༈ ཝཱ་ཎ་གཙུག་ལག་སློབ་ཁང་གི་ ༥༠ དུས་སྟོན་དུ་ཕེབས་པའི་སློབ་ཟུར་བ་རྣམས་ལ་གནང་བའི་གསུང་བཤད།

༄༅།། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢ རེས་གཟའ་མིག་དམར་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤའི་ཚོགས་ཁང་དུ་ལྔ་བཅུའི་དུས་སྟོན་དུ་མཉམ་ཞུགས་གནང་མཁན་སློབ་ཟུར་རྣམས་ལ་གསུང་བཤད་གནང་ཡོད།

ཐོག་མར་རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། རང་ཅག་རྣམས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བའི་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་མཐོ་རིམ་སློབ་གྲྭའི་ལོ་ ༥༠ འཁོར་བའི་དུས་སྟོན་འདི་དང་སྟབས་བསྟུན་ནས་ཕེབས་སྐབས་རྒྱལ་ཁབ་ཁག་མི་འདྲ་བ་ ༡༢ ཙམ་ནས་ཕེབས་པའི་སློབ་ཟུར་རྣམས་ལ་ལམ་སྟོན་བཀའ་སློབ་ཅིག་སྩོལ་གནང་ཡོང་བ་ཞུ་ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་ནས་ཞེ་ས་མ་ཞུས་ན། བོད་པའི་ཁ་རྒྱུན་ན་ཕྲུ་གུ་ངུ་ས་ཨ་མའི་འགྲམ་ཞེས་པ་ལྟར་ང་ཚོས་སློབ་སྟོན་གྱི་རེ་བ་བཅོལ་ས་དེ་༧སྐྱབས་རྗེ་རིན་པོ་ཆེ་རང་རེད།

ལོ་ ༥༠ སྔོན་ལ་ཐོག་མ་འགོ་ཚུགས་སྐབས་ང་ཚོ་གང་འདྲ་ཡོད་པ་དང་། ད་ལྟ་གང་དུ་སླེབས་འདུག་ཕྱི་མིག་ཅིག་བལྟས་ཏེ་གང་ཟག་སྒེར་ལ་མཚོན་ནའང་རེད། སློབ་གྲྭ་འདིའི་ཕྱིའི་གཙུག་ལག་ཁང་གི་འཛུགས་སྐྲུན་ལ་མཚོན་ནའང་རེད། སྐྱབས་རྗེ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ནང་གི་ལོ་ངོ་ ༣༠ ཐམ་པའི་རིང་སྐུ་ལས་བསྐྱོན་པའི་འབྲས་བུ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།སཱར་ནཱཐ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག  བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག  ངའི་ཕྱག་སྦྲེལ་བཀའ་ཟུར་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག  