ཡོང་བསྡད་དངུལ་འབོར་ཆེན་པོ་ཞིག་ལས་འཕྲོས་པའི་འགྲེལ་བརྗོད།

ཞིབ་འཇུག་ཆེད་འཛུགས་ཚོགས་ཆུང་གིས་ཕྱག་ལས་ལེགས་པོ་གནང་ཡོད་ཟེར་བཀའ་སྤྱི་ལྷན་རྒྱས་མང་ཆེ་བ་གཅིག་གྱུར་གྱིས་གསུངས་པ་འདི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན། འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་ནང་ཡོང་བསྡད་ཀྱི་དངུལ་འབོར་སྔ་མོ་མི་མང་འདྲོགས་ཆེད་ཆེན་པོ་ཞེ་དྲགས་བཟོས་ཡོད་པ་དེ་ད་ལན་འབུམ་བརྒྱ་དང་སུམ་ཅུ་སོ་གྲངས་མ་གཏོགས་ཕལ་ཆེར་འགྲིགས་ཡོད་ཅེས་ཐུགས་བློ་བདེ་པོ་ཡོད་པའི་བཟོ་འདྲ་གསུངས་པ་འདི་ལ་ཚོགས་གཙོའི་ངོས་ནས་བལྟས་པ་ཡིན་ན། ཏག་ཏག་ཅིག་བསྡད་མ་སོང་བསམ་པ་བྱུང༌། གང་བསམ་པ་འདི་གྲོས་ཚོགས་སུ་གསལ་པོ་བཟོ་རྒྱུ་གལ་འགངས་ཆེན་པོ་རེད། དངུལ་སྒོར་འབུམ་བརྒྱ་དང་སུམ་ཅུ་སོ་གྲངས་ཞེས་པ་འདི་མི་ཚང་ཞིག་གི་དངུལ་མ་ཡིན་པར་མི་རིགས་རྒྱལ་ཁབ་ཅིག་གི་དངུལ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་རང་དབང་རང་བཙན་ཤོར་བསྡད་མཁན་གྱི་བཙན་བྱོལ་སྲིད་གཞུང་གི་དངུལ་ཞིག་རེད། རྒྱལ་ཁབ་རང་བཙན་ཡོད་མཁན་ཚོའི་ངོས་ནས་ཆ་བཞག་ནའང་པད་ཤག་སྐར་ཆ་རེ་ཡན་ཆད་ནས་ཕྱོགས་བསྡོམས་མ་དངུལ་གྱི་ནང་དུ་གཏོགས་པའི་དངུལ་འདི་ལ་ཞེ་དྲགས་ཀྱི་རྩ་ཆེན་པོ་བརྩི་བསྡད་ཀྱི་ཡོད་པ་མ་ཟད། དངུལ་འདི་ཆད་ལྷག་དང་བེད་ལོག་བྱས་པ་རིགས་ལ་ཞེ་དྲགས་ཀྱིས་ཚབས་ཆེན་པོ་རྩིས་ཀྱི་ཡོད། ང་ཚོའི་དངུལ་འདི་རྒྱལ་ཁབ་མི་རིགས་ཀྱི་ཡིན་པ་མ་ཟད། འབྱུང་ཁུངས་ནི་ྋསྐྱབས་མགོན་རིན་པོ་ཆེའི་གསོལ་ཅོག་གི་སྟེང་དུ་འདས་གསོན་མང་པོ་ཞིག་གིས་སྐྱབས་རྟེན་དང་བསྔོ་རྟེན་ཕུལ་བཞག་པ་འདི་གའི་ཐོག་ནས་མར་ཞུ་བསྡད་ཀྱི་ཡོད་པ་དང༌། བོད་མི་སྐྱོ་པོ་མང་པོ་ཞིག་ནས་རང་ཉིད་ཀྱིས་ཟ་ཚོད་དང་འཐུང་ཚོད་བྱས་ཏེ་དྭང་བླངས་དཔྱ་ཁྲལ་འབུལ་ཐབས་བྱེད་བསྡད་པ་དེ་དག་ཐོག་ནས་ཡོང་བའི་དངུལ་ཞིག་རེད། ལར་ནས་ད་ལྟའི་ཆར་བོད་མི་སྐྱབས་བཅོལ་བ་ལྟ་བུར་ཆ་བཞག་ན། དཔལ་འབྱོར་གྱི་གནས་སྟངས་བརྒྱ་ཆ་བདུན་ཅུ་ཙམ་སྐྱོ་པོ་ཆགས་བསྡད་ཡོད། ད་དུང་འདིའི་ཐོག་ཏུ་དངུལ་སྒོར་འབུམ་བརྒྱ་དང་སུམ་ཅུ་སོ་བཞི་ལྷག་ཡོང་རེ་མེད་པའི་ཐོག་ནས་ནག་བསུབ་བཏང་བའི་གནས་ཚུལ་འདི་ཞེ་དྲགས་ཀྱིས་བློ་འཚབ་དང་ཧ་ལས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ང་རང་ལྟ་བུར་མཚོན་ན་དངུལ་སྒོར་བརྒྱ་དང་སུམ་ཅུ་སོ་གྲངས་ཙམ་མ་ཚང་བ་ཡིན་ནའང་ཞེ་དྲགས་ཀྱིས་སེམས་འཚབ་ཡོང་གི་འདུག