༈ ཆོས་དུང་དཀར་པོ་ཞེས་པའི་དུས་དེབ་ལ་གནང་བའི་བཅར་འདྲི།

༄༅།། མཁྱེན་དཔྱོད་དང་ལྷག་བསམ་གྱིས་ཕྱུག་པའི་ན་གཞོན་སློབ་གཉེར་བའི་སྡེ་གཅིག་གིས་བོད་ཀྱི་རིག་གནས་ཁག་དང་འབྲེལ་བའི་ཚད་མཐོའི་ཆེད་རྩོམ་བསྡུ་རུབ་ཀྱིས་ “ཆོས་དུང་དཀར་པོ་” ཞེས་པའི་དུས་དེབ་ཁྱད་དུ་འཕགས་པ་ཞིག་ལོ་མང་རིང་འདོན་ཐེངས་མང་པོ་མུ་མཐུད་འགྲེམས་སྤེལ་གྱིས་བོད་མིའི་སྲོལ་རྒྱུན་གྱི་རིག་གཞུང་ལ་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་སྲི་ཞུ་བླ་མེད་བསྒྲུབས་འདུག་པར་ཡི་རངས་བསྔགས་བརྗོད་དང་འབྲེལ་ད་ལམ་ཕྲན་ལ་གནང་བའི་དྲི་བ་ཁག་ལ་རང་བློས་གང་ལྕོགས་ཀྱི་དྲིས་ལན་འབུལ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།

༡༽ རིན་པོ་མཆོག་ཐོག་མར་གྲྭ་སའི་ནང་གསན་བསམ་མཛད་པ་དང། དེ་ནས་གཙུག་ལག་སློབ་གྲྭའི་ནང་སློབ་ཁྲིད་དང་འགན་འཁུར་བཞེས་པར་བརྟེན། སྲོལ་རྒྱུན་འཆད་ཉན་དང། དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་དབར་ཁྱད་པར་གང་གཟིགས་པ་དང། ང་ཚོས་དེ་གཉིས་ཀྱི་བར་དུ་མཐར་མ་ལྷུང་བ་དང། ལེགས་ཆ་བསྡུས་པའི་ལམ་སྲོལ་གཞན་ཞིག་རྙེད་ཐབས་ཡོད་དམ། ༼ཡོད་ན་དེ་ད་ལྟའི་ཤེས་ཡོན་གྱི་སྲིད་བྱུས་འདི་ཡིན་ནམ།༽

ལན། སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་གྱི་ལམ་སྲོལ་གཉིས་སློབ་ཚན་ཙམ་མ་ཡིན་པར། དགོས་དམིགས་དང་། ཐབས་ལམ། ངོ་བོ་བཅས་ཐ་དད་ཙམ་མ་ཟད། ཕལ་ཆེར་འགལ་བ་ལྟ་བུར་གནས་སྟབས། དེ་གཉིས་ཀྱི་བར་མཐར་མ་ལྷུང་བ་དང་ལེགས་ཆ་བསྡུས་པའི་ལམ་སྲོལ་ཞིག་རྙེད་དཀའ། འོན་ཀྱང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་དེ་འདྲ་ཞིག་རྙེད་ཐབས་ཀྱི་ཕྱོགས་སུ་འབད་རྩོལ་ཡིན་པར་ངོས་འཛིན་བྱས་མི་རུང་བ་མེད་སྙམ།

༢༽ རིན་པོ་ཆེ་མཆོག་ལོ་མང་བཙན་བྱོལ་གཞུང་ནང་ཕྱག་ལས་གནང་སྟེ། ཁྲིམས་བཟོ་དང། དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་སྲིད་བྱུས་མང་པོའི་ཟིན་བྲིས་དང། གཏན་འབེབས་ཀྱི་ཐུགས་འཁུར་བཞེས་པར་བརྟེན། དེ་དག་དགོས་གལ་གང་དང་གང་ཡིན་པ་དང། ད་ལྟ་དེ་དག་ལག་བསྟར་གནང་ཁག་པའི་འགོག་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་དམ།

ལན། རྒྱལ་ཁབ་བམ་མི་རིགས་ཤིག་གི་མངོན་འདོད་བསྒྲུབ་སླད་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན་ཕྱིན་ཆབ་སྲིད་དམ་སྤྱི་ཚོགས་དང་འབྲེལ་བའི་སྲིད་བྱུས་ཇི་འདྲ་ཞིག་ཡིན་རུང་། གཏན་ལ་ཕབ་པའི་སྐབས་དེ་དག་གི་རྒྱབ་རྟེན་ལྟ་གྲུབ་དང་ལྡན་པའི་རིག་པའི་གཞུང་ལུགས་ཤིག་མེད་ན་འཕྲལ་སེལ་རིང་ལུགས་སམ་དགོས་མཁོའི་རིང་ལུགས་སུ་འགྱུར་ཉེན་ཆེ་བ་མ་ཟད། ལག་བསྟར་བྱེད་པོའི་སྣེ་མོ་བ་རིམ་འཕོས་སྐབས་སྲིད་བྱུས་རྒྱུན་འཛིན་བྱེད་ཕྱོགས་ཀྱི་ལམ་སྟོན་ཡང་དགོས་གལ་ཆེ་བ་བཅས་ལ་བརྟེན། ཡིག་འཇོག་མང་ཙམ་བྱ་དགོས་བྱུང་བའི་དགོས་གལ་དེ་ལྟར་དང་། དེ་བཞིན་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་ཡང་དག་པའི་མང་གཙོའི་རིང་ལུགས་ཚད་ལྡན་ཞིག་འབྱུང་བའི་འཇུག་ངོགས་ཀྱང་གང་ཟག་གི་དབང་སྒྱུར་ལས་འདས་ཏེ་ཁྲིམས་ཀྱི་དབང་སྒྱུར་དུ་འགྲོ་དགོས་པའི་གནད་ཀྱིས་ཁྲིམས་དང་སྒྲིག་གཞིའི་ཡིག་ཚོགས་ཀྱང་མི་ཉུང་བ་ཞིག་བྱུང་ཡོད། དེ་དག་ལག་བསྟར་བྱེད་སྐབས་འགལ་རྐྱེན་གཙོ་བོ་ནི་སྣེ་མོ་བ་དང་མང་ཚོགས་གཉིས་ཀའི་དགོས་ངེས་ཀྱི་རྣམ་དཔྱོད་དང་ཀུན་སློང་གི་གནས་ཚད་མ་འདེང་བ་ལ་ཐུག་པར་མཐོང་།

