༈ ལྷོ་ཀོ་རི་ཡར་གསུང་ཆོས་ཁག་ལེགས་གྲུབ་བྱུང་བ།

༄༅།།  ༢༠༡༧ ཕྱི་ཟླ་ ༨ ཚེས་ ༣ ཉིན་བཞུགས་སྒར་དྷརྨཤཱལཱ་ནས་དིལླཱིའི་བརྒྱུད་ཚེས་ ༤ སྔ་དྲོ་ལྷོ་ཀོ་རི་ཡའི་སི་འོལ་ཨིན་ཆི་ཡོན་རྒྱལ་སྤྱིའི་གནམ་ཐང་ (Seoul Incheon International Airport) དུ་འབྱོར་སྐབས་བསླབ་གསུམ་བཤད་སྒྲུབ་གླིང་གི་དགེ་བཤེས་ནམ་མཁའ་ལགས་ནས་ཕེབས་བསུས་ཀྱིས་གིམ་པོ་གནམ་ཐང་ (Gimpo airport) དུ་ཕེབས་སྐྱེལ་ཞུས། དེ་ནས་སླར་ཡང་འཕུར་བསྐྱོད་ཀྱིས་ཉིན་གུང་ཙམ་ལ་ཨུལ་སན་ (Ulsan) གནམ་ཐང་དུ་འབྱོར་སྐབས་དེ་ཁུལ་ནང་པ་རྣམས་ཀྱིས་ཕེབས་བསུས་ཀྱིས་གིལ་སང་དགོན་པར་ (Gil sang sa) ཕེབས་འབྱོར་བྱུང་།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༥ སྔ་དྲོ་གིལ་སང་དགོན་པའི་ (Gil sang sa) དབུ་འབྱེད་མཛད་སྒོར་མཉམ་ཞུགས་ཀྱིས་གསུང་བཤད་གནང་སྟེ། སངས་རྒྱས་ཀྱི་ཆོས་ལ་རྨོངས་དད་ཀྱིས་མི་འགྲིགས་པར་ཐོས་བསམ་གྱིས་འཇུག་དགོས་ཚུལ། བོད་བཞིན་བཀའ་འགྱུར་བསྟན་འགྱུར་རྣམས་རང་སྐད་ཐོག་བསྒྱུར་ཐུབ་ན་བསྟན་པ་ལ་ཞབས་འདེགས་དང་སྐྱེ་འགྲོ་ལ་ཕན་རླབས་ཆེན་པོ་ཡོང་ཚུལ།  མཁན་ཆེན་ཞི་བ་འཚོ་བོད་ལ་ཇི་ལྟར་བཀའ་དྲིན་ཆེ་ཚུལ། བོད་དུ་ནང་ཆོས་ཇི་ལྟར་ཇི་ལྟར་བྱུང་བ་དང་། སྒྱུར་ཚད་ལྡན་ཇི་ཙམ་ཡོད་ཚུལ་སོགས་ཞིབ་པར་གསུངས། སྐབས་དེ་དུས་ཀོ་རི་ཡའི་སྐད་ཐོག་གསུང་སྒྱུར་སྐུ་ཞབས་ཡང་སུང་ཀུ་ (Yang sung kyu) ནས་གནང་།

ཕྱི་དྲོ་དགོན་པ་དེ་གར་དད་ལྡན་ཆོས་ཞུ་བ་རྣམས་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་གནང་སྟེ། ད་ལམ་གྱི་གསུང་ཆོས་དེ་བླ་སློབ་ཀྱི་འབྲེལ་བའི་ཐོག་ནས་མིན་པར། འཛིན་གྲྭའི་ནང་སློབ་ཚན་ཞིག་གི་ངོ་བོའི་ཐོག་ནས་འཁྲིད་ཀྱི་ཡོད་ཚུལ། བྱང་ཆུབ་ལམ་སྒྲོན་གྱི་སྐོར་དང་། མཛད་པ་པོ་ཇོ་བོ་རྗེའི་སྐོར། ཇོ་བོ་རྗེ་དང་ལོ་ཆེན་རིན་ཆེན་བཟང་པོའི་དབར་བཀའ་མོལ་ཇི་བྱུང་། རྣམ་འདྲེན་བཞི་པས་བདུན་ཕྲག་བདུན་ལ་ཆོས་མ་གསུངས་པའི་རྒྱུ་མཚན། དེ་ནས་བདེན་བཞི་ཆོས་འཁོར་བསྐོར་ཚུལ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཆེད་དུ་དམིགས་པ་མ་གཏོགས་ཚེ་འདི་སྣང་དོན་དུ་མིན་ཚུལ། སྡེ་སྣོད་གསུམ་པོ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འདུས་ཚུལ། སངས་རྒྱས་ཀྱིས་གསུངས་པའི་བསླབ་པ་གསུམ་པོ་ཚང་མས་རང་བློ་དང་བསྟུན་ནས་ཉམས་ལེན་ཐུབ་ཚུལ་སོགས་སྔོན་འགྲོའི་གསུང་ཆོས་མང་