༈ ཤེས་རིག་ཚོགས་ཆེན་ཐེངས་བདུན་པར་ལམ་སྟོན་གསུང་བཤད་གནང་བ།
༄༅།། ཇི་ལྟར་བོད་གཞུང་ཤེས་རིག་ལས་ཁུངས་ནས་གསོལ་འདེབས་ཞུས་པ་བཞིན། ༢༠༡༩ ཕྱི་ཟླ་ ༢ ཚེས་ ༢༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གངས་སྐྱིད་ཚོགས་ཁང་དུ་ཤེས་རིག་ཚོགས་ཆེན་ཐེངས་བདུན་པར་ཕེབས་པའི་སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི། གཞི་རིམ་གོང་འོག་བར་གསུམ་གྱི་དགེ་རྒན་སྐུ་ཚབ་རྣམས་ལ་ “དགེ་རྒན་གྱི་ལས་གནས་ནི་ལས་ཚན་གཞན་ལས་ཁྱད་པར་དུ་འཕགས་པ་དགོས་པའི་རྒྱུ་མཚན་དང་། དགེ་རྒན་གྱི་ཀུན་སྤྱོད་དང་འགན་ཁུར་གནང་ཕྱོགས་སྐོར་” ལ་ལམ་སྟོན་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་བཅས་གནང་འདུག
དེ་ཡང་རིན་པོ་ཆེ་མཆོག་གིས་གསུང་དོན། མང་ཆེ་བས་ཕལ་ཆེར་མཁྱེན་མདོག་ཁ་པོ་རེད། བར་ལམ་ཞིག་ནས་ང་རང་སྒེར་གྱིས་བོད་པའི་སྤྱི་ཚོགས་དང་། བོད་མིའི་སྒྲིག་འཛུགས་ཁག་གི་ནང་འབྲེལ་གཏུག་དང་གཏམ་བཤད་ཡང་ཡང་མི་དགོས་པའི་གཙོ་འདོན་བྱེད་ཀྱི་ཡོད། ཚོགས་ཆེན་འདིའི་ཐོག་རྒྱ་གར་ནང་གཅིག་པུ་མ་ཡིན་པར། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཚོགས་བཅར་བ་མང་པོ་ཕེབས་འདུག དེ་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ལས་དོན་ཐོག་ཡར་རྒྱས་འགྲོ་གི་ཡོད་པའི་མཚོན་རྟགས་ལྟ་བུ་རེད།
དྲུག་ཅུ་རེ་གྲངས་ནང་ཤེས་རིག་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་སྐབས་སུ་ཚོགས་མི་ཕལ་ཆེར་སུམ་ཅུ་སོ་གྲངས་མ་གཏོགས་མེད། འདས་པའི་ལོ་ངོ་དྲུག་ཅུའི་ནང་ཤེས་ཡོན་ལས་དོན་ཐོག་ལ་དགའ་འོས་པའི་གནས་སྟངས་ཤིག་ཆགས་ཡོད། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ལས་དོན་དེ་ལས་དོན་གཞན་དང་མི་འདྲ་བ་ཚགས་ཚུད་པོ་དང་རླབས་ཆེན་གྱི་གྲུབ་འབྲས་བྱུང་ཡོད་པ་དེ་ལོ་ངོ་དྲུག་ཅུ་ཟིན་པའི་རྗེས་སུ་ངོ་ཤེས་པ་ཞིག་རེད། ཕྱི་ལོ་ ༡༩༥༩ དང་ད་ལྟའི་བར་གྱི་གནས་བབ་གཉིས་བསྡུར་བ་ཡིན་ན་བོད་ཀྱི་ཆོས་དང་ལེགས་བྱང་བཅས་པ་འཛིན་སྐྱོང་བྱས་ཐུབ་པ་དེ་ང་ཚོའི་རླབས་ཆེན་གྱི་གྲུབ་འབྲས་རེད།
