དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གསུང་ཆོས་ལེགས་པར་གྲུབ་པ།

༄༅། །སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༦ ནས་ཟླ་༤ཚེས་༡༥ བར་ཉིན་གྲངས་ཉི་ཤུ་ལྷག་ཙམ་རིང་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་དད་ལྡན་གྱི་གདུལ་བྱ་ཆོས་ཞུ་བ་ ༡༠༠༠ ལྷག་ཙམ་ལ་ཟབ་ཆོས་བདུད་རྩིའི་བཀའ་དྲིན་ལེགས་པར་བསྐྱངས་ཡོད་པ་རེད། Gurto Monastry  (1)ཐེངས་འདིར་དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་<<བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་རྒྱུད་མན་ངག་གི་གཏེར་མཛོད་>>ཅེས་བྱ་བ་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། བྱ་བྲལ་ཚུལ་ཁྲིམས་ཉི་མ་བཅས་ཀྱིས་མཛད་པའི་<<ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་དང་། རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ། ཤེས་རབ་དང་བདག་འཛིན་གཉིས་ཀྱི་གཤགས་འདེབས། ཕྱག་ཆེན་གྱི་འཁྲིད་མན་ངག་ཞལ་ཤེས་དང་བཅས་པའི་ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་གི་ལུང་>>བཅས་ཟབ་ཁྲིད་གནང་ཡོད་པ་རེད།

གསུང་ཆོས་ཁག་ཡོངས་སུ་གྲུབ་རྗེས་རིན་པོ་ཆེ་མཆོག་གིས། གདན་ས་ཁྱད་པ་ཅན་འདི་འདྲ་ཞིག་གི་ནང་ང་ལྟ་བུས་ཆོས་འཆད་ཉན་བྱེད་ཡ་དེ་བློ་ཡུལ་ལ་མི་ཤོངས་བ་ཞིག་ཡིན་ཡང་། ཆོས་སྐྱོང་སྲུང་མ་དང་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཀའ་ངལ་གང་ཡང་མ་འཕྲད་པའི་སྐོར་གསུངས་དོན། “ཨ་མེ་རི་ཁའི་མི་ཞིག་གིས་ལབ་སྟངས་ལྟར་བྱས་པ་ཡིན་ན། ཝའོ། (wow) ཟེར་དགོས་ཡ་འདྲ་པོ་ཞིག་འདུག བློ་ཡུས་ལས་འདས་པ། (Unbelievable) ཟེར་བ་ལྟ་བུ་ཞིག གང་ཟག་ང་ལྟ་བུ་ཞིག་གིས་ཆོས་འདི་ལྟ་བུ་ཞིག་དཔལ་ལྡན་རྒྱུད་སྟོད་ཀྱི་འདུས་མང་ཡོངས་ལ་བཤད་ཡ་དེ་བློ་ཡུལ་དུ་མ་ཤོངས་བ་ལྟ་བུ་ཞིག་དང་། ཧམ་པ་ཚ་ཐག་ཆོད་པའི་བཟོ་འདྲ་ཞིག་རེད།

