༈ དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་ལམ་སྟོན་གསུང་བཤད་གནང་བ།

༄༅།། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༧ ཉིན་ཕྱི་དྲོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཐོག་མ་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་བསྟན་འཛིན་པདྨ་ལགས་ཀྱིས་རིན་པོ་ཆེ་མཆོག་གི་མཛད་རྣམ་མདོར་བསྡུས་ངོ་སྤྲོད་དང་འབྲེལ། དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་གཙོ་སྐྱོང་གནང་སྟེ། བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་རྣམས་ལ་”སྤྱི་དམངས་ཀྱི་མངོན་འདོད་འགྲུབ་པར་སྲི་ཞུ་བ་ཞིག་གི་བསམ་བློའི་འཁྱེར་སོ་དང་ལས་དོན་བྱེད་ཕྱོགས་”སྐོར་ལ་བླང་དོར་གསུང་བཤད་གནང་ཡོད།sd-at-cta-2-jpg

  དེ་ཡང་རིན་པོ་ཆེ་མཆོག་གིས།  དེ་རིང་གི་བརྗོད་གཞི་སྤྱི་དམངས་ཀྱི་མངོན་འདོད་འགྲུབ་པ་ལ་སྲི་ཞུ་བ་ཞིག་གི་བསམ་བློའོ་འཁྱེར་སོ་དང་ལས་དོན་བྱེད་ཕྱོགས་དང་འབྲེལ་བ་ཞེས་པ་འདི་རེད། དེའི་ནང་”སྤྱི་དམངས་”དང་།  ”མངོན་འདོད།”སྲི་ཞུ་བ།”བསམ་བློའི་འཁྱེར་སོ།”ལས་དོན་བྱེད་ཕྱོགས་”བཅས་ནང་གསེས་ཀྱི་བརྗོད་གཞི་ལྔ་ལྟ་བུ་ཆགས་ཀྱི་འདུག དངོས་གནས་བྱས་ན་བརྗོད་གཞི་རེ་ལ་ཉིན་ཤས་བགྲོ་གླེང་བྱེད་དགོས་པ་ལྟ་བུ་འདུགདེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་སྤོམ་ཆེན་པོ་དང་། མགྱོགས་ཚད་མྱུར་པོ། ཁྱབ་ཚད་ཆེན་པོ་བཅས་ཁྱད་ཆོས་གསུམ་བཤད་ཀྱི་རེད། དེས་ན་བརྗོད་གཞི་རེ་ལ་སྐར་མ་ཁ་ཤས་ནང་སོ་སོའི་བསམ་ཚུལ་ཅུང་ཟད་རེ་ཞུ་རྒྱུ་ཡིན། སྤྱི་དམངས་ཀྱི་དམངས་ཞེས་པ་འདི་མར་ཁེ་སི་རིང་ལུགས་དང་དམར་པོའི་རིང་ལུགས་ཀྱིས་མང་ཆེ་བ་བེད་སྤྱོད་གཏོང་རྒྱུའི་ཚིག་ཅིག་རེད། གང་ལགས་ཤེ་ན།  