ཡིན་ནའང་འཛིན་སྐྱོང་བཀའ་ཤག་ནས་དངུལ་སྒོར་འབུམ་བརྒྱ་དང་སོ་བཞི་ཞེས་པ་འདི་ཕལ་ཆེར་རི་བསྔོགས་ནས་ཙི་ཙི་མ་གཏོགས་འཐོན་རྒྱུ་མེད་པའི་བཟོ་འདྲ་བྱས་ཏེ་ཆུང་ངུར་བརྩིས་པ་འདི་འཛིན་སྐྱོང་བཀའ་ཤག་གི་དགོངས་པ་བཞེས་ཕྱོགས་དེ་རན་འཚམས་ཤིག་ཨེ་ཡིན་སྙམ། དེ་བཞིན་འཛིན་སྐྱོང་བཀའ་ཤག་ནས་ད་ལྟ་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོར་བཀོད་པའི་དོན་གནས་རིགས་ཏག་ཏག་ཅིག་གནས་ཀྱི་མེད་པ་དང༌། ད་དུང་དེའི་ནང་དུ་ཞིབ་ཚགས་བྱེད་རྒྱུ་མང་པོ་ཞིག་དཔེར་ན་འདི་དང་འདི་ཞེས་གསུངས་པར་བརྟེན། གལ་ཏེ་ཞིབ་ཚགས་གནང་རྒྱུ་ཞིག་ཡོད་ཚེ་ངེས་པར་དུ་ཞིབ་ཚགས་གནང་དགོས་པ་ཡིན། ཞིབ་ཚགས་དེ་སུས་ག་དུས་གནང་དགོས་མིན་བཅས་ཀྱི་སྐོར་ད་ལྟ་གྲོས་ཚོགས་སུ་ཞུ་ཐུབ་རྒྱུ་མེད་དེ། དེའི་ཐོག་ངེས་པར་དུ་མཁྱེན་དགོས་པའི་གནས་ཚུལ་ཞིག་ལ། སྙན་ཐོའི་ནང་གི་ཚིག་ཁ་རེ་རེའི་གཞི་རྩ་འདི་ཡིག་སྣོད་ཉི་ཤུའི་ནང་དུ་ཡོད་པའི་ལས་ཁུངས་ཁག་སོ་སོ་ནས་བསྐུར་བའི་ཡིག་ཆ་ཁག་གི་ཐོག་ལ་བཞག་ནས་བྲིས་བཀོད་གནང་བ་མ་གཏོགས། ལས་ཁུངས་སོ་སོའི་ལན་གྱི་ནང་དུ་མ་འབྱོར་བ་ཞིག་སྙན་ཐོའི་ནང་དུ་བཀོད་བྲིས་བྱས་མེད་པ་འདི་ང་ཚོགས་ཆུང་སྐོ་མཁན་གྱི་དབང་ལྡན་འགན་འཛིན་པ་ཞིག་ཡིན་པའི་ཆ་ནས་འགན་ལེན་ཞུ་ཐུབ། སྙན་ཐོའི་ནང་དུ་བཀོད་པའི་ཚིག་འབྲུ་རེ་རེའི་རྒྱབ་རྟེན་དུ་ལས་ཁུངས་ཁག་སོ་སོ་ནས་ཡོང་བའི་ཡིག་ཆ་སླེབས་བསྡད་ཡོད་པར་བརྟེན། གལ་ཏེ་ཞིབ་ཚགས་གནང་དགོས་ངེས་ཀྱི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་ན། ལས་ཁུངས་ཁག་སོ་སོ་ནས་ཡིག་ལན་མ་བསྐྱོན་པའི་སྔོན་དུ་ལས་ཁུངས་སོ་སོའི་ནང་དུ་བཞུགས་མཁན་གྱི་དབང་ལྡན་བཀའ་བློན་རྣམ་པས་ཐུགས་སྣང་གནང་རྒྱུ་མ་འབྱུང་བ་ཞིག་ཆགས་ཀྱི་ཡོད། དཔེར་ན་ཤེས་རིག་ལྷན་ཁང་གི་དངུལ་འབོར་བཀོད་སྟངས་ཐོག་ལ་ཆ་བཞག་ན། ད་ལྟ་གོང་