ང་རང་གི་བསམ་བློའི་ནང་ལ་རྒྱུད་པ་གྲྭ་ཚང་འདི་འཇམ་མགོན་༧རྒྱལ་བ་གཉིས་པའི་གསང་སྔགས་བཀའ་བབ་པའི་གདན་ས་ཁྱད་པ་ཅན་ཞིག་རེད། གདན་ས་ཆེན་པོ་གསུམ་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཟེར་དུས་རི་བོ་དགེ་ལྡན་པའི་ཡོད་ན་མེད་ན་རེད།
དེ་འདྲའི་གདན་ས་ཆེན་པོ་ཞིག་གི་ནང་ལ་ང་བཟོ་འདྲ་ཞིག་གིས་ཆོས་འཆད་ཉན་བྱེད་ཡ་དེ་འོས་ཤིང་འཚམ་པ་ཞིག་ཡིན་པ་ང་རང་གི་བསམ་བློའི་ནང་ལ་གདེང་ཚོད་འདྲ་པོ་ཞིག་རྙེད་མ་སོང་། དེ་འདྲ་ཡིན་དུས་སྤྱིར་ཆོས་སྐྱོང་སྲུང་མ་ཚང་མ་དང་ལྷག་པར་དུ་རྒྱུད་སྟོད་ཀྱི་སྲུང་མ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པར་འཕྲིན་བཅོལ་གནད་བསྡུས་བྱས་ནས་འདི་མ་འོས་པ་ཞིག་ཡིན་ན། འཆད་ཉན་དེ་སྟབས་མ་འགྲིག་པ་དང་འོས་པ་ཞིག་ཡིན་ན་སྟབས་འགྲིག་པ་དེ་འདྲའི་འཕྲིན་ལས་བསྒྲུབ་དགོས་ཀྱི་རེད་ཅེས་ངས་ཡང་ཡང་འཕྲིན་ལས་བཅོལ་བ་ཡིན།

ད་ལན་འདི་འགོ་ནས་བཞུག་བར་དུ་དཀའ་ངལ་མེད་པ་སྐད་ཀྱང་གསང་པོ་བྱུང་སོང་། སྤྱིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བླ་མ་ཚོའི་ཐུགས་རྗེ་བྱིན་རླབས་དང་། ཆོས་ཞུ་བ་ཚོའི་དམ་ཚིགས་ཉམས་ཆགས་མེད་པ་དང་། ཐུགས་སྨོན་དེ་ཚོ་གནང་བའི་བྱིན་གྱིས་ཡིན་གྱི་རེད་བསམས་ཀྱི་འདུག སྟབས་བདེ་པོ་ཞེ་དྲག་བྱུང་སོང་།” ཅེས་གསུངས།

Gurto Monastry  (2)ཡང་རིན་པོ་ཆེ་མཆོག་གིས། གསུང་ཆོས་གོ་སྒྲིག་དང་མཆོད་འབུལ་གནང་མཁན་སྐོར་གསུངས་དོན། “རྒྱུད་སྟོད་གྲྭ་ཚང་གི་གྲྭ་སྒྲིག་ཚུན་ཡག་པོ་ཞེ་དྲག་གནང་འདུག ལྷག་པར་དུ་དཔེ་ཆ་དཔར་བསྐྲུན་དེ་ཚོ་དེང་རབས་ཀྱི་ཉམས་ཞིབ་དང་མཐུན་པ་བྱས་ནས། དཔེ་ཆ་དཔར་བསྐྲུན་བྱེད་སྐབས་ནོར་འཁྲུལ་དང་ཆད་ལྷག་རེ་ཟུང་རེ་ཟུང་ཡོང་གི་ཡོད་པ་དེ་ཆོས་ཉིད་ལྟ་བུ་ཞིག་རེད།

གྲྭ་ཚང་གིས་ཕྱོགས་མཐར་ནས་གསུང་ཆོས་ལ་ཕེབས་མཁན་ཚོར་མཐུན་རྐྱེན་ཞེ་དྲག་ཕུལ་ཡོད་ས་རེད། ང་ལའང་འདིར་སྡོད་ས་དང་ཁ་ལག་ཚང་མ་གྲ་སྒྲིག་ཞེ་དྲག་གནང་འདུག དེ་ཚོ་ཡག་པོ་བྱུང་སོང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་རས་འདུས་ཚོགས་ལ་མཆོད་འབུལ་གནང་མཁན་མང་པོ་ཞེ་དྲག་བྱུང་སོང་། དགེ་བའི་རྩ་བར་རྗེས་སུ་ཡི་རང་བྱེད་ཡ་རེད། ལྷག་པར་དུ་ཉིན་དང་པོ་དེར་བྲག་གཡབ་རིན་པོ་ཆེས་མཆོད་འབུལ་བྱས། ངའི་ཞབས་བརྟན་འདྲ་པོ་དེ་གསར་རྩོམ་བྱས། ཞེ་དྲག་གཟབ་གཟབ་འདྲ་པོ་གནང་འདུག བྲག་གཡབ་རིན་པོ་ཆེ་ང་གཉིས་འཛིན་གྲྭ་གཅིག་པ་རེད། ལོའི་ཆ་ནས་བྱས་ནས་ལོ་གཅིག་རིན་པོ་ཆེ་ཆུང་གི་རེད། སྐྱབས་རྗེ་རིན་པོ་ཆེའི་དྲུང་ནས་གསུང་ཆོས་མང་པོ་མཉམ་དུ་ཡོད་པ་རེད། བླ་མ་མཆོད་པའི་ཁྲིད་དེ་ཞུས་པའི་སྐབས་མཉམ་དུ་ཡོད། གྲལ་འཛིན་པ་ཡིན།