སྤྱི་ཞེས་པ་དེ་ཁོང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་དེའི་ནང་དུ་མང་ཞེས་བྲིས་ན་མི་མང་ཚང་མ་ཚུད་འགྲོ་གི་རེད།  འོན་ཀྱང་དམར་པོའི་ལྟ་ཕྱོགས་ལ་གྲལ་རིམ་གཅིག་མ་གཏོགས་ཚུད་ཀྱི་མེད། གྲལ་རིམ་མང་པོའི་དབྱེ་བ་ཕྱེ་སྟེ།  དཔེར་ན་བཟོ་པའི་གྲལ་རིམ་དང་ཞིང་པའི་གྲལ་རིམ། ཡང་ན་གཉའ་གནོན་བཤུ་གཞོག་བྱེད་སའི་གྲལ་རིམ་དེ་དག་ལ་ཆེད་དུ་མངགས་ནས་དམངས་ཞེས་གཅིག་སྡུད་དམངས་གཙོའི་རིང་ལུགས་ཟེར་བ་མ་གཏོགས།  གཅིག་སྡུད་མང་གཙོའི་རིང་ལུགས་བརྗོད་ཀྱི་མེད། དེ་ནི་གཅིག་སྡུད་ཡིན་པ་གང་ཞིག་ལ་དམངས་རྣམས་གཙོ་བ་རེད། གང་ལྟར་མིའི་སྤྱི་ཚོགས་དེ་གྲལ་རིམ་མང་པོར་ཕྱེ་ནས་གྲལ་རིམ་འཐབ་རྩོད་བྱས་ཏེ།  གྲལ་རིམ་འཐབ་རྩོད་ཐོག་ནས་གྲལ་རིམ་གོང་མ་ཚང་མ་རྩ་མེད་དུ་སོང་ན། ལྷག་མ་དེ་དག་གི་ནང་དུ་ཡང་བསྐྱར་གྲལ་རིམ་གྱི་དབྱེ་བ་ཕྱེ་སྟེ་འཐབ་རྩོད་བྱས་ནས་ཙོང་པགས་པ་བཤུས་པ་བཞིན་མཐའ་མར་སྟོང་པ་མ་ཆགས་ཀྱི་བར་དུ་གྲལ་རིམ་འཐབ་རྩོད་ཀྱི་ངང་ནས་འགྲོ་དགོས་པ་རེད། གྲལ་རིམ་འཐབ་རྩོད་ཐོག་ནས་གྲལ་རིམ་མེད་པར་ཆགས་རྒྱུའི་བསམ་ཚུལ་དེ་མར་ཁེ་སིའི་འདོད་ཚུལ་རེད། དེ་སྔ་ང་ཚོས་མང་གཙོ་ལའང་དམངས་གཙོ་ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད། བོད་པའི་ནང་རྗེ་དང་འབངས་ཞེས་པ་དེ་བེད་སྤྱོད་གཏོང་སྲོལ་སྔོན་མ་ནས་ཡོད་རེད། དངོས་གནས་བྱས་ན་སྤྱི་ཚོགས་ལ་འགྲོ་བའི་ཚིག་ཡག་ཤོས་དེ་ཡུལ་མི་ཞེས་པ་དེ་རེད།  གལ་ཏེ་དེ་བེད་སྤྱོད་གཏང་ན་སྟབས་བདེ་བ་ཡོད། རྗེ་འབངས་གཉིས་མཉམ་བསྒྲིལ་གྱི་ཐོག་ནས་སྒྲིག་འཛུགས་ལྡན་པའི་ས་ཁྱོན་གཅིག་དང་།  ས་ཆའི་ས་མཚམས་ཡོད་པ། རྒྱལ་པོ་ཡོད་པ། ཆབ་འབངས་ཡོད་པ། རྒྱལ་པོ་དང་ཆབ་འབངས་ཀྱི་བར་དུ་འབྲེལ་བ་དེ་དག་ཆ་ཚང་ཡོད་པ་ཞིག་ལ་ཡུལ་ཞེས་བརྗོད་ཅེས་དང་།