༣༽ ད་ལྟ་ཚན་རིག་རྨང་གཞིར་བྱས་པའི་འཕྲུལ་ཆས་ཀྱི་ཁྱད་ནུས་ལ་བརྟེན་ནས་སྲོལ་རྒྱུན་གྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གཞུང་དེ་དག་བག་ལ་ཞ་ནས་དེང་གི་རིག་གསར་གྱི་ཁྱད་ཆོས་གཅིག་གི་ངོ་བོར་འཕེལ་འགྱུར་འགྲོ་བའི་སྐབས་འདིར་ང་ཚོས་སོ་སོའི་རིག་གཞུང་རྒྱུན་འཛིན་བྱེད་ཐབས་ཐད་འབད་བརྩོན་ཇི་ལྟར་བྱེད་དགོས་སམ།

ལན། སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་ཐམས་ཅད་སྐྱེ་འགྲོའི་འཕྲལ་ཕུགས་ཀྱི་མངོན་འདོད་ཡང་དག་པའི་ལམ་ནས་སྒྲུབ་ཐབས་བསྟན་པ་ཤ་སྟག་ཡིན་ཞིང་། མིའི་སྤྱི་ཚོགས་ནང་རིག་གཞུང་དེ་དག་གི་དགོས་མཁོའི་ཚོར་སྣང་བརླགས་པའི་སྐབས་རྒྱུན་འཛིན་བྱེད་པའི་ཐབས་ལམ་རྙེད་དཀའ། སྲོལ་རྒྱུན་རིག་གནས་ཀྱི་གཞུང་ཇི་འདྲ་ཞིག་ཡིན་ཡང་། ཐོག་མ་ཁོ་ནར་ལུས་རྣམ་གཞག་གམ་དངོས་པོ་ངེས་བསྟན་གྱི་ཚུལ་དུ་དགོས་སོགས་ཆོས་བཞི་བཤད་དགོས་པའི་དམིགས་ཡུལ་ཉན་པ་པོར་ཚུལ་མཐུན་གྱི་དོན་གཉེར་སྐྱེ་ཆེད་ཡིན་པ་ཤིན་ཏུ་གསལ། ཆེས་འཁྲུགས་ཆ་དོད་པའི་དེང་རབས་གོང་མའི་སྤྱི་ཚོགས་ཀྱི་དཔལ་ཡོན་གྱི་གནོན་ཤུགས་ཧ་ཅང་ཆེ་བའི་སྐབས་འདིར་དེང་རབས་ཀྱི་ཚན་རིག་རྨང་གཞིར་བྱས་པའི་འཕྲུལ་ཆས་འབའ་ཞིག་གིས་སྐྱེ་འགྲོའི་མངོན་འདོད་སྤྱི་དང་། ཁྱད་པར་ནང་སེམས་ཀྱི་ཞི་བདེའི་མངོན་འདོད་སྒྲུབ་མི་ནུས་པའི་དངོས་ཡོད་ཀྱི་བདེན་དོན་དང་། སྲོལ་རྒྱུན་གྱི་རིག་གཞུང་ནང་སྐྱེ་བ་གཏན་གྱི་འདུན་མ་དང་། ནང་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་ཚང་ལ་མ་ནོར་བ་ཡོད་ཚུལ་གསལ་སྟོན་བྱ་རྒྱུ་གནད་ཀྱི་དོན་པོར་སྣང་།

དེང་རབས་གོང་མའི་དུས་སྐབས་འདིར་ཡང་ཚན་རིག་དང་འཕྲུལ་ཆས་ལ་བྱང་ཆུབ་པ་རྣམས་ཀྱི་ནང་ནས་ལས་བསོད་ལྡན་པ་མི་ཉུང་བ་ཞིག་ལ་སེམས་དང་གཏན་གྱི་བདེ་བ་སྒྲུབ་ཐབས་ཀྱི་ཕྱོགས་སུ་ཤེས་འདོད་ཡོང་བཞིན་ཡོད། དེ་ནི་བར་སྐབས་ལོ་གྲངས་བཅུ་ཕྲག་བཞི་ལྔའི་ནང་ནང་བསྟན་སྤྱི་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་ཤར་ནུབ་ཡུལ་གྲུ་ཚང་མར་དར་ཁྱབ་ཤུགས་ཆེ་བྱུང་བའི་རྒྱུ་རྐྱེན་ཡིན་པར་མཐོང་ཐུབ། ལྷག་པར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དེང་རབས་ཀྱི་ཚན་རིག་པ་གྲགས་ཅན་རྣམས་དང་འབྲེལ་མོལ་མུ་མཐུད་རྒྱུན་ཆགས་སུ་གནང་བའི་འབྲས་བུར་དེང་སྐབས་ནུབ་ཕྱོགས་པའི་ཚན་རིག་པ་རྣམས་ཀྱི་བསམ་པའི་འཁྱེར་སོ་ལ་འགྱུར་བ་ངེས་ཅན་ཞིག་འགྲོ་བཞིན་ཡོད་པ་དང་། ཚུལ་འདིའི་ཞིབ་འཇུག་དང་སློབ་སྦྱོང་རྒྱུན་མཐུད་སླད་ Mind and Life ཞེས་པའི་སྒྲིག་འཛུགས་ཀྱི་ངོ་བོར་གྲུབ་ཟིན་པ་བཅས་ལ་བརྟེན། རང་རེའི་སྲོལ་རྒྱུན་གྱི་རིག་གནས་སྤྱི་དང་། ཁྱད་པར་ནང་དོན་རིག་པའི་ཆ་ཤས་སུ་གྱུར་པའི་ནང་པའི་ལྟ་གྲུབ་དང་། ནང་པའི་ཚན་རིག་བཅས་ལ་དེང་རབས་པ་རྣམས་ཀྱི་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་གནས་བབ་ལ་གཞིགས་ན་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དེ་ཙམ་དཀའ་བ་ཞིག་ཏུ་མ་མཐོང་མོད། ད་ལྟའི་སྐབས་འདིེར་བོད་རིགས་ན་གཞོན་གྱི་སྤྱི་ཚོགས་ནང་རང་གི་རིག་གཞུང་ལ་དོ་སྣང་ཆུང་དུ་འགྲོ་བཞིན་པ་འདིའང་མཐོང་ཆོས་སུ་སྣང་། འབྱུང་འགྱུར་མི་རབས་རེ་ཟུང་རྗེས་བོད་ཀྱི་རིག་གཞུང་ནུབ་ཕྱོགས་པའི་མཁས་པ་ནས་ཚུར་བསླབ་དགོས་པའི་དུས་ཤིག་ཀྱང་ཡོང་མི་སྲིད་པར་མིན་པར་སྣང་།