དེ་ག་ནང་བཞིན་ཉག་རེ་མཁན་སྤྲུལ་རིན་པོ་ཆེས་ཆེད་མངག་གིས་མཆོད་འབུལ་གནང་ཡ་དང་། དམིགས་བསལ་དགའ་ལྡན་ཕོ་བྲང་གི་ལས་བྱེད་རྣམ་པ་ཚོས་མཆོད་འབུལ་གནང་བ་རེད། བློ་གླིང་བླ་སྤྲུལ་ལྷན་ཚོགས། རྒྱུད་སྟོད་མཁན་རིན་པོ་ཆེའི་བླ་བྲང་། གནས་ཆུང་གྲྭ་ཚང་། སང་ཉིན་འདིར་འཚུར་ཕུ་བླ་བྲང་ཡོད་ས་རེད། དེ་ཚོ་མཚོན་དོན་དང་རྟེན་འབྲེལ་ཡག་པོ་བརྩི་དགོས་པ་ཤིག་རེད། ཕྱོགས་གཞན་པ་ཞིག་ནི་ང་ཚོའི་དྷ་རམ་ས་ལའི་གཡས་གཡོན་བོད་པ་སྤྱི་ཚོགས་དཔལ་འབྱོར་གྱི་གནས་སྟངས་ཞན་པོ་མིན་པ་ཞིག་མཚོན་གྱི་ཡོད་པ་རེད། དེར་བརྟེན་ཁོང་ཚོའི་དགེ་བའི་རྩ་བ་མཆོད་འབུལ་ཚང་མར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།” ཞེས་བཀའ་བསྩལ།

Gurto Monastry  (3)དེ་བཞིན་མཐར་ཐུག་གི་དམིགས་ཡུལ་དང་མི་ཚེ་དོན་ལྡན་ཞིག་སྐྱེལ་ཐབས་སྐོར་གསུངས་དོན། “མི་ལུས་ཐོབ་པར་དོན་ལྡན་ཡོང་བར་གང་ཐུབ་ཐུབ་ཀྱིས་རྒྱུན་དུ་ཐོས་བསམ་སློབ་གཉེར་གནང་ཡ་དང་། སྔོན་མ་དང་མི་འདྲ་བ་དེ་རིང་སང་ཉིན་འདི་གྲྭ་ཚང་ནང་ཚང་མས་གཞུང་ཆེན་མོར་གསན་བསམ་གནང་གི་ཡོད་རེད། རིག་ལམ་སྦྱོང་གནང་གིན་ཡོད་རེད། དེ་དང་མཉམ་དུ་སྒོམ་དང་མཚམས་བསྙེན་སྒྲུབ་གནང་ཐུབ་ན་ཡག་པོ་རེད། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་གནང་ཐུབ་ན། གཏན་གཏན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཡ་ཡིན་པ་བཤད་མི་དགོས་པ་རེད།

