གཏོང་ལེན་ཡིད་ཆེས་དགེ་རྩ་དབུ་བརྙེས་ནས་ལོ་ ༡༠ འཁོར་བའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད།
ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༩ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་གཏོང་ལེན་ཡིད་ཆེས་དགེ་རྩ་ཚོགས་པ་དབུ་བརྙེས་ནས་ལོ་ ༡༠ འཁོར་བའི་མཛད་སྒོའི་ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་བཀའ་སློབ་གསུང་བཤད་དང་། གསར་འགོད་རིག་པའི་ཐོག་ཆེད་སྦྱོང་གནང་འཆར་ཡོད་པའི་དེ་གའི་སློབ་མ་ནི་ཤཱའི་དམིགས་བསལ་བཅར་འདྲིར་ལན་འདེབས་བཅས་གནང་ཡོད།
མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཞན་རྣམས་ནི་རྒྱ་གར་སྤྱི་ཚོགས་ལས་འགུལ་བ་སློབ་དཔོན་སྐུ་ཞབས་ཨཇཡ་ཤྲཱིབཱསྟཱབ་(Ajay Shrivastava)ལགས་དང་། གཏོང་ལེན་དགེ་རྩ་ཚོགས་པའི་ཨིན་ཡུལ་གྱི་འགན་འཛིན་ཨ་ནཱ་ཨོ་ཝེན་ (Anna Owen) ལགས་ཀྱིས་གཙོས་ཕྱིའི་རྒྱལ་གྲུ་ཁག་གི་སྦྱིན་བདག་རྣམ་པ་དང་། དྷ་རམ་ས་ལ་ཁུལ་གྱི་རྒྱ་གར་དང་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་སློབ་གྲྭ་ཁག་གི་འགན་འཛིན། དགེ་རྩ་ཚོགས་པའི་འགན་འཛིན་དང་ལས་བྱེད། དེ་བཞིན་སློབ་ཕྲུག་དང་ཁོང་ཚོའི་ཕ་མ་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་འཛོམས་འདུག
མཛད་སྒོའི་སྔོན་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གཏོང་ལེན་དགེ་རྩ་ཚོགས་པའི་ཚོགས་ཁང་དང་། ཉལ་ཁང་། ལས་ཁུངས་བཅས་སུ་གཟིགས་སྐོར་གདན་འདྲེན་ཞུས་རྗེས། དེ་གའི་སློབ་མ་རྒན་གྲས་ནི་ཤཱ་ (Nisha) ལགས་ཀྱིས་རིན་པོ་ཆེ་མཆོག་ལ་སློབ་སྦྱོང་གི་དགོས་དམིགས་དང་། རིགས་རུས་དང་གྲལ་རིམ་གྱི་དབྱེ་འབྱེད། དེ་བཞིན་ཁོ་མོ་གསར་འགོད་རིག་པར་ཆེད་སྦྱོང་གནང་འཆར་ཡོད་པའི་ཆ་ནས་གསར་འགོད་པའི་ལས་འགན་དང་ཕུགས་བསམ་སོགས་ཀྱི་སྐོར་བཅར་འདྲི་ཞུས་པར་ལན་འདེབས་གནང་སོང་།
མཛད་སྒོ་དངོས་གཞིའི་སྐབས་ཐོག་མར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་སྐུ་མགྲོན་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་སྣང་གསལ་མར་མེ་ཞལ་དབྱེ་གནང་ཞིང་། དེ་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སློབ་ཕྲུག་ཚོའི་མི་ཚེ་སྐྱིད་པོ་དང་དོན་དང་ལྡན་པ་བསྐྱལ་བར་ཆ་རྐྱེན་བཞི་ཚང་དགོས་སྐོར་གསུངས་དོན།