༤༽ ད་ལྟ་བོད་པའི་ནང་སྔོན་གྱི་ཚད་ལྡན་གྱི་མཁས་པ་དེ་ལྟ་བུ་འབྱུང་དཀའ་བ་དང། དེང་གི་རིགས་གཅིག་རྐང་འཛིན་གྱི་མཁས་པ་དེ་འདྲ་ཡང་ཐོན་དཀའ་བའི་རྒྱུ་རྐྱེན་གང་དུ་ཐུག་ཡོད་དམ། དེ་དག་ད་དུང་བཅོས་མ་ཐུབ་པའི་ཤེས་ཡོན་གྱི་ལམ་སྲོལ་ངན་པ་འདིའི་མཇུག་འབྲས་ཡིན་ནམ།

ལན། དྲི་བ་འདི་ངེད་རང་གི་བསམ་བློར་ཡང་དུས་ཡུན་རིང་པོ་ནས་ཡོད་པ་ཞིག་ཡིན་མོད། ལན་ཚད་ལྡན་ཞིག་ད་དུང་མ་རྙེད། འདས་མ་ཐག་པའི་ལོ་གྲངས་བཅུ་ཕྲག་ལྔ་ལྷག་ནང་གཞིས་བྱེས་གཉིས་ཀའི་བོད་མིའི་ཁྲོད་ཕྱི་ལོ་ ༡༩༥༩ སྔོན་དུ་བྱོན་པའི་མཁས་དབང་རྣམས་དང་གནས་ཚད་མཉམ་པའི་ཤེས་ཡོན་ཅན་ཞིག་སྲོལ་རྒྱུན་དང་དེེང་རབས་ཀྱི་ཤེས་ཡོན་གཉིས་ཀའི་ནང་ཐོན་པ་ཞིག་མཇལ་རྒྱུ་དཀོན། སློབ་སྦྱོང་གི་མཐུན་རྐྱེན་སྔར་ལས་བཟང་བ་ཡོད་མོད། མཁས་དབང་ངམ་ཁྱད་ལས་པ་མ་ཐོན་པ་འདི་སྙིགས་ལྔའི་རང་བཞིན་བདོ་བ་ཙམ་ལ་ཁག་དཀྲི་རྒྱུའམ། ཡང་ན་དུས་ཀྱི་འགྱུར་བ་མི་བཟད་པའི་འོག་དྲན་ཤེས་ཐོར་བའི་བར་བརྒལ་གྱི་དུས་རབས་ཤིག་ཡིན་པར་བསྙད་དགོས་སམ་ངེས་གཟུང་དཀའ། ཞིབ་ཏུ་དཔྱད་ན། ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་དང་། སྤྱི་ཚོགས་ཀྱི་བསམ་པའི་འཁྱེར་སོ་གཉིས་ལ་རག་ལུས་པར་མངོན།

༥༽ དུས་དེབ་འདིའི་ནང་ཞིབ་འཇུག་གི་རྩོམ་ཡིག་སྤེལ་ཐབས་བྱེད་བཞིན་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་ནང་དེ་འདྲའི་རྩོམ་ཡིག་འབྲི་མཁན་ཧ་ཅང་དཀོན་པ་མ་ཟད། ཉུང་ཤས་ཡོད་པ་དེ་ཚོས་ཀྱང་ཚད་ལྡན་རྩོམ་ཡིག་གནང་དཀའ་བར་བརྟེན་ཞིབ་འཇུག་གི་ལས་དོན་དེ་ཇི་ཙམ་གལ་ཆེན་པོ་ཡིན་པ་དང། ཉམས་ཞིབ་ཀྱི་ཐབས་ལམ་ཇི་འདྲ་ཞིག་ལ་བརྟེན་ནས་བྱེད་དགོས་སམ།

ལན། དེ་ནི་གོང་གི་དྲི་བ་བཞི་པའི་ལན་དང་ཕལ་ཆེར་མཚུངས་ཤིང་། སྲོལ་རྒྱུན་གྱི་ཉམས་ཞིབ་དང་མཐའ་དཔྱོད་ཀྱི་ཐབས་ལམ་དྲན་ཡུལ་ནས་ཡལ་བ་དང་། དེང་རབས་ཀྱི་ཉམས་ཞིབ་ཀྱི་ཐབས་ལམ་ཇི་བཞིན་གོ་རྟོགས་མེད་ཁར། ཞིབ་འཇུག་དང་འབྲི་རྩོམ་གྱི་རྩལ་གཉིས་ཀ་འཛོམས་པ་ཞིག་དཀོན་པའི་དཀའ་ངལ་འདི་དུས་ཡུན་ཐུང་ངུའི་ནང་སེལ་ཐུབ་པའི་མགྱོགས་ལམ་ཞིག་མ་མཐོང་། ཞིབ་འཇུག་གི་གལ་གནད་དང་། དེའི་ཐབས་ལམ་བཅས་ཀྱི་སྐོར་བརྗོད་གཞི་གཞི་རྒྱ་ཆེ་བས་དྲི་བ་འདིའི་ལན་དུ་བཀོད་རྒྱུ་ཡིག་ཚོགས་ཀྱིས་འཇིགས་པས་མ་སྤྲོས།

༦༽ བདག་ཉིད་ཆེན་པོ་གནྡྷི་དང། རིན་པོ་ཆེ་ལྟ་བུ་མཁས་པ་འགའ་ཤས་ཀྱིས་དེང་གི་རིག་གསར་ལ་༼ཚན་རིག འཁྲུལ་རིག༽ དགག་པ་མཛད་ནས་དེ་དག་གི་ཤུགས་རྐྱེན་དང་མཇུག་འབྲས་ཀྱི་སྐོར་གསུངས་ཀྱང་ད་ལྟའི་མི་རྣམས་ཀྱིས་རིག་གསར་དོར་ནས་སྔ་མོའི་སྤྱི་ཚོགས་སུ་བསྐྱར་ལོག་རྒྱག་མི་སྲིད་པ་དང། དེ་ནི་འཚོ་གནས་དང་འབྲེལ་བར་བསམ་བཞིན་ཡོད་ན་ང་ཚོས་རིག་གསར་དང་ལེན་བྱེད་ཐབས་གཞན་ཞིག་དགོས་སམ།