བོད་ཀྱི་ཤེས་རིག་གི་བྱུང་རིམ་ལ་བལྟས་པ་ཡིན་ན། ཧ་ལས་དགོས་པ་ཞིག་རེད། སའི་གོ་ལའི་ཐོག་གི་རྒྱབ་ཁབ་དང་མི་རིགས་ཚང་མ་དང་མཚུངས་བསྡུར་བྱས་པ་ཡིན་ན། བོད་པ་ནང་བཞིན་མཁས་པ་མང་པོ་ཐོན་ཐུབ་མཁན་མི་རིགས་གཅིག་ཀྱང་བྱུང་མེད། བོད་པ་ནང་བཞིན་རྩོམ་ཡིག་གི་ཡིག་འཇོག་རྒྱ་ཆེན་པོ་བཞག་ཐུབ་མཁན་གཅིག་ཀྱང་བྱུང་མེད། བོད་པ་ནང་བཞིན་སྐད་ཡིག་གཞན་པ་ཞིག་ནས་རང་གི་སྐད་ཡིག་ཏུ་སྒྲ་སྒྱུར་གྱི་ལས་ཀ་བྱེད་ཐུབ་མཁན་གཅིག་ཀྱང་བྱུང་མེད། རྒྱ་ནག་ལྟ་བུར་མཚོན་ན་ང་ཚོ་ལས་མི་འབོར་ལྡབ་མང་བ་མ་ཟད། རྒྱ་གར་ལ་འབྲེལ་བ་བྱུང་སྟེ་སངས་རྒྱས་ཀྱི་བཀའ་བསྒྱུར་བ་དེ་ཧ་ཅང་སྔ་པོ་རེད། ཕྱི་ལོ་ ༢༠༠ ནང་རྒྱ་གར་ནས་རྒྱ་ནག་ལ་སངས་རྒྱས་ཀྱི་བཀའ་བསྒྱུར་རྒྱུ་འགོ་བཙུགས་ཟིན། བོད་ལ་སྐབས་དེ་དུས་བརྡ་སྤྲོད་ཀྱི་རྣམ་བཞག་མེད་ལ་ཡི་གེའི་གཟུགས་ཀྱང་མེད། ཕྱི་ལོ་བརྒྱ་ཕྲག་བདུན་པ་དང་བརྒྱད་པའི་རྗེས་ནས་བོད་ཀྱི་བརྡ་སྤྲོད་རྣམ་བཞག་བྱུང་བ་རེད། འོན་ཀྱང་ད་ལྟའི་ཆར་སྔར་རྒྱ་ནག་གི་སྐད་ཡིག་ཐོག་བསྒྱུར་བའི་བཀའ་བསྟན་འགྱུར་དང་བོད་པའི་སྐད་ཡིག་ཐོག་བསྒྱུར་བའི་བཀའ་བསྟན་འགྱུར་གཉིས་མཚུངས་བསྡུར་བྱས་པ་ཡིན་ན། ཆོས་ཚན་དང་གྲངས་འབོར། བསྒྱུར་བའི་སྤུས་ཀ་སོགས་གང་ཅིའི་ཐད་ནས་བལྟས་པ་ཡིན་ནའང་མཚུངས་བསྡུར་བྱེད་རྒྱུ་ལྷག་མེད། སའི་གོ་ལ་འདིའི་ཐོག་སྐད་ཡིག་གཞན་པ་ནས་རང་སྐད་དུ་བསྒྱུར་བའི་གཞུང་ལུགས་བོད་པའི་སྐད་ཐོག་ཡོད་པ་ནང་བཞིན་སུ་ལའང་མེད། གཞན་གྱི་སྐད་ཡིག་ནས་བསྒྱུར་བ་མ་ཡིན་པའི་རང་གི་སྐད་ཡིག་ཐོག་བརྩམས་པའི་ཡིག་འཇོག་གི་གྲངས་འབོར་བརླགས་ཚར་བ་དེ་ཚར་བ་རེད། ད་ལྟ་ལག་ཏུ་རག་རྒྱུ་ཡོད་པའི་གྲངས་འབོར་དེ་ཧ་ཅང་རྒྱ་ཆེན་པོ་རེད།
རྒྱ་གར་གྱི་རྩོམ་ཡིག་གི་བྱུང་རིམ་ནི་ལོ་བདུན་སྟོང་གི་སྔོན་ལ་བྱུང་བ་ཞིག་དང་ལོ་ལྔ་སྟོང་གོང་ལ་བྱུང་བ་ཞིག་བཤད་ཀྱི་ཡོད། བོད་པའི་རྩོམ་ཡིག་ལ་ལོ་ཆིག་སྟོང་བརྒལ་བའི་བྱུང་རིམ་མ་གཏོགས་མེད། དེའི་རིང་ལ་སྔར་བོད་ཀྱི་ཆོས་རྒྱལ་དང་ལོ་པཎ་བཀའ་དྲིན་ཅན་ཚོས་སྐུ་ངལ་ག་ཚོད་བསྐྱོན་ཡོད་པ་དེ་བློ་ཡུལ་དུ་མ་ཤོང་བ་ཞིག་རེད། དེང་སང་ང་ཚོས་གཞུང་ལུགས་ཤོག་གྲངས་ཁ་ཤས་ཤིག་བསྒྱུར་བའི་སྐབས་སུ་སྔར་གྱི་ཆོས་རྒྱལ་དང་ལོ་པཎ་བཀའ་དྲིན་ཅན་ཚོས་བཀའ་བསྟན་འགྱུར་བསྒྱུར་སྐབས་སྐུ་ངལ་ག་ཚོད་བསྐྱོན་ཡོད་མེད་ཚོར་གྱི་འདུག ང་ཚོའི་འདས་པའི་བྱུང་རབས་དེ་ངོ་མཚར་དང་གཟི་བརྗིད་ཅན་ཞིག་རེད། ཅེས་དང་།
