བརྡྷཱ་གཱཾདྷཱིའི་ལྟ་གྲུབ་སློབ་གཉེར་ཁང་དུ་ཟབ་སྦྱོང་དབུ་འབྱེད་དང་གསུང་བཤད་གནང་བ།

༄༅།། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༢ ནས་ ༧ བར་བརྡྷཱ་ (Wardha) ལ་རྟེན་གཞི་བྱས་པའི་གཱཾནྡཱིའི་ལྟ་གྲུབ་སློབ་གཉེར་ཁང་ (Institute of Gandhian Studies) དུ་ཚན་རིག་དང་ནང་དོན་རིག་པ་ (Science and Spirituality) ཞེས་པའི་ཟབ་སྦྱོང་ཚུགས་ཏེ། ནང་པ་དང་། གཅེར་བུ་པ། ཡེ་ཤུ། ཧིནྡཱུ། ཁ་ཆེ་བཅས་མཁས་དབང་སོ་སོས་རང་གི་ཆོས་ལུགས་ཀྱི་ལྟ་ཚུལ་རིམ་བཞིན་གསུང་རྒྱུའི་ཐོག་མར།Science and Spirituality 2 ཕྱི་ཚེས་ ༢ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ནང་པའི་ལྟ་ཚུལ་ཐོག་ནས་ཚན་རིག་དང་ནང་དོན་རིག་པ་འགྲེལ་བརྗོད་གནང་ཞིང་། དེ་ཡང་སྔ་དྲོ་དང་པོ་ཤིས་བརྗོད་འདོན་པ་དང་། དེ་ནས་སློབ་གཉེར་ཁང་གི་ངེས་སྟོན་པ་བྷརཏ་མཧོདཡ་ (Bharat Mahodaya) མཆོག་ནས་ཟབ་སྦྱོང་གི་ངོ་སྤྲོད། སྐུ་ཞབས་སི་བི་ཇོ་སཕ་ (Siby Joseph) མཆོག་ནས་རིན་པོ་ཆེའི་ངོ་སྤྲོད་གནང་རྗེས་རིན་པོ་ཆེས་མར་མེ་ཞལ་ཕྱེ་གནང་སྟེ་ཟབ་སྦྱོང་དབུ་འབྱེད་གནང་བ་དང་ཆབས་ཅིག་ནང་པའི་ལྟ་ཚུལ་ཐོག་ནས་དེའི་ཐོག་ཐུན་གསུམ་རིང་གསུང་བཤད་གནང་སྟེ། Science and Spirituality 1ཐོག་མར་རང་སྐད་བེད་སྤྱོད་དགོས་གལ་དང་། ཕྱི་སྐད་ཀྱིས་བསམ་བློ་དང་ཀུན་སྤྱོད་ལ་ཤུགས་རྐྱེན་ཐེབས་ཚུལ། མེ་ཀོ་ལེའི་ (Lord Macaulay) དམིགས་ཡུལ། དེང་རབས་ཀྱི་སྐྱོན་གནད་སོགས་གསུངས་རྗེས། ནང་དོན་རིག་པ་དང་ཚན་རིག་གི་གོ་དོན། དེ་གཉིས་མཉམ་བསྐྱོད་ཐུབ་མིན་ཐོག་ལྟ་ཚུལ་གཉིས་ཡོད་པ། ཚན་རིག་དང་ནང་དོན་རིག་པའི་དམིགས་ཚད། སྐྱེས་བུའི་འདོད་དོན་བཞི། ཆོས་ལུགས་ཁག་ཡོང་དགོས་དོན་སོགས་རྒྱས་པར་གསུངས་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས། མཐར་སློབ་གཉེར་ཁང་གི་ངེས་སྟོན་པས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
ཟབ་སྦྱོང་དེ་ནི་གཱཾནྡཱིའི་ལྟ་གྲུབ་སློབ་གཉེར་ཁང་ (Institute of Gandhian Studies, Wardha) དང་། གཱཾནྡཱིའི་ཞི་བདེ་ཐེབས་རྩ། (Gandhi Peace Foundation, New Delhi) གྲོང་གསེབ་ཚན་རིག་ཁང་ (Centre of Science for Villages, Wardha) བཅས་ཐུན་མོང་ནས་གོ་སྒྲིག་དང་། ཟབ་སྦྱོང་བ་རྣམས་རྒྱ་གར་གྱི་མངའ་སྡེ་དུ་མ་ནས་ཕེབས་པའི་སློབ་ཕྲུག་རྣམས་དང་། དེ་བཞིན་ས་གནས་ཀྱི་ཤེས་ཡོན་པའང་མང་པོ་ཕེབས་འདུག