ཁོང་ནི་བཀའ་ཟུར་ལས་ལྷག་པ་ཚོགས་ཟུར་ཡང་རེད།  དེ་བཞིན་སློབ་ཁང་འདིའི་སློབ་དཔོན་ལས་ཐོག་པ་དང་སློབ་དཔོན་ཟུར་པ།  རྒྱལ་ཁབ་ ༡༢ ཙམ་ནས་དེ་སྔ་ཝཱ་རཱ་ཎ་སིར་སློབ་སྦྱོང་གནང་མྱོང་མཁན་དེ་རིང་ཆེད་མངགས་དོན་གཉེར་ཆེན་པོ་བྱས་ནས་འདིར་ ༥༠ དུས་དྲན་ཐོག་འདུ་འཛོམས་གནང་ཡོད།

གོང་དུ་སློབ་དཔོན་བྱམས་པ་བསམ་གཏན་མཆོག་གིས་གསུངས་པ་ལྟར་སློབ་ཟུར་མཐུན་ཚོགས་ཀྱིས་སྔ་ཕྱི་ཐེངས་གསུམ་ཙམ་ངའི་སར་ཕེབས་ནས་དེ་རིང་ངེས་པར་དུ་ཡོང་དགོས་ཡོད། གནད་འགག་ཡོད་ཅེས་ཨུ་ཚུགས་གནང་བྱུང་། དེ་སྔོན་རིགས་བདག་མཆོག་གི་ཕྱག་བྲིས་གནང་བྱུང་ལ། མཇལ་སྐབས་སུའང་གསུང་གི་འདུག ལྔ་བཅུའི་དུས་སྟོན་གྱི་མཛད་སྒོ་དང་། དེའི་གོང་ཉིན་གཉིས་རིང་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་སུའང་ཡོང་ཐུབ་ན་ཡག་པོ་ཡོད་ཅེས་གསུངས་བྱུང་། སྔ་མོ་ལོ་ན་གཞོན་དུས་དུས་སྟོན་བྱ་རྒྱུར་དགའ་པོ་ཡོད། ད་ཆ་ལོ་ན་རྒས་དུས་སྣང་བ་དེ་ཙམ་མི་འདུག གང་ལྟར་མཛད་སྒོ་ནི་ཆོ་ག་ཕྱག་ལེན་ལྟ་བུ་རེད། བཅར་མི་དགོས་པ་བྱུང་ན་ཞེས་རིགས་བདག་ལ་ཞུས་པ་ཡིན། དེའི་གོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡ ཚེས་ ༥།༦།༧ བཅས་ཉིན་གསུམ་རིང་རྒྱ་གར་བ་ཚོར་གསུང་ཆོས་བསྩལ་རྒྱུ་ལོ་གཅིག་ཙམ་གོང་ནས་ཐུགས་གཏན་འཁེལ་ཡོད།དེ་དང་ཆབས་ཅིག་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་སྤྲུལ་སྐུ་སྐུ་ན་གཞོན་པ་དེ་ཚོས་གསུང་ཆོས་ཞུ་རྒྱུ་དང་ཆབས་ཅིག་རྡོ་རྗེ་གདན་དུ་ཕེབས་རྒྱུ་ཡིན། ང་ཚོ་མཉམ་དུ་ཉིན་ཤས་བསྡད་ནས་གཞུང་ལུགས་ཀྱི་སྐོར་དང་གནས་ཚུལ་རེ་ཟུང་ཐོག་ལ་གོ་བསྡུར་བྱེད་ན་ཞེས་ལས་གཞི་དེ་གཏན་འཁེལ་ཡོད། དེར་བརྟེན་འདིར་བཅར་མི་དགོས་པ་བྱུང་ན་བསམས་པ་རེད། འོན་ཀྱང་ངེས་པར་དུ་ཤོག་གསུངས་པ་མ་ཟད། འདི་ནས་རླངས་འཁོར་བཏང་ནས་ལེན་དུ་བཏང་འདུག དེར་བརྟེན་བཅར་བ་ཡིན།

