རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་ཁུལ་དུ་མཛད་འཕྲིན་རྒྱ་ཆེ་བསྐྱངས་པ།

༢༠༡༦ ཕྱི་ཟླ་ ༥ ཚེས་ ༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླཱི་ནས་གནམ་ཐོག་ཕེབས་ཐོན་གྱིས་གུ་ཝཱ་ཧཱ་ཊཱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་འབུམ་བདེ་ལ་དགོན་རྩེའི་མཁན་པོ་དང་། བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད། North India 1བསྟན་འཛིན་སྒང་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་སོགས་ནས་ཕེབས་བསུ་ཞུས་ཏེ། བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་༧ཞབས་སོར་འཁོད་སྐབས་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་དང་། བོད་མིའི་གཞིས་སྒར་གྱི་ལས་སྣེ་སོགས་མང་པོ་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༠ ཉིན་སྔ་དྲོ་ཇི་ལྟར་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་ནས་གསོལ་བ་བཏབ་པ་བཞིན་དེ་གའི་ས་གནས་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྩལ་ཅིང་། སྐབས་དེར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་བོད་མི་དང། ས་ཁུལ་དེ་ག་དང་། དེ་བཞིན་རུ་པ་དང་གཡས་གཡོན་ནས་ནང་པའི་རྗེས་འཇུག་པ་རྣམས་འདུ་འཛོམས་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༡ ཉིན་སྔ་དྲོ་བསྟན་འཛིན་སྒང་ནས་འབུམ་སྡེ་ལ་ཕྱོགས་སུ་ཕེབས་ཐོན་གནང་ཞིང་། ལམ་པར་དུ་རུ་པ་ས་གནས་ཀྱི་དགོན་པ་ཞིག་ཏུ་མང་ཚོགས་ནས་ཕེབས་བསུ་ཞུས་པ་མ་ཟད། གསོལ་བ་བཏབ་པ་བཞིན་རིན་པོ་ཆེ་མཆོག་ནས་བླང་དོར་གསུང་བཤད་མདོར་བསྡུས་ཤིག་ཀྱང་བསྩལ་ཅིང་། དེ་ནས་ཕེབས་ཐོན་གྱིས་ལམ་པར་ཁག་ཏུ་ནང་པའི་མང་ཚོགས་ཀྱིས་དགའ་བསུ་ཞུ་བཞིན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་ཕེབས་འབྱོར་སྐབས་དགོན་པའི་ལས་སྣེ་དང་མང་ཚོགས་བཅས་ནས་ཕེབས་བསུ་ཟབ་རྒྱས་ཀྱིས་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་རྟེན་འབྲེལ་གྱི་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས།
North India 2༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༣ ཉིན་རྒྱབ་ཏུ་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གི་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་རིམ་འབྲིང་པོའི་བཀའ་ཁྲིད་དབུ་འཛུགས་ཀྱིས་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༠ བར་མུ་མཐུད་བསྐྱངས་ཏེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའི་བར་ཟིན་པར་མཛད་། དེ་བཞིན་ཉིན་རེར་ཕྱི་དྲོ་གསུང་ཆོས་ཀྱི་རྗེས་སུ་མཇལ་ཁར་བཅར་མཁན་རྣམས་ལ་གོ་སྐབས་བསྩལ། ད་རེས་གསུང་ཆོས་སུ་རྟ་དབང་དང་། ལུམ་ལ། ལྷའུ། འཇང་། སེངྒེ་རྫོང་། འདི་རང་སོགས་ས་ཁུལ་མང་དག་ནས་ཆོས་ཞུ་བ་རྣམས་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༦ ཉིན་སྔ་དྲོ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གི་རིགས་ལམ་སྦྱོང་བཞིན་པའི་འཛིན་རིམ་ཁག་བདུན་ནས་རིགས་ལམ་དཔེ་མཚོན་སྤྱན་འབུལ་ཞུས། མཚན་མོ་ཀུན་མཁྱེན་མཚོ་སྣ་རིན་པོ་ཆེའི་དགོངས་རྫོགས་ཀྱི་མཆོད་འབུལ་དུ་ཚོགས་ཕེབས་གནང་།
North India 3༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༡ སྔ་དྲོ་སྒྲོལ་དཀར་ཚེ་དབང་བསྩལ་རྗེས། མོན་འབུམ་སྡེ་ལ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། སྐབས་དེར་དེ་གའི་རྫོང་དཔོན་དང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སོགས་དཔོན་རིགས་ཁག་དང་། དེ་བཞིན་རྟ་དབང་དང་ཝེས་ཊ་ཀ་མེང་རྫོང་ཁོངས་ཀྱི་ས་ཁུལ་མང་པོ་ནས་དད་ལྡན་ཆོས་ཞུ་བ་རྣམས་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༢ སྔ་དྲོ་འབུམ་སྡེ་ལ་ནས་ཆིབས་ཐོན་གྱིས་དཱ་ཧུང་དུ་ཕེབས་འབྱོར་གནང་ཞིང་། ཉིན་རྒྱབ་ཏུ་དཱ་ཧུང་དབུས་ཧིམཱལཱཡའི་ལེགས་བྱང་མཐོ་རིམ་སློབ་གཉེར་ཁང་དུ་སློབ་ཕྲུག་གི་མ་འོངས་པའི་མདུན་ལམ་ཞེས་པའི་བརྗོད་གཞིིའི་ཐོག་གསུང་བཤད་དང་། དྲི་བར་བཀའ་ལན་སོགས་གྲུབ་མཚམས་ཕེབས་ཐོན་གྱིས་བ་ལུཀ་པོང་དུ་འབྱོར།
༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༣ སྔ་དྲོ་བ་ལུཀ་པོང་ས་གནས་སུ་གནས་པའི་ནང་པ་རྣམས་ལ་བླང་དོར་གསུང་བཤད་བསྩལ་རྗེས་གུ་ཝཱ་ཧཱ་ཊཱིར་ཕེབས་ཐོན་གྱིས་དེ་ནས་དིལླཱིའི་བརྒྱུད་དྷརྨཤཱལཱར་འབྱོར།