དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་མཛད་འཕྲིན་བསྐྱངས་པ།

ཇི་ལྟར་ལོ་གཅིག་སྔོན་ནས་གསོལ་འདེབས་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གོར་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་འབྱོར་གྱིས། ༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༤ ཉིན་འབྲས་སྤུངས་བློ་གསལ་གླིང་གི་ཡང་སྟེང་ཚོམས་ཆེན་དུ་འབྲས་སྤུངས་བློ་གསལ་གླིང་གི་སྒྲིག་གཞིའི་ཟིན་བྲིས་གཏན་འབེབས་ཐོག་གི་ཚོགས་འདུར་ཞུགས་ཏེ་འཛིན་སྐྱོང་སྒྲིག་གཞིའི་ཟིན་བྲིས་ཐོག་ལམ་སྟོན་དང་། དྭོགས་འདྲི་ཁག་ལ་གསལ་བཤད་སོགས་གནང་ཞིང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ཀྱང་ལམ་སྟོན་བཀའ་སློབ་ཕེབས་འདུག

༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༥ ཉིན་བློ་གསལ་གླིང་གི་སྒྲིག་གཞིའི་ཟིན་བྲིས་གཏན་འབེབས་ཐོག་གི་ཚོགས་འདུ་མུ་མཐུད་དེ། ཉིན་སྔ་མར་གནང་བའི་དགོངས་འཆར་གནད་ཆེ་རྣམས་བསྣན་ཏེ་སྔ་དྲོ་ཟིན་བྲིས་བཀྲམས་པ་དེའི་ཐོག་དགོངས་ཚུལ་དང་དགོངས་འཆར་ཁག་ལ་སླར་ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགོས་ངེས་ཀྱི་ལམ་སྟོན་དང་གསལ་བཤད་སོགས་གནང་འདུག

སྐབས་དེར་དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་དང་། ཨ་རི་ཨེ་མོ་རིའི་གཙུག་ལག་སློབ་ཁང་གི་སློབ་དཔོན་བློ་བཟང་བསྟན་འཛིན་ནེ་གཱི་མཆོག དྷ་ས་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག དྷ་ས་རིགས་ལམ་སློབ་ཁང་གི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་མཆོག དེ་བཞིན་བློ་གླིང་མཁན་རིན་པོ་ཆེ་མཆོག་དང་། ལས་སྣེ་དབུ་ཆོས་གསུམ། བླ་སྤྲུལ་རྣམ་པ། དཔེ་ཁྲིད་དགེ་རྒན་རྣམ་པ། ཁང་ཚན་དགེ་རྒན་རྣམ་པ། ཕྱག་མཛོད་རྣམ་པ་སོགས་ཚོགས་ཕེབས་བྱུང་།

༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༦ ཉིན་སྔ་དྲོ་སྒྲིག་གཞིའི་ཟིན་བྲིས་གཏན་འབེབས་ཀྱི་ཚོགས་འདུ་དངོས་གཞི་ཚུགས་ཏེ། དགེ་འདུན་འདུས་སྤྱིའི་ཚོགས་ཆེན་གྱི་སྔོན་འགྲོ་ཚོགས་འདུར་མཁན་རིན་པོ་ཆེ་མཆོག་ནས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་དང་འབྲེལ། འཛིན་སྐྱོང་དང་སྔོན་རྩིས་བཅས་ཀྱི་སྒྲིག་གཞི་ཁག་སྤྱི་མོས་གཏན་འབེབས་བྱུང་བ་མ་ཟད། སྒྲིག་གཞིའི་སྐོར་དང་སྔོན་རྩིས་སྐོར་གྱི་གྲོས་ཆོད་ཁག་གཉིས་ཀྱང་སྤྱི་མོས་ཐོག་ནས་གཏན་འབེབས་བྱུང་། མཐའ་མར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྒྲིག་གཞི་དང་འབྲེལ་བའི་ཐོག་མཇུག་བསྡོམས་ཀྱི་གསུང་བཤད་བསྩལ་ཅིང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག གདན་ཞུའི་མཁས་དབང་ཁག བློ་གླིང་དགེ་འདུན་འདུས་སྤྱི་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཕེབས་འདུག

ཕྱི་དྲོ་ཚོུད་ལྔ་པའི་ཐོག་ཨ་རི་ཨེ་མོ་རིའི་གཙུག་ལག་སློབ་ཁང་གི་སློབ་གཉེར་བ་རྣམས་ལ་ད་ལྟའི་འཇིག་རྟེན་གྱི་གནས་སྟངས་ཡ་ང་བ་དང་། དེའི་བྱུང་ཚུལ། དེ་སེལ་ཐབས་བཅས་ཀྱི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཞིབ་ཚགས་གནང་བ་དང་།

དེ་རྗེས་འབྲས་སྤུངས་བློ་གསལ་གླིང་གི་གཙུག་ལག་ཁང་དུ་འདུས་ཚོགས་ལ་སྔ་དྲོ་གཏན་འབེབས་གནང་བའི་འཛིན་སྐྱོང་གི་སྒྲིག་གཞི་དང་། སྔོན་རྩིས་ཀྱི་སྒྲིག་གཞི། གྲོས་འཆར་ཁག་བཅས་དང་འབྲེལ་བའི་ཐོག་གསུང་བཤད་གནད་སྨིན་གནང་ཡོད།

༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༧ ཕྱི་དྲོ་ཧུབ་ལི་གྲོང་ཁྱེར་ནས་མེ་འཁོར་བརྒྱུད་ཕེབས་ཐོན་གནང་འདུག