དེ་རིང་འདིར་བསླེབས་ནས་དགའ་པོ་དང་བློ་འདོད་ཚིམས་པོ་བྱུང་། སློབ་ཟུར་མང་པོ་ཞིག་ཐག་རིང་པོ་ནས་བསླེབས་འདུག བྱང་སྒྲ་མི་སྙན་ནས་ཕེབས་མཁན་མང་པོ་འདུག  ནམ་ཕྱེད་ཉི་མ་ནུབ་པ་དང༌།། ཉི་མ་ཕྱེད་དང་འཆར་དུས་གཅིག།།ཅེས་མཛོད་ནས་གསུངས་པ་ལྟར་ན་ཁེ་ན་ཌ་དང་ཨ་རི་དེ་དག་བྱང་སྒྲ་མི་སྙན་ལྟ་བུ་རེད། འོན་ཀྱང་སྒྲ་མི་སྙན་པ་ལོ་སྟོང་ཕྲག་ཟེར་བ་དེ་འདྲ་ཡིན་མིན་མི་ཤེས། རང་རང་སོ་སོའི་ཐོག་མར་གསན་སྦྱོང་གནང་སའི་ཆོས་སྡེ་དང་སློབ་གྲྭ་ཁག་ལ་རྗེས་དྲན་ལྟ་བུ་གནང་ནས་དེ་རིང་ལོ་ ༥༠ འཁོར་བའི་དུས་སྟོན་དང་སྟབས་བསྟུན་མང་པོ་ཕེབས་ཐུབ་པ་འདི་ཧ་ཅང་ཡག་པོ་རེད།

ཕྱོགས་གཅིག་ནས་ལྷན་རྒྱས་ཚོ་ལོ་མང་རིང་མཇལ་འཕྲད་བྱུང་ཡོད་ཀྱི་མ་རེད། དེར་བརྟེན་གྲོགས་པོ་རྙིང་པ་དེ་དག་ཡང་བསྐྱར་མཇལ་འཛོམས་གནང་རྒྱུ་འདིར་ཨིན་སྐད་ནང་  reunion ཞེས་བརྗོད་ཀྱི་ཡོད། དེ་དང་ཆབས་ཅིག་གསན་བསམ་གནང་བཞིན་པའི་སློབ་ཕྲུག་རྣམས་ལའང་བློ་སྤོབས་སྐྱེ་རྒྱུ་དང་། སེམས་ཤུགས་སྤར་རྒྱུ་ལྟ་བུ་ཡོང་རྒྱུ་རེད། སྤྱིར་བཏང་ཁྱེད་རང་ཚོས་སློབ་གྲྭ་ཐོན་པའི་རྗེས་ལའང་གཙུག་ལག་སློབ་ཁང་འདིའི་སྣོད་བཅུད་གང་གི་ཐད་ནས་ཡར་རྒྱས་དང་གསར་གཏོད་ཇི་སྙེད་བྱུང་བ་དེ་དག་གཟིགས་སྐབས་ཏན་ཏན་དོན་དང་ལྡན་པ་དང་ཕན་ཐོགས་ཡོད་པ་ཆགས་ཡོད་རེད་བསམ་གྱི་འདུག ང་ཚོ་ལོ་མང་པོ་མ་མཇལ་བར་དེ་རིང་མཇལ་སྐབས་བགྲེས་སོང་ཆགས་ནས་ཞལ་མ་ཚོར་བ་དེ་འདྲའང་འགའ་ཤས་བྱུང་། སྔ་མོ་སྐམ་པོ་དེ་ཚོ་རྒྱགས་རིལ་རིལ་ཆགས་འདུག སྔོན་མ་རྒྱགས་པ་དེ་ཚོ་སྐམ་པོ་ཆགས་འདུག  སྔ་མོ་སྐྲ་ནག་པོ་དེ་ཚོ་དཀར་པོ་ཆགས་འདུག འགའ་ཤས་དཀར་པོ་བྱུག་མཁན་དེ་འདྲ་ཡོད་མདོག་ཁ་པོ་རེད།