ལན། “རིག་གསར་དོར་ནས་སྔ་མོའི་སྤྱི་ཚོགས་སུ་བསྐྱར་ལོག་རྒྱག་མི་སྲིད་” ཅེས་པ་དཔྱད་གཞིར་སྣང་སྟེ། རྒྱལ་ཁབ་བམ་མི་རིགས་ཁྱོན་ཡོངས་ཀྱི་ཆ་ནས་དེ་ལྟར་མི་སྲིད་པ་བདེན་དུ་ཟད་ཀྱང་། གང་ཟག་བྱེ་བྲག་པར་སྲིད་མཐའ་བཀག་མི་ཐུབ། ད་ལྟའང་ཤར་ནུབ་ཀྱི་ཡུལ་ལུང་མང་པོའི་ནང་དེང་རབས་གོང་མའི་སྤྱི་ཚོགས་དཔལ་ཡོན་གྱི་དྲི་ཙམ་ཡང་མ་གོས་པར་རང་འདོད་ཀྱིས་ཚན་རིག་དང་འཕྲུལ་ཆས་སྤངས་ཏེ་སྲོལ་རྒྱུན་སོ་ནམ་ལ་བརྟེན་ནས་རང་ཁ་རང་གསོའི་འཚོ་བ་སྐྱེལ་ཞིང་། གློག་ཤུགས་ཀྱང་བེད་སྤྱོད་མི་བྱེད་མཁན་མི་ཉུང་བ་ཞིག་ཡོད། དེ་འདྲའི་དཀའ་ཐུབ་ལ་མ་བསྟེན་པར་འཕྲུལ་ཆས་ཀྱི་མཐུན་རྐྱེན་ཁག་བེད་སྤྱོད་བྱས་ཀྱང་བསམ་པའི་འཁྱེར་སོ་དེང་རབས་ཀྱི་མ་བསླད་པར་སྲོལ་རྒྱུན་ཁོ་ནའི་ནང་གནས་པ་ནི་དེ་བས་ཧ་ཅང་མང་བ་ཡོད།

          “རིག་གསར་དང་ལེན་བྱེད་ཐབས་གཞན་ཞིག་དགོས་སམ།” ཞེས་པ་འདི་གལ་གནད་ཆེ་བའི་དྲི་བ་ཞིག་རེད། རིག་གསར་དང་དེང་རབས་ཀྱི་དཔལ་ཡོན་ཁྲ་ཁྲ་ཟིང་ཟིང་ཐམས་ཅད་བསྐྱུར་ཏེ་ཀུན་སྤངས་བྱ་བྲལ་བའི་ངོ་བོར་གནས་དཀའ་བ་བརྗོད་མེད་ཀྱང་། རིག་གསར་གྱི་གནོན་ཤུགས་འོག་རང་གི་བསམ་བློའི་རང་དབང་བློས་བཏང་མ་བྱས་པར་གཟུ་བོའི་རྣམ་དཔྱོད་དང་། བླང་འདོར་འབྱེད་པའི་ཤེས་རབ་ཀྱི་ནུས་པ་ཉམས་པ་མེད་པའི་ཐོག རང་ཉིད་རིག་གསར་གྱི་འཁོལ་པོར་མ་སོང་བར། རིག་གསར་གྱི་འཕྲུལ་ཆས་རང་གི་མཐུན་རྐྱེན་དུ་བཀོལ་ཐུབ་པའི་སྒོ་ནས་དང་ལེན་བྱ་རྒྱུ་ནི་གཱནྡྷཱིས་ཀྱང་མ་བཀག  ལར་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་ཕྱིའི་དངོས་པོས་མི་འབྱེད་པར། བསམ་པའི་འཁྱེར་སོ་ཁོ་ནས་འབྱེད་པ་དེ་མཁྱེན་དགོས།

༧༽ ང་ཚོའི་ཤེས་རྟོགས་ལྟར་ན། བཙན་བྱོལ་གྱི་སྤྱི་ཚོགས་འདི་ཉིན་བཞིན་ཉམས་དམས་སུ་འགྲོ་བཞིན་ཡོད། སློབ་གྲྭ་དང། དགོན་པ། གཞིས་ཆགས་ཚང་མའི་ནང་ཕྱིའི་འཛུགས་སྐྲུན་ཕུད་དེ་མིན་མི་འབོར་དང། ཤེས་ཡོན། སེམས་ཤུགས་སོགས་ཚང་མ་ཉམས་རྒུད་འགྲོ་བཞིན་ཡོད། དེ་ལྟར་ན་ལོ་ཉི་ཤུའི་རྗེས་བཙན་བྱོལ་གྱི་སྤྱི་ཚོགས་ཀྱི་འགྱུར་བའི་ཚོད་དཔག་ཇི་ལྟར་བྱེད་དགོས་སམ། དེ་དག་འབྱུང་རྐྱེན་བཙལ་ནས་ང་ཚོས་གྲ་སྒྲིག་བྱེད་དགོས་པ་གང་ཡོད་དམ།

ལན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་འབོར་དང་། ཤེས་ཡོན། སེམས་ཤུགས་བཅས་ཉམས་རྒུད་འགྲོ་བཞིན་ཡོད་པ་ནི་དངོས་དོན་ཡིན་མོད། དེ་དག་གི་བྱུང་རྐྱེན་བཙལ་ནས་འགོག་ཐབས་ཡོད་ན་བྱེད་དགོས་པ་ཞིག་ཡིན་ནའང་། ཧ་ཅང་འགྲུབ་དཀའ་བའི་བྱ་བ་ཞིག་ཏུ་སྣང་། འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གོང་སྨོས་ཉམས་ཆག་ཁག་འགྲོ་བཞིན་ཡོད་པ་དང་། དེ་དག་འགོག་ཐབས་དགོས་པའི་ཚོར་སྣང་ཞིག་རྒན་གཞོན་ཚང་མའི་ནང་སྐྱེ་འདུག་པ་དེ་རེ་བའི་གཞི་རྟེན་ཞིག་ཡིན་པ་དང་། དེ་འདྲའི་ཚོར་སྣང་གོང་མཐོར་སྤེལ་ཐབས་སྒོ་ཀུན་ནས་འབད་བརྩོན་བྱ་གལ་མཐོང་། དེ་མིན་དེང་རབས་ཀྱི་གནོན་ཤུགས་ལ་བརྟེན་ནས་རི་གཟར་གྱི་འབབ་རྡོ་ལྟར་ཐུར་དུ་འགྲོ་བཞིན་པའི་མིའི་བསམ་སྤྱོད་ལ་བཙན་ཐབས་སུ་ལེགས་བཅོས་གཏོང་དཀའ་བར་མངོན།

