟེར་རྒྱུ་དེ་རིང་པོ་གང་ཡང་མ་རེད། གཞན་དབང་དུ་ཕྱིན་པའི་རྒྱལ་ཁབ་དེ་དག་རང་དབང་རྩོད་ལེན་བྱས་ཏེ་ལོ་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་བསྡད་དགོས་པའི་ལོ་རྒྱུས་འཇིག་རྟེན་ནང་བྱུང་བ་དེ་ང་ཚོས་མཐོང་དང་མཐོང་བཞིན་པ་རེད།

ང་ཚོ་བསྡད་སའི་གནས་ཚང་རྒྱ་གར་ལྟ་བུ་ལ་ཆ་བཞག་ནའང་རྒྱ་གར་གྱི་རྒྱལ་ཁབ་དེ་སྔོན་ལ་མུ་གལ་(Mughal) འོག་ལ་འགྲོ་ཞིང༌། དེའི་རྗེས་ལ་དབྱིན་ཇིའི་འོག་ལ་འགྲོ་བ་དེ་དག་བསྡོམས་ན་ལོ་ཉིས་བརྒྱ་ལྷག་ཙམ་གཞན་དབང་འོག་བསྡད་པ་རེད། ཡིན་ནའང་ལོ་ཉིས་བརྒྱའི་རིང་མུ་མཐུད་ནས་རང་དབང་བསྐྱར་གསོའི་ལས་འགུལ་བྱེད་མཁན་གྱི་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྟོབས་ཤུགས་དེ་མ་བརླགས་པའི་ཉེར་ལེན་ལ་བརྟེན་ནས་མཐར་རང་དབང་གི་རྒྱལ་ཁ་ཐོབ་སྟེ། དེང་སང་ཨེ་ཤི་ཡའི་ནང་རང་དབང་ཅན་གྱི་རྒྱལ་ཁབ་ཆེ་ཤོས་གྲངས་སུ་བརྩི་བ་དེ་འདྲ་རེད།

དེ་བཞིན་ཇིའུ་མི་རིགས་ལ་ཆ་བཞག་ནའང་ལོ་སྟོང་ཕྲག་ཁ་ཤས་ཤིག་སོ་སོའི་ལུང་པ་བརླགས་ཏེ་བསྡད་དགོས་བྱུང་བ་རེད་དེ། ཡིན་ནའང་ཁོང་ཚོའི་ཆིག་བསྒྲིལ་དང་སྙིང་སྟོབས་ཀྱི་ནུས་པ་མ་བརླགས་པའི་དབང་གིས་དུས་རབས་ཉི་ཤུ་འདིའི་ནང་ཁོ་རང་ཚོའི་རྒྱལ་ས་ཟིན་ཐུབ་པ་བྱུང་བ་དེ་ང་ཚོས་མཐོང་དང་མཐོང་བཞིན་པ་རེད། དེར་བརྟེན་རྒྱལ་ཁབ་ཅིག་གི་རང་དབང་རྩོད་ལེན་བྱེད་མཁན་གྱི་ལོ་རྒྱུས་ནང་མི་བྱེ་བྲག་པ་ཞིག་གི་མི་ཚེའི་བསམ་བློ་བཏང་ནས་ལོ་སུམ་ཅུ་སོ་གྲངས་ཕྱིན་པ་དེ་ཧ་ཅང་ཐག་རིང་པོ་ཡིན་པར་བསམ་བློ་གཏོང་རྒྱུ་མེད་པ་ཞིག་རེད།

