སྔགས་ཀྱི་མཁས་པའི་བགྲོ་གླེང་དེ་དེང་རབས་དང་མཐུན་པ་ཚད་ལྡན་ཡོང་ཐབས་སྐོར་གསུང་བཤད།

༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་“རྗེ་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་མཛད་ནས་ལོ་ ༦༠༠ འཁོར་བའི་དུས་དྲན་རྗེས་དྲན་གྱི་དགོས་དམིགས་དང་། ཟླ་བ་འདིའི་ཕྱི་ཚེས་ ༢༩ ཉིན་ཚོགས་འཆར་སྔགས་ཀྱི་མཁས་པའི་བགྲོ་གླེང་དེ་དེང་རབས་དང་མཐུན་པ་ཚད་ལྡན་ཡོང་ཐབས་”བཅས་ཀྱི་ཐོག་གསུང་བཤད་གནང་ཡོད།Gurto Monastery 2014.11.24 1དེའི་ཐོག་རྒྱུད་སྟོད་མཁན་པོ་བྱ་རྡོ་རིན་པོ་ཆེ་མཆོག་དང་། བླ་མ་དབུ་མཛད་ཐུབ་བསྟན་བསྟན་འཛིན་རིན་པོ་ཆེ་མཆོག གཞན་ཡང་དགེ་འདུན་པ་ ༣༠༠ ལྷག་འདུ་འཛོམས་གནང་འདུག
སྐབས་དེར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྗེས་དྲན་གྱི་དགོས་དམིགས་སྐོར་གསུང་བཤད་གནང་དོན།
སངས་རྒྱས་དང་། བྱང་སེམས། དགྲ་བཅོམ་སོགས་སྐྱེས་བུ་དམ་པའི་མཛད་པ་འཕྲིན་ལས་ལ་རྗེས་དྲན་གྱི་དུས་སྟོན་ཞུ་དགོས་ཞེས་སངས་རྒྱས་ཉིད་ཀྱིས་འདུལ་བ་སོགས་སུ་ཡང་ཡང་གསུངས་ཡོད།
སྟོན་པ་ཞལ་བཞུགས་སྐབས་སུའང་སྟོན་པའི་མཛད་ཆེན་བཞི་བསྐྱང་སའི་གནས་ཆེན་ཁག་ལ་རྗེས་དྲན་གྱི་མཆོད་རྟེན་བརྩིགས་པ་དང་། རྗེས་དྲན་གྱི་དུས་སྟོན་ཚོགས་པའི་ལམ་སྲོལ་ཡོད་མུས་རེད། ང་ཚོས་རྗེས་དྲན་ཞུ་དགོས་མང་པོའི་ཁྲོད་ནས་བསྡོམས་བརྒྱབ་ན་གནད་འགག་ཆེ་བའི་དོན་ཚན་བཞི་རེད།
དང་པོ་ནི་དད་པས་རྗེས་དྲན་རེད། ཆོས་ཐམས་ཅད་ཀྱི་གཞི་རྩའམ་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ནི་དད་པའི་ངོ་བོ་ལྟ་བུ་ཡིན་སྟབས། བླ་མ་ལ་སངས་རྒྱས་ཀྱི་ཐོག་ནས་དད་པ་སྦྱོང་རྒྱུ་དེ་ལམ་ཐམས་རྩད་ཀྱི་རྩ་བ་རེད། དེས་ན་སངས་རྒྱས་དང་། རྩ་བའི་བླ་མ། བརྒྱུད་པའི་བླ་མ་རྣམས་ཀྱི་མཛད་པ་གལ་ཆེ་བ་དག་དད་པས་རྗེས་སུ་དྲན་པ་ཡིན།
Gurto Monastery 2014.11.24 2གཉིས་པ་ནི་བཀའ་དྲིན་རྗེས་དྲན་རེད། བདག་ཉིད་ཆེན་པོ་ཚོ་ཡང་ཡང་རྗེས་དྲན་ཞུ་སྐབས་སོ་སོའི་སེམས་ནང་ཤུགས་ཀྱིས་ཁོང་ཚོའི་བཀའ་དྲིན་ཚོར་གྱི་རེད། ལྷག་པར་དུ་འཆད་རྩོད་རྩོམ་གསུམ་ནས་རྩོམ་གྱི་མཛད་པ་དེ་གལ་ཆེ་ཤོས་ཡིན་པ་མ་ཟད། དེ་ལ་བརྟེན་ནས་སྔོན་བྱོན་མཁས་པ་ཚོས་བརྩམས་པའི་གསུང་རབ་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཡོང་། སྔོན་