༨༽ ད་ལྟ་བཙན་བྱོལ་གཞུང་གི་སྲིད་བྱུས་ནི་དབུ་མའི་ལམ་ཡིན་ཞིང། རིན་པོ་ཆེ་མཆོག་གི་དགོངས་གཞི་བདེན་པའི་ཨུ་ཚུགས་ཡིན་པར་བརྟེན་དེ་གཉིས་བར་ཁྱད་པར་གང་ཡོད་དམ། བོད་རང་བཙན་ཡང་བདེན་པའི་གནས་ཚུལ་ཞིག་མ་མིན་ནམ། ཡང་ན་བདེན་པ་གཞན་གང་དང་གང་གི་ཆེད་ང་ཚོས་ཨུ་ཚུགས་བྱེད་དགོས་སམ།

ལན། དབུ་མའི་ལམ་ནི་སྲིད་བྱུས་ཤིག་ཡིན་པ་དང་། བདེན་པའི་ཨུ་ཚུགས་ནི་ཐབས་ལམ་ཞིག་ཡིན་པས། དེ་གཉིས་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རང་བཞིན་ལས། མཚུངས་བསྡུར་རམ་གདམ་ཁ་འོས་པའི་སྲིད་བྱུས་ཐ་དད་པ་གཉིས་མིན། དེ་སྔོན་ཕྱི་ལོ་ ༡༩༩༠ ནང་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལམ་རིམ་སྐབས་གདམ་བྱའི་དོན་ཚན་ནང་བདེན་པའི་ཨུ་ཚུགས་ཀྱང་གདམ་བྱ་གཅིག་ཏུ་བཀོད་འདུག་པ་ཚུལ་མཐུན་མིན་ལུགས་སྐབས་དེར་འགྲེལ་བརྗོད་བྱ་རྒྱུ་བྱུང་རུང་། འཛིན་སྐྱོང་ནས་ཡིག་ཆ་འགྲེམས་སྤེལ་ཟིན་སྟབས། བཟོ་བཅོས་མ་ཐུབ་པར་ལུས།

བསྒྲུབ་བྱ་ཇི་འདྲ་ཞིག་ཡིན་རུང་། དེ་སྒྲུབ་པའི་ཐབས་ལམ་བདེན་པ་དང་འཚེ་བ་མེད་པ་ལ་བརྟེན་ནས་འགལ་ཟླའི་ཕྱོགས་ལ་བྱམས་བརྩེའི་བསམ་པ་མ་འདོར་བའི་ངང་རང་གི་མངོན་འདོད་ཨུ་ཚུགས་མཐར་སྐྱེལ་བྱ་རྒྱུ་ལ་བདེན་པའི་ཨུ་ཚུགས་ཞེས་འབོད་ཅིང་། དེ་ནི་སྒྲུབ་བྱེད་ཀྱི་ཐབས་ལམ་ཁོ་ན་ལ་གོ་དགོས། བོད་རང་བཙན་ཕྱི་ལོ་ ༡༩༥༡ བར་འདས་པའི་དུས་ཡུན་ཕལ་ཆེ་བའི་རིང་བདེན་པ་ཡིན་ཡང་། གྲོས་མཐུན་དོན་ཚན་ ༡༧ ལ་མིང་རྟགས་བཀོད་པ་ནས་བཟུང་བདེན་པ་མེད་པར་གྱུར་ཟིན། ད་ལྟའི་གནས་སྐབས་སུ་དངོས་དོན་དང་། ཁྲིམས་དོན། སྲིད་དོན་གསུམ་ཐད་ནས་བོད་ཁམས་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་དབང་འོག་ཡོད་པ་དང་། དེ་ཁྲིམས་མཐུན་ཡིན་མིན་ནི་རྩོད་གཞི་ཅན་ཡིན་ནའང་། དེས་ད་ཡོད་ཀྱི་དངོས་དོན་ལ་བསྙོན་མི་ནུས། རང་བཙན་བསྐྱར་གསོ་བྱ་རྒྱུ་བྱུང་རབས་དང་ཁྲིམས་ལུགས་ཀྱི་ཆ་ནས་བོད་མིར་ཐོབ་ཐང་ཡོད་པ་ཞིག་ཡིན་ནའང་། དངོས་དོན་དང་སྲིད་དོན་གྱི་ཆ་ནས་ཐོབ་ཐང་དེ་བསྒྲུབ་ནུས་པའི་མཚོན་རྟགས་གང་ཡང་མེད། དེས་ན་བོད་མིའི་ད་ཡོད་ཀྱི་དཀའ་ངལ་སེལ་ཐབས་ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལས་ལྷག་པ་ཞིག་མེད་ཅིང་། དེའི་སྒྲུབ་ཐབས་སུ་བདེན་པའི་ཨུ་ཚུགས་ཀྱང་ལག་བསྟར་འོས་མོད། བདེན་པའི་ཨུ་ཚུགས་བྱེད་པོ་འོས་ཆོས་ཚང་བའི་གང་ཟག་བོད་མིའི་ནང་རྙེད་དཀའ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དུ་ལག་བསྟར་བྱེད་བཞིན་པའི་སྲིད་དོན་དང་། དཔལ་འབྱོར། སྤྱི་ཚོགས། ཆོས་རིག ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སོགས་གང་གི་ཆ་ནས་འོས་འཚམས་མིན་པ་བདེན་པ་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཡོངས་རྫོགས་ལག་བསྟར་དགོས་པ་དང་། ལག་བསྟར་ཐུབ་པའང་བདེན་པ་ཡིན་པས། བདེན་པ་འདི་གཉིས་ཀྱི་ཆེད་ང་ཚོས་ཨུ་ཚུགས་བྱེད་དགོས།

