མང་གཙོའི་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། །ཚང་མས་དགོངས་པར་མངའ་གསལ་ལྟར། ཕྱི་རྒྱལ་བཙན་འཛུལ་བ་རྒྱ་དམར་དྲག་དཔུང་གིས་ ༡༩༤༩ ནས་འགོ་བརྩམས་ཏེ་རིམ་པས་བོད་ས་ཡོངས་རྫོགས་ཧམ་ཟོས་བཙན་བཟུང་གིས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་སྣུམ་ཟས་མར་མེའི་ངང་ཚུལ་ལྟར་ཛ་དྲག་ཉག་ཕྲའི་སྐབས་སུ་གྱར་བ་ན།བོད་མིའི་འདི་ཕྱིའི་མགོན་སྐྱབས་དཔུང་གཉེན་དམ་པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྔོན་གྱི་ཐུགས་བསྐྱེད་དམ་བཅའི་གོ་ཆ་བཙན་པོས་གངས་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་པའི་རེ་མོས་བཞིན་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འགན་ཕྱག་མཚན་དུ་བདག་གིར་བཞེས་པ་ནས་བཟུང་བོད་ཀྱི་ཆབ་སྲིད་འགྲོ་ལུགས་གང་ཅིར་འཕྲལ་ཡུན་ཕན་བདེའི་གཞི་རྩ་རང་དབང་མང་གཙོའི་ལམ་བཟང་ལ་བཀྲི་བར་མཛད་རྒྱུའི་དགོངས་བཞེས་བཀྲིན་ཆེ་བ་ལྟར། སྤྱི་ཚོགས་ལེགས་བཅོས་ལས་ཁུངས་གསར་འཛུགས་དང་འབྲེལ་བོད་ཀྱི་སྲོལ་རྒྱུན་སྤྱི་དང༌། ཆབ་འབངས་བདེ་ཐབས་འཚོ་གཟིགས་ཆེད་དེང་དུས་འཛམ་གླིང་སྤྱིའི་འགྲོ་ལུགས་དང་འཚམས་པའི་ལེགས་བཅོས་སྒྱུར་བཀོད་སྒོ་ཀུན་ནས་བསྐྱངས་མུར་རྒྱ་དམག་དྲག་དཔུང་འགོ་བྱེད་རྣམས་ནས་འགལ་རྐྱེན་སྣ་ཚོགས་བྱུང་བར་མ་ཟད། མཐར་བོད་ལྗོངས་བསྟན་སྲིད་རང་དབང་སླར་གསོའི་ཆེད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་མ་ཕེབས་མཐུ་མེད་བྱུང་ཞིང༌། རང་ཡུལ་བྲལ་ཏེ་མི་ཡུལ་དུ་གྱར་བའི་སྐྱབས་བཅོལ་བའི་གནས་སྟངས་ཡ་ང་མཐའ་སྐྱོའི་དཀའ་ངལ་ཇི་སྙེད་ཅིག་ཡོད་ནའང་དེ་དག་ལ་འཇིགས་ཞུམ་བག་ཚ་མེད་པར་སྔོན་གྱི་དགོངས་བཞེད་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེ་ ༢ ཉིན་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་འདེམས་བསྐོ་དམ་ཕུལ་གྱིས་མང་གཙོའི་སྲིད་གཞུང་དབུ་བརྙེས་ཤིང༌། དེ་ནས་བཟུང་མི་མང་འཐུས་མི་ལྷན་ཚོགས་ཀྱིས་བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་ལས་དོན་གང་ཅིར་སྟངས་འཛིན་བྱེད་འགོ་ཚུགས་པ་མ་ཟད། དེ་རྗེས་མ་འོངས་བོད་ཀྱི་རྩ་ཁྲིམས་རིན་པོ་ཆེའི་ཟིན་བྲིས་རྒྱས་བསྡུས་སྔ་རྗེས་སུ་གསལ་བསྒྲགས་བསྐྱངས་པས་མཚོན་རང་དབང་མང་གཙོའི་གཞི་རྩ་ལེགས་པར་ཚུགས་ཤིང༌། ལྷག་པར་ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་བོད་གཞུང་གི་བཀའ་བློན་རྣམ་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྔར་ལམ་བཞིན་ཡེ་ཤེས་དབྱིངས་དཔྱད་ཐད་བསྐོ་སྤྱི་བསྩལ་མ་ཡིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་རྒྱུ་གནང་བ་དང༌། དེ་དང་ཆབས་ཅིག་སྐབས་བཅིུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གྲངས་སྤར་མཛད་པ་སོགས་དུས་བསྟུན་བཀོད་སྒྲིག་མཛད་དོན་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རྒྱུན་ལོ་ལྔ་ཚན་གཅིག་རིང་གཙོ་ཆེ་བ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གསལ་བསྒྲགས་གྲུབ་པ་དང༌། བཅའ་ཁྲིམས་དགོངས་དོན་རྗེས་འབྲེལ་བཀའ་ཤག་གིས་གཙོས་འཛིན་སྐྱོང་སྒྲིག་གཞི་ཁག བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་ཀྱིས་གཙོས་དངུལ་རྩིས་སྟངས་འཛིན་སྒྲིག་གཞི་ཁག་སོགས་སྒྲིག་གཞི་ཆེ་ཆུང་གྲངས་ ༢༠ སྐོར་ཕྱོགས་བསྒྲིགས་གཏན་འབེབས་གྲུབ་སྟེ་ལག་ལེན་བསྟར་མུས་སོགས་དོན་སྙིང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་ལས་དོན་གང་ཅི་སྐྱེ་བོ་བྱེ་བྲག་པའི་དབང་འཛིན་བཀོད་བྱུས་འོག་འགྲོ་རྐྱང་མ་ཡིན་པར་ཁྲིམས་ལུགས་དབང་འཛིན་གྱིས་ཁྱབ་པ་སོགས་བཙན་བྱོལ་བའི་གནས་སྟངས་ལ་གཞིགས་ཏེ་མང་གཙོ་ཡར་རྒྱས་མདུན་འཆོངས་ཆེན་པོ་ཞིག་རྒྱག་ཐུབ་པ་བཅས་ད་བར་གྱི་མང་གཙོའི་འཕེལ་རིམ་མདོར་བསྡུས་ཙམ་དང༌། འདི་དག་ནི་གཙོ་ཆེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དུས་གསུམ་གསལ་གཟིགས་རླབས་ཆེན་མཛད་འཕྲིན་ཁོ་ན་ལས་བྱུང་བ་ཞིག་ལ་བརྟེན་བཀའ་དྲིན་རྗེས་དྲན་ཡང་ཆབས་ཅིག་ཞུ་དགོས་པ་ཡིན།

འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་རྒྱལ་རབས་ལོ་རྒྱུས་དེབ་ཐེར་ཁག་ལ་ཉམས་ཞིབ་བྱས་ཚེ་འཛམ་གླིང་ནང་ཆབ་སྲིད་ཀྱི་སྲོལ་རྒྱུན་རིང་ལུགས་མང་པོའི་ཁྲོད་ནས་ཆེས་བསྔགས་པར་འོས་པ་མང་གཙོའི་རིང་ལུགས་སུ་འཕོ་འགྱུར་གྱི་བརྒྱུད་རིམ་ནང་མི་རབས་མང་པོའི་རིང་དཀའ་ཐུབ་སྒེར་ལངས་ཀྱི་འཐབ་རྩོད་ལས་འགུལ་ཐོག་དབང་བྱུས་བརྒྱུད་འཛིན་པས་དབང་ཤུགས་དྲག་གནོན་འོག་མི་གསོད་ཁྲག་སྦྱོར་གྱིས་ཁེངས་ཤིང༌། སྐྱེ་བོ་དུ་མའི་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་བཏང་བྱས་འབྲས་རྒྱལ་ཁ་རླབས་པོ་ཆེ་ཞིག་ཐོབ་འདུག་པ་དེ་ལྟར་ཡང༌། རང་ཅག་བོད་མིའི་ད་ལྟའི་མང་གཙོའི་རིང་ལུགས་ནི་བྱམས་ལྡན་ཕ་མས་རང་གི་ཕྲུ་གུར་ཇི་ལྟར་གཅེས་སྐྱོང་བྱས་པ་བཞིན། ྋགོང་ས་མཆོག་ནས་བོད་མི་མང་གི་བགོ་སྐལ་དུ་དགྱེས་བརྩེས་གསོལ་བསྩལ་བདེ་བླག་ཏུ་སོན་པ་ཞིག་ལ་སོང༌། བསླབ་བྱ་བརྒྱ་ལས་སྣ་སུན་གཅིག་དྲག་པའི་དཔེ་ལྟར། མང་གཙོ་འདིའི་རིན་ཐང་དང་གལ་གནད་ཇི་བཞིན་མ་རྟོགས་པའི་ཉེན་ཁ་ཡང་ཡོད་སྟབས་རང་རེ་ཚང་མས་ཡིད་གཟབ་དགོས་པ་མ་ཟད། རང་རིགས་ལ་ལའི་བསམ་པར་མང་གཙོའི་རིང་ལུགས་ནང་མགོ་མཇུག་འཛེམས་ཟོན་གང་ཡང་མེད་པར་རང་དགར་གང་འདོད་ལྟར་བྱ་ཆོག་པ་དང༌། མང་གཙོའི་ཁེ་དབང་ཁོ་ན་ལོངས་སྤྱོད་བྱ་རྒྱུ་ལས། ལས་འགན་བསྒྲུབ་བྱའི་བསམ་བློ་གང་ཡང་མེད་པ་ཡོང་འདུག་པ་འདི་ནི་མང་གཙོའི་ལྟ་གྲུབ་དང་ཡོངས་སུ་འགལ་བས་བསམ་ཞིབ་བྱ་དགོས་པ་དང༌། འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་མང་གཙོའི་འགྲོ་ལུགས་སྤྱི་དང༌། བྱེ་བྲག་ཏུ་རང་རེའི་མང་གཙོ་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོ་གྱུར་སྒྲིག་གཞི་ཁག་ལ་སློབ་སྦྱོང་དོན་གཉེར་གནང་སྟེ་མང་གཙོ་སྲ་བརྟན་ཡར་རྒྱས་འབྱུང་ཐབས་སུ་དགེ་འདོན་ཉེས་ཞིའི་བསམ་ཚུལ་ལྷུག་འདོན་བྱ་རྒྱུས་མཚོན་སྤྱི་དོན་ཐོག་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་ནི་བོད་རིགས་སུ་གཏོགས་ཚད་ཚང་མའི་འོས་འགན་གལ་ཆེ་ཞིག་ཡིན། ད་ལམ་སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་ནས་རང་རིགས་འདུ་སྡོད་ས་ཁུལ་ཁག་ནང་མང་ཚོགས་ལ་འཚམས་འདྲིའི་གཟིགས་བསྐོར་དང༌། མང་གཙོ་དང་འབྲེལ་བའི་ཆབ་སྲིད་ལམ་སྟོན། སྤྱི་བྱེའི་དྲིལ་བསྒྲགས་སློབ་གསོ་བཅས་ཀྱི་ཆེད་ཕྱི་ཟླ་ ༨ ཚེས་ ༡༦ ནས་བཟུང་ཕྱོགས་བགོས་ཀྱིས་རིམ་ཕེབས་གྲུབ་ཅིང༌། སྔོན་དུ་ཕྱི་ཟླ་ ༧ ཚེས་ ༦ ཉིན་རྒྱལ་བའི་འཁྲུངས་སྐར་དུས་ཆེན་མཛད་སྒོའི་སྐབས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཁོངས་སྐབས་བཅིུས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རྒྱུན་ལོ་ལྔ་ཚན་གཅིག་གི་རིང་བསྒྲུབ་བྱའི་མ་འོངས་བྱེད་འཆར་དོན་ཚན་དྲུག་ལྡན་ཞིག་བཀོད་འགྲེམས་ཞུས་ཡོད་ཁོངས་ནས་གཤམ་གསལ་དོན་གནད་ཁག་ལ་འཇུག་གནོན་འགྲེལ་བརྗོད་དགོས་པའི་བཀོད་མངགས་ཞུས་ཡོད་པ་དང༌།

དོན་ཚན་དྲུག་གི་ཁོངས་ནས་དང་པོ་ནང་གསལ། བཅའ་ཁྲིམས་དགོངས་དོན་ལྟར་བོད་མི་འདུ་སྡོད་ཁག་ཚང་མར་ས་གནས་གྲོས་ཚོགས་འཛུགས་རྒྱུ་ནི་མང་གཙོའི་རྨང་གཞི་གལ་ཆེར་སོང་དགོས་འཛུགས་ཟིན་རིགས་ལ་ལས་འགན་སྒྲུབ་ཕྱོགས་སྔར་ལྷག་ཚགས་ཚུད་ཡར་རྒྱས་དང༌། མེད་རིགས་ལ་འཕྲལ་ཚུགས་དང་འབྲེལ་དོན་སྙིང་མང་མོས་འདེམས་ཐོན་བྱུང་བའི་འཐུས་མི་རྣམས་ནས་ས་ཁུལ་སོ་སོའི་ལས་དོན་ཐོག་དབང་བྱུས་སྟངས་འཛིན་ཁུར་ལེན་ཆེ་ཙམ་གྱིས་ཕྱར་གྲུ་མཉམ་འདེགས་ཐུབ་ཐབས་ལམ་སྟོན་ཤུགས་སྣོན་ཆེ་བསྐྱེད་བྱ་ཕྱོགས་དང༌།