དུ་བསྩལ་མཐར། ལམ་སྒྲོན་དབུ་ནས་འགྲེལ་བཤད་གནང་སྟེ། སྐྱེས་བུ་མཐའ་མའི་སྐོར་སླེབས་སྐབས། ཚེ་འདིའི་དོན་དུ་བྱེད་མཁན་རྣམས་སྐྱེས་བུ་ཆུང་ངུ་ལའང་མི་ཚུད་པ་མ་ཟད། སྐྱེས་བུའང་མིན་ཚུལ་སོགས་གསུངས་ཏེ་དེ་ཉིན་སྐྱེས་བུ་འབྲིང་གི་སྐོར་བར་དུ་བསྩལ།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༦ ཉིན་སྔ་དྲོ་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་མུ་མཐུད་དེ། སྐྱེས་བུ་ཆེན་པོའི་སྐོར་ལས་བརྩམས་ཏེ། སྙིང་རྗེ་ཆེན་པོ་སྐྱེ་བར་ཐོག་མར་ངེས་འབྱུང་དགོས་ཚུལ། སེམས་བསྐྱེད་ཚུལ་ལ་མན་ངག་རྒྱུ་འབྲས་བདུན་དང་། བདག་གཞན་མཉམ་བརྗེ་གཉིས་ཡོད་ཚུལ། དེ་གཉིས་སྒོམ་པའི་རིམ་པར་ཐོག་མར་བཏང་སྙོམས་ནས་སྦྱོང་དགོས་ཚུལ། བསྒྲུབ་བྱ་གཞན་དོན་དོན་གཉེར་ལས་སངས་རྒྱས་ཀྱི་ས་མིན་ཚུལ། ཡེ་ཤེས་ཀྱི་ཚོགས་ནུས་ལྡན་ཡོང་བར་བསོད་ནམས་ཀྱི་ཚོགས་གསོག་དགོས་ཚུལ་སོགས་གསུངས་ཏེ་རིམ་པས་འགྲེལ་བཤད་གནང་།

ཕྱི་དྲོ་ཀོ་རི་ཡའི་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྔོན་འགྲོའི་གསུང་ཆོས་རྣམས་གསུངས་ཏེ་དགེ་བསྙེན་གྱི་བསྲུང་བྱ་རྣམས་ངོ་སྤྲོད་གནང་བའི་ཐོག་ནས་དགེ་བསྙེན་གྱི་སྡོམ་པ་འབོགས་པར་མཛད། སྐབས་དེའི་གསུང་བཤད་དང་གསུང་ཆོས་རྣམས་ཀོ་རི་ཡའི་སྐད་ཐོག་གསུང་སྒྱུར་སྐུ་ཞབས་ཡང་སུང་ཀུ་ (Yang sung kyu) ལགས་ནས་གནང་།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༧ ཉིན་སྔ་དྲོ་ཨུལ་སན་གྲོང་ཁྱེར་ནས་ཕེབས་ཐོན་གྱིས་ལམ་བར་དུ་ཡང་སན་ (Yang san) གྲོང་དུ་སངས་རྒྱས་རིང་སྲེལ་ཅན་གྱི་ཏོང་དོ་དགོན་པར་ (Tong do sa) གནས་མཇལ་གནང་ཞོར་ཕྱི་དྲོ་ཡིའུ་སུ་  (Yeosu) གྲོང་ཁྱེར་དུ་ཆགས་པའི་སེ་ཡོཀ་ཆེ་འོན་དགོན་པར་ (Seok cheon sa) འབྱོར་ཏེ་དེ་གའི་མཁན་པོ་དང་ལས་སྣེ་རྣམས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་རྣམས་ཀོ་རི་ཡའི་སྐད་ཡིག་ཏུ་བསྒྱུར་བའི་ལས་གཞིའི་ཐོག་བཀའ་མོལ་གནང་བ་མ་ཟད། སྒྱུར་གྱི་ལས་རིམ་ཐོག་ལམ་སྟོན་ཞུས་པ་བཞིན་ཞིབ་ཕྲ་གནང་།

 

