རྒྱུད་སྟོད་དུ་གསུང་ཆོས་ལེགས་པར་བསྐྱངས་རྗེས་བསྩལ་བའི་བཀའ་སློབ།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༦ ནས་ཟླ་ ༤ ཚེས་ ༡༥ བར་ཉིན་གྲངས་ཉི་ཤུ་ལྷག་རིང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཟབ་ཆོས་བདུད་རྩིའི་བཀའ་དྲིན་ལེགས་པར་བསྐྱངས་རྗེས་བསྩལ་བའི་བླང་དོར་བཀའ་སློབ།Gurto Monastry  (2)དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་རྒྱུད་མན་ངག་གི་གཏེར་མཛོད་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་དང་། རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་བཅས་ཀྱི་ཁྲིད་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཤེས་རབ་དང་བདག་འཛིན་གཉིས་ཀྱི་གཤགས་འདེབས་དང་། བྱ་བྲལ་ཚུལ་ཁྲིམས་ཉི་མས་མཛད་པའི་ཕྱག་ཆེན་གྱི་འཁྲིད་མན་ངག་ཞལ་ཤེས་དང་བཅས་པའི་ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་བཅས་ཀྱི་ལུང་བཅས་ཁ་སང་ནས་འཆར་གཞི་བསྒྲིགས་པ་བཞིན་ཕུལ་ཟིན།

གང་ཟག་ང་ལྟ་བུ་ཞིག་གིས་ཆོས་འདི་ལྟ་བུ་ཞིག་དཔལ་ལྡན་རྒྱུད་སྟོད་ཀྱི་འདུས་མང་ནང་བཤད་པ་དེ་བློ་ཡུལ་དུ་མ་ཤོང་བ་ལྟ་བུ་དང་། ཧམ་པ་ཚ་ཐག་ཆོད་པ་ལྟ་བུ་ཞིག་རེད། ཡིན་ནའང་དེའི་རྒྱབ་ལྗོངས་ལ་སྒྲུང་ལྟ་བུ་རིང་པོ་ཞིག་ཡོད། ཁྲིད་ཆ་ཚང་ཕུལ་ཐུབ་གྲབས་ཡོད་མེད་མ་ཤེས་པར་བརྟེན། དེ་ཆེད་མངགས་ཉིན་དང་པོའི་ཉིན་ཞུས་མེད།

༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ང་ཆུང་ཆུང་སྐབས་ནས་ཟམ་གདོང་གི་ཡང་སྲིད་དུ་བཙན་ཐབས་སུ་ངོས་འཛིན་གནང་བ་ཞིག་རེད།   དེ་རྗེས་ལོ་ ༡༢ ནས་གྲྭ་སར་སླེབས་པ་རེད། ཐུགས་བརྩེ་བ་ཆེན་པོས་བསྐྱངས་ཏེ་ཟ་སྟངས་དང་། འགྲོ་སྟངས། སྡོད་སྟངས། སྐད་ཆ་ཤོད་སྟངས། ཐ་ན་གཟན་ཤམ་གྱོན་སྟངས་ཡན་ཆད་ནས་བཀའ་སློབ་གནང་བ་མ་ཟད། སོ་སོའི་ངོས་ནས་ཡིན་ནའང་སྒོ་གསུམ་གྱི་བྱ་བ་གང་ཡིན་ནའང་༧སྐྱབས་རྗེ་རྡོ་རྗེ་འཆང་ལ་བཀའ་སློབ་ཞུ་གིན་འགྲོ་བསྡད་པ་རེད། རྒྱ་གར་དུ་སླེབས་ནས་དྷ་རམ་ས་ལར་བཀའ་འགུགས་གནང་སོང་། དྷ་རམ་ས་ལར་ལོ་གཅིག་གཉིས་ཙམ་བསྡད་དེ་ཐ་སྙད་རིག་གནས་སྦྱངས་པ་ཡིན། དཔེ་ཆ་ནི་མུ་མཐུད་བལྟ་རྒྱུ་བྱུང་མེད། བོད་ནས་བྲོས་བྱོལ་ཡོང་སྐབས་དབུ་མ་རྙིང་པའི་ནང་སླེབས་ཙམ་ཡིན། ༡༩༦༡ ལོར་ཌ་ལ་ཧོ་སིར་བཞུགས་པའི་གདན་ས་གསུམ་གྱི་བླ་སྤྲུལ་མཁན་ལས་ཟུར་དགེ་བཤེས་མང་པོ་ལ་ཐ་སྙད་རིག་གནས་ཁྲིད་དགོས་དུས་དེར་ཕྱིན་པ་ཡིན། དེ་ནས་སློབ་གྲྭའི་དགེ་རྒན་བྱས་ནས་བསྡད་པ་རེད། ཝཱ་རཱ་ཎ་སཱིར་འབྱོར་མཚམས་བདུན་ཅུ་དོན་གྲངས་མགོ་སྟོད་ལ་༧སྐྱབས་རྗེ་རྡོ་རྗེ་འཆང་གིས་ཁྱེད་རང་ལམ་ཁ་ཏོག་ཙམ་ནོར་བ་ལྟ་བུ་ཆགས་སོང་། མི་ལས་རས་ཆུང་ལ་ངས་ཁྱེད་ “སྒོམ་ཆེན་སྟན་རྡོལ་རེ་བ་ལ།། སྟོན་ཆེན་ལྷམ་རྡོལ་” ཞིག་ཆགས་སོང་ཞེས་གསུངས་པ་རེད། དེ་བཞིན་ངས་ཁྱེད་རང་ལ་ཆོས་བཤད་མཁན་ཞིག་ལ་རེ་བ་བྱས་པ་ཡིན་རུང་། ཁྱེད་རང་འཇིག་རྟེན་འཁྲབ་མཁན་ཞིག་ཆགས་སོང་། ལམ་ཁ་ཏོག་ཙམ་ནོར་བ་རེད་ཅེས་གསུངས་ཀྱི་འདུག ངས་ལམ་ཁ་ནོར་ཡོད་ན་ད་ལྟ་ནོར་བཅོས་ཞུ་ཆོག་ཡིན་ཞུས་པ་ཡིན། དེ་ནི་དྷ་རམ་ས་ལའི་གཟིམས་ཤག་རྙིང་པའི་ནང་རེད། ༧སྐྱབས་རྗེ་རྡོ་རྗེ་འཆང་གིས་ངས་ཚོད་བལྟ་ཞིག་བྱེད་ཡོང་། རྩ་ཞིག་བལྟས་ཡོང་གསུང་གི་འདུག ཉིན་ཤས་རྗེས་༧སྐྱབས་རྗེ་རྡོ་རྗེ་འཆང་གིས་ད་ལྟ་ཁྱེད་རང་གིས་གང་བྱེད་བཞིན་པ་དེ་རང་གྱིས། ལམ་སེང་འགྱུར་བ་གཏོང་ཐབས་མི་འདུག དེར་བརྟེན་གློ་སྙིང་བྲང་གསུམ་༧གོང་ས་མཆོག་ལ་གཏད་ནས་༧གོང་ས་མཆོག་གིས་ཕྱག་མཛུབ་གར་གཏད་ཤར་དུ་བྱེད་ནས་ག་དུས་ཡིན་རུང་དེ་ག་རང་འགྲོ་རྐྱང་བྱོས། བསམ་བློ་གཞན་གཏོང་རྒྱུ་ང་གཉིས་གཉིས་ཀས་ཅམ་འཇོག་བྱེད་རྒྱུ་ཡིན་ཞེས་གསུངས་སོང་། དེ་ནས་ལམ་ཁ་བརྗེ་རྒྱུའི་གནས་ཚུལ་དེ་འགྱངས་པ་རེད།

Gurto Monastry 1དེ་རྗེས་གནས་ཚུལ་འདྲ་མིན་སྣ་ཚོགས་ནང་ཞུགས་ཏེ། གང་ལྟར་ངའི་མི་ཚེའི་འགྲོ་སྟངས་ཟེར་ནའང་མི་འདུག སོ་སོའི་གཟུགས་བརྙན་ལྟ་བུ་དེ་ཆབ་སྲིད་དང་འཛིན་སྐྱོང་གི་ལས་ཀ་བྱེད་མཁན་དང་། ག་ཚོད་ཡག་ནའང་གཙུག་ལག་སློབ་གཉེར་ཁང་གི་དེང་རབས་ཀྱི་སློབ་དཔོན་གཅིག་གི་རྣམ་པ་ཙམ་མ་གཏོགས། ཆོས་འཆད་ཉན་བྱེད་མཁན་གྱི་རྣམ་པ་དེ་རྩ་བ་ནས་མེད་པ་ཆགས་པ་རེད། ང་ཚོའི་གྲོགས་པོ་སློབ་དཔོན་ཆེན་པོ་ལཱལ་མཎི་ཇོཤཱི་ཞུ་བ་ཞིག་ཡོད། ད་ཁོང་རང་གྲོངས་ཚར་བ་རེད། ཁོང་རང་གིས་ང་ལ་རྩེད་མོ་རྩེད་ནས་རབ་བྱུང་འཛིན་སྐྱོང་པ་  (Monk Executive)  ཞེས་གསུང་གི་ཡོད། སྤྱིར་བཏང་བྱེད་སྟངས་དེ་འདྲ་མ་ཆགས་པ་ཞིག་རེད། གྲྭ་ཆས་ཤིག་གྱོན་ནས་ཆབ་སྲིད་དང་འཛིན་སྐྱོང་སྣ་ཚོགས་ཤིག་བྱས་ནས་བསྡད་པ་ཡིན་ཙང་། ཆོས་འཆད་ཉན་བྱེད་རྒྱུའི་བསམ་བློ་དེ་རྦད་དེ་ཡལ་བ་རེད། ལྷག་པར་དུ་བཀའ་བློན་ཁྲི་པ་ཐེངས་དང་པོ་བྱེད་སྐབས་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་ཁ་ཤས་ཀྱིས་ད་བཀའ་བློན་ཁྲི་པ་ཆགས་པ་ཡིན་ཙང་སྡོམ་པ་ཕུལ་ནས་སྐྱ་ཕབ་ན་ཡག་པོ་ཡོད་རེད་ཅེས་བསམ་འཆར་གཏོང་མཁན་བྱུང་བ་རེད། དེ་དུས་ངས་བལྟ་གི་ཡིན། གལ་ཏེ་བཀའ་བློན་ཁྲི་པའི་ལས་ཀ་དང་རབ་བྱུང་གི་སྡོམ་པ་གཉིས་མཉམ་དུ་འགྲོ་མི་ཐུབ་པ་ཞིག་ཡོང་གི་འདུག་ན་དེའི་སྐབས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་པ་ཡིན། ང་ཚོ་རྒྱལ་ཁབ་མེད་པའི་སྒྲིག་འཛུགས་ཤིག་ཡིན་སྟབས། བཀའ་བློན་ཁྲི་པ་གྲྭ་པས་བྱེད་མི་ཐུབ་པ། དཔེར་ན་དམག་རྒྱག་དགོས་པ་དང་། སྲོག་གཅོད་ཀྱི་ཉེས་པ་གཏོང་དགོས་པ་དེ་འདྲ་གང་ཡང་མེད། དེར་བརྟེན་ལས་ཀ་དེ་འཁྱོལ་བ་རེད།  བཀའ་བློན་ཁྲི་པ་འཁྱུར་རྒྱུར་ལོ་གཅིག་མ་ཟིན་ཙམ་ཡོད་སྐབས་ནས་མི་མང་པོས་དེ་ཁྱོལ་སོང་ན་ཆོས་འཆད་ཉན་བྱེད་དགོས་ཞེས་ཤོད་མཁན་ཁ་ཤས་བྱུང་བར། ཁོང་ཚོ་ཚང་མར་བལྟ་གི་ཡིན། བསམ་བློ་གཏོང་གི་ཡིན་ཞེས་བཤད་པ་མ་གཏོགས། ཁས་ལེན་གཅིག་ཀྱང་བྱས་མེད། དེ་ཚོའི་གནས་ཚུལ་རྣམས་༧གོང་ས་མཆོག་ལ་ཞུ་གིན་ཡོད། འོན་ཀྱང་༧གོང་ས་མཆོག་གིས་ཁས་ལེན་དགོས་དང་མི་དགོས་གང་ཡང་གསུང་གི་མི་འདུག  དེ་འདྲ་བྱས་ནས་ད་བར་བསྡད་པ་རེད།