sd-at-cta-6

ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་འགྱུར་བ་ཆེན་པོ་འགྲོ་བཞིན་པ་མ་ཟད། བསམ་བློ་དང་རིག་པའི་གཞུང་ལུགས། འཇིག་རྟེན་གྱི་ལྟ་ཚུལ་བཅས་ཚང་མར་འགྱུར་བ་འགྲོ་བཞིན་པར་བརྟེན། ང་ཚོས་སྤྱི་ཚོགས་ཀྱི་གནས་ཚུལ་ཤེས་རྒྱུ་ཁག་པོ་རེད་ལ། སྤྱི་ཚོགས་ཀྱི་མངོན་འདོད་ཤེས་རྒྱུའང་ཁག་པོ་རེད། དཀའ་ངལ་དེ་ང་ཚོས་ཤེས་དགོས།

སྲི་ཞུ་བ་ཞེས་པའི་ཚིག་དེ་ཡག་པོ་ཞིག་འདུག  ཚིག་དེ་གནའ་སྔ་མོ་ནས་བོད་པའི་ཡི་གེའི་ནང་ཡོད་མུས་རེད།  ཡིན་ནའང་སྲི་ཞུ་བ་གང་ལ་སྦྱར་དགོས་པ་དེའི་ཐོག་སྔ་མོའི་གནས་སྟངས་དང་ད་ལྟའི་གནས་སྟངས་མི་འདྲ་བ་རེད།  སྔོན་མ་བོད་དུ་གཞུང་ཞབས་སྲི་ཞུ་བ་ཞེས་བརྗོད་སྐབས།  བདག་པོ་དེ་གཞུང་དང་།  ཞབས་ཞུ་ཞུ་ས་དེ་གཞུང་། ཞབས་ཞུ་ཞུ་མཁན་དེ་གཞུང་ཞབས་པ་ཚོ་རེད།  དེང་སང་ཞབས་ཞུ་ཞུ་ས་དེ་གཞུང་མིན་པར་མི་མང་ངམ་སྤྱི་ཚོགས་རེད།སྲི་ཞུ་བ་ཚོ་མང་ཚོགས་ལ་སྲི་ཞུ་ཞབས་འདེགས་ཞུ་མཁན་ཡིན་ན། ཁོང་ཚོས་ཡིད་ཆེས་བློ་གཏད་བྱེད་ས་དང་ཞབས་ཞུ་ཞུ་ས་དེ་གང་དུ་འཚོལ་དགོས་ཀྱི་ཡོད་ཅེ་ན། རང་གིས་ཞབས་ཞུ་ཞུ་སའི་སྤྱི་ཚོགས་དེ་ལ་ཆ་བཞག་དགོས། སྤྱི་ཚོགས་ཀྱི་ཞབས་ཞུ་དེ་སྒྲིག་འཛུགས་ཤིག་གི་ངོས་ནས་ཞུ་གི་ཡོད་སྟབས། སྒྲིག་འཛུགས་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། དབུས་བོད་མིའི་སྒྲིག་འཛུགས་ཆགས་ཀྱི་ཡོད།   གང་ལྟར་སྲི་ཞུ་ཞུ་ས་དེ་མང་ཚོགས་དང་། སྲི་ཞུའི་བརྒྱུད་ལམ་དེ་དབུས་བོད་མིའི་སྒྲིག་འཛུགས་རེད། དེ་གཉིས་བར་གྱི་འབྲེལ་ལམ་དེ་གསལ་པོ་དང་ཡང་དག་པའི་ཐོག་ནས་ཕྱག་ལས་གནང་ཐུབ་ན།  སྲི་ཞུ་བ་ཞེས་པ་དེ་མིང་དོན་མཚུངས་པ་ཞིག་ཡོང་རྒྱུ་རེད།  ཅེས་དང་། སྲི་ཞུ་བའི་གནས་བབ་གང་ཆགས་དང་མ་ཆགས་དེ་སྲི་ཞུ་བ་རང་ཉིད་ཀྱི་བསམ་བློའི་ནང་རང་གི་བསྒྲུབ་བྱའི་སྲི་ཞུའི་བྱ་བ་དེ་ག་འདྲ་ཞིག་ལ་དམིགས་ཡུལ་འཛིན་གྱི་ཡོད་པ་དང་།  གང་གི་ཆེད་དུ་དམིགས་ཡུལ་འཛིན་གྱི་ཡོད་མེད་ལ་རག་ལས་པ་རེད།

sd-at-cta-4

བསམ་བློའི་འཁྱེར་སོ་ལ་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་ཞེས་རིམ་པ་གཉིས་རེད། བསམ་བློའི་རིམ་པ་དང་པོ་རྒྱུའི་ཀུན་སློང་ནི་དཔེར་ན་ཐོག་མར་ལས་བྱེད་ནང་འཛུལ་སྐབས་ཀུན་སློང་ག་འདྲ་ཐོག་ནས་འཛུལ་མིན་དེ་གལ་ཆེ་ཤོས་རེད། ཐོག་མར་སྐུལ་མ་གནང་བ་ཡིན་ནའང་རེད། ཡར་འཚང་སྙན་ཕུལ་བ་ཡིན་ནའང་རེད།  དེའི་སྐབས་སུ་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་དོན་དུ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཀུན་སློང་དེ་འཁྱེར་ནས་མཉམ་ཞུགས་བྱས་པ་ཡིན་ན། ཀུན་སློང་དེ་ཡང་དག་པ་ཞིག་ཆགས་ཀྱི་ཡོད་ཅེས་དང་།

བསམ་བློའི་རིམ་པ་གཉིས་པ་དུས་ཀྱི་ཀུན་སློང་ནི་སྲི་ཞུའི་ལས་དོན་སྒྲུབ་སྐབས་འོས་ཤིང་འཚམས་པ་གང་ཡིན་པ་དང་། དྲང་བདེན་གང་ཡིན་པ་དེའི་ཐོག་གཙོ་བོ་འགྲོ་ཐུབ་པ་དང་། བསམ་བློ་དེ་གཞན་ཕན་མ་གཏོགས།  རང་དོན་གཉེར་བའི་བསམ་བློ་སྟེ།  དཔེར་ན་ང་ལ་ཕོགས་དང་།  བསྡད་ས།  འཚོ་བ་ཡག་པོ་དགོས་ཀྱི་ཡོད། དེའི་དོན་དུ་ལས་ཀ་བྱས་པ་ཡིན་བསམ་ན། ལས་ཀ་བྱས་པ་གཅིག་པ་རེད་དེ་བསམ་བློ་འཁྱེར་སྟངས་ཀྱི་ཐོག་ནས་རིན་ཐང་ཧ་ཅང་ཆེ་ཆུང་ཤོར་བ་རེད། ལས་ཀ་འདི་ནི་སྤྱི་ཚོགས་ཀྱི་ལས་དོན་ཞིག་རེད། བོད་མི་ས་ཡ་དྲུག་གི་ཁེ་ཕན་གྱི་ཆེད་དུ་རེད། བོད་མི་ས་ཡ་དྲུག་གིས་གཙོས་པའི་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་ཆེད་དུ་ཡིན་པར་བརྟེན།  ངས་ཡག་པོ་ཞིག་བྱེད་ཀྱི་ཡིན། རང་གི་མི་ཚེ་སྐྱེལ་བའི་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་ལས་འགན་གྱི་ཞོར་དུ་ཡོང་གི་རེད་སྙམ་པའི་བསམ་བློ་ཞིག་འཁྱེར་ན། བསམ་བློའི་འཁྱེར་སོ་དེ་ཡང་དག་པ་ཞིག་ཆགས་ཀྱི་རེད་ཅེས་དང་། འདི་ངའི་ལས་འགན་ཡིན། འདི་བྱས་པར་བརྟེན་ངའི་ཚེ་འདི་དང་ཕྱི་མ་གཉིས་ཀའི་དོན་སྒྲུབ་ཀྱི་ཡོད་བསམ་པའི་སྤྲོ་སྣང་ལྡན་པའི་ཐོག་ནས་བརྩོན་འགྲུས་གནང་ན་དཀའ་ལས་གང་ཡང་མེད། ཅེས་དང་།