༢༠༡༧ ཕྱི་ཟླ་ ༨ ཚེས་ ༨ ཉིན་སྔ་དྲོ་སེ་ཡོཀ་ཆེ་འོན་དགོན་དུ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་དང་། ཆོས་བྱེད་སྟངས། ཀུན་སློང་དང་བསྔོ་བའི་གལ་གནད་སོགས་ཀྱི་ཐོག་གསུང་ཆོས་གནང་སྟེ། མི་དེ་ཙམ་ཡོད་རུང་ཆོས་བྱེད་ཀྱི་བསམ་བློ་དང་གོ་སྐབས་ཡོད་མཁན་དཀོན་ཚུལ། མིའི་ལུས་རྟེན་འདིའི་ཐོག་ནས་དོན་ཆེན་སྒྲུབ་ཐུབ་ཚུལ། དོན་ཆེན་ནི་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་དོན་དུ་གོ་དགོས་ཚུལ། དེ་ལྟ་བུ་ཆུད་ཟོས་བཏང་ན་ཕངས་པོ་ཡིན་ཚུལ། ཚེ་འདིའི་དོན་དུ་བྱེད་པའི་བྱ་བ་རྣམས་དུད་འགྲོས་ཀྱང་ཐུབ་ཚུལ། དེ་ནས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་སྐོར་གྱི་ཁྱད་པར་དང་དེ་གསུམ་གྱི་ཉམས་ལེན་བྱེད་དགོས་པ་དང་བྱེད་ཐུབ་སྐོར་གསུང་དོན་དུ། ཆོས་ཀྱི་ཉམས་ལེན་ནི་དཔེ་ཆ་འདོན་པ་དང་། སྔགས་བགྲངས། གསོལ་འདེབས་ཙམ་མིན་པར། འདོད་སྡང་རྨོངས་གསུམ་གྱི་དབང་འོག་ཏུ་སོང་བའི་སེམས་དེ་ཡར་རྒྱས་གཏོང་རྒྱུ་དེ་ཡིན་ཚུལ། འདུན་པ་དང་རྩོལ་བ་ཡོད་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་བར་འགྲོ་ཐུབ་ཚུལ། རང་སེམས་འགྱུར་བ་གཏོང་བར་ཐོག་མར་བླ་མ་ཚད་ལྡན་བསྟེན་ནས་ཆོས་ཤེས་དགོས་ཚུལ། འཆི་བ་མི་རྟག་པ་ཡག་པོ་བྱུང་ན་ལུས་ངག་ཡིད་གསུམ་ཆོས་སུ་འགྲོ་ཐུབ་ཚུལ། ཚོུད་ ༢༤ ནང་ང་ཚོར་ཆོས་བྱེད་ལོངས་ཇི་ཙམ་དཀོན་པོ་ཡིན་ཚུལ། མི་དགེ་བ་ཆུང་ངུ་ཞིག་བྱེད་ནའང་སྦྱོར་དངོས་རྗེས་གསུམ་ཚང་སྟེ་སྟོབས་ཆེ་ཚུལ་དང་། དགེ་བ་ཆེན་པོ་ཞིག་བྱེད་ནའང་སྦྱོར་དངོས་རྗེས་གསུམ་མ་ཚང་བར་ཧ་ཅང་སྟོབས་ཆུང་ཚུལ། ང་ཚོར་བདེ་འགྲོ་འཐོབ་ངེས་ཀྱི་གདེང་ཚོད་མེད་ཚུལ། ངན་འགྲོར་འགྲོ་བའི་རྒྱུ་རྐྱེན་གྱིས་བསྐོར་ནས་ཡོད་ཚུལ། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པས་སྐྱབས་འགྲོ་རྣམ་དག་ཅིག་བསྐྱེད་དགོས་ཚུལ། སྐྱེས་བུ་ཆུང་ངུའི་སྐབས་ཀྱི་ཆོས་དཀོན་མཆོག་ནི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡིན་ཚུལ། མི་དགེ་བ་བཅུ་མི་བྱེད་པ་ཙམ་མིན་པར། བསམ་བློའི་ནང་སྤོང་སེམས་སྐྱེ་དགོས་ཚུལ། དེ་ནི་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་དངོས་ཡིན་ཚུལ། ཐེངས་གཅིག་བདེ་འགྲོར་སྐྱེས་ཀྱང་ངན་འགྲོར་ལྷུན་ཉེན་ཆེ་བས་སྐྱེ་བ་གཏན་དུ་ངན་འགྲོར་མི་འགྲོ་བའི་ཐབས་ཤིག་བསྟེན་དགོས་ཚུལ། བདེ་འགྲོའི་ལུས་རྟེན་ལའང་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་མང་པོ་ཡོད་ཚུལ་སོགས་རྒྱས་པར་གསུངས། དེ་ནས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་སྐོར་གསུང་དོན་དུ། འཁོར་བ་མྱོང་དགོས་པའང་ལས་བསགས་པ་ལ་བརྟེན་ནས་བྱུང་ཚུལ། ལས་དེའང་ཉོན་མོངས་དབང་གིས་གསོག་ཚུལ། དེའང་