༩༽ དེང་སང་རང་རེ་ཆོས་ལུགས་པའི་ནང་དུ་ཡང་ནང་ཆོས་ནི་སྒེར་གཅོད་བྱེད་པའི་ཐབས་ལམ་ཞིག་དང་།ཆོས་པ་ཚོ་ནི་རང་ལྟ་མཆོག་འཛིན་ཆེ་བའི་མི་སྣ་ཞིག་ཏུ་བརྩིས་ཏེ་ཆོས་ལུགས་དད་མོས་དེ་གང་ཟག་སྒེར་གྱི་གནད་དོན་ཞིག་ཏུ་མ་གྱུར་པའི་བར་ཡ་ང་སྙིང་རྗེ་མེད་པའི་དགག་རྒྱག་དང་འཐབ་རྩོད་བྱེད་དགོས་ཟེར་བཞིན་འདུག་པས་དེར་དགོངས་ཚུལ་གང་ཡོད་དམ།

ལན། རང་རེའི་ཆོས་ལུགས་པའི་ནང་དེ་འདྲའི་བསམ་ཚུལ་ཡོད་མཁན་ཁོ་བོས་ད་བར་མཐོང་ཐོས་མ་བྱུང་། སྤྱིར་ལུང་རྟོགས་ཀྱི་ཆོས་གཉིས་ཀ་གང་ཟག་སྒེར་སོ་སོས་ཐོས་བསམ་སྒོམ་སྒྲུབ་ཀྱིས་འཛིན་དགོས་པ་ལས། དངོས་རྫས་ལྟ་བུ་སྤྱི་ལ་དབང་བའི་བསྟན་པ་སྤྱི་མཚན་པ་ཞིག་འཇོག་རྒྱུ་མེད་པ་བདེན་ནའང་། མིའི་འགྲོ་བ་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་པ་མ་ཟད། བཤད་སྒྲུབ་གཉིས་ཀ་སྤྱི་ཚོགས་དང་མ་འདྲེས་པར་གང་ཟག་སྒེར་གཅིག་གིས་ཡན་གར་ཡོང་ཐབས་མེད་པ་མཐོང་ཆོས་སུ་གྲུབ། “ཆོས་ལུགས་དད་མོས་དེ་གང་ཟག་སྒེར་གྱི་གནད་དོན་ཞིག་ཏུ་གྱུར་པའི་བར་ཡ་ང་སྙིང་རྗེ་མེད་པའི་དགག་རྒྱག་དང་འཐབ་རྩོད་བྱེད་དགོས་” ཞེས་ཆོས་མེད་དམར་པོའི་རིང་ལུགས་པ་ཞིག་གིས་བརྗོད་པར་འོས་ཀྱང་། ཆོས་ལུགས་པར་ཁས་འཆེས་ཏེ་འདི་ལྟར་བརྗོད་ན་རང་ཉིད་ཆོས་ལུགས་པ་མིན་པའི་དངོས་རྟགས་རེད། རིགས་རུས་དང་། གྲལ་རིམ་སོགས་ཀྱི་འགལ་ཟླ་ལས་བྱུང་བའི་སྤྱི་ཚོགས་ཀྱི་རྙོག་འཛིངས་ལ་ཆོས་ལུགས་དབར་གྱི་རྙོག་འཛིངས་སུ་འཁྲུལ་པའམ། འཁྲུལ་དུ་འཇུག་སྟེ་དེ་ལ་ཆོས་ལུགས་ཀྱི་བཟོད་བསྲན་མེད་པར་སྒྲོ་བཏགས་པ་ནི་དེང་རབས་ཀྱིས་བསྐྲུན་པའི་རྨོངས་དད་ཅིག་ཡིན། ཆོས་པ་ཡིན་ན་བཟོད་བསྲན་མེད་པ་མི་རུང་ཞིང་། བཟོད་བསྲན་མེད་ན་ཆོས་པ་ཡིན་མི་སྲིད་པའི་དངོས་དོན་མ་རྟོགས་པར་ཆོས་དང་གང་ཟག་དབྱེ་བ་མ་ཆོད་པའི་བྱུང་རྒྱལ་བ་དེ་རིགས་ཀྱིས་གོང་གསལ་གནས་ཚུལ་དེ་དག་བསམ་བརྗོད་བྱ་སྲིད།

༡༠༽ ད་ལྟའི་བོད་མིའི་གྲངས་འབོར་ལ་བསམ་ན་གྲྭ་བཙུན་གྱི་གྲངས་འབོར་དེ་ཉུང་ངུ་མིན་པས་དེའི་ཐད་སེམས་ཕྲལ་མེད་མོད། གྲྭ་བའི་སྤུས་ཚད་ཀྱི་ཕྱོགས་ནས་བློ་ཡིད་ཚིམ་པ་ཞིག་ཡོང་གི་མེད་པའི་ཐོག་དགོན་སྡེ་ཁག་ཏུ་ཡང་བརྟན་ཆགས་རང་བཞིན་གྱི་སྒྲིག་ཁྲིམས་ལག་བསྟར་བྱེད་པར་དཀའ་ངལ་ཕྲད་བཞིན་འདུག་པས། དེའི་ཐབས་ཐད་ཐབས་ལམ་ཅི་འདྲ་ཞིག་ལག་ལེན་བསྟར་ན་བཟང་ངམ།

ལན། གནས་ཚུལ་འདི་ཆོས་དད་ཡོད་མཁན་ཡོངས་དང་། ལྷག་པར་རབ་ཏུ་བྱུང་བ་རྣམས་ཀྱིས་ཐུགས་སྣང་དང་དོ་ཁུར་ཤུགས་ཆེ་ངེས་པར་དུ་གནང་དགོས་ཤིག་རེད། འོན་ཀྱང་ཁོ་བོར་ཐབས་ལམ་འདི་འདྲ་ཞིག་ཡོད་ཅེས་མིག་འཕྲུལ་གྱི་དབྱུག་པ་ལྟ་བུ་གང་ཡང་བསྟན་རྒྱུ་མེད། རིས་མེད་ཆོས་ལུགས་ཆོས་བརྒྱུད་ཁག་གི་ཚོགས་ཆེན་སྔ་རྗེས་མང་པོའི་ནང་ཐབས་ལམ་དང་མཛད་ཕྱོགས་ཇི་དགེ་གྲོས་ཆོད་གྲངས་མང་འཇོག་གནང་ཡོད་པ་དེ་དག་ཕྱག་བསྟར་ཡོང་ཐབས་གནང་གལ་དང་། དགོན་སྡེ་སོ་སོས་གྲྭ་བཙུན་གྱི་གྲངས་འབོར་ལ་གཙིགས་སུ་མ་བྱས་པར། སྤུས་ཚད་ལ་གལ་ཆེར་བརྩིས་ཏེ་ཁྲིམས་སྒྲིག་དམ་ནོན། མཁན་སློབ་དགེ་བཤེས་རྣམས་ཀྱིས་རང་རང་གི་མཛད་སྤྱོད་ཆོས་མཐུན་གྱི་ཐོག་གཞན་ལ་སློབ་སྟོན་ནན་ཟབ། རབ་བྱུང་རྣམས་ལ་དགོས་མཁོ་ལས་ལྷག་པའི་དཔལ་འབྱོར་གྱི་འབྱུང་ཁུངས་དང་བེད་སྤྱོད་བཀག་འགོག་བྱ་རྒྱུ་བཅས་གལ་ཆེར་མངོན།

