བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་རྒྱ་གར་ལྷོ་ཕྱོགས་མོན་གོ་འདོད་རྒུ་གླིང་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ།

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༧ ཉིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ཕུ་ཁང་ཁམས་ཚན་དུ་ཕེབས་འབྱོར་དང་།
༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕུ་ཁང་ཁམས་ཚན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་གྲྭ་ཤག་བཅས་གསར་བཞེངས་ལེགས་གྲུབ་བྱུང་བ་དར་ཚོན་མདུད་བཀྲོལ་དང་འབྲེལ་སྒོ་འབྱེད་དང་། བཀའ་སློབ་བཅས་གནང་ཡོད། Rinpoche South India (1)༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༡ བར་འབྲས་སྤུངས་བློ་གསལ་གླིང་ཕུ་ཁང་ཁམས་ཚན་གྱི་ཚོམས་ཆེན་གསར་པར་རྗེ་ཙོང་ཁ་པས་མཛད་པའི་ཡོན་ཏན་གཞིར་གྱུར་མའི་བཀའ་ཁྲིད་གནང་མཐར། ལམ་སྟོན་བཀའ་སློབ་མདོར་བསྡུས་ཤིག་ཀྱང་ཕེབས་ཡོད། སྐབས་དེར་ཕྱི་ནང་གི་ཆོས་ཞུ་བ་སེར་སྐྱ་མི་གྲངས་ཉིས་སྟོང་ལྷག་འདུ་འཛོམས་བྱུང་ཡོད།
༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢ ཉིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་འབྲས་སྤུངས་ཕུ་ཁང་ཁམས་ཚན་ནས་བློ་གསལ་གླིང་གྲྭ་ཚང་དུ་ཕེབས་འབྱོར་དང་།
Rinpoche South India (2)༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༣ ནས་ཚེས་ ༡༥ བར་ཉིན་གྲངས་བཅིུས་རིང་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཚོམས་ཆེན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དེའི་འགྲེལ་པ་བུདྡྷཔཱལིཏའི་བཀའ་ཁྲིད་གནང་སྟེ་རབ་བྱེད་བཞི་པ་ཕུང་པོ་བརྟག་པའི་བར་གྲུབ་པར་མཛད་པ་མ་ཟད། མཐར་བླང་དོར་ལམ་སྟོན་གྱི་གསུང་བཤད་ཀྱང་གནང་ཡོད།
Rinpoche South India (3)༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་བསྲུང་བརྩིའི་སླད་སྔ་དྲོ་གཙུག་ལག་ཁང་དུ་དགེ་འདུན་འདུས་མང་ཡོངས་ནས་ཞབས་རིམ་གསོལ་འདེབས་དང་། དེ་རྗེས་གཟིམས་ཆུང་ཚོམས་ཆེན་དུ་གྲྭ་ཚང་གི་ལས་སྣེ་སོགས་ལྷན་འཛོམས་ཀྱིས་མཛད་སྒོ་ཞིག་ཚོགས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་སྐུ་ཚེ་ཡུན་བརྟན་གྱི་སྨོན་འདུན་ཞུས་ཡོད།
Rinpoche South India (4)གསུང་ཆོས་སྐབས་སུ་གནས་བརྟན་བགྲེས་སོང་དགེ་བཤེས་བློ་བཟང་ཕུན་ཚོགས་མཆོག་ནས་ཞུས་པ་བཞིན་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་དང་འབྲེལ་འགྲེལ་བརྗོད་མདོ་ཙམ་དང་། དགེ་བཤེས་དཔལ་ལྡན་གྲགས་པ་མཆོག་ནས་ཞུས་པ་བཞིན་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་ལྗགས་ལུང་དང་འབྲེལ་ལྕང་རྐྱ་རིན་པོ་ཆེས་མཛད་པའི་དེའི་ཚིག་འགྲེལ་དང་། ཅོ་ནེ་བླ་མ་རིན་པོ་ཆེས་དེའི་དོན་འགྲེལ་དུ་བརྩམས་པའི་སྤེལ་མར་བསྟོད་པའི་སྐོར་བཅས་ལས་འཕྲོས་ཏེ་འགྲེལ་བརྗོད་མདོར་བསྡུས། དེ་བཞིན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ནས་ཞུས་པ་བཞིན་༧སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོས་ཕྱོགས་སྒྲིག་མཛད་པའི་ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་བཤད་ལུང་བཅས་སྩལ་ཡོད།
༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༨ མཚན་མོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དབུ་མའི་མཚན་ཕུད་དམ་བཅར་གདན་འདྲེན་ཞུས་པ་བཞིན་ཆེད་ཕེབས་ཀྱིས་གཟིགས་ཞིབ་མཛད་ཅིང་། སྐབས་དེ་དུས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། གྲྭ་ཚང་གི་མཁན་རིན་པོ་ཆེ་དང་མཁན་ཟུར་རིན་པོ་ཆེ་རྣམ་པའང་ཕེབས་ཡོད།
Rinpoche South India (5)༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ཟངས་འབུམ་རིན་པོ་ཆེའི་བླ་བྲང་དུ་གདན་འདྲེན་ཞུས་པ་བཞིན་དེར་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་དང་། འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་རྣམས་དང་ལྷན་འདུ་འཛོམས་ཀྱིས་བླ་མ་མཆོད་པའི་ཚོགས་ཀྱང་འབུལ་གནང་མཛད་པ་དང་། ཕྱི་དྲོ་བློ་གླིང་གྲྭ་ཚང་གི་བཞུགས་ཁང་དུ་བློ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་འབྲས་སྤུངས་བློ་གསལ་གླིང་གི་ཕྱག་མཛོད་གསར་པས་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་ཞུས་ཡོད།
Rinpoche South India (6)༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེར་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། ད་རེས་ཀྱི་གསུང་ཆོས་སོགས་ཀྱི་སྐབས་སུ་བློ་གླིང་མཁན་རིན་པོ་ཆེ་དང་། མཁན་ཟུར་རིན་པོ་ཆེ་རྣམ་པ། དབུ་ཆོས་ལས་སྣེ་རྣམ་པ། དཔེ་ཁྲིད་དགེ་རྒན་རྣམ་པ་སོགས་ཆོས་ཞུ་བ་ཉིས་སྟོང་ལྔ་བརྒྱ་ཙམ་ཕེབས་ཡོད།
༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་ཚ་བ་ཁམས་ཚན་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མ་ཏིའི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་རྗེས་གནང་དང་། འཇམ་དཔལ་མཚན་བརྗོད་དང་གང་བློ་མའི་ལྗགས་ལུང་བཅས་སྩལ་ཡོད། སྐབས་དེར་ཆོས་ཞུ་བ་ཉིས་སྟོང་ལྔ་བརྒྱ་བརྒལ་ཡོད།
༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པར་དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དབུ་ཕར་གྱི་རྩོད་པའི་ཆོས་ཐོག་ཆེན་མོའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་ཞིང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། དགའ་འབྲས་གཉིས་ཀྱི་མཁན་པོ་དང་མཁན་ཟུར་རྣམ་པ་སོགས་ཕེབས་ཡོད།

༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་། ནང་བསྟན་རིག་པའི་གཞུང་ལུགས་ལ་སྦྱང་ན་ཕན་འབྲས་ཅི་ཙམ་ཡོད་མེད་ཐོག་གསུང་བཤད་དང་། བྱིས་སྒྲུང་སྲིད་པའི་ཁ་མཚར་དེབ་ཕྲེང་དང་པོ་དང་གཉིས་པའི་དབུ་འབྱེད་ཀྱང་གནང་ཞིང་། དེ་ལྟར་མོར་གོ་འདོད་རྒུ་གླིང་དུ་མཛད་རིམ་ཁག་ལེགས་པར་གྲུབ་སྟེ་དཔལ་ལྡན་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་ཕྱོགས་སུ་ཕེབས་ཐོན་གནང་འདུག