དེ་ནས་བཀའ་བློན་ཁྲི་པ་ཁྱུར་ཚར་ནས་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་རྣམ་པ་དང་། ཐེངས་གཅིག་མཁན་རིན་པོ་ཆེའང་ཕེབས་ནས་གྲྭ་ཚང་ལ་ཆོས་འཆད་ཉན་བྱེད་དགོས་ཞེས་བཀའ་གནང་གི་འདུག ༧གོང་ས་མཆོག་ལ་དེའི་སྐོར་སྙན་གསན་ཞུ་སྐབས་ཁས་ལེན་དགོས། གང་བཤད་རྒྱུ་ཡིན་པ་དེ་བསམ་བློ་བཏང་ནས་ཐག་བཅད་ན་འགྲིག་གི་རེད་ཅེས་བཀའ་ཕེབས་བྱུང་། དེ་ནས་ངས་ཁས་བླངས་ཏེ་བླ་མ་མཆོད་པའི་ཁྲིད་ཅིག་བྱ་རྒྱུ་ཡིན་ཞེས་ཞུས་པ་རེད། གང་ལགས་ཤེ་ན། བླ་མ་མཆོད་པའི་ཁྲིད་དེ་སྤྱིར་བཏང་ལམ་ཡོངས་རྫོགས་ཀྱི་གནད་བསྡུས་པ་ཞིག་རེད། ང་རང་གིས་ཀྱང་གཟབ་གཟབ་བྱས་ནས་ཞུས་མྱོང་། དེ་ཕན་ཐོགས་པོ་མི་ཡོང་ངམ་བསམས་པ་རེད། དེ་ངས་༧གོང་ས་མཆོག་ལ་སྙན་གསན་ཞུ་སྐབས། བླ་མ་མཆོད་པ་དང་ཕྱག་ཆེན་གཉིས་མཉམ་དུ་བྱེད་ན་ཡག་པོ་ཡོད་ཅེས་བཀའ་གནང་གི་འདུག ཕྱག་ཆེན་ཏོག་ཙམ་མཁྲེགས་པོ་ཡིན་པ་མ་ཟད། ནམ་རྒྱུན་ངས་སྒོམ་གྱི་མེད་པར་བརྟེན། སྐབས་དེར་ངས་ཕྱག་ཆེན་ཡོང་བ་མི་འདུག་ཅེས་ཞུས་པ་ཡིན། ༧གོང་ས་མཆོག་གིས་བླ་མ་མཆོད་པ་ཕྱག་ཆེན་མཉམ་དུ་བྱེད་ན་ཡག་གི་རེད། མཉམ་དུ་བྱ་རྒྱུ་ཡིན་ལོབས་ཞེས་གསུངས་པར་བརྟེན། ངས་ལགས་སོ་ཞུས་པ་ཡིན། དེའི་སང་ཉིན་དེར་རྒྱ་གར་བ་ཚོར་གསུང་ཆོས་ཡོད་པའི་སྐབས་ཤིག་རེད། གསུང་ཆོས་བར་ལ་གཙུག་ལག་ཁང་གི་ཐོག་ཁར་ཤོག་གསུངས་ཏེ། ཁྱེད་རང་གིས་ཕྱག་ཆེན་དེ་ངའི་ས་ནས་ཉན་ཡོད་པ་མ་རེད། ང་ལ་༧སྐྱབས་རྗེ་རྣམ་པ་གཉིས་ཀའི་བརྒྱུད་པ་ཡོད་པར་བརྟེན། སང་ཉིན་ཞོགས་པ་ཆུ་ཚོད་ ༨ པར་ཤོག་དང་། ངའི་བརྒྱུད་པ་དེ་ཁྱེད་རང་ལ་འདོན་རྒྱུ་ཡིན། ཆུ་ཚོད་ ༢ ཙམ་མ་གཏོགས་འགོར་གྱི་མ་རེད་ཅེས་བཀའ་གནང་གི་འདུག ངས་སང་ཉིན་ང་ཕྱི་ལ་འགྲོ་མཁན་ཡིན། ཆུ་ཚོད་ ༩ པ་ཙམ་ནས་གནམ་ཐང་ལ་ཐོན་དགོས་ཡོད་ཞུས་པ་ཡིན། དེ་ནས་སང་ཉིན་དེར་ཞུ་རྒྱུ་བྱུང་མེད། གནམ་ཐང་དུ་ཐོན་ཚར་དུས་ང་རང་གི་བསམ་བློའི་ནང་ལ་ཏོག་ཙམ་མ་བདེ་བ་བྱུང་། ཤོག་གསུངས་སྐབས་སུ་མ་བཅར་བ་དེ་རྟེན་འབྲེལ་ལ་གནོད་པ་མི་འགྲོ  དེ་འགྲིགས་མ་སོང་བསམས་པ་ཞིག་བྱུང་། དེར་བརྟེན་ཚུར་འཁོར་མ་ཐག་ལམ་སེང་བཅར་ནས། ག་དུས་ཐུགས་ལྕོགས་ན་གནང་རོགས་གནང་། བཅར་རྒྱུ་ཡིན་ཞུས་པར། ༧གོང་ས་མཆོག་གིས་རྫོང་དཀར་ཆོས་སྡེ་ལ་གསུང་ཆོས་ཡོད། ཁྱེད་རང་ཡང་འགྲོ་མཁན་རེད། དེ་རྒྱུད་སྨད་ལ་བྱེད་ན་ཡག་གི་རེད་ཅེས་བཀའ་ཕེབས་སོང་། དེ་ནས་རྒྱུད་སྨད་ལ་བཅར་སྐབས་ཕྱག་ཆེན་དང་བླ་མ་མཆོད་པའི་རྩ་ཚིག་གཉིས་ཀ་བསྐྱར་དུ་༧གོང་ས་མཆོག་གི་སྐུ་མདུན་ནས་ཞུ་རྒྱུ་བྱུང་།

ཡིན་ནའང་ངའི་བསམ་བློའི་ནང་དེ་ཡག་པོ་ཞིག་བཤད་ཐུབ་ཀྱི་རེད་སྙམ་པའི་སྤོབས་པ་སླེབས་མྱོང་མེད། དུས་ཚོད་ཏོག་ཙམ་ཡོད་པ་རེད། དུས་ཚོད་དེའང་རྒྱུད་སྟོད་གྲྭ་ཚང་ནས་བླ་མ་མཆོད་པའི་ཁྲིད་ཡིག་དང་། ཁ་ཆེམས་རླུང་སྐུར་གཉིས་པར་འདེབས་བྱེད་ཀྱི་ཡིན་གསུངས་པར་བརྟེན་བཞག་པ་རེད། ཕྱག་ཆེན་འཁྲིད་རྒྱུ་ཡིན་དུས་ཕྱག་ཆེན་གྱི་རྩ་འགྲེལ་ཡང་དེའི་ནང་བཅུག་ནས་མཉམ་དུ་པར་འདེབས་བྱེད་རྒྱུ་བྱུང་བ་རེད། ཡིན་ནའང་ངའི་བསམ་བློའི་ནང་རྒྱུད་པ་གྲྭ་ཚང་འདི་འཇམ་མགོན་༧རྒྱལ་བ་གཉིས་པའི་གསང་སྔགས་ཀྱི་བསྟན་པའི་བཀའ་བབས་པའི་གདན་ས་ཁྱད་པ་ཅན་ཞིག་རེད། གདན་ས་ཆེན་པོ་གསུམ་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཟེར་དུས་རི་བོ་དགེ་ལྡན་པའི་ཡོད་ན་མེད་ན་རེད། དེ་འདྲའི་གདན་ས་ཆེན་པོ་ཞིག་གི་ནང་ལ་ང་ལྟ་བུ་ཞིག་གིས་ཆོས་འཆད་ཉན་བྱེད་རྒྱུ་དེ་འོས་ཤིང་འཚམས་པ་ཡིན་པའི་གདེང་ཚོད་ལྟ་བུ་རྙེད་མ་སོང་། དེར་བརྟེན་སྤྱིར་ཆོས་སྐྱོང་སྲུང་མ་ཚང་མ་དང་། ལྷག་པར་དུ་རྒྱུད་སྟོད་ཀྱི་སྲུང་མ་མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པར། འདི་མ་འོས་པ་ཞིག་ཡིན་ན། འཆད་ཉན་དེ་སྟབས་མ་འགྲིགས་པ་དང་། འོས་པ་ཞིག་ཡིན་ན་སྟབས་འགྲིགས་པའི་འཕྲིན་ལས་བསྒྲུབ་དགོས་ཞེས་ཡང་ཡང་འཕྲིན་ལས་བཅོལ་བ་ཡིན།

ལྷོ་ཕྱོགས་ནས་ཕྱིར་ལོག་རྗེས་ཕྱི་ཟླ་དང་པོ་དང་གཉིས་པའི་ནང་དུ་ན་བ་རེད། ཉལ་སར་ལུས་པ་གང་ཡང་བྱུང་མེད་རུང་། ན་ཚ་དེ་ཛ་དྲག་པོ་ཡིན་པར་བརྟེན། བོད་པའི་ལྷ་རྗེ་ཚོས་འཇིགས་སྣང་གང་འཚམས་སྐུལ་གྱི་འདུག ངས་ཀྱང་དེ་ནི་ཕལ་ཆེར་བར་ཆད་ཡིན་གྱི་རེད། འཆད་ཉན་ཡོང་གི་མེད་པ་རེད་སྙམ་པ་བྱུང་། དེ་དུས་༧གོང་ས་མཆོག་གིས་སྨན་ཁང་ལ་བཏང་གནང་སོང་། གུབཱཧཱཊིར་འགྲོ་རྒྱུའི་འཆར་གཞི་མེད་པ་བཟོས་པ་རེད་མ་གཏོགས། གཞན་ལས་རིམ་རྣམས་ལ་བསྒྱུར་བཅོས་གང་ཡང་གཏོང་དགོས་མ་བྱུང་། དེ་ནས་འཆད་ཉན་ཐག་ཉེ་རུ་འགྲོ་སྐབས་ན་ཚ་དེ་དྲག་གི་ཡོད་པ་དང་མེད་པ་ལྟ་བུའི་ཐོག་ནས་འདིར་མ་སླེབས་བར་དུ་ཆ་ཚང་ཡག་པོ་ཞིག་ཡོང་གི་རེད་སྙམ་པའི་ངེས་པ་རྙེད་མ་སོང་།

ཐོག་མའི་བསམ་བློའི་ནང་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་མཁན་གྱི་དགེ་འདུན་པ་མ་གཏོགས། ཕྱི་ནས་ཆོས་ཞུ་བ་ཕེབས་ཀྱི་རེད་སྙམ་པ་དྲན་མེད། ནམ་རྒྱུན་འདིར་བཞུགས་མཁན་ཚོ་ངོ་ཤེས་རྒྱུས་ཡོད་རེད། འགྲིག་གི་མིན་འགྲོ་བསམས་པ་རེད། དེ་ནས་ཐག་ཉེ་རུ་འགྲོ་སྐབས་མཁན་ཟུར་རིན་པོ་ཆེ་ཕེབས་ཀྱི་འདུག མཁན་རིན་པོ་ཆེ་ཕེབས་ཀྱི་ཡིན་གསུང་གི་འདུག།ལྷོ་ཕྱོགས་ནས་བླ་མ་མང་པོ་ཕེབས་མཁན་འདུག དགེ་བཤེས་མང་པོ་ཕེབས་མཁན་འདུག་གསུངས་པར་བརྟེན། འཇིགས་སྣང་ཆེ་རུ་ཕྱིན་སོང་། དགེ་བཤེས་རྟོག་གེ་བ་ད་ལྟ་ཆོས་རྭ་ནས་ཐོན་མ་ཐག་པ་དེ་ཚོར་བཤད་ཁག་པོ་ཡོད། ཕྲན་བུ་མ་འགྲིག་ན་ལམ་སེང་ཚིག་སྐྱོན་བཟུང་ཡོང་གི་རེད། ལྷག་པར་དུ་མཁན་ཟུར་རིན་པོ་ཆེ་ལྟ་བུ་མཁས་གྲུབ་གཉིས་ལྡན་བསླབ་པ་བགྲེས་པ་དེ་འདྲ་ཕེབས་དུས་ད་དུང་བསམ་བློའི་ནང་འཇིགས་སྣང་སྐྱེས་བྱུང་། མ་ཕེབས་ཞུས་ན་ནི་འགྲིག་ཐབས་མེད།