ཕྱི་ལོ་ ༡༩༥༩ ལོར་བོད་མི་སྐྱབས་བཅོལ་བ་ཁྲི་བརྒྱད་ཡས་མས་ཤིག་རྒྱ་གར་དུ་འབྱོར་བ་རེད། དེ་ཚོས་རྒྱ་གར་ནང་དུ་འཚོ་ཐབས་དང་རང་རང་གི་མི་ཚེའི་འདུན་ལམ་གཉིས་ཀའི་ཐོག་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཡོད།ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོས་ཟུར་ཙམ་བཀའ་བསྩལ་བ་ལྟར་རེད། འབྲུག་ཡུལ་བརྒྱུད་ནས་ཡོང་མཁན་གྱི་བོད་མི་སྐྱབས་བཅོལ་བ་ཚང་མ་བངྒཱལ་གྱི་སྦག་ས་ཌོར་ཞེས་པ་དེར་བསགས་ནས་བཞག་ཡོད། མོན་བརྒྱུད་ནས་ཡོང་མཁན་ཚང་མ་ཨཱ་སམ་མངའ་སྡེའི་ཏེཇ་པུར་རྫོང་གི་མི་ས་མ་རི་ཞེས་པ་དེར་བསགས་ནས་ཐོག་མར་སྐྱབས་བཅོལ་བ་གསོག་སའི་ས་གནས་གཉིས་དང་། དེའི་ནང་ནས་ལོ་གཞོན་པའམ་ལོ་ཉི་ཤུ་རྩ་་གྲངས་མན་ཆད་དེ་ཚོའི་གྲས་སློབ་གྲྭ་ཁག་ལ་གཏོང་རྒྱུའི་འཆར་གཞི་དང་། དར་བབ་དེ་ཚོ་རང་རང་སོ་སོའི་འཚོ་ཐབས་ཀྱི་འདུན་ལམ་གཞིས་ཆགས་ཁག་སྐབས་དེར་གཞི་ནས་འགོ་འཛུགས་རྒྱུ་ཡིན་སྟབས་མང་ཆེ་བ་ལམ་བཟོར་བཏང་བ་རེད། རྒན་འཁོགས་ནད་གཅོང་དེ་དག་རྒས་གསོ་ཁང་དང་སྨན་བཅོས་སོགས་གནང་ཡོད།དེའི་ནང་ནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བཤད་གྲྭ་གདན་ས་ཁག་གི་ནང་སློབ་གཉེར་གནང་བཞིན་པ་དེ་དག་ལམ་བཟོ་དེ་འདྲར་འགྲོ་མི་དགོས་པར་སློབ་གཉེར་མུ་མཐུད་ནས་གནང་རྒྱུ་བྱུང་ན་དགོངས་པ་དེ་༸རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་ནང་ལའང་ཡོད་པ་ཞིག་རེད། ས་གནས་སོ་སོར་འབྱོར་ཟིན་པའི་སློབ་གཉེར་བ་དེ་ཚོས་སྙན་ཞུ་ཕུལ་བ་དེ་འདྲ་བྱས་ནས་ཐོག་མ་སློབ་གཉེར་བ་ ༥༠༠ ཙམ་དང་། དེ་ནས་ ༡༥༠༠ སྤར་ནས་དེ་དག་མུ་མཐུད་ནས་སྦག་སར་བཞུགས་ནས་མི་ས་མ་རིར་ཡོད་མཁན་ཚོ་སྦག་སར་ཟླ་བསྒྲིལ་བཏང་། ཡང་དེའི་ཆ་ཤས་སུ་ཌལ་ཧོར་དུ་སྤོས་པ་དེ་འདྲ་རེད།  སྐབས་དེར་འཕྲལ་སེལ་གྱི་གནས་བབ་དེ་འདྲ་ཞིག་བྱུང་བ་རེད།