ད་ཧ་ཅང་གི་ཆོས་ཀྱི་ཐོག་ཉམས་ལེན་མ་ཐུབ་པ་ཡིན་ནའང་གྲྭ་ཚང་ནང་གྲྭ་པ་ཚད་ལྡན། ཡིན་ལུགས་ཚུལ་ལྡན་ཞིག་བྱེད་ནས་བཏབ་ས་དེ་ནས་སྨིན་ཐུབ་པ་ཞིག་བྱུང་བ་ཡིན་ན། དེ་ག་རང་ནས་མི་ཚེ་དོན་ལྡན་ཆགས་ཀྱི་རེད་བསམས་ཀྱི་འདུག གང་ཡིན་ཟེར་ན། གྲྭ་ཚང་རང་ནས་མི་ཚེ་སྐྱེལ་ཐུབ་པ་ཞིག་བྱུང་བ་ཡིན་ན། ཞར་དང་ཞོར་ལ་ཆོས་བྱེད་ཀྱི་བྱ་བ་མང་པོ་ཞིག་གནང་ཐུབ་ཡ་རེད། ལྷག་པར་དུ་དྷ་རམ་ས་ལར་༧གོང་ས་མཆོག་གི་གསུང་ཆོས་ཡང་ཡང་རག་གི་ཡོད་རེད། མཚམས་བསྙེམས་སྒྲུབ་ཡིན་ནའང་མཐུན་རྐྱེན་ཡོད་པ་རེད། དཔེ་ཆ་འདྲ་བལྟས་པ་ཡིན་ནའང་སོ་སོས་མ་ཤེས་ན་མི་གཞན་ལ་འདྲི་ས་ཡོད་རེད། ག་རེ་བྱེད་ནས་མཐུན་རྐྱེན་ཡོད་པ་རེད། དེ་མིན་པ་ཚོགས་ཆོས་རྭར་འགྲིམས་པ་ཡིན་ནའང་དེ་ག་རང་ནས་དོན་དང་ལྡན་པ་ཞིག་ཆགས་འགྲོ་ཡ་རེད། གྲྭ་ཚང་ལ་བསྡད་པ་ཡིན་ན་ཆོས་ལ་བསམ་བློ་མ་བཏང་བ་ཡིན་ནའང་མི་ཚེ་འདི་རྐྱང་རྐྱང་ལ་བསམ་བློ་གཏོང་བ་ཡིན་ནའང་ལྟོ་གོས་ཀྱི་ཕོངས་པ་ནི་ཡོང་གི་མ་རེད། རྒན་ཁོག་ཆགས་ནས་དཀའ་ལས་བྱུང་ནའང་གྲོགས་བྱེད་མཁན་ཡོད་རེད།

ཡང་མི་ཁ་ཤས་ཀྱི་བསམ་བློའི་ནང་བོད་མི་རིགས་ཀྱི་དོན་དག་ལ་ཅིག་བྱེད་དགོས་རེད་བསམ་པ་འདྲ་པོ་དང་། བོད་བསྟན་སྲིད་ཀྱི་དོན་དུ་ག་རེ་ཡིན་རུང་ཞབས་འདེབས་བསྒྲུབ་དགོས་རེད་བསམས་པ་འདྲ་པོ་དེ་འདྲའི་སེམས་ཤུགས་ཡོད་མཁན་ཡོང་སྲིད་པ་ཞིག་རེད།
གལ་སྲིད་དེ་འདྲའི་སེམས་ཤུགས་ཡོད་མཁན་ཞིག་ཡིན་པ་ཡིན་ནའང་གདན་ས་ཞིག་གི་ནང་བསྡད་ནས་ནང་ཆོས་འཛིན་སྐྱོང་བྱེད་པ་བྱ་བ་དེ་ལས་ལྷག་པ་ཞིག་བོད་མི་རིགས་ལ་ཞབས་འདེབས་སྒྲུབ་ཡ་དང་། བོད་བསྟན་སྲིད་ལ་ཞབས་འདེབས་བསྒྲུབ་ཡ་གང་ཡང་ཡོད་པ་མ་རེད།