འཆད་ཉན་འགོ་འཛུགས་པའི་ཉིན་མོ་ཕྱི་ཚེས་ ༢༦ ཞོགས་པ་ཡོང་ཁར་༧གོང་ས་མཆོག་མཇལ་ཏེ། གསུང་ཆོས་ཞུ་མཁན་ནང་དགེ་བཤེས་དང་ཕྱག་དཔེ་གཟིགས་མཁན་མང་པོ་འདུག མཁན་ཟུར་རིན་པོ་ཆེ་ཕེབས་ཀྱི་འདུག བླ་མ་མང་པོ་འདུག་ཞུས་པ་ཡིན། ༧གོང་ས་མཆོག་གིས་དེ་ཡག་པོ་རེད། ངས་བཤད་རྒྱུ་གང་ཡང་མེད་ཅེས་གསུངས་ཀྱི་འདུག ལྷག་པར་དུ་ཉམས་ལེན་མེད་པར་བཤད་རྒྱུ་དེ་མི་བདེ་བ་ཞིག་འདུག རྫ་དཔལ་སྤྲུལ་གྱིས། རང་ལ་ཉམས་མྱོང་མེད་པའི་དཔེ་ཐོག་གི་སྒྲོ་རྡུང།། ཉན་མཁན་མོས་སྨོན་འདྲ་ཡང་མི་བདེན་ངོ་མ།། ཞེས་གསུངས་པ་དེ་བདེན་པ་རེད། རང་ལ་ཉམས་མྱོང་མེད་པར་དཔེ་ཐོག་གི་སྒྲོ་རྡུང་བྱས་ནས་བཤད་པ་དེ། ཨམ་ཆོག་ཉན་མཁན་ཚོས་མགོ་གཡུག་གཡུག་བྱས་ཀྱང་དོན་དུ་བདེན་པ་གང་ཡང་ཆགས་མེད། ཡང་༧གོང་ས་མཆོག་ལ་གང་ཡིན་རུང་བཤད་རྒྱུ་ཁས་བླངས་ཟིན་པ་མ་ཟད། དེ་རིང་ནས་བཤད་རྒྱུ་རེད། དེས་ན་བླ་མ་བསྒོམས་ཏེ་གསོལ་བ་བཏབ་ནས་ཁ་ནས་གང་ཐོན་བཤད་རྒྱུ་ཡིན་ཞུས་པར། ༧གོང་ས་མཆོག་གིས་འགྲིག་གི་རེད། འདི་འཁྱེར་ཤིག་ཅེས་སྟོན་པའི་སྐུ་དེ་གསོལ་རས་གནང་སྟེ། འདི་ཉར་སྡོད་གསུངས་ཀྱི་འདུག སྐུ་དེ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་ངོ་བོར་བསམས་ཏེ་གདན་འདྲེན་ཞུས་ཏེ་གསོལ་བ་བཏབ་ནས། ད་བར་ཁ་ནས་གང་ཐོན་བཤད་པ་རེད། དེའི་ནང་ནོར་བ་དང་མ་ཚང་བ་ཡོང་སྲིད་ཀྱི་རེད། ཁྱེད་ཚོ་ཕྱག་དཔེ་གཟིགས་མཁན་ཚོས་ལེགས་པར་བརྟགས་ནས་ཡང་དག་པ་རྣམས་བཞེས་རྒྱུ་དང་། ནོར་འཁྲུལ་དེ་ཚོ་བསྐྱུར་ནས་གདམ་ག་རྒྱག་ཤེས་དགོས་པ་དེ་གལ་ཆེན་པོ་རེད།

འཆད་ཉན་འགོ་བཙུགས་པའི་ཉིན་མོ་ནས་ད་བར་གཟུགས་པོ་ཧ་ཅང་བདེ་པོ་བྱུང་། ནམ་རྒྱུན་ཕྱི་ལ་སྐད་ཆ་བཤད་སྐབས་ཆུ་ཚོད་ ༤ དང་ ༥ ཙམ་རྗེས་སུ་ལམ་སེང་སྐད་འགག་རྒྱུ་དང་། མ་བདེ་བ་ཡོང་རྒྱུ་ཞིག་ཡོད། ངའི་ན་ཚ་དེ་ལྦ་བ་དང་འབྲེལ་བ་ཞིག་རེད། ཕྱི་ལོ་ ༢༠༠༡ ཙམ་ལ་ཕྱི་རྒྱལ་ཞིག་ཏུ་ཉིན་བརྒྱད་དགུ་ཞིག་རིང་ཉིན་རེར་ཆུ་ཚོད་བདུན་ཙམ་བཤད་དགོས་བྱུང་། ན་ཚ་ཐེངས་དང་པོ་དེ་ནས་བྱུང་། ཉེ་སྔོན་ཧོན་སུར་རྒྱུད་སྨད་སློབ་གྲྭའི་ནང་འཛིན་གྲྭའི་ནང་སློབ་པ་བཞིན་བཤེས་སྤྲིངས་རྩལ་བཤད་བྱས་པ་དེ་ནས་ཐོག་མའི་འཁྲུགས་རྐྱེན་ལྟ་བུ་བྱུང་།

ད་ལམ་འདི་མགོ་ནས་མཇུག་བར་དཀའ་ངལ་མེད་པར་སྐད་ཀྱང་གསངས་པོ་བྱུང་སོང་། སྤྱིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བླ་མ་ཚོའི་ཐུགས་རྗེ་བྱིན་རླབས་དང་། ཆོས་ཞུ་བ་ཚོའི་དམ་ཚིགས་ཉམས་ཆགས་མེད་པ་དང་ཐུགས་སྨོན་བདེན་ཚིག་གནང་བའི་བྱིན་རླབས་ཀྱིས་ཡིན་གྱི་རེད་བསམ་གྱི་འདུག ཧ་ཅང་སྟབས་བདེ་པོ་བྱུང་།

རྒྱུད་སྟོད་གྲྭ་ཚང་གིས་གྲྭ་སྒྲིག་ཧ་ཅང་ཡག་པོ་གནང་འདུག ལྷག་པར་དུ་དཔེ་ཆ་དཔར་བསྐྲུན་དེ་དེང་རབས་ཀྱི་ཉམས་ཞིབ་དང་མཐུན་པ་གནང་འདུག དཔེ་ཆ་དཔར་བསྐྲུན་སྐབས་ནོར་འཁྲུལ་དང་ཆད་ལྷག་རེ་ཟུང་ལྷག་གི་ཡོད་པ་དེ་ཆོས་ཉིད་ལྟ་བུ་ཞིག་རེད། ངའི་གྲོགས་པོ་བྷདནྟ་ཨཱནནྡ་ཀཽཤལྱཱཡན་ཞུ་བ་དེབ་བརྒྱ་ཕྲག་འགའ་ཤས་འབྲི་མཁན་མཁས་པ་སྐད་གྲགས་ཆེན་པོ་ཞིག་ཡོད། ད་དགོངས་པ་རྫོགས་ཚར་བ་རེད། ཁོང་གིས་དཔེ་ཆ་ཞུ་དག་གཏོང་རྒྱུ་དེ་བྱེ་ཐང་ནང་གད་རྒྱག་པ་ལྟ་བུ་རེད། བྱེ་ཐང་ནང་གད་ག་ཚོད་བརྒྱབ་ནའང་ད་དུང་བྱེ་མ་ཏོག་ཙམ་འཐོན་གྱི་རེད་ཅེས་གསུངས་ཀྱི་ཡོད། སྤྱིར་ཞུ་དག་བྱེད་རྒྱུ་དང་། ལྷག་པར་དུ་ལུང་ཁུངས་བཙལ་ནས་འོག་མཆན་བཀོད་པ་དེར་མང་པོ་ཞིག་གིས་དགོས་མེད་ལ་གཟིགས་སྲིད། འོན་ཀྱང་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་མཁས་པ་ཚོ་དེང་རབས་ཀྱི་གནས་ཚུལ་ཁག་ལ་འགགས་དུས་མི་ཚོས་མཐོང་ཆུང་ལྟ་བུ་བྱེད་ཀྱི་ཡོད། དེ་ནི་ “གཙང་ཆུ་ལས་ཐར་ནས། ཡུར་ཆུ་ལས་མ་ཐར་” ཟེར་བ་ལྟ་བུ་རེད་མ་གཏོགས། ང་ཚོས་བྱེད་མ་ཐུབ་པ་གང་ཡང་མེད། འདིའི་ནང་རྒྱུད་རྒྱ་གཞུང་ནས་ལུང་འདྲེན་མང་པོ་ཐུང་ངུ་ལས་ཁུངས་ཆ་ཚང་དྲངས་མེད། དཀའ་ཆེན་གྱི་ཁྲིད་ཡིག་ནང་གཞུང་ཉིད་དུ་བལྟ་བར་བྱའོ་ཞེས་ཡང་ཡང་ཡོང་གི་ཡོད། འོག་མཆན་ནང་བཀའ་འགྱུར་བསྟན་འགྱུར་པོ་ཏི་དང་ཤོག་གྲངས་གང་དུ་ཡོད་པ་ཚང་མ་བྲིས་ཡོད་དུས། གཞུང་ངོ་མར་གཟིགས་མཁན་ཡིན་ན། བཙལ་བར་དུས་ཚོད་མང་པོ་ཆུད་ཟོས་སུ་གཏོང་མི་དགོས་པར། ཁ་ཐུག་དཔེ་ཆ་བཏོན་ཆོག་དང་ཤོག་བུ་བཙལ་ཆོག་ཡོད་པ་རེད། སློབ་གཉེར་གནང་མཁན་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད། དེའི་དབང་གིས་དཀའ་ངལ་མང་པོ་བྱུང་བ་དང་དུས་ཚོད་མང་པོ་ཕྱིན་ཡོད། དེས་ན་ཕྱག་དཔེ་དཔར་བསྐྲུན་དང་། དེ་འབྲེལ་ཕྱག་ལས་གནང་མཁན་དཔེ་མཛོད་དུ་བཞུགས་མཁན་རྣམས་ཀྱིས་ཉིན་མཚན་ལྟོས་མེད་སྐུ་ལས་བསྐྱོན་པ་རེད། ལུང་ཁུངས་བཙལ་བར་ལས་སླ་མོ་མེད་ཅིང་། དེ་ཚོ་དཔེ་ཆ་པོ་ཏི་ཆེན་པོ་མང་པོའི་ནང་ནས་དྲངས་དུས་ཧ་ཅང་བཙལ་ཁག་པོ་རེད། ལྷག་པར་དུ་བོད་ཀྱི་ཕྱག་དཔེའི་ནང་ལུང་དྲངས་པ་ཇི་མ་ཇི་བཞིན་རྩ་གཞུང་ནང་ཡོད་པའི་ཁྱབ་པ་མེད། ཀློག་མི་འདྲ་བ་རེ་ཙམ་གཉིས་ཙམ་ཡོང་སྲིད། དེ་ཚོ་གཟིགས་ཐུབ་ན་གཏིང་ཟབ་སློབ་གཉེར་གནང་མཁན་ལ་ཕན་ཐོགས་ཡོད་པ་ཞིག་རེད།