གཞིས་ཆགས་དང་ལམ་བཟོ། སློབ་གྲྭར་གཏོང་རྒྱུའི་འཆར་གཞི་དེ་ཚོ་རྒྱ་གར་བ་ཚོར་འགྲེལ་བཤད་རྒྱག་བདེ་པོ་ཡོད།  འོན་ཀྱང་གདན་ས་ཁག་ལ་བཞུགས་ནས་སློབ་གཉེར་བྱེད་མཁན་རེད་ཟེར་བ་དེ་ཚོས་དྲི་བ་གཉིས་ལ་ལན་གང་ཡང་རྒྱག་མ་ཤེས་པ་རེད། སློབ་གཉེར་ལོ་ཇི་ཙམ་བྱེད་དགོས་ཞེས་འདྲི་སྐབས་ལོ་ཉི་ཤུ་སུམ་ཅུ་བྱེད་དགོས་པ་བརྗོད་སྐབས། རྒྱ་གར་བ་ཚོ་ཧང་སངས་ནས་དེ་འདྲའི་དུས་ཡུན་རིང་པོའི་རིང་སློབ་གཉེར་བྱ་རྒྱུ་ཞིག་གང་ཡོད་ཅེས་བློར་ཤོང་དཀའ་བ་ལྟ་བུར་ཆགས་ནས་རྒས་འཁོགས་ཤ་སྟག་རེད་འདུག ཕྲུ་གུ་ཡིན་ན་ལོ་ཉི་ཤུ་སུམ་ཅུ་སློབ་སྦྱོང་བྱེད་ན་རྒྱུ་མཚན་ལྡན་པ་རེད་ཅེས་བསམས་པ་རེད།

གཉིས་ནས་སློབ་གཉེར་བྱས་རྗེས་ཁོང་ཚོར་ལས་ཀ་ཇི་འདྲ་ཞིག་འཐོབ་རྒྱུ་རེད་ཅེས་འདྲི་སྐབས་ལས་ཀ་འཐོབ་རྒྱུ་གང་ཡང་མེད། སློབ་གཉེར་བྱས་ནས་སྒྲུབ་པ་ཉམས་ལེན་བྱ་རྒྱུ་རེད་བརྗོད་སྐབས་སྐད་ཆ་དེ་གཉིས་རྒྱ་གར་བ་ཚོའི་རྣ་བར་འགྲོ་ཐབས་མེད་པ་ལྟ་བུ་ཆགས་པ་རེད། མི་ཚེ་སློབ་གཉེར་བྱ་རྒྱུ་རེད་ཟེར་བ་དང། སློབ་གཉེར་བྱས་ནས་ལས་ཀ་འཐོབ་རྒྱུ་མ་རེད་བརྗོད་པར་ཁོང་ཚོས་མི་ཚེ་གཅིག་གི་རིང་གསོ་ནས་སྡོད་དགོས་རེད་དམ་ཞེས་པའི་བསམ་ཚུལ་དེ་བྱུང་བ་རེད། དེ་འདྲ་བྱས་ནས་འགྲོ་སྐབས་སྦག་སར་དགེ་འདུན་ཞལ་གྲངས་ ༡༥༠༠ འཇོག་རྒྱུ་ཡིན་ནའང་དེར་མཚམས་དང་ཚད་ཡོད་པ་བྱས་ནས་གཙུག་ལག་སློབ་ཁང་གི་ངོ་བོར་བསྒྱུར་ནས་རྒྱུགས་སྤྲོད་དང་ལག་འཁྱེར་བླངས་ཏེ་འགྲོ་དགོས་པ་མ་གཏོགས། མི་ཚེ་ཧྲིལ་པོ་སློབ་གྲྭ་སྡོད་རྒྱུ་ཡིན་ཟེར་བ་ཡོང་ཐབས་མེད་ཅེས་སྦག་ས་དེ་གཙུག་ལག་སློབ་ཁང་དུ་བསྒྱུར་རྒྱུའི་བསམ་ཚུལ་ཞིག་བྱུང་བ་རེད།

དེའི་སྔོན་ནས་ཕྱི་ལོ་ ༡༩༥༦།༥༧ ལོར་བོད་ནང་རྒྱ་མི་འབྱོར་ཟིན་སྐབས་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེ་བོད་དུ་ཐེངས་ཤིག་ད་ལྟའི་དགའ་ལྡན་ཁྲི་ཟུར་རིན་པོ་ཆེའི་དགེ་བཤེས་མཚན་རྟགས་དང་ཆབས་ཅིག་བྱས་ནས་ཕེབས་པ་རེད། གཙོ་བོ་རྒྱ་གར་གྱི་སྲིད་བློན་ནེཧ་རཱུས་བོད་ནང་གི་གནས་ཚུལ་རྒྱུས་ལོན་ཆེད་བཀའ་མངགས་གནང་བ་ཞིག་རེད་འདུག