སློབ་ཕྲུག་ཚོའི་མི་ཚེ་སྐྱིད་པོ་ཞིག་བསྐྱལ་དགོས་ན་ཆ་རྐྱེན་བཞི་ཚང་དགོས་ཤིང་། དང་པོ། གཟུགས་པོ་བདེ་ཐང་ཡིན་དགོས། དེ་ཡང་ཟ་སྟངས་འཐུང་སྟངས་འགྲོ་སྟངས་གསུམ་ལ་རག་ལས་ཡོད། གལ་ཏེ་གཟུགས་པོ་བདེ་ཐང་མེད་ན་ཡོན་ཏན་ཇི་ཙམ་ཡོད་ཀྱང་མི་ཚེ་ཡག་པོ་ཡོང་རྒྱུ་མེད།
གཉིས་པ། གཟུགས་པོ་བདེ་ཐང་ཙམ་མ་ཟད། བསམ་བློ་ཡག་པོ་དགོས་ཤིང་། བསམ་བློ་དེ་རིགས་པའི་རྗེས་འབྲངས་ཀྱིས་སོ་སོས་བརྟག་དཔྱད་ཐོག་ནས་ངེས་ཤེས་སྐྱེས་པ་ཞིག་དགོས། སངས་རྒྱས་ཀྱིས་དགེ་སློང་ཚོར་སངས་རྒྱས་ཀྱིས་གསུངས་པ་རེད་ཅེས་མ་བཞག་པར་ཁྱེད་ཚོས་བརྟག་དཔྱད་བྱ་དགོས་ཞེས་གསུངས་ཡོད་སྟབས། བསམ་བློ་རིགས་པའི་རྗེས་འབྲངས་ཀྱིས་སོ་སོས་བླང་འདོར་མ་ནོར་བར་འབྱེད་ཤེས་དགོས།
གསུམ་པ། སོ་སོའི་འཚོ་ཐབས་ཡང་དག་པ་ཞིག་དགོས་ཤིང་། དེ་ནི་འཚེ་བ་དང་གཞན་ལ་བཤུ་གཞོག་ལས་བྱུང་བ་མིན་པར། རང་གི་དགོས་མཁོ་དང་འཚམས་པ་ཞིག་དགོས་གལ་ཆེ།
བཞི་པ། ནང་མི་ཕན་ཚུན་མཐུན་འབྲེལ་དགོས་ཤིང་། རྒན་པ་ཚོར་གུས་ཞབས་དང་། ཆུང་བ་ཚོར་བྱམས་སྐྱོང་། མཉམ་པ་ཚོར་མཉམ་གཤིབ་ཡག་པོ་དགོས། ནང་མི་ཡག་པོ་བྱུང་ཚེ་སྤྱི་ཚོགས་ཡག་པོ་ཡོང་། དེ་ཚོ་བྱུང་ན་མི་ཚེ་གཅིག་གི་འདུན་ལམ་འགྲིག་པ་དང་མི་ཚེ་སྐྱིད་པོ་བསྐྱལ་ཐུབ། ཡིན་ནའང་དེ་ཙམ་གྱིས་མི་ཚེ་དོན་དང་ལྡན་པ་ཞིག་ཆགས་མི་ཐུབ། དེ་ཡོང་བར་གོང་གི་བཞི་པོ་དེའི་སྟེང་དུ་ནང་དོན་རིག་པའི་ཐོག་ཉམས་ལེན་བྱེད་དགོས། ཆོས་ལུགས་གང་གི་ཡིན་རུང་ནང་དོན་རིགས་པ་ཉམས་ལེན་བྱས་ཚེ་འདི་ཕྱི་གཉིས་ཀ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་རེད་ཅེས་དང་།
ཡང་རིན་པོ་ཆེས་གྲྭ་པ་འཇམ་དབྱངས་ལགས་མི་གཅིག་གིས་སྐུ་ངལ་བསྐྱོན་ནས་གནས་སྟངས་སྐྱོ་པོའི་འོག་ཡོད་པའི་རྒྱ་གར་གྱི་བྱིས་པ་མང་པོའི་མི་ཚེའི་མདུན་ལམ་ཡག་པོ་བཟོ་ཐུབ་པ་དེ་དངོས་གནས་ཆོས་ཀྱི་ཉམས་ལེན་ཡིན་པ་དང་། དེ་ཡང་གཏོང་ལེན་ནི་བདག་གཞན་མཉམ་བརྗེ་ཉམས་ལེན་སྐབས་གལ་ཆེ་ཡིན་སྟབས། ངས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད་ཅེས་སོགས་གསུངས་འདུག