གྲྭ་ཚང་གིས་ཕྱོགས་མཐའ་ནས་གསུང་ཆོས་ལ་ཕེབས་མཁན་ཚོར་མཐུན་རྐྱེན་ཡག་པོ་ཕུལ་ཡོད་ཚོད་འདུག། ང་ལའང་འདིར་བསྡད་ས་དང་ཁ་ལག་ཚང་མ་ཧ་ཅང་གྲ་སྒྲིག་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་འདུས་ཚོགས་སུ་མཆོད་འབུལ་གནང་མཁན་མང་པོ་བྱུང་སོང་། དགེ་བའི་རྩ་བར་རྗེས་སུ་ཡི་རངས་བྱེད་རྒྱུ་རེད།  ལྷག་པར་དུ་ཉིན་དང་པོར་བྲག་གཡབ་རིན་པོ་ཆེས་མཆོད་འབུལ་དང་། ངའི་ཞབས་བརྟན་གསར་རྩོམ་གནང་བ་སོགས་ཧ་ཅང་གཟབ་གཟབ་གནང་འདུག བྲག་གཡབ་རིན་པོ་ཆེ་ང་གཉིས་འཛིན་གྲྭ་གཅིག་པ་རེད། ལོའི་ཆ་ནས་རིན་པོ་ཆེ་ལོ་གཅིག་ཆུང་བ་རེད། ༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་སྐུ་མདུན་ནས་གསུང་ཆོས་མང་པོར་མཉམ་དུ་ཡོད་པ་མ་ཟད། བླ་མ་མཆོད་པའི་ཁྲིད་ཞུས་པའི་སྐབས་སུའང་མཉམ་དུ་ཡོད་ལ། གྲལ་འཛིན་པ་ཡིན། ཉག་རེ་མཁན་སྤྲུལ་རིན་པོ་ཆེས་ཆེད་མངགས་མཆོད་འབུལ་གནང་མཁན་བཏང་འདུག དམིགས་བསལ་དགའ་ལྡན་ཕོ་བྲང་ནས་མཆོད་འབུལ་གནང་བ་རེད། དེ་བཞིན་བློ་གླིང་བླ་སྤྲུལ་ལྷན་ཚོགས་དང་། རྒྱུད་སྟོད་མཁན་རིན་པོ་ཆེའི་བླ་བྲང་། གནས་ཆུང་གྲྭ་ཚང་། སང་ཉིན་མཚུར་ཕུ་བླ་བྲང་ནས་མཆོད་འབུལ་གནང་རྒྱུ་ཡིན་འདུག དེ་ཚོ་མཚོན་དོན་དང་རྟེན་འབྲེལ་ཡག་པོ་བརྩི་དགོས་པ་ཞིག་རེད། ཕྱོགས་གཞན་ནས་དྷ་རམ་ས་ལའི་གཡས་གཡོན་གྱི་བོད་པའི་སྤྱི་ཚོགས་དཔལ་འབྱོར་གྱི་གནས་སྟངས་ཞན་པོ་མིན་པའང་བསྟན་གྱི་ཡོད། དེར་བརྟེན་ཁོང་ཚོའི་དགེ་བའི་རྩ་བ་དང་མཆོད་འབུལ་ཚང་མར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཐེངས་འདིའི་འཆད་ཉན་སྐབས་ཨིན་ཇིའི་སྐད་སྒྱུར་ཡག་པོ་ཞིག་ཐོབ་འདུག ཨིན་སྐད་ཐོག་གསན་མཁན་མང་པོ་ཡོད་མེད་མི་ཤེས་ཏེ། ཧ་ལས་པ་སྒྱུར་གྱི་ཡོད་འདུག། རིམ་ཅན་པ་བསྒྱུར་རྒྱུར་དཀའ་ངལ་དེ་ཙམ་མེད། འོན་ཀྱང་ཅིག་ཅར་བ་བསྒྱུར་རྒྱུ་དེ་བྱང་ཆ་ཡོད་པ་ཁྱད་ལས་པ་ཡིན་ན་མ་གཏོགས། དཀའ་ལས་ཁག་པོ་རེད། ལྷག་པར་དུ་ངས་སྐད་ཆ་ཤོད་པའི་སྐབས་སུ་མཚམས་རེར་དུམ་བུ་དང་། ཚིག་ཆ་མ་ཚང་བ། ལྡབ་སྐྱོར་ལྟ་བུའི་ཚིག་སྐྱོན་མང་པོ་ཡོད་པ་རེད། ཁོང་གིས་དཀའ་ངལ་མེད་པར་བསྒྱུར་ཐུབ་པ་དེ་ཡག་པོ་རེད། དེ་ཚོ་ད་རེས་འཆད་ཉན་དང་འབྲེལ་བའི་གནས་ཚུལ་རེད།

མཁན་ཟུར་རིན་པོ་ཆེས་དབུས་པའི་དགེ་བཤེས་དང་མཁས་པ་བགྲེས་པ་མང་པོ་ཕེབས་འདུག ཁོང་ཚོ་ཚང་མར་འཆད་ཉན་ནང་ནོར་བ་དང་། ཆད་ལྷག འཁྲུགས་སྐྱོན་ཡོད་ན་བཟོད་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན། རྒྱུད་སྟོད་མཁན་རིན་པོ་ཆེའང་ཕེབས་ཡོད། ཕྱག་ཆེན་ཁྲིད་གཏང་རྒྱུར་འཚེར་སྣང་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི་ཕྱག་ཆེན་གྱི་ཁྲིད་བཏོན་པའི་རྗེས་སུ་བྱུང་རབས་ལ་འགན་འཁུར་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ནི་ཕྱག་ཆེན་གྱི་བརྒྱུད་དེབ་ནང་སླེབས་འགྲོ་བ་རེད། དེར་བརྟེན་ཉམས་ལེན་ཡག་པོ་བྱེད་མ་ཐུབ་ན། བརྒྱུད་པ་ལ་བསྲེ་ལྷད་ཤོར་ན། དཔེ་གསག་རྒྱུ་རེད། དེས་ན་སོ་སོའི་བསམ་བློའི་ནང་ལྗིད་ཁོག་ཡོང་རྒྱུ་ཞིག་ཆགས་བསྡད་ཀྱི་འདུག དེ་ཚོ་ཐེངས་འདིའི་འཆད་ཉན་གྱི་རྒྱབ་ལྗོངས་ཀྱི་བྱུང་རབས་ལྟ་བུ་དེ་ཡིན།

དེ་ནས་གསུང་ཆོས་ཞུ་མཁན་ཚང་མས་མགོ་ནས་མཇུག་བར་དོ་སྣང་ཆེན་པོས་གསན་སོང་། བཀའ་མོལ་གནང་མཁན་དང་གཟིམས་ཁུག་མཁན་གཅིག་ཀྱང་མཇལ་མ་བྱུང། སྔོན་མ་ང་ཚོ་ལོ་ཆུང་དུས་གསུང་ཆོས་ཞུ་སྐབས་བླ་མ་ཚོ་གང་འཚམས་འཚུབ་པོ་ཡོད་རེད། སྐད་ཆ་བཤད་རྒྱུ་དང་ཡི་གེ་ཕར་ཚུར་གཏང་རྒྱུ་སོགས་མང་པོ་བྱེད་ཀྱི་རེད། དེང་སང་དྲག་ཏུ་ཕྱིན་འདུག།

མཇུག་བསྡོམས་སུ་རྒྱུད་སྟོད་ཀྱི་དགེ་འདུན་པ་ཚོ་དང་ངའི་བར་ཆོས་འབྲེལ་ཐོག་ནས་བླ་སློབ་ཀྱི་དམ་ཚིག་ཡོད་པ་ཆགས་ཚར་དུས། ངས་གང་ཤེས་པ་དང་གང་དྲན་པ་དེ་ལམ་སྟོན་སློབ་སྟོན་ཞུ་དགོས་རྒྱུ་དེ་ཐོབ་ཐང་མ་ཟད། ལས་འགན་ཡང་ཆགས་ཀྱི་ཡོད། ཆོས་ཞུ་བ་གཞན་པ་ཚོའང་གཅིག་མཚུངས་རེད།

ཁ་སང་ནས་ཞུས་ཟིན་པ་བཞིན་དལ་འབྱོར་ནི་ཧ་ཅང་དཀོན་པོ་དང་། ཡང་ཡང་རྙེད་དཀའ་བ། རྙེད་པ་དེ་ཡང་ནམ་འཆི་ངེས་པ་མེད་པ་ཡིན་དུས། བཀའ་གདམས་༧གོང་མ་ཚོས་ཟླ་གཅིག་ཟླ་གཉིས་མ་ཤི་ན། སྐྱེ་བ་ཕྱི་མའི་འདུན་མ་འགྲུབ་པ་ཞིག་དང་། ལོ་གཅིག་ལོ་གཉིས་མ་ཤི་ན། སྐྱེ་བ་གཏན་གྱི་འདུན་མ་འགྲུབ་པ་ཞིག་དགོས་གསུངས་པ་བཞིན་གང་ཐུབ་ཀྱིས་ཉམས་ལེན་གནང་དགོས་པ་དེ་གལ་ཆེན་པོ་རེད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་སུས་ཀྱང་བཙན་དབང་བཏང་ནས་མིན་པར། འཁོར་བ་ལ་ངེས་འབྱུང་དང་ཐར་པ་ལ་ཐུགས་བློ་བསྐྱེད་ནས་རབ་ཏུ་བྱུང་བ་ཞིག་རེད། དེར་བརྟེན་རབ་ཏུ་བྱུང་བའི་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ནོ་ཞེས་ཐག་བཅད་ནས་གསུངས་ཡོད། ང་ཚོ་བོད་པ་ཚོས་དེ་དང་མཉམ་དུ་བྱ་བ་ལས་ཀྱི་འཁོར་ལོ་ཞེས་པ་ཞིག་སྦྱར་འདུག རྒྱ་གཞུང་དང་མདོའི་ནང་དུ་ལུང་རྟོགས་གཉིས་ལ་འཁོར་ལོ་གཉིས་མ་གཏོགས། འཁོར་ལོ་གསུམ་པ་ཞིག་ངས་མཇལ་མ་སོང་། དེར་བརྟེན་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་བྱེད་རྒྱུ་དེ་རབ་ཏུ་བྱུང་བའི་ལས་ཀ་རེད། དེའི་གོ་རིམ་ཡང་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་ཐོག་མར་རང་གིས་ཁས་བླངས་པའི་དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བའི་ཐོག་ཏུ་ཐོས་པ་དང་། དེ་ནས་བསམ་པ་དང་སྒོམ་པ་བྱེད་ཚུལ་བཅས་ནི་བསྟན་པ་ལ་འཇུག་པའི་རིམ་པ་རེད། དེས་ན་མི་ལུས་ཐོབ་པ་དོན་ལྡན་ཡོང་བར་གང་ཐུབ་ཀྱིས་རྒྱུན་དུ་ཐོས་བསམ་སློབ་གཉེར་གནང་རྒྱུ་དེ་རེད། དེང་སང་གྲྭ་ཚང་ནང་སྔོན་མ་དང་མི་འདྲ་བར་ཚང་མས་གཞུང་ཆེན་མོར་གསན་བསམ་གནང་གི་ཡོད་ལ། རིགས་ལམ་སྦྱོང་གི་ཡོད། དེ་དང་མཉམ་དུ་སྒོམ་དང་མཚམས་བསྙེན་སྒྲུབ་གནང་ཐུབ་ན་ཡག་པོ་རེད། གལ་ཏེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་གནང་ཐུབ་ན། ཏན་ཏན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་ཡིན་པ་བཤད་མི་དགོས་པ་རེད། ཅི་སྟེ་ཆོས་ཀྱི་ཐོག་ཉམས་ལེན་རླབས་ཆེན་པོ་མ་བྱུང་བ་ཡིན་ནའང་། གྲྭ་ཚང་ནང་གྲྭ་པ་ཚད་ལྡན་ཡིན་ལུགས་ཚུལ་མཐུན་བཏབ་སར་སྨིན་ཐུབ་པ་བྱུང་ན། དེ་རང་ནས་མི་ཚེ་དོན་ལྡན་ཆགས་ཀྱི་རེད་བསམ་གྱི་འདུག གང་ལགས་ཤེ་ན། གྲྭ་ཚང་དུ་མི་ཚེ་སྐྱེལ་ཐུབ་པ་བྱུང་ན། ཞར་དང་ཞོར་ལ་ཆོས་སྤྱོད་ཀྱི་བྱ་བ་མང་པོ་ཞིག་གནང་ཐུབ། ལྷག་པར་དུ་དྷ་རམ་ས་ལར་༧གོང་ས་མཆོག་གི་གསུང་ཆོས་ཡང་ཡང་ཐོབ་པ་མ་ཟད། མཚམས་བསྙེན་སྒྲུབ་གནང་ནའང་མཐུན་རྐྱེན་ཡོད་པ་རེད། དཔེ་ཆ་བལྟས་ཏེ་སོ་སོས་མ་ཤེས་ན་གཞན་ལ་འདྲི་ས་ཡོད་རེད། དེ་མིན་ཚོགས་ཆོས་རྭ་འགྲིམས་ནས་བསྡད་པ་ཡིན་ནའང་། དེ་རང་ནས་དོན་དང་ལྡན་པ་ཞིག་ཆགས་འགྲོ་རྒྱུ་རེད། གྲྭ་ཚང་ནང་བསྡད་དེ་ཆོས་ལ་བསམ་བློ་མ་བཏང་བར་མི་ཚེ་འདི་རྐྱང་པར་བསམ་བློ་གཏོང་བ་ཡིན་ནའང་། ལྟོ་གོས་ཀྱིས་མི་ཕོངས་པ་མ་ཟད། ན་ཚ་དང་རྒས་འཁོགས་ཆགས་ནས་དཀའ་ངལ་བྱུང་ནའང་རོགས་བྱེད་མཁན་གྲོགས་ཚངས་པ་མཚུངས་པར་སྤྱོད་པར་ཚོ་ཡོད་མུས་རེད།