བ་ཀུ་ལ་རིན་པོ་ཆེ་ཕྱིར་ཕེབས་རྗེས་ནེཧ་རཱུ་མཆོག་ལ་ད་ཆ་བོད་ལ་རེ་བ་མི་འདུག སྔ་ཕྱི་མ་གཏོགས་རྩ་མེད་འགྲོ་རྒྱུ་རང་རེད་འདུག་ཅེས་ནེཧ་རཱུ་མཆོག་ལའང་ཞུས་འདུགདེར་བརྟེན་ནེཧ་རཱུའི་བསམ་བློའི་ནང་དུའང་གྲ་སྒྲིག་ཕྲན་བུ་ཡོད་པ་ཞིག་རེད། ང་ཚོ་སྐྱབས་བཅོལ་དུ་མ་ཡོང་གོང་ནས་ལ་དྭགས་མཚན་ཉིད་སློབ་གྲྭ་བཙུགས་ཟིན་པ་རེད།  བ་ཀུ་ལ་རིན་པོ་ཆེ་ལ་དྭགས་ནས་ཚུར་ལོག་ཕེབས་པ་དང་ལ་དྭགས་མཚན་ཉིད་སློབ་གྲྭ་འཛུགས་རྒྱུ་དང་། འཆར་གཞི་གཉིས་པ་དེ་སིཀྐིམ་རྣམ་རྒྱལ་ཉམས་ཞིབ་ཁང་ཞེས་སྐབས་དེར་འབོད་པ་དེ་འཛུགས་རྒྱུ་དང་།  བིཧཱར་གྱི་རྒྱལ་ས་པཊ་ནཱར་ K.P. Jayaswal Research Institute, ཞེས་པའི་ཉམས་ཞིབ་བསྟི་གནས་ཁང་འཛུགས་རྒྱུ། དེར་རཱཧུལ་སཱཾཀྲྀཏྱཱཡན་གྱིས་བོད་ནས་བསྣམས་ཕེབས་པའི་དཔེ་ཆ་དེ་དག་སྲུང་སྐྱོབ་བྱ་རྒྱུ་དང་། ཇགདཱིཤ་ཀཱཤྱཡཔ་མཆོག་གི་པཱལི་བསྟི་གནས་ཁང་ཟེར་བ་དེ་དག་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པར་སྲོལ་འཛིན་བྱ་རྒྱུའི་ཆ་ཤས་ལྟ་བུ་ནེཧ་རཱུའི་དགོངས་པའི་ནང་ཡོད་པ་རེད།སྐབས་དེར་མི་ཆ་ཧ་ཅང་དཀོན་པོ་ཡོད། གང་ལྟར་མ་འོངས་པའི་བོད་ཀྱི་གནས་བབ་དེར་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པ་གཟིགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༦།༥༧ ལོའི་བར་དེར་རྒྱ་གར་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་ཆེན་ལ་གདན་འདྲེན་ཞུས་གནང་བ་རེད། ནེཧ་རཱུའི་དགོངས་པ་བཞེས་སྟངས་དེ་དག་ཕུགས་རྒྱང་རིང་པོ་དང་ཧ་ཅང་གཏིང་ཟབ་པོ་རེད་འདུག་བསམ་པ་ད་ལྟ་གཞི་ནས་ཚོར་གྱི་འདུག

སྐབས་དེར་གཞུང་མདུན་དུ་ཐོན་ནས་ཕྱག་ལས་གནང་སྟབས་མི་བདེ་བ་དེ་དག་ལ་སྔ་མོ་ཨིན་ཇིའི་སྐབས་ནས་བཟོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དེ་འདྲ་བརྒྱུད་ནས་འགྲོ་དགོས་པ་རེད། བྱང་ཆུབ་ཆེན་མོའི་ཚོགས་པ་  (Mahabodhi Society)སྐབས་དེར་སྟོན་པ་མྱང་འདས་ཀྱི་དུས་སྟོན་གོ་སྒྲིག་གནང་མཁན་དེ་རེད། ནང་དོན་རྒྱ་གར་གཞུང་གིས་སྒྲིག་འཛུགས་དང་དཔལ་འབྱོར་གྱི་མཐུན་འགྱུར་ཡོངས་རྫོགས་སྦྱོར་བཞིན་ཡོད། བྱང་ཆུབ་ཆེན་མོའི་ཚོགས་པའི་ཚོགས་གཙོ་སྐབས་དེར་འབྲས་ལྗོངས་ཆོས་རྒྱལ་དམ་པ་ཁོང་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་གནས་གཟིགས་ཆིབས་སྒྱུར་བསྐྱང་རྒྱུའི་མགྲོན་ཤོག་དེ་ཚོགས་པ་དེའི་བརྒྱུད་ནས་ཕུལ་བ་རེད། གཅིག་བྱས་ན་ཁྱེད་ཚོས་བྱུང་རབས་ཀྱི་གནས་སྟངས་དེ་དག་མཁྱེན་རྒྱུ་མ་རེད།  མགྲོན་ཤོག་འབྱོར་སྐབས་དེར་༸གོང་ས་མཆོག་གི་ཆིབས་སྒྱུར་སོགས་རྒྱ་མི་དང་ལྷན་གོ་བསྡུར་བྱ་དགོས་པའི་དུས་སྐབས་ཡིན། རྒྱ་མི་དང་གོ་བསྡུར་གནང་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ཆུང་ཆུང་དེ་ལྟ་བུས་གདན་འདྲེན་ཞུ་སྐབས་༸གོང་ས་མཆོག་ཆིབས་སྒྱུར་བསྐྱང་རྒྱུ་དེ་མཚན་གནས་དང་འཚམས་རྒྱུ་མ་རེད། གཞུང་གིས་གདན་འདྲེན་ཞུས་པ་ཡིན་ན་དགོངས་པ་བཞེས་ཆོག་རྒྱུ་མ་གཏོགས་ཚོགས་པ་ཞིག་གིས་གདན་འདྲེན་ཞུས་པ་ཙམ་གྱིས་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་པ་ཡིན་ན་༸གོང་ས་མཆོག་གི་མཚན་གནས་ལས་དམའ་བ་ཆགས་རྒྱུ་རེད་ཟེར་ནས་མ་ཕེབས་ན་འགྲིག་ཚུལ་ཞུས་པ་རེད། དེ་ནས་ཕེབས་ཐུབ་ཀྱི་མེད་ཚུལ་ལན་གནང་མ་ཐག་རྒྱ་གར་གཞུང་གིས་གདན་ཞུ་གནང་རྒྱུ་དེ་གློ་བུར་ཞིག་ལ་ཐུགས་ཐག་བཅད་ནས་ཨ་པཱ་པནྟ་ (Apa Pant)སྐབས་དེར་འབྲས་སྤྱི་བློན་ཆེན་རེད། ཁོང་ཆེད་མངགས་བོད་དུ་བཏང་གནང་བ་རེད། ང་ཚོས་བོད་སྐད་ལ་འབྲས་སྤྱི་བློན་ཆེན་ཟེར་གྱི་ཡོད། འོན་ཀྱང་ཁོང་ཚོས་ Political Officer ཞེས་འབོད་ཀྱི་འདུག