ཡིན་ནའང་ང་ཚོ་ལ་ད་ལྟ་ཧ་ཅང་སེམས་ཁྲལ་ཡོང་དགོས་པ་དང༌། ཛ་དྲག་གི་བསམ་ཚུལ་སྐྱེ་དགོས་པའི་གནས་ཚུལ་དེ་ག་རེ་རེད་ཅེ་ན། བོད་དེ་མགྱོགས་པོ་ཞིག་ལ་རང་དབང་བསྐྱར་གསོ་མ་བྱུང་བ་ཡིན་ན་བོད་ལྗོངས་མི་རིགས་དང་བཅས་པའི་སྣོད་བཅུད་གཉིས་ཀ་རྦད་དེ་བརླག་འགྲོ་རྒྱུ་དང༌། བོད་ཡུལ་རྒྱ་ཡུལ་ལ་ཆགས་འགྲོ་རྒྱུ་དེ་འདྲ་ཞིག་གི་གནས་ཚུལ་ཛ་དྲག་པོ་ཞིག་ང་ཚོའི་མདུན་ལ་སླེབས་པ་དེ་ངས་རྒྱས་བཤད་མི་དགོས་པར་ཁྱེད་ཚོས་དུས་རྒྱུན་དུ་སྙན་ཆོག་ཕྱི་ལ་བསྟན་ནས་བཞུགས་ཙང་གསན་ཡོད་ཤག་རེད། བཅུད་ཀྱི་སེམས་ཅན་ཆ་ནས་བསམ་བློ་བཏང་བ་ཡིན་ན། བོད་ནང་རྒྱ་མི་འབོར་ཆེན་ཞིག་འཆར་གཞི་ལྡན་པའི་ལས་འགུལ་ཞིག་གི་འོག་སྤོ་ཤུགས་བྱས་དང་བྱེད་བཞིན་པར་བརྟེན། བོད་རང་གི་བོད་སའི་ནང་དུ་བོད་མི་དེ་ཧ་ཅང་གི་གྲངས་ཉུང་མི་རིགས་ལ་ཕྱིན་ནས་ཡོང་མཚམས་ཤིག་ལ་བོད་ནང་བོད་མི་བཙལ་དགོས་རྒྱུ་ཞིག་ཆགས་ཉེན་ཡོད།

ཨ་རིའི་ལུང་པའི་ནང་གི་གྲངས་ཉུང་མི་རིགས་བཟོ་འདྲ་པོ། དཔེར་ན། ཨ་རིའི་ནང་ལུས་བསྡད་པའི་རྒྱ་གར་དམར་པོའི་གྲངས་ཉུང་མི་རིགས་ལ་ཆ་བཞག་ན། ཁོང་ཚོ་གྲངས་ཉུང་མི་རིགས་ལ་ཕྱིན་པ་རེད་དེ། ཁོ་རང་ཚོས་རང་གི་འདུ་ཚོགས་འདྲ་པོ་ཟུར་དུ་བྱས་ཏེ་རུག་རུག་བསྡད་ནས་སོ་སོའི་རིག་གཞུང་དང༌། སྐད་ཡིག ཆོས་ལུགས་སོགས་མ་བརླགས་པར་བསྡད་རྒྱུའི་གོ་སྐབས་ཤིག་ད་བར་རག་བསྡད་པ་རེད། ང་ཚོ་བོད་ལ་དེ་འདྲ་ཞིག་གི་གོ་སྐབས་ཀྱང་རག་གི་མེད། བོད་མི་དེ་གྲངས་ཉུང་མི་རིགས་ལ་ཕྱིན་པ་ཙམ་དུ་མ་ཟད། གང་དུ་ཡིན་ནའང་རྒྱ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཤུགས་གནོན་འོག་ཕྱིན་ནས་སྐད་ཅིག་བརྒྱབ་ནའང་རྒྱ་སྐད་མ་བརྒྱབ་ན་ཁུངས་མི་འཁྱོལ་བ་དང༌། གོས་ཤིག་གྱོན་ནའང་རྒྱ་ཆས་མ་གྱོན་ན་ཁུངས་མི་འཁྱོལ་བ། གཞས་ཞབས་བྲོ་ཞིག་འཁྲབ་པ་ཡིན་ནའང་རྒྱ་མིའི་ཞབས་གཞས་དང་རོལ་ཆ་ལ་མ་བརྟེན་ན་ཁུངས་མི་འཁྱོལ་བ་དེ་འདྲ་ཞིག་གི་གནོན་ཤུགས་ཆེན་པོ་ཞིག་ཉིན་རེ་ནས་ཉིན་རེར་མང་བ་བྱས་ཏེ་སླེབས་ཡོང་བའི་གནས་ཚུལ་ཆགས་བསྡད་ཀྱི་ཡོད།

ཕྱི་ལོ་༡༩༩༤ ཟླ་༢ ཚེས་༡༩ ཉིན་ཧུན་སུར་རབ་རྒྱས་གླིང་སེར་སྐྱ་མང་ཚོགས་ལ་གནང་བའི་གསུང་བཤད། གསུང་བཤད་འདི་མ་ཚང་བ་ལྟ་བུ་ཞིག་འདུག་ཀྱང༌། གཞན་རྣམས་རྙེད་ཐབས་མི་འདུག