༡༡༽ དེང་སང་འགའ་རེས་བོད་ཀྱི་རབ་བྱུང་བའི་སྡེས་ཆབ་སྲིད་ཀྱི་ལས་འགུལ་སྟེ། དཔེར་ན། སྐད་འབོད་བྱེད་པ་དང་། ཁྲོམ་སྐོར་བྱེད་པ་སོགས་ཆབ་སྲིད་ཀྱི་ལས་འགུལ་ནང་མ་ཞུགས་ན་བཟང་རབས་བཤད་ཀྱི་འདུག ཡང་འགའ་རེས་གཉན་འཕྲང་ཅན་གྱི་དུས་རབས་འདིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་བྱེད་དགོས་ཟེར་གྱི་འདུག་པས་དེར་དགོངས་ཚུལ་ཅི་ཡོད་དམ།

ལན། སྟོན་པ་ཐུགས་རྗེ་ཅན་གྱིས་རབ་ཏུ་བྱུང་བའི་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ནོ།། ཞེས་ཚིག་ཐག་ཆོད་པོས་བཀའ་བསྩལ་བ་དེ་དག་ཚད་མར་འཛིན་མཁན་ཞིག་ཡིན་ན། གཉན་འཕྲང་ཅན་གྱི་དུས་རབས་འདིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་བྱ་དགོས་སྨོས་མེད་ཀྱང་། རབ་བྱུང་གིས་ཕྱར་གྲུ་འདེགས་ཕྱོགས་ཆོས་བཞིན་འདུལ་བ་བཞིན་གནང་རྒྱུ་དེ་རང་མ་གཏོགས། འདུལ་ཁྲིམས་དང་འགལ་བའི་བྱ་བ་གང་བྱས་ཕྱར་བ་འདེགས་རྒྱུའི་ཚབ་ཏུ་ཕྱར་བ་ས་ལ་འཕེན་པ་དང་ཁྱད་པར་མེད། སྐབས་རེ་མི་རིགས་ཀྱི་མངོན་འདོད་མཚོན་ཆེད་ཁྲོམས་སྐོར་ལྟ་བུ་བྱེད་དགོས་བྱུང་ཡང་། ཆོས་གོས་རྣམ་གསུམ་སོགས་རབ་ཏུ་བྱུང་བའི་ཆ་ལུགས་མ་ཉམས་པའི་ངོས་ཞི་འདུལ་བག་ཡོད་དང་བ་འདྲེན་པའི་སྒོ་ནས་གནང་རྒྱུ་ལས། ཆས་གོས་ཡ་མ་ཟུང་མུ་ཅོར་སྐད་འབོད་སོགས་ཀྱི་ལམ་ནས་རང་གཞན་ཀུན་གྱི་དགེ་རྩ་འཇོམས་བྱེད་ཁོང་ཁྲོའི་རྣམ་འགྱུར་སྟོན་པ་བཅས་ནི་ཆབ་སྲིད་དང་མི་རིགས་ཀྱི་ལ་ཞེན་དང་། སངས་རྒྱས་ཀྱི་བསྟན་པ་གཉིས་ཀར་དེ་ལས་གནོད་ཚབས་ཆེ་བ་ཅི་ཞིག་ཡོད།

༡༢༽ རིན་པོ་ཆེ་མཆོག་ནས་ད་ལྟའི་བར་རྒྱ་གར་ནང་རིག་གཞུང་དང་འབྲེལ་བའི་ཕྱག་ལས་གནང་ཞོར་རྒྱ་གར་གྱི་མཁས་པ་མང་པོ་ཞིག་དང་བགྲོ་གླེང་བྱེད་མྱོང་བའི་ཉམས་མྱོང་གི་ཆ་ནས་རྒྱ་གར་མཁས་པ་རྣམས་ཀྱིས་བོད་མི་དང་། བོད་ཀྱི་རིག་གནས་ལ་ངོས་འཛིན་ཅི་འདྲ་ཞིག་བྱེད་ཀྱི་འདུག་གམ།

ལན། རྒྱ་གར་ས་ཁྱོན་ཆེ་ཞིང་། མི་འབོར་ཧ་ཅང་མང་བའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱ་གར་མཁས་པ་རྣམས་ཀྱི་ནང་བོད་མི་དང་བོད་ཀྱི་རིག་གནས་མཁྱེན་རྟོགས་ཡོད་མཁན་བརྒྱ་ཆ་ཧ་ཅང་དམའ། མཁྱེན་རྟོགས་ཡོད་མཁན་རྣམས་ཀྱིས་བོད་མི་དང་བོད་ཀྱི་རིག་གནས་ལ་ཆེ་མཐོང་དང་དགའ་གུས་ཤིན་ཏུ་ཆེ་ཞིང་། བོད་ཀྱི་རིག་གནས་ནི་རྒྱ་གར་གྱི་རྩ་ཆེའི་གནའ་བོའི་རིག་གནས་ད་ལྟ་རང་ཡུལ་དུ་ཉམས་ཟིན་པ་ཞིག་ཡིན་པ་དང་། བོད་སྐད་དང་བོད་ཀྱི་རིག་གནས་བརྒྱུད་རྒྱ་གར་གྱི་རིག་གནས་ཉམས་གསོ་བྱེད་དགོས་པའི་ཚོར་སྣང་གཏིང་ཟབ་ཡོད།