དུ་སྒྲོག་སྦྱང་གནང་བའི་ཤེས་རིག་ལས་ཁུངས་ཀྱི་ཡིག་ལན་ནང་དུ་གང་ཡོད་པ་ཇི་མ་ཇི་བཞིན་སྙན་ཐོའི་ནང་དུ་བཀོད་འདུག་མ་གཏོགས། དེའི་ནང་དུ་མེད་པ་ཞིག་སྙན་ཤོག་གི་ནང་དུ་བཀོད་མེད་པ་གསལ་པོ་རེད། སོ་སོའི་དབང་འོག་ཏུ་ཡོད་པའི་ལས་བྱེད་པ་ཚོའི་ཕྱག་ལས་ཀྱི་ཐོག་ལ་བཀའ་བློན་རྣམ་པ་ཚོས་ཞིབ་འཇུག་དང་བཏང་འཛིན་ལེགས་པོ་གནང་རྒྱུ་ཐུགས་འགན་ཆེན་པོ་ཞེ་དྲགས་ཆགས་ཀྱི་ཡོད། མཐའ་དོན་དུ་འདིས་གང་བསྟན་གྱི་ཡོད་ཅེ་ན། སྤྱིར་བཏང་ཡོང་བསྡད་དང་རྩིས་ཆད་གཉིས་གསལ་པོ་བྱས་ནས་ལོགས་ཁ་བཟོ་དགོས་ཀྱི་ཡོད། ཡིན་ནའང་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྙན་ཤོག་གི་ནང་དུ་སྐབས་རེ་རྩིས་ཆད་རིགས་ཡོང་བསྡད་ཀྱི་ནང་དུ་ཡོང་བསྡད་པ་དང༌། སྐབས་རེ་ཡོང་བསྡད་རིགས་རྩིས་ཆད་ནང་དུ་འགྲོ་བསྡད་པའི་བཟོ་འདྲ་པོ། ཡང་སྐབས་རེ་སྐུལ་ཟད་འགྲོ་རྒྱུའི་རིགས་དང་བསྒྱུར་དཀའི་མཁར་དབང་གི་ཐོབ་ཐང་ཡང་ཡོང་བསྡད་ཀྱི་ནང་དུ་ཚུད་བསྡད་པའི་བཟོ་འདྲ་གང་ལྟར་གསལ་པོ་མེད་པ་ཞིག་གྲོས་ཚོགས་སུ་བཀའ་མོལ་བྱུང་ཡོད། རྩིས་ཞིབ་ཀྱི་སྙན་ཐོ་འབུལ་སྟངས་ཀྱི་ཐོག་ལ་ཡར་རྒྱས་གཏོང་རྒྱུའི་གནས་ཚུལ་འདི་གྲོས་ཚོགས་ཀྱི་དགོངས་ཚུལ་ཞིག་ཡིན། ཕྱོགས་གཞན་ཞིག་ནས་བལྟས་ན་དཔལ་འབྱོར་གྱི་སྡེ་ཚན་ལྟ་བུ་ཚོང་རྒྱག་མཁན་དང་བཟོ་གྲྭ་འཛུགས་མཁན་གྱི་གནས་སྟངས་ཤིག་ཡོད་ན། ལོ་རེའི་རྩིས་སྒོ་རྒྱག་པའི་སྐབས་སུ་ཡོང་བསྡད་རིགས་ཡོང་སྲིད་པར་བརྟེན་སེམས་འཚབ་དེ་ཙམ་བྱ་འོས་པ་ཞིག་མེད་དེ། འོན་ཀྱང་ལས་ཁུངས་ནང་དུ་བསྡད་ནས་ལས་ཀ་བྱེད་མཁན་གྱི་ཕོགས་དང༌། རྒྱུན་གྲོན། ཁ་དཔར་ཏར་འཕྲིན། ཉེ་འཁོར་ལམ་གྲོན་བཅས་དེ་འདྲའི་ལས་དོན་མ་གཏོགས། ཚོང་ལས་དང་བུ་ལོན་གཡར་རྒྱུ་སོགས་གང་ཡང་བྱེད་མི་དགོས་མཁན་གྱི་ལས་ཁུངས་དེ་ཚོའི་ཐོག་ནས་ཀྱང་ཡོང་བསྡད་ཅིག་ཆགས་དགོས་པའི་རྒྱུ་མཚན་གང་ལ་བརྟེན་ནས་ཀྱང་ཡོང་དོན་མེད། གཞུང་ནས་ལོ་གཅིག་གི་སྔོན་རྩིས་བཀའ་ཁྲོལ་གང་བྱུང་བ་འདི་རང་ནས་འདང་དང་མི་འདང་ལ་ལྟོས་པས་འགྲོ་སོང་གཏང་དང་མི་གཏང་གི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། ཡང་ན་བསྐྱར་བཅོས་སྔོན་རྩིས་ཐོག་ལ་ཞུས་ཏེ་གཏང་རྒྱུ་མ་གཏོགས་ཡོང་བསྡད་རིགས་དེའི་ཐོག་ནས་ལྷག་དགོས་པའི་གནས་སྟངས་ཤིག་རྩ་ནས་ཆགས་ཀྱི་མེད། ངའི་ཚོར་སྣང་དུ་ཡོང་བསྡད་ནང་གི་བརྒྱ་ཆ་མང་ཆེ་བ་རྩིས་ཆད་མེད་འགྲོ་སྙམ། རྩིས་ཆད་འདི་ལ་ཡོང་བསྡད་ཀྱི་མིང་སྙན་པོ་བཏགས་ཏེ་ལོ་མང་ཕྱིན་པའི་རྗེས་སུ་ཡོང་དམིགས་བྲལ་བའི་ཚུལ་གྱིས་ནག་བསུབ་བཏང་བསྡད་པའི་བཟོ་འདྲ་འཆར་གཞི་ལྡན་པའི་ཐོག་ནས་གལ་ཆུང་སླ་ཆོས་སུ་བརྩིས་ཏེ་ཐུགས་བློ་ཚིམས་ནས་བཞུགས་པའི་གནས་སྟངས་རྩ་ནས་ཆགས་ཀྱི་མེད། གང་ལྟར་གནས་ཚུལ་འདིས་དོན་གསལ་པོ་བྱས་ནས་གང་སྟོན་གྱི་ཡོད་ཅེ་ན། གྲོས་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་ཀྱི་ཐོག་ནས་དངུལ་འབབ་གཏོང་ལེན་དང་བཀའ་ཁྲོལ་གྱི་འགན་ཁུར་སྤྲོད་པའི་བཀའ་ཤག་གི་ཐོག་ནས་གཤམ་འོག་གི་ལས་བྱེད་རྣམས་ཀྱི་དཔལ་འབྱོར་འདུ་འགོད་དང་སྔོན་རྩིས་ཀྱི་སྒྲིག་ལམ་ག་འདྲ་ཞིག་འཁྱེར་གྱི་ཡོད་མེད་ཐོག་ལ་དུས་རྟག་ཏུ་ཞིབ་འཇུག་བྱས་ནས་མ་གཟིགས་པ་དང༌། གལ་ཏེ་རེ་ཟུང་གིས་གཟིགས་པ་ཡིན་ནའང་མ་གཟིགས་མདོག་བྱས་ཏེ་གང་ཟག་བྱེ་བྲག་རེ་གཉིས་ཀྱི་མཉམ་དུ་དངོས་སུ་ཐོན་ནས་གདོང་ནག་སྟོན་མ་དགོས་པར་མཐུན་ལམ་དང་གོང་ཆུང་ངུའི་ཐོག་ནས་མི་ཐམས་ཅད་དགའ་པོ་ཡོང་ཐབས་ཏེ་དབྱིན་སྐད་དུ་ Cheap Popularity ལྟ་བུའི་རིགས་ཡོང་རྒྱུའི་དོན་དུ་ཞལ་ཁ་བཙུམས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པར་བརྟེན་རྒྱན་ཆ་ཞིག་རྩ་ནས་ཆགས་ཀྱི་མེད། ངས་གྲོས་ཚོགས་སུ་སྔ་རྗེས་ལན་མང་ཞུས་བསྡད་པ་ཞིག་ལ། ང་ཚོས་ཚོར་སྣང་བྱུང་བའི་གནས་ཚུལ་རིགས་གྲོས་ཚོགས་ཀྱི་དེབ་ཐེར་ནང་དུ་གསལ་པོ་བཟོས་ནས་འཇོག་རྒྱུ་མ་བྱུང་ཚེ། གནས་སྐབས་སུ་གལ་གནད་མ་མཐོང་ཡང༌། ང་ཚོས་ཡོང་རྒྱུ་བསྡད་པའི་མི་རབས་ཚོར་འགན་ཁུར་ཞིག་བཀལ་དགོས་ཀྱི་ཡོད་ཙང་རྗེས་མར་མི་ཚོས་ཕྱི་བལྟས་ཤིག་སློག་ནས་ལོ་རྒྱུས་ཀྱི་ཞིབ་འཇུག་བྱེད་པའི་སྐབས་སུ་སྔ་མོ་ཡང་ཁོ་ཚོ་སུ་གང་གིས་འགན་ཁུར་བླངས་ནས་གསལ་པོ་བཟོས་མི་འདུག་ཅེས་ལབ་རྒྱུ་ཆགས་པའི་གནས་ཚུལ་རིགས་མི་ཡོང་བ་དང༌། དེབ་ཐེར་ནང་དུ་འཁོད་པའི་ཆེད་དུ་ཞུས་པ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