ཁ་ཤས་ཀྱི་བསམ་བློའི་ནང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་གང་ཡིན་རུང་ཞབས་འདེགས་བསྒྲུབ་དགོས་སྙམ་པའི་སེམས་ཤུགས་ཡོད་མཁན་ཡང་ཡོང་སྲིད། གལ་ཏེ་དེ་འདྲའི་སེམས་ཤུགས་ཡོད་མཁན་ཞིག་ཡིན་ནའང་། གདན་སའི་ནང་བསྡད་ནས་ནང་ཆོས་འཛིན་སྐྱོང་བྱེད་རྒྱུའི་བྱ་བ་དེ་ལས་ལྷག་པ་བོད་མི་རིགས་ལ་ཞབས་འདེགས་བསྒྲུབ་རྒྱུ་དང་། བོད་བསྟན་སྲིད་ལ་ཞབས་འདེགས་བསྒྲུབ་རྒྱུ་གཞན་གང་ཡང་མེད། ཆབ་སྲིད་ཐོག་ནས་ཧ་ཅང་བྱེད་ཐུབ་ཐབས་མེད་ལ། དཔལ་འབྱོར་དང་སྤྱི་ཚོགས་ཤེས་ཡོན་བཅས་ཀྱི་ཐོག་ནས་ཀྱང་བྱེད་རྒྱུ་གང་ཡང་མེད། འོན་ཀྱང་འཕྲོད་བསྟེན་གྱི་ཐོག་ནས་གཅིག་བྱས་ན་མི་རེ་གཉིས་ལ་ཕན་ཐོགས་ཡོང་སྲིད་མ་གཏོགས། ཁྱོན་ཡོངས་ནས་མི་རིགས་དང་རྒྱལ་ཁབ་ཀྱི་ཕུགས་དམིགས་ལ་ཕན་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་ལེགས་བྱང་དང་བཅས་པ་འཛིན་སྐྱོང་བྱེད་རྒྱུ་དང་། མི་ཉམས་རྒྱུད་འཛིན་བྱེད་རྒྱུ། ཁྱབ་སྤེལ་བྱེད་རྒྱུ་དེ་ལས་ལྷག་པ་མི་རིགས་ལ་ཞབས་འདེགས་བསྒྲུབ་རྒྱུ་གཞན་གང་ཡང་མེད།

རྒྱ་དམར་དབང་འཛིན་པ་ཚོའི་བསམ་བློའི་ནང་བོད་མི་རིགས་རྒྱ་ནག་ནས་ཁ་བྲལ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེ་ནང་ཆོས་དང་སྐད་ཡིག་ལེགས་བྱང་བཅས་པ་ལ་ཐུག་འདུག་བསམས་ཀྱི་ཡོད། དེ་རྩ་མེད་དུ་གཏོང་རྒྱུ་དེ་དམིགས་ཡུལ་གཙོ་བོར་འཛིན་གྱི་ཡོད། དེར་བརྟེན་ང་ཚོས་དེ་ལ་ཁ་གཏད་གཅོག་དགོས་དུས་དེ་འཛིན་སྐྱོང་བྱ་རྒྱུ་ལས་ལྷག་པ་བསྟན་སྲིད་མི་རིགས་ལ་ཞབས་འདེགས་ཞུ་རྒྱུ་གཞན་གང་ཡང་མེད། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་ཀྱང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། ཆོས་དང་རིག་གཞུང་གི་འཛིན་སྐྱོང་ཐོག་གཅིག་གྱུར་གྱི་མངོན་འདོད་ཡོད་པ་ཤ་སྟག་རེད། ཆབ་སྲིད་ཐོག་གཅིག་གྱུར་གྱི་མངོན་འདོད་དེ་ལྟ་བུ་མེད།

ལྷག་པར་དུ་དེང་སང་གྲྭ་ཚང་ནང་ཡོང་རྒྱུ་དེ་ཐུན་མོང་བའི་ལམ་གྱི་རིམ་པ་མ་གཏོགས། ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་དེ་ནུབ་ཕྱོགས་བདེ་བ་ཅན་དུ་འགྲོ་རྒྱུར་དམིགས་ཏེ་ཡོང་མཁན་མང་པོ་འདུག སྤྱིར་སྟངས་གང་བྱེད་དང་མ་བྱེད་གང་ཟག་སོ་སོའི་རང་དབང་རེད། བསླབ་བྱ་བརྒྱབས་ནས་དེ་ཙམ་ཕན་ཐོགས་མེད། ཡིན་ནའང་རབ་ཏུ་བྱུང་བ་ཞིག་ཡིན་པའི་ཆ་ནས་ཆོས་ཀྱི་ཐོག་ནས་བསམ་བློ་གཏོང་བ་ཡིན་ན། དགོན་པ་དང་བྲལ་ནས་འགྲོ་རྒྱུ་དེ་ཧ་ཅང་མཐའ་ཞན་རེད་མ་གཏོགས། དེའི་ཐོག་ནས་ཆོས་ཕྱོགས་ཀྱི་བྱ་བ་དམིགས་བསལ་བསྒྲུབ་རྒྱུ་ཁག་པོ་རེད། རྒན་ཏྲེ་ཧོར་སྐྱོར་དཔོན་ལྟ་བུ་ཚེ་དང་སྒྲུབ་པ་མཉམ་པའི་བྱ་བྲལ་ལ་ཕྱིན་པ་ཡིན་ན། གྲྭ་ཚང་དང་ཁ་བྲལ་ནའང་བྲལ་གོ་ཆོད་པ་རེད། དེ་མིན་དཔལ་འབྱོར་རྐྱང་པར་དམིགས་ནས་ཕྱིན་ན་ཧ་ཅང་ཆུད་ཟོས་རེད་བསམ་གྱི་འདུག གལ་ཏེ་དཔལ་འབྱོར་ཆེན་པོ་བྱུང་ནའང་ལོ་ཁ་ཤས་ཀྱི་སྐད་ཆ་རེད། ཤི་བའི་ཉིན་མོར་གང་འདྲ་འཁུར་རྒྱུ་ཡིན་ནམ། ཁ་ཤས་ཀྱིས་མཆོད་འབུལ་བྱ་རྒྱུ་ཡིན་ཞེས་བཤད་སྲིད། རྗེས་སུ་སྡོད་མཁན་ཚོས་མཆོད་འབུལ་བྱེད་གྲབས་ཡོད་མེད་སུས་ཤེས། གལ་ཏེ་བྱེད་པ་ཡིན་ནའང་མཆོད་འབུལ་བྱེད་མཁན་གྱི་གྲངས་སུ་འགྲོ་བ་ལས། མཆོད་འབུལ་བཞེས་མཁན་གྱི་གྲངས་སུ་བསྡད་ན་ཡག་པ་མེད་དམ།

ཆབ་སྲིད་ཀྱི་ལས་ཀ་བྱེད་པ་ཡིན་ནའང་ཕྲ་ལ་ཕྲན་བུ་བོད་བསྟན་པ་ཆབ་སྲིད་ལ་ཕན་གྱི་མ་རེད་ཅེས་བརྗོད་ཀྱི་མེད། འོན་ཀྱང་ཕན་པ་དེ་ཚོ་ཧ་ཅང་ཆུང་ཆུང་དང་གནས་སྐབས་ཙམ་ཞིག་རེད། ཧ་ལས་ན་ཉིན་གཅིག་གཉིས་རིང་གསར་ཤོག་དང་རླུང་འཕྲིན་ནང་ཡོང་བ་མ་གཏོགས། དེ་ལས་སྤྲོས་ཏེ་ཡོང་རྒྱུ་གང་ཡང་མེད། རྒྱ་ནག་ནང་འགྱུར་བ་མ་ཕྱིན་བར་དུ། ཕྱིའི་ཆབ་སྲིད་ཀྱི་གནོན་ཤུགས་ཐོག་ནས་འགྱུར་བ་གཏོང་ཐུབ་རྒྱུ་གང་ཡང་མེད། བོད་པའི་སྤྱི་ཚོགས་ལ་ད་ལྟའི་གནས་སྐབས་སུ་དེ་ཙམ་གྱི་དཔལ་འབྱོར་གྱི་རོགས་རམ་གྱི་དགོས་མཁོ་མེད་ཅིང་། གལ་ཏེ་དགོས་མཁོ་ཡོད་ནའང་བྱེད་མཁན་མང་པོ་ཡོད་ལ། དེའི་ཐོག་ད་ལྟ་ཧ་ཅང་ཐབས་ཆག་ཆགས་མེད། དེས་ན་ཞིབ་ཚགས་པོས་དགོངས་པ་བཞེས་པ་ཡིན་ན། ཆོས་བསྒྲུབ་རྒྱུ་དང་། མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་ཞབས་འདེགས་ཞུ་རྒྱུ་གང་ལ་བསམ་བློ་གཏོང་བ་ཡིན་ནའང། བཏབ་སར་སྨིན་པ་བྱས་ཏེ་གདན་སའི་ནང་གང་ཐུབ་ཀྱིས་ཆོས་དང་རིག་གཞུང་ལེགས་བྱང་གི་བྱ་བ་བྱེད་ཐུབ་ན། དེ་ལས་ལྷག་པ་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་རྒྱུ་གཞན་གང་ཡང་མེད་བསམ་གྱི་འདུག

ད་ལྟ་ཕན་ལ་རྒྱུད་སྟོད་གྲྭ་ཚང་ཐུགས་མཐུན་ཁྲིམས་གཙང་ཡིན་པ་མ་ཟད། ཌ་ལ་ཧོ་སི་དང་། བསྟན་འཛིན་སྒང་དུ་ཡོད་སྐབས་ནས་ང་དང་ཧ་ཅང་ཐག་ཉེ་པོ་རེད། ཕྱིའི་མཐུན་རྐྱེན་ནི་འགྲིག་ཐག་ཆོད་ཡོད་རེད། ནང་གི་འཆད་ཉན་ཡང་འགྲིག་ཐག་ཆོད་ཡོད་རེད། དེར་བརྟེན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགོས་པ་དང་མཚུངས་པར། སོ་སོའི་དམ་ཚིག་སྡོམ་པ་དེ་ཡག་པོ་བསྲུང་དགོས། ཕྱི་ལ་ཕྱིན་ཚར་ན་དམ་ཚིག་སྡོམ་པ་སྲུང་མི་ཐུབ་པ་ཧ་ལམ་ངེས་པ་རེད། དེང་སང་མིང་དེའང་ཏོག་ཙམ་བརྗེ་པོ་བརྒྱབས་འདུག ཕྱི་རྒྱལ་ཁུལ་དུ་འགྲོ་དུས་ང་རྒྱུད་སྟོད་གྲྭ་ཟུར་ཡིན་གསུང་མཁན་མང་པོ་དང་ཐུག་འཕྲད་ཡོང་གི་འདུག ལས་ཀ་ཞིག་ཡིན་ན་ཟུར་རྒྱུ་ཡོད་རེད། གྲྭ་པ་ལ་ཟུར་རྒྱུ་གང་ཡང་མེད། སྡོམ་པ་ཡོད་མེད་ཀྱི་སྐད་ཆ་རེད། ལོ་ཤས་རྗེས་སུ་ཟུར་འགྲོ་རྒྱུ་ཞིག་ཡོད་ན་གྲྭ་ཟུར་ཞེས་པའི་ཐ་སྙད་ཅིག་ཡོང་རྒྱུ་རེད། སྔོན་མ་ང་ཚོ་བོད་ལ་ཡོད་དུས་གྲྭ་ཟུར་ཞེས་པའི་ཐ་སྙད་མེད།