sd-at-cta-1

སྲི་ཞུ་ལས་བྱེད་པ་རྣམས་ཀྱིས་ཕྱག་ལས་རྣམས་རྒྱུན་སྐྱོང་གནང་རྒྱུ་དང་། ཆབ་སྲིད་ཀྱི་མགོ་ཁྲིད་ཚོས་གསར་གཏོད་ཀྱི་ནུས་པ་གང་ཡོད་གནང་རྒྱུ་རེད། གང་ལྟར་རྒྱུན་མཐུད་དང་རྒྱུན་འཛིན་ཡོད་པ་མ་ཟད།  རྒྱུན་འཛིན་གྱི་ནང་དུ་དགོས་ངེས་ཀྱི་འགྱུར་བ་དང་གསར་གཏོད་ཀྱང་ཡོད་པ།  དུས་ཚོད་ངེས་ཅན་ནང་འགྱུར་བ་འགྲོ་མཁན་གྱི་མགོ་ཁྲིད་དང་དུས་ཡུན་ཧྲིལ་པོར་བཞུགས་མཁན་གྱི་སྲི་ཞུ་ལས་བྱེད་པ་གཉིས་ཀྱིས་སྒྲིག་འཛུགས་གཅིག་ནང་ནུས་པ་སྤུངས་སྟངས་དེ་འདྲ་ཞིག་ཡིན་དགོས། བསྡོམས་བརྒྱབས་ནས་ཞུ་ན། མགོ་ཁྲིད་དང་སྲི་ཞུ་ལས་བྱེད་སུ་ཡིན་རུང་ལས་དོན་དེ་སྤྱི་ཚོགས་ཀྱི་ཆེད་དུ་བྱེད་ཀྱི་ཡོད་པ་དང་། སྒྲིག་འཛུགས་ཀྱི་ངོས་ནས་བྱེད་ཀྱི་ཡོད་སྟབས། དེ་ལ་ངེས་པར་མཁོ་བའི་གནས་ཚུལ་ཞིག་ནི་སོ་སོས་ཞབས་འདེགས་ཞུ་སའི་མི་མང་དང་སྲི་ཞུ་བའི་བར་གྱི་འབྲེལ་བ་དང་།  རང་ལ་ལམ་སྟོན་གནང་མཁན་གྱི་དབུ་ཁྲིད་རྣམ་པ་ཚོ་དང་གཤམ་འོག་ཞབས་འདེགས་ཞུ་མཁན་བར་གྱི་འབྲེལ་བ་དེ་ཧ་ཅང་རྩ་ཆེན་པོ་རེད།  དབུ་ལ་བཞུགས་མཁན་དང་གཤམ་འོག་ཞབས་འདེགས་ཞུ་མཁན་གཉིས་དབར་བྱམས་བརྩེ་ལྡན་པའི་ནང་ཚགས་ཀྱི་བསམ་ཚུལ་ཡོད་ན།  ཕན་ཚུན་གོ་བརྡ་མ་འཕྲོད་པའི་གནས་སྟངས་དེ་ཡོང་གི་མ་རེད། གོ་བརྡ་མ་འཕྲོད་པའི་གནས་སྟངས་མེད་ན་ལས་དོན་གང་ཡིན་ནའང་འཐུས་ཤོར་འགྲོ་བའི་གོ་སྐབས་ཧ་ཅང་ཉུང་དུ་འགྲོ་རྒྱུ་རེད། དེ་འདྲ་ཡོང་བར་ལས་དོན་ཐོག་བསམ་ཚུལ་མ་མཐུན་པ་བྱུང་བ་དང་གང་ཟག་སྒེར་གྱི་ནང་ཚགས་ཀྱི་གནས་སྟངས་ལ་འཁྲུགས་མི་ཐེབས་པ་དེ་ཧ་ཅང་གལ་ཆེན་པོ་རེད། སྒྲིག་འཛུགས་དང་མཉམ་འདུས་ལས་དོན་བྱེད་སྐབས་ནོར་འཁྲུལ་ཤོར་ན་འབྲེལ་ཡོད་གང་ཟག་ལ་འཁོན་འཛིན་བྱེད་རྒྱུ་མེད་ལ།  གལ་ཏེ་དབུ་ལ་བཞུགས་མཁན་གྱིས་ནོར་བ་ཡིན་ན། ངས་བལྟས་ན་ནོར་གྱི་འདུག ནོར་བའི་རྒྱུ་མཚན་འདི་རེད་ཅེས་ཡར་ཞུ་ནུས་པ་དང་། གཤམ་འོག་གི་ལས་ཀ་བྱེད་མཁན་གྱིས་ནོར་བ་ཡིན་ན།  དེ་ནོར་བ་རེད་ཅེས་མར་བཤད་དགོས་པ་དང་། ནོར་མེད་པ་ཡིན་ན་ནོར་མེད་པའི་རྒྱུ་མཚན་བཤད་པའི་གོ་སྐབས་ངེས་པར་དུ་སྤྲད་དགོས་པ།  དེ་འདྲའི་འབྲེལ་བ་ཞིག་བྱུང་ན་མི་དང་མིའི་བར་གྱི་འབྲེལ་བ་ཐག་ཉེ་པོ་ཡོང་ཐུབ་པ་དང་། མདུན་ལ་བཤད་རྒྱུ་དང་རྒྱབ་ལ་བཤད་རྒྱུའི་སྐད་ཆ་མི་འདྲ་བ་གཉིས་མི་ཡོང་བའི་ཁྱད་པར་ཆེན་པོ་ཡོད་སྐོར་སོགས་རྒྱས་པར་གསུངས། མཐར་སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུས་སོང་།

སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་དང་།  བཀའ་བློན། སྤྱི་འཐུས། དེ་བཞིན་དྲུང་ཆེས་གཙོས་པའི་སྲི་ཞུ་བ་རྣམས་ཕེབས་འདུག

sd-at-cta-5