སྐབས་དེར་འབྲས་ལྗོངས་དེ་ཕྱི་རྒྱལ་གྱི་ངོ་བོ་བྱས་ནས་གཞུང་ཚབ་དེ་འདྲ་མེད། ཡང་རྒྱ་གར་གྱི་མངའ་སྡེའི་ངོ་བོ་བྱས་ནས་རྒྱ་གར་གྱི་ཆ་ཤས་ཤིག་ཀྱང་མ་རེད།དེར་བརྟེན་རྒྱ་གར་གྱི་སྲུང་སྐྱོབ་འོག་ཏུ་ཡོད། སྔ་མོ་ཨིན་ཇིའི་སྐབས་སུ་རྒྱལ་པོ་ཡོད་སར་གཞུང་གི་སྐུ་ཚབ་རེ་འཇོག་སྲོལ་ཡོད། Residency དང་ Regent  ཟེར་བ་དེ་འདྲ་ཡོད་པ་ལྟར་འབྲས་ལྗོངས་སུ་རྒྱ་གར་གཞུང་གི་སྐུ་ཚབ་ཨ་པཱ་པནྟ་ཁོང་རེད། ཁོང་ཆེད་མངགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་ཆེད་བོད་དུ་ཕེབས་སོང་། སྐབས་དེར་གདན་ས་ཁག་ཏུའང་ཕེབས་བྱུང་། ང་ཚོ་དེ་དུས་བློ་གསལ་གླིང་གི་ཆོས་རྭའི་ནང་ཡོད། རྒྱ་གར་གྱི་མི་ནག་པོ་ Churidar pajama གྱོན་པ་དེ་འདྲ་མཐོང་བ་ཐོག་མ་རེད། བློ་གསལ་གླིང་ཆོས་རྭའི་ནང་གཟིགས་སྐོར་དུ་ཕེབས་པ་རེད།

གཞུང་གི་ངོས་ནས་མགྲོན་ཤོག་ཕུལ་བར་བརྟེན་རྒྱ་ནག་གཞུང་གིས་མ་ཕེབས་ཞེས་ཞུ་མ་ཤེས་པ་རེད། འོན་ཀྱང་སྐབས་དེར་རྒྱ་མི་དམར་པོའི་གཞུང་ལ་བློ་མི་བདེ་བ་ཧ་ཅང་བྱུང་ཡོད། ༸གོང་ས་མཆོག་རྒྱ་གར་དུ་ཕེབས་ནས་ཕྱི་རྒྱལ་མི་སྣ་དང་མཇལ་འཕྲད་མཛད་པ་སོགས་བྱུང་ན་གང་འདྲ་ཆགས་ཡོང་བསམ་པ་དང་། ཕལ་ཆེར་རྒྱ་གར་ལ་བཞུགས་བཞག་མཛད་མི་ཡོང་ངམ་སྙམ་པའི་དོགས་པའང་ཡོད། ཁོ་པ་ཚོས་ཐོག་མ་ནས་གཞུང་གིས་གདན་འདྲེན་ཞུས་ན་མ་གཏོགས་ཚོགས་པ་ཁག་གིས་གདན་འདྲེན་ཞུས་ན་ཕེབས་རྒྱུ་མེད་ཅེས་ཞུས་ཟིན་སྟབས། ད་ཆ་ཕེབས་རྒྱུ་མེད་ཅེས་ཞུ་སྟབས་མི་བདེ་ཆགས་པ་རེད། འདི་ང་ཚོ་ལམ་འགྲོ་རྒྱུག་པ་ལྟ་བུ་བྱུང་བ་རེད། ༸གོང་ས་མཆོག་རྒྱ་གར་དུ་ཟླ་བ་བཞི་ཙམ་ཕལ་ཆེར་བཞུགས་པ་རེད། སྐབས་དེའི་རིང་རྒྱ་ནག་གི་སྲིད་བློན་ཀྲུ་ཨེན་ལེ་རྒྱ་གར་ནང་ཐེངས་བཞི་ཙམ་ཕེབས་པ་རེད།  ཅེས་སོགས་གསུང་བཤད་གནང་འདུག

(བོད་གཞུང་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ཀྱིས་བཟོས་པའི་གནས་ཚུལ་རྣམས་འདིར་བཀོད།)