ད་ལན་གསུང་ཆོས་ཞུ་མཁན་ནང་གྲྭ་ཚང་གི་མ་འོངས་པའི་གྲྭ་པའི་དམིགས་སྒོའི་གྲྭ་ཕྲུག་ཆུང་ཆུང་མང་པོ་ཞིག་འདུག ཁོང་ཚོར་དབང་ཡོད་པ་ཡིན་ཙང་གྲལ་དུ་མ་བསྡད་ཅེས་བཤད་རྒྱུ་མེད། འོན་ཀྱང་ལོ་ནའི་དབང་གིས་གོ་བརྡ་འཕྲོད་པོ་གང་འདྲ་བྱུང་མིན་མི་ཤེས་ཀྱང་བག་ཆགས་ཤིག་བཞག་ཡོད་ཀྱི་རེད། ཁྱེད་རང་ཚོས་རྗེས་སུ་གྲྭ་ཚང་ནང་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བསྟན་པ་འཛིན་སྐྱོང་བྱེད་མཁན་ཞིག་ཡོང་རེ་བྱེད་ཀྱི་ཡོད་རེད་མ་གཏོགས། ཆུང་དུས་འདི་ནས་གསོས་ཏེ་ཆེན་པོ་ཆགས་དུས་སོ་སོ་གཤོག་པ་ཐོགས་ནས་འགྲོ་བའི་དམིགས་ཡུལ་བཟུང་མེད། དེར་བརྟེན་ཆུང་དུས་ནས་ཀུན་སློང་བཅོས་རྒྱུ་དང་། ལྷག་པར་དུ་དགེ་རྒན་དང་ཆོས་གྲོགས་ཚོའི་ངོས་ནས་ད་ཡོད་རབ་བྱུང་དེ་ཚོ་བཏབ་ས་ལ་སྨིན་པ་དང་། ཡག་པོ་ཡོང་བར་མཐུན་རྐྱེན་བསྐྲུན་པ་མ་གཏོགས། གཤོག་པ་ཐོགས་ཆེད་དང་འཕུར་ཐུབ་པའི་མཐུན་རྐྱེན་བསྐྲུན་པ་ཡིན་ན། མཐུན་རྐྱེན་དེའང་གོ་ལོག་དང་ལོག་འཚོ་ལྟ་བུ་ཆགས་འགྲོ་རྒྱུ་རེད། དེའི་ཐོག་རྒན་པ་ཚོས་དགོངས་བཞེས་གནང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད།

ད་ལན་འཆད་ཉན་སྐབས་སུ་སྤྱིར་བཏང་ཡག་པོ་བྱུང་སོང་ཞུས་ཟིན་པ་ཡིན། ཡིན་ནའང་བསམ་བློའི་ནང་ཕྲན་བུ་མ་བདེ་བའི་དོན་དག་གཅིག་བྱུང་། ང་ཚོའི་ཚོགས་ཐུན་དེ་ཉིན་རྒྱབ་ཚོུད་དང་པོ་ནས་ཚོགས་ཀྱི་ཡོད། བོད་དུའང་༧སྐྱབས་རྗེ་རྣམ་པ་ཚོས་གསུང་ཆོས་ཉིན་གུང་རྒྱབ་ཏུ་ཤ་སྟག་གནང་གི་རེད། ལྷག་པར་དུ་ཁྲིད་དམིགས་བསྐྱང་དགོས་པ་དེ་དག་ལ་ཞོགས་པ་ཁྲིད་དམིགས་བསྐྱང་བའི་དུས་ཚོད་བཞག་ནས་ཉིན་རྒྱབ་ཏུ་ཚོགས་ཀྱི་རེད། བོད་ལ་གསོལ་ཇ་ཡོད་རེད་མ་གཏོགས། དེ་དང་མཉམ་དུ་བཞེས་ཐུག་དང་བག་ལེབ་གཏོང་སྲོལ་མི་འདུག རྒྱ་གར་དུ་གསུང་ཆོས་ཀྱི་བསྙེན་བཀུར་ནང་བཞེས་བག་ངེས་ཅན་ཡོང་གི་འདུག ཡིན་ནའང་ཆོས་ཞུ་མཁན་མང་ཆེ་བ་རབ་བྱུང་ཡིན་པར་བརྟེན། དུས་མ་ཡིན་པའི་ཁ་ཟས་འདུས་ཚོགས་ནང་བཀྲམ་རྒྱུ་དེ་དགེ་འདུན་གྱིས་ཟ་ཆོག་པ་ལྟ་བུ་ཆགས་འགྲོ་གི་ཡོད་རེད། བོད་ལ་ཕྱི་དྲོའི་ཁ་ཟས་སྤོང་མཁན་ཉུང་ཉུང་རེད། ཡིན་ནའང་བཞེས་ཐུག་དང་ཞལ་ཟས་གང་ཡིན་ནའང་ཞོགས་པར་གཏོང་བ་ལས། ཉིན་རྒྱབ་ཏུ་གསོལ་ཇ་མ་གཏོགས་ཞལ་ལག་གཏོང་སྲོལ་མེད། ད་རེས་འདིར་ཉིན་རྒྱབ་ཏུ་བཞེས་བག་གཏོང་རྒྱུ་དེ་འདུལ་བའི་ཆ་ནས་ཏོག་ཙམ་མི་བདེ་བ་བྱུང་ཡང་། གང་ཡང་ཞུས་མེད། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་བཀག་པ་དང་། དགེ་འདུན་ལ་བསྔོ་བ་རྣམས་བསྒྱུར་བ་དཔེར་ན་བག་ལེབ་ལ་བསྔོ་བ་ཇ་ལ་བསྒྱུར་ནའང་འགྲིགས་ཀྱི་མེད། དེས་ན་མ་འོངས་པར་འཆད་ཉན་བྱེད་དགོས་བྱུང་ན། ཞོགས་ཚོགས་ཏོག་ཙམ་གནང་རིང་ཞལ་འདོན་གནང་རྒྱུ་དང་། སྐུ་འགྱེད་བརྒྱབ་རྒྱུ། བཞེས་བག་བཀྲམ་རྒྱུ་སོགས་གནང་སྟེ། ཆུ་ཚོད་ ༡༡ ཡོལ་ཙམ་ལ་འགྲོལ་རྒྱུ་དང་། གུང་ཚིགས་མཆོད་རྗེས་ཉིན་རྒྱབ་ཏུ་གསུང་ཆོས་ཚུགས་སྐབས་འདུས་ཚོགས་ནང་ཡོངས་གྲགས་བཟའ་རྒྱུའི་རིགས་བཀྲམ་མི་དགོས་པ་བྱུང་ན་ཡག་པོ་འདུག

སྐུ་གསང་ལ་ཕེབས་སྐབས་ཆོས་གོས་ཕུད་དགོས་ཀྱི་ཡོད་པ་དེ་རང་རེད། ཕྱིར་ཕེབས་ནས་སྐུ་ཕྱག་མ་གནང་སྔོན་དུ་ཆོས་གོས་བཞེས་དགོས་ཀྱི་ཡོད། སྔོན་ལ་སྐུ་ཕྱག་གནང་བའི་རྗེས་སུ་ཆོས་གོས་བཞེས་མཁན་ཁ་ཤས་ཡོང་གི་འདུག ད་ལྟ་ང་ཚོས་ཆོས་གོས་ཞེས་པ་དེ་འདུལ་བའི་ནང་སྤྱི་མིང་ཞིག་རེད། ང་ཚོས་གྱོན་པ་འདི་ལ་བླ་གོས་སམ་སྣམ་སྦྱར་ཟེར་གྱི་རེད། མཆོད་རྟེན་དང་སློབ་དཔོན་ལ་ཕྱག་འཚལ་སྐབས་བླ་གོས་ངེས་པར་དུ་དགོས་ཤིང་། བླ་གོས་མེད་པར་ཕྱག་འཚལ་ན་མ་གུས་པ་ལྟ་བུ་ཆགས་ཀྱི་ཡོད། དེར་བརྟེན་ཆོས་ཞུ་བའི་སྐབས་སུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཞེས་པ་མ་གཏོགས། གཟན་ཕྲག་པ་གཅིག་ཏུ་གཟར་ཞེས་པ་མེད། སྤྱིར་བཏང་དེ་ཚོ་ཆུང་ཆུང་རེད། ཡིན་ནའང་ཐུགས་སྣང་གནང་དགོས་པ་ཞིག་རེད། དེ་ཚོ་ཞར་བྱུང་གི་ཚུལ་དུ་ཞུས་པ་ཡིན།

ད་རེས་ང་ཚོས་ཆོས་འཆད་ཉན་བྱས་པའི་དགེ་བ་རྩ་བ་གང་ཡིན་པ་རྣམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་ཡོང་བར་ཚང་མས་འཁོར་གསུམ་རྣམ་དག་གི་དམིགས་པ་དང་བཅས་བསྔོ་སྨོན་གནང་རོགས་གནང་ཞུ་རྒྱུ་ཡིན། ད་ལྟའི་དུས་ཚོད་འདིར་བོད་ཙམ་མ་ཟད། འཇིག་རྟེན་སྤྱི་ཡོངས་ལ་༧གོང་ས་མཆོག་གི་ལམ་སྟོན་དང་འདྲེན་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། བོད་ལ་མཚོན་ན་༧གོང་ས་མཆོག་སྐུ་ཚེ་༧ཞབས་པད་མ་བརྟན་ན། བོད་ཀྱི་མ་འོངས་པའི་གནས་སྟངས་དེ་ནག་པོ་ཆགས་འགྲོ་རྒྱུ་རེད། ད་ལྟ་ཕན་ཆད་ལེགས་ཚོགས་གང་བྱུང་བ་དེ་༧རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་གི་སྐུ་དྲིན་ལ་བརྟེན་ནས་ཡིན་པ་དེ་ཚང་མས་མཁྱེན་དགོས། ༧གོང་ས་མཆོག་སྐུ་ཚེ་༧ཞབས་པད་ཡུན་རིང་བརྟན་པ་དང་མཛད་པ་འཕྲིན་ལས་རྒྱས་རྒྱུའི་ཐུགས་འདུན་ཡོད་རེད་ལ། ཞལ་བཞེས་ཀྱང་ཡོད་རེད། ཡིན་ནའང་དེ་འགྲུབ་པར་བོད་མིའི་སྤྱི་མཐུན་བསོད་ནམས་ཀྱིས་རྒྱབ་འཁྱོག་དགོས་པ་ཞིག་རེད། བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་རྒྱབ་མ་འཁྱོག་ན། ཐུགས་རྗེའི་ལྕགས་ཀྱུ་ཡོད་ནའང་དད་པའི་ཨ་ལོང་མེད་ན་ཧ་ཅང་ཁག་པོ་རེད། ང་ཚོས་བོད་སྤྱི་མཐུན་གྱི་བསོད་ནམས་ཟད་པའི་ལས་མང་པོ་ཞིག་ཉིན་ལྟར་མཐོང་དང་མཐོང་མུས་རེད། ལྷག་པར་དུ་དེང་སང་བོད་མི་ཉུང་ཤས་ཤིག་གིས་དོལ་རྒྱལ་ཁ་ལ་འཁྱེར་ནས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་དང་། དངོས་སུ་ངོ་རྒོལ་བྱེད་མཁན་མང་པོ་ཡོད། དེ་ཚོ་བྱེད་མཁན་རེ་ཟུང་རེད་དེ། ང་ཚོའི་ངོས་ནས་བསམ་བློ་འཁྱེར་སྟངས་ཡག་པོ་མ་བྱུང་བར་དེ་ཚོ་བཏང་སྙོམས་སུ་བཞག་པ་དང་རྗེས་སུ་ཡི་རངས་བྱས་པ་ལྟ་བུ་ཆགས་ན་དེ་ཏག་ཏག་བསྡད་ཀྱི་མེད། སྤྱི་མཐུན་བསོད་ནམས་ཉམས་རྒྱུའི་ལས་དེ་དག་ལ་ང་ཚོས་དོ་སྣང་བྱེད་དགོས་པ་དང་། དེ་དང་མཉམ་དུ་དགེ་རྩ་གང་བསགས་པ་དེ་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་སྤྱི་དང་། ཁྱད་པར་དུ་འཇིག་རྟེན་ཡོངས་ཀྱི་འགྲོ་བ་མིའི་རིན་ཐང་གོང་འཕེལ་དང་། ཆོས་ལུགས་མཐུན་འབྲེལ། ནང་པའི་བསྟན་པ་གཙང་མ་ཡོང་ཐབས་ཀྱི་དགོངས་བཞེད་རྣམས་འགྲུབ་ཆེད་ཐུགས་སྨོན་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱི་མཐུན་གྱི་བསོད་ནམས་བསགས་རྒྱབ་ཆེན་པོ་མ་བྱུང་ན་འཁྱོག་རྒྱུ་ཧ་ཅང་ཁག་པོ་རེད།