དོན་ཚན་ལྔ་པ་ནང་གསལ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་༢་ གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་བཀའ་སློབ་གསུང་འཕྲིན་སྔ་རྗེས་རིམ་པའི་ནང་མ་འོངས་བོད་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇི་དགེ་མང་མོས་ཐག་གཅོད་འོས་བསྡུ་མཛད་བཞེད་ལྟར། རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་དཔྱད་གཞིར་ལམ་སྟོན་གདམ་བྱ་དོན་ཚན་བཞི་ལྡན་འཆར་གཞི་དེབ་ཆུང་ཞིག་བཀའ་སྤྱི་ཐུན་མོང་ནས་བྱེད་སྒོའི་ལམ་སྟོན་བཀོད་རྒྱ་དང་སྦྲགས་བོད་མི་འདུ་སྡོད་ཕྱི་ནང་ཡུལ་གྲུ་གང་སར་རྒྱ་ཁྱབ་ཏུ་འགྲམས་སྤེལ་བགྱིས་ཤིང༌། རང་རིགས་ཤེས་མྱོང་ལྡན་པའི་མཁས་དབང་རྣམས་དང༌། མང་ཚོགས་བཅས་ཀྱིས་འཆར་ཟིན་ཐོག་སློབ་སྦྱོང་དང་འབྲེལ་གོ་བསྡུར་སྦྱངས་བཤད་ཞིབ་ལྷུག་ཏུ་གནང་སྟེ་ནང་ཁུལ་བསམ་ཚུལ་གོ་རྟོགས་སྤེལ་རེས་དང༌། བགྲོ་གླེང་ཚོགས་འདུ་སོགས་མུ་མཐུད་གནང་ཕྱོགས་ཇི་དགེ

དོན་ཚན་དྲུག་པ་ནང་གསལ། དེང་སྐབས་རང་རེའི་རྩ་དོན་ཐོག་རྒྱལ་སྤྱིའི་༣་ ཁྱོན་ཡོངས་ནས་བདེན་རྒྱབ་ཤུགས་སྣོན་ཇེ་ཆེར་འགྲོ་བའི་དུས་འདིར་དགྲ་ཕྱོགས་ནས་བསམ་སྦྱོར་འགལ་རྐྱེན་བཟོས་དང་བཟོ་བཞིན་པ་མ་ཟད། བོད་མིའི་སྤྱི་མཐུན་གོང་བུའི་ནུས་ཤུགས་ཉམས་དམས་སུ་གཏོང་བའི་དབྱེན་སྦྱོར་དཀྲུག་ཤིང་བཟོ་ཐབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པས་གཞུང་མང་ཚང་མས་སྔར་ལྷག་སྦིར་གསང་དོད་པོ་དགོས་སྐོར།

དེ་བཞིན་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་གནས་སྟངས་དང་འཛམ་༤་ གླིང་ཁྱོན་ཡོངས་ལ་སྤྱི་ནོར་ྋགོང་ས་མཆོག་གི་མཛད་འཕྲིན་དར་ཁྱབ་ཇི་ལྟར་འགྲོ་ཚུལ། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན། རྒྱ་གར་གྱི་ཡུལ་ཁྲིམས་ལ་སྲུང་བརྩི་དང༌། ཡུལ་མི་ཚོར་མཐུན་འབྲེལ་དགོས་པའི་བཀོད་ཁྱབ་ཞུས་དོན་ལྟར་མང་ཚོགས་ནས་ཕྱར་གྲུ་མཉམ་འདེགས་ཡོང་བ་ཞུ་རྒྱུ་བཅས། མཐའ་དོན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཛད་འཕྲིན་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།། ༡༩༩༦ ཕྱི་ཟླ་ ༩ ཚེས་ ༢ ཉིན།