༡༣༽ ཆོས་སྲིད་ཀྱི་ལྟ་ཚུལ་ཐད་སྐྱེ་བོ་ཕལ་ཆེ་བས་དེ་གཉིས་འགལ་བ་ལྟ་བུར་ལྟ་བཞིན་འདུག་ནའང་། འཇམ་མགོན་ས་པཎ་གྱིས། རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །ཞེས་ཆོས་སྲིད་གཉིས་འགལ་བ་མེད་པར་གསུངས་པ་དང་། རིན་པོ་ཆེ་མཆོག་ནས་ཀྱང་། དེ་སྔོན་བཀའ་ཁྲིད་ཐུགས་འགན་བཞེས་དུས་འཛི་སྐྱོང་ཐམས་ཅད་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པ། བཅས་ལྟ་གྲུབ་གསུམ་གཞིར་བཞག་ནས་བསྐྱངས་གནང་ཡོད། དེས་ན་རིན་པོ་ཆེ་མཆོག་གིས་དགོངས་པ་བཞེས་ཕྱོགས་ག་འདྲ་ཡིན་ནམ།

ལན། སྟོན་པ་ཐུགས་རྗེ་ཅན་གྱིས་སྐབས་དེའི་རྒྱ་གར་གྱི་རྒྱལ་པོའམ། སྲིད་ཀྱི་མགོ་ཁྲིད་རྣམས་ལ་ “ཆོས་དང་མཐུན་པར་ཆོས་ཀྱིས་རྒྱལ་སྲིད་སྐྱོངས་ཤིག” ཅེས་གསུངས་པར་གཞིགས་ན། ས་པཎ་གྱི་དགོངས་པའང་དེ་དང་བསྟུན་པར་སྣང་། སྐྱེ་བོ་ཕལ་ཆེ་བས་ཆོས་སྲིད་འགལ་བར་ལྟ་བ་ནི་སྲིད་དོན་ནག་པོ་མ་གཏོགས། ཆོས་མཐུན་གྱི་ཆབ་སྲིད་ཅིག་སྐྱོང་རྒྱུ་ཡོད་པ་མ་ཤེས་པའི་དབང་གིས་ཡིན། བོད་ཀྱང་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པ་ནས་བཟུང་། ཆོས་རྒྱལ་རིམ་བྱོན་གྱིས་ཆོས་སྲིད་གཉིས་ལྡན་ནམ་ཆོས་སྲིད་ཟུང་འབྲེལ་ཞེས་པའི་བརྗོད་ཚིག་དེ་དངོས་དོན་ལག་བསྟར་ཐུབ་མིན་ལ་མ་ལྟོས་པར་བེད་སྤྱོད་རྒྱུན་ཆགས་སུ་བྱས་ཡོད། ཆོས་རྒྱལ་མྱ་ངན་མེད་སྐུ་གཤེགས་པའི་རྗེས་ཉིན་བདུན་རྒྱལ་སྲིད་དགེ་འདུན་གྱིས་བསྐྱངས་པ་དང་། ཕྱི་ལོ་བརྒྱ་ཕྲག་ ༡༠/༡༡ ནང་གསེར་གླིང་དུ་དགེ་སློང་ཆོས་ཀྱི་གྲགས་པས་སྲིད་སྐྱོང་བ་སོགས་ཀྱི་བྱུང་རབས་ཡོད་པ་བཞིན། བོད་དུའང་ས་སྐྱ་དང་། རྒྱལ་དབང་སྐུ་ཕྲེང་སོགས་དགེ་སློང་གིས་ཆབ་སྲིད་སྐྱོང་བའི་ལམ་སྲོལ་དར་བ་འདིས་ཆོས་སྲིད་མི་འགལ་བའི་སྐབས་ཡོད་པ་ཅི་ནས་ཀྱང་ཁས་བླང་དགོས་ཤིང་། གཱནྡཱིས་རྒྱལ་ཁབ་དང་ཆབ་སྲིད་ཀྱི་འཛིན་སྐྱོང་འཚེ་བ་མེད་པའི་ལམ་ཁོ་ནས་བསྐྱངས་ཐུབ་པའི་དཔེ་མཚོན་གསལ་སྟོན་གནང་བ་དེས་ཀྱང་གོང་སྨོས་གནས་བབ་ལ་སྒྲུབ་བྱེད་ཐོབ་ཡོད།

༡༤༽ ཤེས་ཡོན་སྲིད་ཅུས་གསར་པ་དེའི་ཐོག་རིན་པོ་ཆེས་ ༡༩༨༤ ལོས་ནས་བཟུང་ཐབས་འཚོལ་གྱིས་མཐར་ ༢༠༠༤ ལོར་གྲོས་ཚོགས་བརྒྱུད་གཏན་འབེབས་གནང་སྟེ་དེའི་འབྲས་བུ་ཡང་གཟེངས་སུ་ཐོན་བཞིན་ཡོད། འོན་ཀྱང་ད་ལྟའི་སྲིད་སྐྱོང་གིས་རིན་པོ་ཆེ་མཆོག་ནས་མ་འོངས་ལས་དོན་གང་ནའང་འགྱུར་བ་གཏོང་དགོས་ན་ཆོག་པའི་བཀའ་སློབ་ལུང་དྲངས་ཏེ། ཤེས་ཡོན་སྲིད་ཅུས་གསར་པར་འགྱུར་བ་བཏང་ན་ཁྲིམས་སྲོལ་གྱི་སྒོ་ནས་དང་། རིན་པོ་ཆེའི་ངོས་ནས་དགོངས་ཚུལ་གང་ཡོད་དམ།

ལན། མང་གཙོའི་ལམ་སྲོལ་ནང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་སོ་སོས་རང་རང་གི་ལས་དུས་སྐབས་སྲིད་བྱུས་དང་ལས་འཆར་འགྱུར་བ་གཏང་རྒྱུའི་ཐོབ་ཐང་དང་འགན་དབང་ཡོད། ཕྲན་གྱི་གཏམ་བཤད་ལུང་དྲངས་མིན་ལ་མ་ལྟོས་པར། ད་ལྟའི་འཛིན་སྐྱོང་གིས་འཛིན་སྐྱོང་སྔོན་མའི་སྲིད་བྱུས་དང་ལས་འཆར་གང་ཡང་འགྱུར་བ་གཏོང་དགོས་གཟིགས་ཚེ། གཏོང་གནང་མཛད་ཤག་རེད། ད་ལྟའི་ “བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་” འདི་ནི་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ནུས་ལྡན་པའི་སྲིད་བྱུས་ཤིག་ཡིན་སྟབས། འགྱུར་བ་ནམ་དགོས་གྲོས་ཚོགས་བརྒྱུད་གཏོང་གནང་མཛད་དགོས་ཁྲིམས་ཀྱི་དགོས་མཁོར་སྣང་།