ཕྱི་ལོ་ ༡༩༥༢ ལོར་ང་ལོ་བཅུ་གསུམ་བཅུ་བཞི་ཞིག་ཡིན་པ་ཡོད། ༧སྐྱབས་རྗེ་རྡོ་རྗེ་འཆང་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ལམ་རིམ་བདེ་ལམ་དང་། མྱུར་ལམ། འཇམ་དཔལ་ཞལ་ལུང་། འཇམ་དཔལ་ཞལ་ལུང་ལྷོ་བརྒྱུད་བཅས་བཞི་སྦྲེལ་ནས་གསུང་ཆོས་ཉིན་ཉི་ཤུ་རྩ་གསུམ་རྩ་བཞི་ཞིག་གནང་སོང་།  དེ་དུས་༧སྐྱབས་མགོན་རིན་པོ་ཆེ་སྐུ་ན་ཧ་ཅང་ཆུང་ཆུང་རེད། ༧སྐྱབས་རྗེ་རྡོ་རྗེ་འཆང་གིས་གསུང་ཆོས་ཀྱི་མཇུག་དེར། བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ལྕོགས་ན། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དང་། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ། ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོ་བཅས་གསུམ་བསྡོམས་པའི་སྐུ་ཡོན་དང་མཛད་འཕྲིན་ལས་ལྷག་པ་ཡོང་རྒྱུ་ངེས་པ་རེད་ཅེས་བཀའ་གནང་སོང་། ང་ཚོའི་བསམ་བློའི་ནང་གང་འདྲ་ཞིག་ཡིན་ནམ་སྙམ་ནས་བློ་ཡུལ་དུ་མ་ཤོང་བ་ལྟ་བུ་ཞིག་བྱུང་། འོན་ཀྱང་ད་ལྟ་དངོས་གནས་བདེན་པ་རེད་འདུག ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡན་གྱི་མཛད་པ་འཕྲིན་ལས་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པ་སྐུ་ཕྲེང་བཅུ་བཞི་པས་མཛད་པ་འཕྲིན་ལས་བསྐྱངས་པ་རེད། ཕྱོགས་གཅིག་ནས་ང་ཚོ་བསོད་བདེ་ཆེན་པོ་རེད།

འཇིག་རྟེན་གྱི་འགྱུར་བ་ཞེས་པ་དེ་བྱུང་རབས་ཀྱི་དུས་ཚོད་རིང་པོ་ཞིག་གི་ནང་གཞི་ནས་ངོ་འཕྲོད་ཐུབ་པ་མ་གཏོགས། ལམ་སེང་ཤེས་རྟོགས་མི་ཐུབ། ༧གོང་ས་སྐུ་ཕྲེང་བཅུ་བཞི་པའི་མཛད་པ་འཕྲིན་ལས་འདིས་འཇིག་རྟེན་ཁྱོན་ཡོངས་ལ་མ་འོངས་པའི་འདུན་ལམ་གསར་པ་ཞིག་དང་། བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག ལྷག་པར་དུ་དེང་རབས་ཀྱི་ཚན་རིག་དང་ནང་ཆོས་དབར་འབྲེལ་བ་དང་བགྲོ་གླེང་དེའི་དབང་གིས་ཚན་རིག་གི་རིག་པའི་གཞུང་ལུགས་ཀྱི་རྒྱ་ཁྱོན་ལ་གཡོ་འགུལ་ཞིག་ཐེབས་ཀྱི་ཡོད། ཆོས་ལུགས་ལས་བརྒལ་བའི་བཟང་སྤྱོད་ཞེས་པ་དེའང་ང་ཚོ་བོད་པའི་ནང་དོ་སྣང་དེ་ཙམ་མེད་པ་མ་གཏོགས། འཇིག་རྟེན་ཁྱོན་ཡོངས་སུ་ཧ་ལས་པའི་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད། དེ་ཚོའི་ཐོག་ཏུ་ཚང་མས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ། ང་ཚོའི་བསོད་ནམས་གང་ཡོད་པ་དེ་བླ་མའི་རྗེས་སུ་འཛིན་པ་དང་། བླ་མའི་སྐུ་ཚེ་བརྟན་པ། བླ་མའི་ཐུགས་ཀྱི་བཞེད་དོན་འགྲུབ་པའི་དོན་དུ་འཁོར་གསུམ་རྣམ་པར་དག་པའི་རྒྱས་བཏབ་ནས་བསྔོ་སྨོན་མཚམས་སྦྱོར་བྱེད་ན་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག

སྤྱིར་བཏང་༧གོང་ས་མཆོག་དྷ་རམ་ས་ལར་བཞུགས་ཀྱི་ཡོད། བླ་མ་ལྔ་བཅུ་པའི་ནང་བླ་མ་བཞུགས་པའི་ས་ཕྱོགས་སུ་སློབ་མས་འཆད་ཉན་ཡང་མི་བྱེད་ཚུལ་གསལ་ཡོད་པར་བརྟེན། འདི་ལ་༧གོང་ས་མཆོག་གི་བཀའ་ཁྲོལ་བསྩལ་ཐུབ་བྱུང་ཡོད།

གྲྭ་ཚང་ལྟ་བུར་མཚོན་ནའང་། བོད་དུ་གྲྭ་ཚང་གི་འགྲོ་སྟངས་དང་སྒྲིག་ལམ་ལྟར་ན་གྲྭ་ཚང་གིས་གོ་སྒྲིག་གནང་བ་ཡིན་ན་མ་གཏོགས། ༧སྐྱབས་རྗེ་རྣམ་པ་ཚོས་ཀྱང་རྒྱུད་གྲྭ་སྟོད་སྨད་ནང་འཆད་ཉན་གནང་རྒྱུའི་གོ་སྐབས་མེད། གྲྭ་ཚང་གི་མཁན་རིན་པོ་ཆེ་གསུང་ཆོས་ཞུ་མཁན་དང་གསོལ་འདེབས་གནང་མཁན་གཉིས་ཀའི་ནང་ཡོད་པ་ཡིན་ཙང་། གྲྭ་ཚང་གི་བཀའ་ཁྲོལ་ཡོད་པའི་དབང་དུ་བཏང་ནས་ད་རེས་འཆད་ཉན་མཇུག་བསྒྲིལ་བྱུང་བ་རེད།

དེ་ནས་གསུང་ཆོས་གོ་སྒྲིག་གནང་མཁན་དང་། གསོལ་ཇ་བཟོ་མཁན། བཞེས་བག་བཀྲམས་མཁན། དེ་བཞིན་ང་ཚོས་མ་ཤེས་པའི་མི་མང་པོ་ཞིག་གི་འབད་རྩོལ་འདིའི་ནང་སླེབས་ཡོད་པར་བརྟེན། འབྲེལ་ཐོགས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དགེ་བ་བསྔོ་ཐུབ་དགོས། ད་རིང་འཆད་ཉན་ཟིན་པ་ཡིན་ཙང་། ཕྱག་ལས་ལ་ཕེབས་དགོས་མཁན་དང་། ཐག་རིང་པོར་ཕེབས་དགོས་མཁན་རྣམས་དགོང་མོ་ལམ་སེང་ཐོན་ན་འགྲིགས། སང་ཉིན་ཚེ་དབང་ཞིག་དང་བརྟན་བཞུགས་མ་གཏོགས་གང་ཡང་མེད། ཚེ་དབང་ནི་ཆོ་ག་ཕྱག་ལེན་ཙམ་རེད། དངོས་གནས་ཚེ་ལ་ཕན་གྱི་ཡོད་མེད་བཤད་ཁག་པོ་རེད། དེ་ནས་བརྟན་བཞུགས་མ་ལེན་པ་ཡིན་ན་ཆོས་ཀྱི་ཆེ་བ་ལ་མ་འཚམས་པ་ལྟ་བུ་འདུག ཆོས་འཆད་ཉན་སྐབས་སུ་ཁྲི་མཐོ་པོར་བསྡད་པ་དང་། གཞན་གྱི་ཕྱག་དང་དུ་ལེན་པ་མ་ཟད། རང་ལས་བསླབ་པ་རྒན་པ་ཚོའི་ཕྱག་དང་དུ་ལེན་པ་བཅས་ཆོས་ཀྱི་ནང་དམིགས་བསལ་ཡོད་པའི་ཆེ་བ་ཞིག་རེད། དེ་འཆད་ཉན་གྱི་ཆ་ཤས་ལ་གཏོགས་མེད་པར་བརྟེན། སང་ཉིན་ཚང་མ་བཞུགས་དགོས་དོན་མེད། གཞུང་གང་དུ་ཡོད་མེད་ཤེས་རྟོགས་མ་བྱུང་ཡང་། ནམ་རྒྱུན་བོད་པའི་འཆར་ཅན་གྱི་ལུགས་སྲོལ་ལ་གསུང་ཆོས་འགྲོལ་སྐབས་ཕྱག་མི་འཚལ་བ་རེད། རིགས་ལམ་བཏང་བ་ཡིན་ན་ཕྱག་འཚལ་དགོས་པ་ལྟ་བུ་ཞིག་འདུག གང་ལགས་ཤེ་ན། ཐོག་མཐའ་གཉིས་ཀ་ལ་ཕྱག་འཚལ་གྱི་རེད། ཡིན་ནའང་བོད་པས་རྟེན་འབྲེལ་རྩི་སྟངས་གང་ཡིན་མི་ཤེས། མཐའ་མ་དེར་ཕྱག་འཚལ་གྱི་མི་འདུག དེས་ན་སང་ཉིན་ཚེ་དབང་བརྟན་བཞུགས་ལ་ཕེབས་མཁན་མིན་ན། དགོང་མོ་གཏང་རག་མནྜལ་ཚར་ནས་ཕྱག་འཚལ་མི་དགོས་པར་ཕེབས་ན་འཐུས་རྒྱུ། གལ་ཆེ་ཤོས་དེ་ང་ཚོས་དགེ་བའི་རྩ་བ་གང་བསགས་པ་དེ་ད་ལྟ་གོང་ཞུས་བཞིན་ཁོང་ཁྲོས་མ་བཅོམ་གོང་དུ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་ཐེབས་པ་གནང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད།