ཆབ་སྲིད་ཀྱི་ཐོག་ནས་ཞེ་དྲག་བྱེད་ཐུབ་ཡ་ཡོད་པ་མ་རེད། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐོག་ནས་གཞན་པ་བྱེད་ནས་ཕན་ཐོགས་བསྒྲུབ་ཐུབ་ཡ་ཡོད་པ་མ་རེད། ཤེས་ཡོན་གྱི་ཐོག་ནས་བྱེད་ཡ་གང་ཡང་ཡོད་པ་མ་རེད། འཕྲོད་བསྟེན་གྱི་ཐོག་ནས་ཅིག་བྱས་ནས་མི་རེ་གཉིས་ལ་ཕན་ཐོགས་ཀྱི་རེད་མ་གཏོགས་ཁྱོན་ཡོངས་ནས་མི་རིགས་དང་རྒྱལ་ཁབ་ཀྱི་ཕུགས་ངེས་ལ་ཕན་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་ལེགས་སྦྱངས་དང་བཅས་པ་འཛིན་སྐྱོང་བྱེད་པར། མི་ཉམས་རྒྱུད་འཛིན་བྱེད་པ། ཁྱབ་སྤེལ་བྱེད་པ་དེ་ལས་ལྷག་པ་ཞིག་མི་རིགས་ལ་ཞབས་འདེབས་སྒྲུབ་ཡ་གང་ཡང་ཡོད་པ་མ་རེད།

རྒྱ་དམར་དབང་འཛིན་པ་ཚོའི་བསམ་བློའི་ནང་ལ་བོད་མི་རིགས་དེ་རྒྱ་ནག་ནས་ཁ་བྲལ་འགྲོ་ཡ་དེ་ནང་ཆོས་དང་སྐད་ཡིག་བོད་པའི་ལེགས་སྦྱང་དེ་རེད་འདུག་བསམས་ཀྱི་ཡོད་པ་རེད། བྱས་ཙང་དེ་རྩ་མེད་དུ་གཏོང་ཡ་དེ་དམིགས་ཡུལ་གཙོ་བོ་རེད། དེ་ཡིན་ཙང་ང་རང་ཚོས་དེ་ཁ་གཏད་གཅོག་དགོས་དུས་དེ་འཛིན་སྐྱོང་བྱས་པ་ལས་ལྷག་པ་ཞིག་བསྟན་སྲིད་མི་རིགས་ལ་ཞབས་འདེབས་ཞུ་ཡ་ཡོད་པ་མ་རེད།

བོད་ནང་ལ་རང་ལུས་མེར་སྲེག་གཏོང་མཁན་དེ་ཚོས་ཀྱང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཡ་དང་། ཆོས་དང་རིག་གཞུང་གི་འཛིན་སྐྱོང་ཐོག་གཅིག་གྱུར་གྱི་མངོན་འདོད་ཡོད་པ་ཤ་སྟག་རེད། ཆབ་སྲིད་ཀྱི་ཐོག་ལ་མངོན་འདོད་གཅིག་གྱུར་དེ་འདྲ་གང་ཡང་ཡོད་པ་མ་རེད།

གྲྭ་ཚང་བཞག་ནས་ས་གནས་གཞན་པ་ཞིག་ལ་ཕྱིན་པ་ཡིན་ན། ལྷག་པར་དུ་དེ་རིང་སང་ཉིན་མི་ཚང་མས་གྲྭ་ཚང་ནང་ཡོང་ཡ་དེ་ཐུན་མོངས་བའི་ལམ་གྱི་རིམ་པ་ཞིག་རེད་མ་གཏོགས་ཐུན་མོངས་མ་ཡིན་པའི་ལམ་གྱི་རིམ་པ་དེ་ནུབ་ཕྱོགས་བདེ་བ་ཅན་ལ་འགྲོ་ཡ་རང་དམིགས་ནས་ཡོང་མཁན་མང་པོ་ཡོང་གི་འདུག