གཙོ་བོ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་ཡིན་ཚུལ། བདག་འཛིན་མ་རིག་པ་ལས་ཆགས་སྡང་སྐྱེ་ཚུལ། དེ་མི་ཡོང་བར་བདག་འཛིན་མ་རིག་པ་སྤང་དགོས་ཚུལ། དེ་ནི་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་ནས་ཡོང་དགོས་ཚུལ་སོགས་རྒྱས་པར་གསུངས། དེ་ནས་སྐྱེས་བུ་ཆེན་པོའི་སྐོར་གསུང་དོན་དུ། བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཐར་ཡང་སེམས་ཅན་ཐམས་ཅད་ལྷག་ན་མ་རབས་ཐ་ཤལ་ཡིན་ཚུལ། དེའི་རྒྱུ་མཚན་ཡང་སེམས་ཅན་ཐམས་ཅད་རང་གི་མར་མ་གྱུར་པ་མེད་ཚུལ། བརྩེ་བ་སྙིང་རྗེ་ཆེན་པོའི་བློ་ཞིག་སྐྱེ་ན་གཞན་དོན་སྒྲུབ་པའི་ལྷག་བསམ་ཡོང་ཚུལ། གཞན་དོན་བསྒྲུབ་རྒྱུ་དམིགས་ཡུལ་དང་། དེའི་ཡན་ལག་ཏུ་སངས་རྒྱས་ཀྱི་གོ་འཕང་ཡིན་ཚུལ། བྱང་ཆུབ་ཀྱི་སེམས་སྐྱེས་ནས་ཕར་ཕྱིན་དྲུག་ལ་སློབ་ཚུལ་སོགས་རྒྱས་པར་གསུངས། དེ་ནས་ཁྱིམ་པ་རྣམས་ལ་བསླབ་བྱ་གནང་དོན་དུ། སྐྱེ་བོ་མི་ནག་རྣམས་ལ་དུས་ཚོད་མེད་པས་མང་པོ་ཞིག་བྱེད་ཐབས་མེད་ཀྱང་། ལམ་རིམ་གྱི་གཞུང་ཆེ་ཆུང་ཞིག་བསླབ་གཞིར་བཞག་སྟེ་ག་ལེར་སློབ་སྦྱོང་གནང་ན་ལེགས་ཚུལ། ཉིན་ཞག་ཕྲུགས་གཅིག་ནང་ལས་དོན་གང་བྱེད་ཀྱང་ཆོས་སུ་འགྲོ་ཐུབ་པ་བྱུང་ན་མི་ཚེ་དོན་ལྡན་ཡིན་ཚུལ།  ཞོགས་པ་གཉིད་སད་པ་དང་དཀོན་མཆོག་གསུམ་གྱི་མཚན་དྲན་ནས་སྡིག་པ་གང་ཉུང་དང་དགེ་བ་གང་མང་ཐུབ་པའི་འདུན་པ་གཏོང་དགོས་ཚུལ། ཁྲུས་སོགས་བྱེད་པའི་སྐབས་སུའང་འདོད་སྡང་གི་བློ་གང་ཉུང་དང་། བྱམས་པ་དང་སྙིང་རྗེ་གང་མང་ཡོང་ཐབས། བར་དུ་སྔགས་བགྲང་བ་སོགས་བྱེད་དགོས་ཚུལ། ལྷ་ཁང་སོགས་མཇལ་སྐབས་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཐལ་སྦྱར་གྱིས་གུས་ཞབས་བྱེད་དགོས་ཚུལ། སྡུག་བསྔལ་གྱིས་མནར་བ་རྣམས་མཐོང་སྐབས་ཐུབ་ན་རོགས་པ་བྱེད་པ་དང་། མ་བྱུང་ནའང་སྙིང་རྗེ་བསྐྱེད་དེ་སྨོན་ལམ་ཚུན་འདེབས་དགོས་ཚུལ། ཀུན་སློང་བཟང་པོས་ཁ་འཇམ་པོ་ཞིག་བྱེད་ནའང་དགེ་བ་རླབས་ཆེ་གསོག་ཐུབ་ཚུལ། དཀོན་མཆོག་གི་རྟེན་ལ་མེ་ཏོག་ཞིག་ཕུལ་ནའང་ཚོང་གི་ལམ་འགྲོ་སོགས་ལ་དམིགས་པ་མིན་པར། ཀུན་སློང་རྒྱ་ཆེན་པོ་དགོས་ཤིང་། གལ་ཏེ་བདེ་འགྲོར་དམིགས་ན་སྐྱེས་བུ་ཆུང་ངུ་དང་། ཐར་པར་དམིགས་ན་སྐྱེས་བུ་འབྲིང་། སེམས་ཅན་ཐམས་ཅད་ལ་ཕན་པར་དམིགས་ན་སྐྱེས་བུ་ཆེན་པོ་བཅས་སུ་འགྲོ་ཚུལ། ཀུན་སློང་དེ་བྱང་སེམས་ཀྱི་རྩིས་ཟིན་པ་བྱུང་ན་དགེ་བ་རླབས་ཆེ་བྱུང་ཚུལ། དེ་ནས་དགོང་མོ་ཉལ་ཁར་ཞུ་དག་གིས་སྡིག་པ་མང་བ་བྱུང་ན་འགྱོད་སེམས་དང་གདུང་སེམས་ཀྱིས་སླན་ཆད་མི་བགྱི་བར་དམ་བཅའ་བ། དགེ་བ་མང་བ་བྱུང་ན་རྗེས་སུ་ཡི་རངས་ཀྱིས་སླན་ཆད་དེ་ལྷག་བྱེད་བསམ་པ་དགོས་ཚུལ། དེ་བཞིན་དགེ་བ་ལ་བསྔོ་སྨོན་གྱིས་རྒྱས་བཏབ་དགོས་ཚུལ། འགྱོད་སེམས་དང་གདུང་སེམས་ནི་སྡིག་པ་མི་འཕེལ་བའི་ཆེད་དང་། བསྔོ་བ་དང་སྨོན་ལམ་གཉིས་དགེ་བ་སྟོང་མི་འགྲོ་ཆེད་ཡིན་ཚུལ། དེ་ནས་གཉིད་ཁུག་སྐབས་དགེ་བའི་ངོ་བོར་འགྲོ་ཐབས་དགོས་ཚུལ་སོགས་རྒྱས་པར་གསུངས། སྐབས་དེར་དེ་གའི་མཁན་པོ་དང་རབ་བྱུང་རྣམ་པ། དེ་བཞིན་དེ་ཁུལ་མང་ཚོགས་བཅས་འདུ་འཛོམས་འདུག གསུང་སྒྱུར་ནི་སྔར་བཞིན་སྐུ་ཞབས་ཡང་སང་ཀུ་ལགས་ནས་གནང་།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༩ ཉིན་སྔ་དྲོ་ཡིའུ་སུ་ (Yeosu) གྲོང་ཁྱེར་ནས་ཐོན་ཏེ་ཉིན་གུང་སྔོན་ཙམ་དུ་བུ་སན་ (Busan) གྲོང་ཁྱེར་གྱི་གོ་ཝང་སེ་འོང་ (Gwang seong) དགོན་ (ཀོ་རི་ཡ་བོད་ཀྱི་ཆོས་ཚོགས་ཀྱང་ཟེར།) དུ་འབྱོར་སྐབས་དེ་ཁུལ་རབ་བྱུང་དང་མང་ཚོགས་བཅས་ནས་ཕེབས་བསུ་ཞུས།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༠ ཉིན་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྔ་དྲོ་ཀོ་རི་ཡ་བོད་ཀྱི་ཆོས་ཚོགས་ཀྱི་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་གནང་སྟེ། འདི་ནི་རྗེ་ཙོང་ཁ་པས་རྒྱ་གཞུང་གཞན་ལ་མ་བརྟེན་པར་རང་རྐང་གིས་བརྩམས་པ་ཞིག་ཡིན་ཚུལ། དེ་ནས་ས་བཅད་ལྔར་བཀྲམས་ཏེ་ཚིགས་བཅད་རྣམས་རེ་རེ་བཞིན་ཚིག་འགྲེལ་གནང་མཐར། སྒྲོལ་མ་འཁོར་བཅས་ཐོག་གསུང་ཆོས་དང་ལྗགས་ལུང་ཡང་བསྩལ།  སྐབས་དེར་དད་ལྡན་ཆོས་ཞུ་བ་མང་ཙམ་ཕེབས་འདུག སྐབས་དེར་ཀོ་རི་ཡའི་སྐད་ཐོག་གསུང་སྒྱུར་ཀོ་རི་ཡ་བོད་ཀྱི་ཆོས་ཚོགས་ཀྱི་འགན་འཛིན་དགེ་བཤེས་རྭ་སྟོད་བསོད་ནམས་ལགས་ནས་གནང་།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༡ ཉིན་སྔ་དྲོ་མེ་འཁོར་ཐོག་བུ་སན་གྲོང་ཁྱེར་ནས་ཕེབས་ཐོན་སྐབས་དད་ལྡན་མང་ཙམ་ཕེབས་སྐྱེལ་དུ་བཅར་ཞིང་། དེ་ནས་ཉིན་གུང་ཙམ་ལ་རྒྱལ་ས་སི་འོལ་ (Seoul) དུ་འབྱོར།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༢ ཉིན་སྔ་དྲོ་བསླབ་གསུམ་བཤད་སྒྲུབ་གླིང་གི་གཙུག་ལག་ཁང་དུ་ཤེས་རབ་སྙིང་པོའི་སྐོར་དང་དེའི་བཀའ་ཁྲིད་གནང་སྟེ། ད་རེས་འདི་ནི་ཆོས་ཀྱི་བགྲོ་གླེང་ལྟ་བུ་ལས་བླ་སློབ་ཀྱི་འབྲེལ་བ་གཞག་མི་དགོས་ཚུལ། ཤེར་སྙིང་ལ་རྒྱ་འགྲེལ་བདུན་ཙམ་གསལ་ཚུལ། དྲི་མེད་བཤེས་གཉེན་དང་ཀམལ་ཤཱིལ་གཉིས་ཀྱིས་བརྩམས་པ་གཉིས་པོ་བོད་དུ་བརྩམས་པ་ལྟ་བུ་ཡོད་ཚུལ། བལ་ཡུལ་གྱི་པཎྜིཏ་ཕྱག་ན་རྡོ་རྗེས་མཛད་པའི་འགྲེལ་པ་དེ་སྔགས་སུ་འགྲེལ་བ་དང་གྲུབ་མཐའི་ཐོག་ནས་ཀུན་གཞི་རྣམ་ཤེས་ཁས་བླངས་པ་ལྟ་བུ་ཡོད་ཚུལ། ལེགས་པའི་ཤེས་རབ་ཀྱི་འགྲེལ་པའང་སྔགས་སུ་འགྲེལ་བ་ལྟ་བུ་འདུག་ཚུལ། དེ་ནས་ཤེས་རབ་སྙིང་པོ་ཆ་ཚང་སྔོན་འགྲོ་དང་། དངོས་གཞི། མཇུག་བཅས་ས་བཅད་གསུམ་དུ་ཕྱེ་ནས་ཚིག་འབྲུ་རེ་རེ་བཞིན་བཀའ་ཁྲིད་ཟབ་པར་བསྩལ།  སྐབས་དེར་བོད་པའི་དགེ་འདུན་པ་དང་། ཀོ་རི་ཡའི་དགེ་འདུན་དང་བཙུན་མ། དེ་བཞིན་ཁྱིམ་པ་དད་ལྡན་ཆོས་ཞུ་བ་མང་ཙམ་ཕེབས་འདུག  ཀོ་རི་ཡའི་སྐད་ཐོག་གསུང་སྒྱུར་ནི་བསླབ་གསུམ་བཤད་སྒྲུབ་གླིང་གི་འགན་འཛིན་དགེ་བཤེས་ནམ་མཁའ་ལགས་ནས་གནང་།

ཕྱི་དྲོ་རྒྱལ་ས་སི་འོལ་ (Seoul) ནས་ཕེབས་ཐོན་གྱིས་ཆུ་ཚོད་ཁ་ཤས་འགྲུལ་བཞུད་རྗེས་ཡོང་གིན་ (Yongin) གྲོང་གི་རི་འདབས་སུ་ཆགས་པའི་ཧེང་བོཀ་སི་འོན་ (Haengbok Seon) (Happiness Zen Center) བཙུན་དགོན་དུ་འབྱོར་སྐབས་ཐོག་མར་གཙུག་ལག་ཁང་དུ་རིན་པོ་ཆེ་མཆོག་ལ་དེ་གའི་བཙུན་མ་དང་ཁྱིམ་པ་ཕོ་མོ་རྣམས་ཀྱིས་གུས་ཕྱག་འབུལ་བར་མཛད།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༣ ཉིན་སྔ་དྲོ་ཧེང་བོཀ་སི་འོན་བཙུན་དགོན་དུ་ཆོས་བྱེད་ཐབས་ལས་བརྩམས་ཏེ་གསུང་ཆོས་གནང་སྟེ། མིའི་སྐྱེ་བ་ལེན་དཀའ་ཚུལ། འགྲོ་བ་རིགས་མི་འདྲ་བ་སྣ་ཚོགས་ནང་མི་ཉུང་ངུ་ལས་མེད་ཚུལ། དེའི་ནང་བསམ་པ་བཟང་པོ་དང་ཆོས་ལ་དོན་གཉེར་ཅན་དེ་ལས་དཀོན་ཚུལ། ཁྱེད་ཚོ་སངས་རྒྱས་ཀྱི་བསྟན་པ་ཡོད་སར་སྐྱེས་པ་མ་ཟད། དཀོན་མཆོག་ལ་དད་གུས་དང་། ཕྱག་མཆོད་འབུལ། ཆོས་ཉན་པའི་བློ་སྐྱེ་བ་དེ་སྐྱེ་བ་སྔོན་མའི་བསོད་ནམས་ཀྱི་འབྲས་བུ་ཡིན་པས་གོ་སྐབས་ཆུད་ཟོས་སུ་མ་སོང་བར་བེད་སྤྱོད་ཡག་པོ་གཏོང་དགོས་པ་ནི་འགྲོ་བ་མིའི་དམིགས་བསལ་གྱི་ལས་འགན་ཡིན་ཚུལ། འགྲོ་བ་མི་ནི་སོ་སོར་བསམ་བློ་གཏོང་སྟངས་དང་། གཤིས་ཀ མོས་པ་སྣ་ཚོགས་ཡོད་པའི་དབང་གིས་ཆོས་ཀྱང་གཅིག་གིས་མི་ཆོག་པར་སྣ་ཚོགས་བྱུང་ཚུལ། ཆོས་ལུགས་ཚང་མ་གལ་ཆེན་པོ་ཡིན་ཚུལ། བརྒྱ་ཕྲག་ཉེར་གཅིག་ནང་སྤྱི་ཡོངས་ཀྱི་བསམ་བློ་གཏོང་སྟངས་ལ་བལྟས་ན་ནང་ཆོས་དེ་འཚམས་ཤོས་དང་བེད་སྤྱོད་ཆེ་ཤོས་ཡིན་ཚུལ། ཆོས་ཀྱི་དགོས་དམིགས་ནི་སྡུག་བསྔལ་བསལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུ་ཡིན་ཚུལ། ཆོས་མི་ཤེས་མཁན་དང་དད་པ་མེད་མཁན་ཡིན་ནའང་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་བསམ་བློ་ཡོད་རུང་། བསམ་བློ་གཏོང་སྟངས་མི་འདྲ་བ་ཡིན་ཚུལ། དཔེར་ན་ཆོས་པས་སྡུག་བསྔལ་གྱི་རྩ་བ་དེ་ནང་གི་སེམས་ལ་ཐུག་པ་དང་། དེའི་ནང་མི་ཤེས་རྨོངས་པ་ཡོད་པ་དེ་ལས་འདོད་སྡང་དང་། དེ་ལས་སྡུག་བསྔལ་བྱུང་ཚུལ། སེམས་ཡར་རྒྱས་བཏང་སྟེ་རྨོངས་པ་མེད་པ་བཟོ་ཐབས་ཡོད་པར་བསམས་ཤིང་། ཆོས་མི་ཤེས་མཁན་དང་དད་པ་མེད་མཁན་གྱིས་སྡུག་བསྔལ་རྣམས་ཕྱིའི་དངོས་པོའི་ཞན་ཆ་དང་མ་འདེང་བ་ལས་བྱུང་བ་དེ་ཚན་རིག་དང་འཕྲུལ་ལས་ཐོག་ནས་དཔལ་འབྱོར་འབེལ་པོ་བྱུང་ན་སེལ་ཐབས་ཡོད་ཚུལ་བསམས། བསམ་བློར་བཟོ་བཅོས་གཏང་རྒྱུ་ཡོད་པ་དེ་ཤེས་ཀྱི་མེད་ཚུལ། དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡང་སེམས་ཅན་གྱི་སྡུག་བསྔལ་བསལ་ཐུབ་མེད་ཚུལ། ནང་སེམས་ཀྱི་ཡར་རྒྱས་ལ་འབད་རྩོལ་བྱེད་མཁན་ཚོས་ཕྱིའི་མཐུན་རྐྱེན་དཀོན་ཡང་མི་ཚེ་སྐྱིད་པོ་སྐྱེལ་ཐུབ་པ་མ་ཟད། རང་དང་འབྲེལ་ཡོད་རྣམས་ལའང་བདེ་བ་སྟེར་བའི་མཐུན་རྐྱེན་བྱེད་ཐུབ་ཚུལ། ང་ཚོ་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པ་མ་ཟད། ཐེག་ཆེན་པ་ཡིན་པར་བརྟེན། དེའི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་ཐོག་ནས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྒྲུབ་པའི་ཐབས་ཤེས་ལས་དང་པོ་བའི་སྐབས་ནས་ཅི་དང་ཅི་འབྱོར་གྱིས་བྱེད་དགོས་ཚུལ། དེ་ང་ཚོའི་ལས་འགན་ཡིན་ན་སྡུག་བསྔལ་སེལ་ཐབས་མགྱོགས་ཤོས་དང་ཛ་དྲག་ཤོས་རྣམས་ངེས་པར་དུ་ཤེས་དགོས་ཚུལ། བརྒྱ་ཕྲག་ཉེར་གཅིག་ནང་དཀའ་ངལ་ཆེ་ཤོས་ནི་དང་པོ་འཚེ་བ་འཕེལ་བ་དེ་ཡིན་པ། དེའང་དམག་དང་དམག་གི་ཉེན་ཁ། འཇིགས་སྐུལ་རིང་ལུགས། སྡེབ་གསོད་ཐུབ་པའི་མཚོན་ཆ་སོགས་ལ་བརྟེན་ནས་བྱུང་ཚུལ། གཉིས་པ་དཔལ་འབྱོར་འདྲ་མཉམ་མེད་པ། དབུལ་ཕྱུག་གི་བར་ཁྱད་ཉིན་རེ་ནས་ཉིན་རེར་ཆེ་རུ་འགྲོ་ཚུལ། དེ་ལས་མང་པོ་ཞིག་ལ་ཟས་དང་སྨན་གྱིས་ཕོངས་ཚུལ། ཁ་ཤས་ལ་འབེལ་དྲགས་ནས་བག་མེད་ལོངས་སྤྱོད་བྱེད་ཀྱི་ཡོད་ཚུལ། གསུམ་པ་ཁོར་ཡུག་ཉམས་ཆག་ཡིན་པ། དེའང་དཔལ་འབྱོར་དང་ཚན་རིག་ལ་བརྟེན་ནས་ཁོར་ཡུག་ཧ་ཅང་ཉམས་ཆག་ཕྱིན་ཚུལ། ཚ་དྲོད་འཕེལ་ཤུགས་ལས་མི་དང་སྲོག་ཆགས་ཚང་མར་ཉེན་ཁ་འཕྲད་ཚུལ། བཞི་པ་ཆོས་ལུགས་ཕན་ཚུན་མ་འཆམ་པ། དེའང་ཆོས་ནི་ཕན་བདེ་སྒྲུབ་བྱེད་ཅིག་ཡིན་པ་དེ་སྡུག་བསྔལ་གྱི་རྒྱུར་འགྲོ་ཚུལ། འདི་བཞིས་སྲོག་ཆགས་ཡོངས་ལ་ཇི་ཙམ་ཉེན་ཁ་འཕྲད་ཀྱི་ཡོད་ཚུལ། སྨན་པས་ནད་ཀྱི་རྒྱུ་རྐྱེན་ཤེས་ན་སྨན་ཏག་ཏག་གཏོང་ཐུབ་པ་བཞིན་ང་ཚོས་ཀྱང་ནད་རྟགས་དེ་བཞི་པོ་ངོས་བཟུང་དགོས་ཚུལ། དེ་ཤེས་ནས་སེལ་ཐབས་བྱེད་པ་དེ་ང་ཚོའི་ལས་འགན་ཡིན་ཚུལ། ལྷག་བསམ་རྣམ་དག་ཐོག་ནས་སྨོན་ལམ་ཞིག་བརྒྱབ་ནའང་སྟོབས་ཆེ་ཚུལ། སྨོན་ལམ་དང་མཉམ་དུ་བསྔོ་བའང་དགོས་ཚུལ། དེ་གཅིག་པུས་མི་འགྲིགས་པར་ལུང་གི་སྡེ་སྣོད་ལ་སློབ་སྦྱོང་གནང་སྟེ་རྟོགས་པའི་བསྟན་པ་རྒྱུད་ལ་བསྐྱེད་ཐབས་དགོས་ཚུལ། དཀའ་ངལ་དེ་ཚོ་སེམས་ཡར་རྒྱས་མ་འགྲོ་བ་ལས་བྱུང་བས་སེམས་ལ་འགྱུར་བ་གཏོང་དགོས་ཚུལ། སངས་རྒྱས་ཀྱི་ཆོས་ནི་བསམ་བློའི་ནང་ཡོད་པའི་དངོས་པོ་ལས་ཕྱི་ལ་ཡོད་པའི་ཅ་ལག་ལྟ་བུ་མིན་ཚུལ། རབ་བྱུང་ལྟ་ཅི། ཁྱིམ་པ་ཕོ་མོ་ཡིན་ནའང་ཐོས་བསམ་སློབ་གཉེར་གནང་དགོས་ཚུལ། འདིར་ཡོད་པའི་སྒོམ་སྒྲུབ་ཉམས་ལེན་གྱི་སྲོལ་རྒྱུན་དེ་མ་ཉམས་པར་ཉར་དགོས་པ་མ་ཟད། གཞན་ལའང་སྤེལ་དགོས་ཚུལ། བཙུན་དགོན་ཆགས་ཡུལ་འདི་གནས་དབེན་པ་སྒོམ་སྒྲུབ་བྱེད་ས་ཕུན་སུམ་ཚོགས་པ་ཞིག་ཡོད་ཚུལ་སོགས་བསྔགས་བརྗོད་གནང་སྟེ་གྲུབ། སྐབས་དེར་ཀོ་རི་ཡའི་སྐད་ཐོག་གསུང་སྒྱུར་ནི་སྔར་བཞིན་སྐུ་ཞབས་ཡང་སུང་ཀུ་ (Yang sung kyu) ལགས་ནས་གནང་།

ཉིན་རྒྱབ་དེ་ནས་ཐོན་ཏེ་སི་འོལ་ (Seoul) རྒྱལ་སར་རྟེན་གཞི་བྱས་པའི་བསླབ་གསུམ་བཤད་སྒྲུབ་གླིང་དུ་འབྱོར།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༤ ཉིན་རྒྱབ་ BBS (Buddhist Broadcasting System) TV བརྙན་འཕྲིན་ཁང་དུ་གདན་ཞུས་ཀྱིས་བོད་དོན་དང་འབྲེལ་བའི་ཐོག་བཅར་འདྲི་རིང་ཙམ་ཞུས་པར་ལན་འདེབས་གནང་ཞིང་། བཅར་འདྲི་ཞུ་མཁན་གཉིས་པོའང་ལྷོ་ཀོ་རི་ཡའི་ནང་སྙན་གྲགས་ཅན་ཡིན་འདུག དེ་བཞིན་བརྙན་འཕྲིན་ཁང་གི་འགན་འཛིན་ཡང་མཇལ་དུ་ཕེབས།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༥ ཉིན་རྒྱབ་སི་འོལ་ཨིན་ཆི་ཡོན་རྒྱལ་སྤྱིའི་གནམ་ཐང་ (Seoul Incheon International Airport) ནས་ཕེབས་ཐོན་གྱིས་མཚན་མོ་དིལླཱིར་བཞུགས་ཞག་གིས་ ༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༦ སྔ་དྲོ་དིལླཱི་ནས་གནམ་ཐོག་ཕེབས་ཐོན་གྱིས་ཉིན་རྒྱབ་ཏུ་བཞུགས་སྒར་དྷརྨ་ཤཱལཱར་འབྱོར་བའི་གནས་ཚུལ་མདོར་བསྡུས་སུ།