ཕྱོགས་མཚུངས་དགེ་རྒན་གྱི་ཀུན་སྤྱོད་དང་། འགན་ཁུར་གནང་ཕྱོགས་དང་འབྲེལ་ནས་གསུང་དོན། དགེ་རྒན་གྱིས་སློབ་ཕྲུག་ལ་བརྩེ་བའི་སྒོ་ནས་སློབ་ཁྲིད་གནང་དགོས་པ་དང་། དགེ་རྒན་གྱིས་སློབ་ཕྲུག་གིས་སློབ་སྦྱོང་བྱེད་པའི་སྐབས་སུ་འཇིགས་སྣང་མེད་པ་བཟོ་རྒྱུ་དང་སློབ་ཕྲུག་ཚོར་སློབ་སྦྱོང་ཐོག་དོ་སྣང་ཡོད་པ་ཞིག་བསྐྲུན་དགོས་རྒྱུ་དེ་དགེ་རྒན་གྱི་འགན་རེད། ཅེས་དང་།
དགེ་རྒན་གྱི་མིང་གི་རྣམ་གྲངས་ལ་ཡོངས་འཛིན་ཟེར་གྱི་ཡོད། ཡོངས་འཛིན་ཟེར་བ་དེ་སློབ་ཕྲུག་གི་ལུས་ངག་ཡིད་གསུམ་གྱི་དགོས་མཁོ་ཆ་ཚང་སྐྲུན་ཐུབ་མཁན་ཞིག་ལ་ཡོངས་འཛིན་ཟེར་གྱི་ཡོད། ཕྱིས་སུ་བོད་ལ་བླ་མ་ཚོའི་དགེ་རྒན་ལ་ཡོངས་འཛིན་ཞེས་ཟུར་བཅད་བྱས། བླ་མ་མ་ཡིན་པའི་གྲྭ་རྐྱང་ཡིན་ན་དགེ་རྒན་མ་གཏོགས་ཡོངས་འཛིན་ཟེར་གྱི་མེད། ཁོང་ཡོངས་འཛིན་རེད་ཟེར་དུས་དགེ་རྒན་ཞིག་ལ་དགེ་ཕྲུག་བླ་སྤྲུལ་ཞིག་ཡོད་པ་རེད། སྤྱིར་བཏང་ཡོངས་འཛིན་ཞེས་པའི་ཚིག་དེ་དགེ་རྒན་ཡོངས་རྫོགས་ལ་ཁྱབ་པ་ཞིག་རེད། ཅེས་དང་།
རིན་པོ་ཆེ་མཆོག་གི་མུ་མཐུད་ནས་དགེ་རྒན་གྱི་ལས་གནས་ནི་ལས་ཚན་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་སྐོར་གསུང་དོན། འདས་པའི་ལོ་ངོ་ ༦༠ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནའ་དེང་གི་སློབ་གསོ་དང་། རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་དགོངས་པ་དང་ལམ་སྟོན་དག་ནི་བླ་ན་མེད་པ་ཞིག་ཡིན། བོད་ནང་ལ་མཚོན་ན། རྒྱ་ནག་གཞུང་གིས་མངོན་གསལ་མེད་པའི་སྒོ་ནས་བོད་ཀྱི་ཆོས་དད་དང་། རིག་གཞུང་སྐད་ཡིག་བཅས་རྩ་མེད་གཏོང་རྒྱུའི་འཆར་གཞི་བཏིང་གི་ཡོད་པ་དང་། དེར་བཙན་འོག་ཏུ་ཡོད་པའི་བོད་མི་ཚོས་ཁ་གཏད་གཅོག་ཐབས་མེད་ཀྱང་། རང་དབང་གི་ལུང་པའི་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ཀྱིས་ཁ་གཏད་གཅོག་དགོས་ཀྱི་ཡོད་པ་དང། འདས་པའི་ལོ་ངོ་ ༦༠ རིང་བཙན་བྱོལ་བོད་མིས་ཞབས་འདྲེན་ཞུས་མེད་སྐོར་དང་། འདས་པའི་ལོ་ངོ་ ༦༠ རིང་བཙན་བྱོལ་བོད་མི་རྣམས་རྒྱ་བལ་འབྲུག་གསུམ་ནང་མཉམ་འདུས་ཀྱི་ཐོག་ནས་གནས་པར་བརྟེན། བཙན་བྱོལ་གྱི་སྤྱི་ཚོགས་དང་སློབ་གྲྭ་དག་གནས་ཐུབ་པ་བྱུང་ཡོད། ཡིན་ནའང་སྤྱི་ཚོགས་མཉམ་འདུས་ཀྱི་གནས་སྟངས་དང་ཁ་འཐོར་གྱི་གནས་སྟངས་གཉིས་མི་འདྲ་བར་བརྟེན། ང་ཚོས་འབྱུང་འགྱུར་གྱི་གནས་བབ་ལ་གྲ་སྒྲིག་བྱེད་གལ་ཆེན་པོ་ཡིན་པ་དང་། ཆབ་སྲིད་དང་འཛུགས་བསྐྲུན་སོགས་ནང་ནོར་འཁྲུལ་ཕྱིན་ཚེ། དེས་གནས་སྐབས་ཙམ་ལ་མ་གཏོགས་གྱོང་གུད་ཆེན་པོ་ཐེབས་ཀྱི་མེད་ཀྱང་། ཤེས་ཡོན་གྱི་ཐོག་ལ་ནོར་འཁྲུལ་ཤོར་ཚེ། སློབ་མ་གཅིག་གི་མི་ཚེ་ཧྲིལ་པོ་འཕྲོ་བརླག་འགྲོ་གི་ཡོད་པ་དང་། འཛིན་ཁང་གཅིག་ལ་མཚོན་ན། སློབ་མ་ ༤༠ ཙམ་གྱི་མི་ཚེ་ཆུད་ཟོས་སུ་འགྲོ་གི་ཡོད་པར་བརྟེན། དེ་ནི་ཧ་ཅང་གིས་ཉེན་ཚབས་ཅན་ཞིག་ཡིན་པ་དང། དགེ་རྒན་ཞིག་གིས་ལས་ཡུན་རིང་གལ་ཏེ་ནོར་འཁྲུལ་ཤོར་ཚེ། མི་སྟོང་ཕྲག་མང་པོའི་མི་ཚེའི་མདུན་ལམ་ཆུད་ཟོས་སུ་འགྲོ་གི་ཡོད་སྐོར་སོགས་གསུངས་སོང་།
དེའི་རྗེས་དྲི་བ་དྲིས་ལན་གྱི་སྐབས་ཚོགས་བཅར་བ་ཞིག་གིས། བཙན་བྱོལ་བོད་མིའི་སློབ་གྲྭའི་དགེ་རྒན་རྣམས་ལ་ཕྱིའི་མཐུན་རྐྱེན་སྦྱོར་སྟངས་ཐད་ལ་དགོངས་ཚུལ་གང་ཡོད་བཀའ་འདྲི་ཞུས་པར། རིན་པོ་ཆེ་མཆོག་གིས། སྤྱིར་དགེ་རྒན་གྱི་ལས་གནས་ཟེར་བ་དེ་དགེ་རྒན་གང་ཟག་གི་ཆ་ནས་གཞན་ལས་ཁྱད་པར་དུ་འཕགས་པ་དང་། ལས་ཚན་གྱི་ངོས་ནས་ལས་ཚན་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་དགོས་པ་དང། ལས་གནས་དེའི་གླ་ཕོགས་དང་མཐུན་རྐྱེན་སོགས་ཀྱི་ཐད་ནས་ལས་ཚན་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་དགོས། རྒྱ་གར་ལ་མཚོན་ན། འཛིན་སྐྱོང་གི་ཞབས་ཞུ་བ་ཚོའི་བསམ་བློའི་ནང་ལས་ཚན་ཀུན་གྱི་ནང་ནས་འཛིན་སྐྱོང་དེ་ཆེས་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་པར་བརྟེན། རྒྱ་གར་གཞུང་གི་དྲུང་ཆེ་ཞིག་གི་གླ་ཕོགས་དེ་གཙུག་ལག་སློབ་གྲྭ་ཞིག་གི་རིགས་བདག་ཅིག་གི་གླ་ཕོགས་ལས་སྒོར་ ༣༠༠ མཐོ་བ་ཡོད། དེ་ལྟར་བྱེད་དགོས་དོན་ཡང་ཁྱད་པར་མཚོན་པའི་ཆེད་དུ་ཡིན་སྐོར་དང་། སྤྱི་ཚོགས་ཀྱི་མཚན་མཐོང་དང་མཐུན་རྐྱེན་ལ་དམིགས་ནས་དགེ་རྒན་བྱེད་པ་དེ་བརྩེ་བའི་བདག་ཉིད་ཅིག་མིན་པར་བརྟེན། འདི་ལྟ་བུའི་ལྟ་ཚུལ་འཛིན་མཁན་དེ་དགེ་རྒན་ཚད་ལྡན་ཞིག་མིན་ཡང་། འཛིན་སྐྱོང་ངོས་ནས་དགེ་རྒན་གྱི་མཐུན་རྐྱེན་དང་གླ་ཕོགས་སོགས་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།