མ་རྗེ་རིན་པོ་ཆེས་གདུལ་བྱ་བགྲང་ལས་འདས་པར་ཆོས་སྟོན་པ་དང་། འཆད་རྩོད་གཉིས་ལ་མཛད་པ་འཕྲིན་ལས་མང་བ་བསྐྱངས་ཏེ་རྩོམ་གྱི་ཐོག་ལ་དེ་ཙམ་མཛད་པ་བསྐྱངས་མེད་ཚེ། གཅིག་བྱས་ན་ད་ལྟ་ང་ཚོས་རྗེ་རིན་པོ་ཆེ་བརྗེད་དེ་མཚན་ཙམ་ཡང་མི་ཤེས་པ་ཆགས་ཡོད་ཤས་ཆེ། དེར་བརྟེན་ང་ཚོས་རྗེ་རིན་པོ་ཆེའི་མཛད་རྗེས་ལ་རྗེས་དྲན་ཞུ་དགོས།
གསུམ་པ་ནི་རྗེས་སུ་བཟུང་བའི་རྗེས་དྲན་རེད། རང་གིས་རྗེས་དྲན་ཞུ་ཡུལ་གྱི་མཛད་པ་རྣམ་ཐར་ཤེས་པ་མ་ཟད། རང་ཉིད་ཀྱང་དེའི་རྗེས་སུ་གཟུང་ཆེད་ཉམས་ལེན་བྱེད་རྒྱུ་དེ་རེད།
བཞི་པ་ནི་རང་གཞན་གཉིས་ཀྱི་དགེ་བ་ཡང་ཡང་དྲན་ནས་རྗེས་སུ་ཡི་རངས་བསྒོམ་ཚེ་བསོད་ནམས་ཀྱི་ཚོགས་རླབས་ཆེ་གསོག་གི་ཡོད། དེས་ན་ང་ཚོས་དགོས་དམིགས་དེ་དག་གཞིར་བཟུང་རྗེས་དྲན་ཞུ་རྒྱུ་ཧ་ཅང་གལ་ཆེན་རེད།
བོད་བརྒྱུད་ནང་བསྟན་ནི་དཔལ་ནཱལནྡཱའི་ཆོས་བརྒྱུད་དྲི་མ་མེད་པ་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་པ་དང་། འཇིག་རྟེན་ཁྱོན་ཡོངས་སུ་སྒྲ་བསྒྱུར་གྱི་ལོ་རྒྱུས་ནང་བོད་སྐད་ལས་མང་བ་དཔེ་ཆ་བསྒྱུར་བ་མེད་ཅིང་། བཀའ་འགྱུར་བསྟན་འགྱུར་ནང་ཧ་ལམ་ཆོས་ཚན་ ༥༠༠༠ ཡས་མས་ཤིག་ཡོད་པ་མ་ཟད། ཆོས་རྒྱལ་སྐབས་ཀྱི་རྗེ་འབངས་ཉེར་ལྔ་ནས་བཟུང་ད་བར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གཅིག་མཇུག་གཉིས་མཐུད་དུ་ཕེབས་ཏེ་འཆད་རྩོད་རྩོམ་གསུམ་གནང་ཡོད་སྟབས། བོད་བརྒྱུད་ནང་བསྟན་འདི་དཔལ་ནཱལནྡཱའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་ཞེས་ཐེ་ཚོམ་མེད་པར་བཤད་ཐུབ་པའི་གནས་སྟངས་འདི་བྱུང་། དེའང་དཀའ་ངལ་མེད་པར་སྟབས་བདེ་པོའི་ཐོག་ནས་བྱུང་བ་ཞིག་མིན། བོད་བརྒྱུད་ནང་བསྟན་དར་སྤེལ་ཐད་འགལ་རྐྱེན་མང་པོ་འཕྲད་པ་མ་ཟད། ལྷག་པར་དུ་གླང་དར་གྱིས་བསྟན་པ་བསྣུབས་རྗེས་ཕལ་ཆེར་ལོ་ ༦༠ ནས་ ༨༠ བར་དགེ་འདུན་གྱི་སྡེ་མེད་པར་གནས། དེའི་རྗེས་བསྟན་པ་ཕྱི་དར་སྐབས་དཔལ་མཉམ་མེད་ཇོ་བོ་རྗེ་མཆོག་དང་འབྲོམ་སྟོན་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོས་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་བསྐྱར་གསོ་གནང་སྟེ། འཇམ་མགོན་ཙོང་ཁ་པ་ཡབ་སྲས་ཀྱིས་ཧ་ཅང་དག་ཐེར་མཛད། བཀའ་བརྒྱུད་དང་། རྙིང་མ། ས་སྐྱ་སོགས་ཀྱི་ཆོས་བརྒྱུད་དར་སྟངས་ལ་བལྟས་ན། ཡི་དམ་གྱི་ལྷའམ་རྒྱ་གར་གྱི་གྲུབ་ཆེན་བྱེ་བྲག་པ་ཞིག་གི་བརྒྱུད་པ་བྱེ་བྲག་པ་གཙོ་བོར་བཟུང་སྟེ་བཤད་པ་མ་གཏོགས། རྗེ་རིན་པོ་ཆེ་ལྟ་བུ་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་གཉིས་ཀྱི་ཆོས་ཚུལ་ཡོངས་རྫོགས་གང་ཟག་གཅིག་གིས་སྟན་ཐོག་གཅིག་ལ་ཉམས་ལེན་ཐུབ་པའི་ལམ་སྟོན་གནང་མཁན་བྱུང་མེད། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་ཐོག་ནས་བསྟན་པ་སྤྱིའི་རྣམ་གཞག་གསལ་སྟོན་གནང་རུང་། རྗེ་རིན་པོ་ཆེ་མ་བྱོན་གོང་བོད་ནང་དེ་ཙམ་ཁྱབ་ཆེན་པོ་བྱུང་མེད། རྗེ་ཙོང་པ་ཆེན་པོས་མདོ་སྔགས་ཙམ་མ་ཟད། སྨན་དང་སྐར་རྩིས་སོགས་རིག་གནས་རྣམས་ལའང་ཐོས་བསམ་ཆ་ཚང་བ་གནང་ཡོད་སྟབས། ཁོང་ལ་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་ཞུ་དགོས་དོན་ཡང་དེ་རང་རེད།
ང་ཚོས་ལས་དོན་གང་བྱས་ཀྱང་། དེང་རབས་དང་མཐུན་མིན་བལྟ་དགོས་དོན་གང་ཡང་མེད། འོན་ཀྱང་ང་ཚོས་དེང་རབས་ཤེས་ཡོན་སློབ་གསོ་དང་ཉམས་ཞིབ་སྐོར་ལེགས་ཆ་བླང་འོས་པ་རྣམས་བླང་དགོས། གདན་ས་གསུམ་དང་། བཀྲ་ཤིས་ལྷུན་པོ། རྒྱུད་གྲྭ་སྟོད་སྨད་གཉིས་བཅས་རྒྱ་གར་དུ་ཆགས་ཏེ་སློབ་སྦྱོང་ཚད་མཐོ་པོ་ཇི་ཙམ་ཐོན་ཡང་། རྒྱ་གར་གྱི་གཙུག་ལག་སློབ་ཆེན་ཁག་ནས་ཐོན་པ་བཞིན་ཁྲིམས་ཐོག་གི་ལག་འཁྱེར་གང་ཡང་མེད། དེ་ང་ཚོའི་སློབ་སྦྱོང་གནས་ཚད་ཞན་པའི་རྐྱེན་གྱིས་མིན་ཡང་། ཡུལ་ཁྲིམས་དང་མ་མཐུན་པ་ལས་བྱུང་བ་ཞིག་ཡིན་སྟབས། རྒྱ་གར་གྱི་གཙུག་ལག་སློབ་ཁང་ཁག་དང་མཉམ་ལས་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་དེང་རབས་ཀྱི་སློབ་གསོའི་བར་བགྲོ་གླེང་བྱེད་ཐུབ་པ་བྱ་དགོས།
དེང་རབས་ཀྱི་བགྲོ་གླེང་བྱེད་སྟངས་ཀྱི་ལམ་སྲོལ་ལ་དབྱེ་བ་མང་པོ་ཡོད་ཀྱང་། རགས་པ་ཙམ་བསྡོམས་བརྒྱབ་ན། དབྱེ་བ་བདུན་དུ་ཕྱེ་ཆོག དང་པོ། Seminar དང་། གཉིས་པ། Symposium གསུམ་པ། Colloquium བཞི་པ། Panel discussion ལྔ་པ། Workshop དྲུག་པ། Debate བདུན་པ། Dialogue བཅས་རེད། ད་རེས་ཚོགས་རྒྱུའི་བགྲོ་གླེང་དེ་ Seminar ཡིན་པར་བརྟེན། དགེ་འདུན་པ་ཚོས་རྟགས་བསལ་བཏང་སྟེ་ཐོབ་ཤོར་ལྟ་བུ་མིན་པར། བགྲོ་གླེང་གི་ལམ་ནས་བསམ་ཚུལ་སྤེལ་རེས་ཀྱིས་མཉམ་རུབ་ཐོག་ནས་གྲུབ་དོན་ཞིག་ཐོག་སླེབས་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་གསུངས།