དེ་རིང་གཏང་རག་མནྜལ་གྱི་རྗེས་སུ་ཕྱག་རྒྱ་ཆེན་པོའི་སྨོན་ལམ་དང་། ལམ་རིམ་སྨོན་ལམ། བདེན་ཚིག་སྨོན་ལམ་བཅས་གསུམ་ག་གསུང་རོགས་གནང་། དེའི་སྐབས་སུ་བསྔོ་སྨོན་ཡག་པོ་གནང་དགོས། ད་ལྟ་མགྱོགས་པོ་ཕེབས་དགོས་མཁན་ཡོད་ན་གཏང་རག་མནྜལ་སྐབས་སུ་བཞེངས་ནས་ཕེབས་ན་འགྲིག་གི་རེད། གལ་ཆེ་ཤོས་དེ་ཉི་མ་ཉི་ཤུ་ཙམ་རིང་ཆུ་ཚོད་མང་པོ་བཏང་ནས་སྐུ་ངལ་བསྐྱོན་པ་དེས་སེམས་ལ་ཏོག་ཙམ་གཡོ་འགུལ་ཐེབས་ཀྱི་འདུག་གམ། ཉམས་ལེན་ཏོག་ཙམ་ཡོང་གི་འདུག་གམ། དེ་གཟིགས་དགོས་པ་གལ་ཆེན་པོ་རེད། འདིར་ཕེབས་བླ་མ་རྣམ་པ་ཚོས་གཅིག་བྱས་ན་ཉམས་ལེན་གནང་རྒྱུ་དང་ཁྱབ་སྤེལ་གནང་རྒྱུ་གཉིས་ཀ་དགོངས་པར་ཡོད་ཀྱི་རེད། ཁྱབ་སྤེལ་གནང་བ་ཡིན་ནའང་ང་ནང་བཞིན་བུམ་པ་སྟོང་པ་ནས་བུམ་པ་གཞན་ལ་བླུགས་པ་ལྟ་བུ་མིན་པར། སོ་སོའི་བུམ་པ་དེ་གང་བར་བཟོས་ཏེ་བུམ་པ་གང་བྱོའི་ཚུལ་དུ་བུམ་པ་གཞན་དུ་བླུག་དགོས་དུས། དེ་ལའང་ཉམས་བཞེས་གནང་དགོས་པ་དེ་གལ་ཆེན་པོ་རེད། དེ་ནས་བླ་མཆོད་ཁས་ལེན་ཡོད་པ་རྣམས་ཀྱིས་མ་ཆག་པ་འདོན་དགོས། གཞན་གང་ཡང་མ་བྱུང་ནའང་། དེ་འདོན་པའི་སྐབས་སུ་ཚིག་དོན་དྲན་བཞིན་གནང་ན་ཁྱད་པར་ཆེན་པོ་ཞིག་ཡོང་རྒྱུ་རེད། ང་རང་ངོས་ནས་ནུས་པ་ཡོད་མེད་ལ་མ་ལྟོས་པར་བླ་མའི་བཀའ་ཡིན་བསམས་པ་དང་། བླ་མའི་བཀའ་བསྒྲུབ་པའི་དོན་དུ་བཤད་ཀྱི་ཡོད་བསམས་ནས་བཤད་པ་ཡིན། དེར་བརྟེན་ཕལ་ཆེར་ཉེས་པ་ཡོད་ཀྱི་མ་རེད་བསམ་གྱི་འདུག

སང་ཉིན་གསུང་ཆོས་འདུས་ཚོགས་སུ་བསྙེན་བཀུར་ཞུ་རྒྱུའི་ཉིན་གཅིག་སྔོན་དུ་བླ་མས་སྐྱབས་ཞུ་ཀློག་རྒྱུ་དེ་༧སྐྱབས་རྗེ་རྣམ་པ་གཉིས་ཀས་བོད་དུ་དེ་འདྲ་གནང་གི་རེད། བོད་ལ་ཟུར་དུ་སྐྱབས་ཐོ་ཀློག་པའི་ལུགས་སྲོལ་མེད། ༧གོང་ས་མཆོག་གི་གསུང་ཆོས་ལ་དེ་འདྲ་གནང་གི་མི་འདུག

ངས་བླ་མ་མཆོད་པ་དང་ཕྱག་རྒྱ་ཆེན་པོ་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་འདི་ལོ་ཐོབ་པ་རེད། དེའི་སྔོན་དུ་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་སྐུ་མདུན་ནས་ཕྱི་ལོ་ ༡༩༥༨ ལོའི་ས་ག་ཟླ་བའི་ནང་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་གདན་ས་གྲིབ་ཚེ་མཆོག་གླིང་དུ་ཐོབ་མྱོང་ཡོད། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་མཆོག་༧རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་གནང་ནས་རྩེ་ཕོ་བྲང་ལ་བཞུགས་པའི་སྐབས་སུ་རྩེ་ལ་འདུ་འཛི་མང་པོ་འདུག ༧སྐྱབས་མགོན་རིན་པོ་ཆེའི་གསན་བསམ་ཧ་ལམ་མཐར་ཕྱིན་པ་ཡིན་ཙང་། ད་དབེན་གནས་ཤིག་ལ་སྤོ་རྒྱུ་ཡིན་གསུངས་དུས། ༧རྒྱལ་བ་འཇམ་དཔལ་རྒྱ་མཚོས་རྩེ་ཕོ་བྲང་ནས་གཟིགས་ས་ཞིག་ཏུ་རི་ཁྲོད་བསྐྱོན་རོགས་གནང་ཞེས་གསུངས་པར་བརྟེན། ཚེ་མཆོག་གླིང་དེ་རྩེ་ཕོ་བྲང་གི་མདུན་དེ་རང་ལ་ཡོད། འོན་ཀྱང་དེར་ཆུ་རྩ་བ་ནས་མེད་པ་ཡིན་དུས་ཁྲོན་པ་གཏིང་རིང་པོ་ཞིག་བྲུས་ནས་དེར་བཞུགས་པ་རེད། དེ་ནས་ཚེ་མཆོག་གླིང་གི་གྲྭ་ཤག་དང་། གཙུག་ལག་ཁང་། དྲི་གཙང་ཁང་། ཀུན་དགའ་ར་བ་སོགས་འདུལ་བ་དང་མཐུན་པར་བཞེངས་ཡོད། དེ་ནི་བོད་དུ་ཏོག་ཙམ་དཀོན་པོ་རེད། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་དམར་གདུང་ཡང་དེར་བཞུགས་ཡོད། དེའི་ན་བཟའ་ལ་དྲེག་པ་ཆགས་ཡོང་གི་འདུག་ཅེས་དཀོན་གཉེར་ཚོས་གནས་བཤད་རྒྱག་གི་རེད། དེར་༧སྐྱབས་རྗེ་རྡོ་རྗེ་འཆང་གིས་གསུང་ཆོས་ཉིན་ཉི་ཤུ་རྩ་ལྔ་གནང་སོང་། དེའི་ནང་ནས་ཉིན་གཅིག་བར་སྟོང་བཞག་གནང་བ་རེད། ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་ཆོས་ཐུན་གཉིས་ཚོགས་གནང་སོང་། གསུང་ཆོས་ཧ་ཅང་རྒྱས་པོ་གནང་བ་རེད། དེ་དུས་གསུང་ཆོས་ཞུ་མཁན་ག་ཚོད་ཡོད་མེད་ཤེས་རྟོགས་མ་བྱུང་ཡང་། ༧སྐྱབས་རྗེ་རྡོ་རྗེ་འཆང་གི་མཛད་རྣམ་ནང་བླ་སྤྲུལ་དགེ་འདུན་སེར་སྐྱ་བརྒྱད་བརྒྱ་ཡས་མས་ཤིག་ཡོད་ཚུལ་གསལ་འདུག ཕྱག་ཆེན་གྱི་གསོལ་འདེབས་ཀྱང་ཉིན་ལྟར་གདངས་བཏང་ནས་གསུང་གི་རེད། གསོལ་ཇའི་སྐབས་སུ་མཚམས་རེ་དྲུག་ཅུ་མ་གནང་གི་རེད། བླ་མ་མཆོད་པ་དང་ཕྱག་ཆེན་གྱི་འདོན་ཆ་དེ་ཚོར་དབེན་ས་སྙན་བརྒྱུད་ཀྱི་གདངས་གཏོང་ཚུལ་ཞིག་ཡོད་པ་རེད། གདན་ས་སེ་འབྲས་དགའ་གསུམ་དང་། བཀྲིས་ལྷུན་པོ། རྒྱུད་གྲྭ་སྟོད་སྨད་ཡིན་ན་སོ་སོའི་གདངས་མ་གཏོགས། གཞན་གང་བྱུང་འཁྱེར་མི་ཡོང་། མི་ཉུང་ཉུང་དང་གང་ཟག་བྱེ་བྲག་པ་ཚོས་འཆད་ཉན་གནང་བ་ཡིན་ནའང་རེད། བླ་མ་མཆོད་པའི་ཚོགས་རྒྱས་པོ་གནང་ན། དབེན་ས་སྙན་བརྒྱུད་ཀྱི་གདངས་རྣམས་མི་ཉམས་པའི་ཆེད་དུ་མཁྱེན་ན་ཡག་པོ་ཡོད་རེད།

སྤྱིར་བཏང་འདོན་པ་ལ་གདངས་དེ་ཙམ་གལ་ཆེ་བ་མིན་ནའང་། གདངས་དེ་མན་ངག་དང་འབྲེལ་བ་དང་སྐབས་རེ་གལ་ཆེན་པོ་ཡོད་པ་ལྟ་བུ་ཞིག་ཡོད། སངས་རྒྱས་ཀྱི་གསུང་རབ་ནང་གདངས་ཀྱི་སྒོ་ནས་འདོན་དགོས་པ་མང་པོ་ཡོད། ལམ་རིམ་ཆེན་མོའི་ནང་བླ་མའི་བཀའ་དྲིན་དྲན་པའི་གཞོན་ནུ་ནོར་བཟང་གི་ཚིགས་བཅད་རྣམས་གདངས་བཏང་ནས་གནང་དགོས་ཞེས་གསུངས་ཡོད། ཕྱག་ཆེན་ནང་དུའང་མདོའི་ལུང་རྣམས་གདངས་བཏང་ནས་སྐྱོར་དགོས་ཀྱི་འདུག ལར་ནས་གསུང་རབ་ཡན་ལག་བཅུ་གཉིས་ནང་གདངས་གཏོང་དགོས་པ་གཉིས་ཡོད། དབྱངས་ཀྱིས་བསྙད་པ་ཞེས་པ་དེ་གདངས་གཏང་རྒྱུར་ཟེར་བ་རེད། ལེགས་སྦྱར་གྱི་སྐད་དུ་གེཡ་ཟེར། ཚིགས་སུ་བཅད་པ་ཞེས་པ་དེ་ལེགས་སྦྱར་གྱི་སྐད་དུ་གཱ་ཐཱ་ཟེར། སྤྱིར་བཏང་གདན་ས་སོ་སོའི་གདངས་འདོན་རྒྱུ་དེ་ཡོད་མུས་རེད། ཐུན་མོང་མ་ཡིན་པའི་གདངས་ཀྱང་མང་པོ་ཡོད། དེས་ན་གདངས་དེམཐའ་གཅིག་ཏུ་དོན་མེད་ལ་བརྩི་རྒྱུ་མེད་ལ། དགའ་དགའ་སྤྲོ་སྤྲོ་བྱེད་པའི་ཆེད་དུའང་མིན། གདངས་དང་རླུང་སེམས་ལ་ཧ་ཅང་འབྲེལ་བ་ཡོད་པ་རེད། དེར་བརྟེན་སྔགས་ཀྱི་སྐབས་སུ་དམིགས་བསལ་མན་ངག་དེ་ཚོའི་ནང་དུ་འདོན་པ་སོ་སོའི་གདངས་གཏང་རྒྱུ་ཡོང་བ་དེ་ཉམས་ལེན་ཞིག་དང་འབྲེལ་བ་ཡོད་པ་རེད་མ་གཏོགས། དེ་འདྲ་ཆགས་པོ་བྱས་པ་ཞིག་མ་རེད། དེ་ངས་ད་གིན་ཞུ་རྒྱུ་བརྗེད་འདུག གཞན་དེ་ག་ཡིན་ཞེས་གསུངས།། །།