ག་རབས་ཡར་ཙམ་མ་སླེབས་བར་དུ་འགྲོ། དེ་ནས་འཕུར་འགྲོ་ཡ། སྤྱིར་སྟངས་གང་ཟག་སོ་སོས་ག་རེ་བྱས་མ་བྱེད་རང་དབང་རེད། བསླབ་བྱ་རྒྱག་ཡ་དེ་ཚོ་དེ་ཙམ་ཕན་ཐོགས་ཡོད་མ་རེད། ཡིན་ནའང་རབ་ཏུ་བྱུང་བ་ཞིག་ཡིན་པའི་ཆ་ནས་ཆོས་ཀྱི་ཐོག་ནས་བསམ་བློ་གཏོང་བ་ཡིན་ན། དགོན་པ་དང་བྲལ་ནས་འགྲོ་ཡ་དེ་ཧ་ཅང་གི་མཐའ་ཞན་པོ་ཞིག་རེད་མ་གཏོགས། དེའི་ཐོག་ཆོས་ཕྱོགས་ཀྱི་བྱ་བ་བསྒྲུབ་ཡ་དམིགས་བསལ་དེ་འདྲ་ཁག་པོ་རེད། ཚེ་དང་སྒྲུབ་པ་ཉམས་ལེན་ཆེད་བྱ་བྲལ་ལ་ཕྱིན་པ་ཡིན་ན་གྲྭ་ཚང་དང་ཁ་བྲལ་དགོས་ན་བྲལ་དགོས་པ་རེད། དེ་མིན་པ་དཔལ་འབྱོར་རྐྱང་པ་ཞིག་ལ་དམིགས་ནས་ཕྱིན་པ་ཡིན་ན་ཧ་ཅང་གི་ཆུད་ཟོས་རེད་བསམས་ཀྱི་འདུག
དཔའ་འབྱོར་ཞེ་པོ་ཞིག་བྱུང་བ་ཡིན་ནའང་ལོ་ཁ་ཤས་ཀྱི་སྐད་ཆ་རེད། ཤི་བའི་ཉིན་མོ་དེར་དེ་ཚོ་ག་འདྲ་བྱེད་ནས་འཁུར་འགྲོ་རྒྱུ་ཡིན། ག་པར་འཁུར་འགྲོ་རྒྱུ་ཡིན། ཁ་ཤས་ཀྱིས་ལབ་སྲིད་ཀྱི་རེད། མཆོད་འབུལ་བྱ་རྒྱུ་ཡིན་ཟེར། རྗེས་མར་བསྡད་མཁན་ཚོས་མཆོད་འབུལ་བྱེད་རོགས་བྱེད་དམ་མི་བྱེད་གང་ཤེས།

གལ་སྲིད་བྱེད་པ་ཡིན་ནའང་མཆོད་འབུལ་བྱེད་མཁན་དེའི་གྲངས་སུ་འགྲོ་བ་ལས་མཆོད་འབུལ་བཞེས་མཁན་གྱི་གྲངས་ལ་བསྡད་པ་ཡིན་ན་ཡག་ག་ཡོད་རེད།

ག་པར་ཡིན་པ་ཡིན་ནའང་ཆབ་སྲིད་ཀྱི་ལས་ཀ་བྱེད་པ་ཡིན་ནའང་ཕྲ་ལ་ཕྲན་བུ་བོད་བསྟན་པ་ཆབ་སྲིད་ཀྱི་ཕན་གྱི་ཡོད་པ་མ་རེད་ལབ་ཀྱི་མེད། ཕན་པ་དེ་ཚོ་ཞེ་དྲག་ཆུང་ཆུང་རེད། གནས་སྐབས་གནས་སྐབས་ཤིག་རེད།” ཅེས་གསུངས།། །།

གསུང་ཆོས་ཉིན་མཐའ་མར་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་གངས་ཅན་གྱི་རིས་མེད་སྐྱེས་བུ་དམ་པ་སྤྱི་དང་ཡང་སྒོས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྒྱས་ཅིང་། སྐུ་ཚེ་ཞབས་པད་བརྟན་ཆེད་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད།། །།