༈ མོན་རྟ་དབང་དུ་གསུང་ཆོས་དང་གསུང་བཤད་གནང་བ།
༄༅།། ༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༢ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་འབུམ་སྡེ་ལ་ནས་རྟ་དབང་དུ་ཆིབས་བསྒྱུར་བསྐྱངས་ཤིང་། ཐོན་ཁར་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་ཤིང་སྣ་འདེབས་འཛུགས་དང་མཆོད་མེ་ཁང་གསར་རྒྱག་ཆེད་ས་ཆོག་བྱིན་རླབས་ཞུས་ཤིང་། ཇི་ལྟར་གསོལ་བ་བཏབ་པ་བཞིན་འདི་རང་ས་གནས་སུ་དུས་འཁོར་ལྷ་ཁང་དུ་མང་ཚོགས་ལ་ལྟུང་བཤགས་ཀྱི་ལྗགས་ལུང་དང་དེའི་འགྲེལ་བཤད། ཀུན་སློང་དང་བསྔོ་བའི་གལ་གནད་སོགས་ཀྱི་ཐོག་གསུང་ཆོས། ཟེ་ལའི་ཉེ་འགྲམ་དུ་དེ་གའི་མང་ཚོགས་ཀྱིས་ཕེབས་བསུ་དང་སྦྲགས་མ་ཎི་ལྷ་ཁང་ལ་རབ་གནས་བཅས་ཞུས།
འཇང་ས་གནས་སུ་ཕེབས་འབྱོར་སྐབས་རྟ་དབང་རྫོང་གི་རྫོང་དཔོན་དང་། འཇང་གི་རྫོང་དཔོན་གཞོན་པ་སོགས་ཀྱིས་ཕེབས་བསུས་ཀྱིས་གཞུང་གི་མགྲོན་ཁང་དུ་གསོལ་ཇ་བཏེགས། དེ་ནས་ལྷའུ་ས་གནས་སུ་ཐུབ་བསྟན་ཆོས་གླིང་བུད་མེད་སློབ་གྲྭར་གང་བློ་མའི་ལྗགས་ལུང་བསྩལ། མཐར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་ཕེབས་འབྱོར་སྐབས་ཕེབས་བསུ་ཟབ་རྒྱས་ཞུས་པ་མ་ཟད། ལམ་བར་དུའང་དད་ལྡན་མང་ཚོགས་ཀྱིས་བསུ་བ་ཟབ་རྒྱས་ཞུས་འདུག
༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༣ དང་ ༢༤ ཉིན་གཉིས་རིང་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྔ་དྲོ་དེ་གའི་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་བསྐྱངས་ཤིང་། ཉིན་ལྟར་སྔོན་འགྲོར་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་དགོས་ཚུལ་གདམས་རྗེས། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་བཀའ་ཁྲིད་ལེགས་པར་བསྐྱངས་པ་མ་ཟད། ཇོ་བོའི་ལུགས་ཀྱི་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་གཙོ་འཁོར་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བསྩལ་རྗེས། རབ་ཏུ་བྱུང་བ་རྣམས་ཀྱིས་འདུལ་ཁྲིམས་ཚུལ་བཞིན་ཉམས་ལེན་གནང་དགོས་པ་དང་། མཐུན་རྐྱེན་དང་འགལ་རྐྱེན་གཉིས་ངོ་འཕྲོད་དགོས་ཚུལ། ཁོར་ཡུག་སྲུང་སྐྱོབ་ཐོག་བླང་དོར་བཀའ་སློབ་རྒྱས་པར་ཕེབས།
༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༥ ཉིན་རྟ་དབང་རྫོང་སྡེ་ལས་ཁུངས་ (District Administration, Tawang) དང་རྟ་དབང་མོན་པའི་ལས་བྱེད་ཚོགས་པའི་ (Tawang Monpa Employees’ Society) གོ་སྒྲིག་འོག་ཀ་ལ་དབང་པོ་ཚོགས་ཁང་ (Kalawangpo Convention Hall) དུ་དུས་རབས་ཉེར་གཅིག་ནང་ཆོས་ཀྱི་གལ་གནད་དང་འབྲེལ་ཆགས་ཐོག་གསུང་བཤད་གནང་ཞིང་། དེའང་ཐོག་མར་རྟ་དབང་རྫོང་དཔོན་སངས་ཕུན་ཚོགས་ལགས་ཀྱིས་དགའ་བསུའི་གསུང་བཤད་དང་། དེ་ནས་རྟ་དབང་རྫོང་གི་ཨང་རིམ་མཐོ་པོ་ལོན་པའི་སློབ་ཕྲུག་རྣམས་ལ་གཟེངས་བསྟོད་གནང་དུ་འཇུག་རྗེས། སློབ་དཔོན་ཟམ་གདོང་རིིན་པོ་ཆེས་མིའི་དགོས་མཁོ་ལ་བརྟེན་ནས་ཆོས་ལུགས་རྣམས་བྱུང་ཚུལ། ཆོས་ལུགས་ལ་མཐོ་དམའ་མེད་ཚུལ། ཆོས་ལུགས་སོ་སོ་དམིགས་བསལ་བ་ཡིན་ཚུལ། དེང་སྐབས་ཆོས་ཀྱི་སྙིང་པོ་ཡལ་ནས་མིང་དང་སྒྲིག་འཛུགས་ལ་བརྟེན་ཚུལ། ཆོས་ཀྱི་གལ་གནད་དང་འབྲེལ་ཆགས་ཡོད་མིན་མ་བཤད་སྔོན་དུ་ཆོས་དེ་ངོ་ཤེས་དགོས་ཚུལ། དེའང་རང་ངོས་ནས་བརྟག་དཔྱད་ཀྱིས་ཐག་ཆོད་དགོས་ཚུལ་སོགས་རྒྱས་པར་གསུངས་མཐར། དྲི་བ་ཁག་ལ་ལན་འདེབས་གནད་སྨིན་བསྩལ། མཐར་རྟ་དབང་མོན་པའི་ལས་བྱེད་ཚོགས་པའི་དྲུང་ཆེ་སྐུ་ཞབས་དོན་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གསུང་བཤད་ཀྱི་ལས་རིམ་གྲུབ། སྐབས་དེར་རྟ་དབང་གི་རྫོང་དཔོན་དང་འབྲེལ་ཡོད་དཔོན་རིགས་དང་། ཉེན་རྟོག་སྤྱི་ཁྱབ་པ་དང་འབྲེལ་ཡོད་དཔོན་རིགས། དམག་མི་དཔོན་པོ། དགེ་རྒན། སློབ་ཕྲུག་རྒན་པ་སོགས་ཆིག་སྟོང་བརྒལ་བ་འདུ་འཛོམས་འདུག
ཕྱི་དྲོ་རྟ་དབང་རྫོང་ཁོངས་རླུང་ལ་ས་གནས་ཀྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བྱམས་བརྩེ་དགའ་ཚལ་གླིང་གི་ལས་བྱེད་རྣམས་མཇལ་འཕྲད་ཀྱིས་དྲི་བ་ཁག་ལ་ལན་འདེབས་དང་། དེ་བཞིན་རྟ་དབང་ཁུལ་དུ་གནས་སྡོད་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་སློབ་ཟུར་བ་རྣམས་ལ་གོ་སྐབས་གསོལ་བསྩལ་ཀྱིས་གླེང་མོལ་གནང་། བར་བར་དུ་མི་སྣ་མཇལ་འཕྲད་ཀྱི་གོ་སྐབས་གསོལ་བསྩལ་བཞིན་རྟ་དབང་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་དང་། དེ་བཞིན་དད་ལྡན་མང་ཚོགས་རྣམས་མཇལ་བཅར་ཞུས་འདུག
༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༦ ཉིན་སྔ་དྲོ་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ནས་ཆིབས་ཞལ་བསྒྱུར་སྐབས་རྟ་དབང་རྫོང་དཔོན་སངས་རྒྱས་ཕུན་ཚོགས་མཆོག་དང་རྟ་དབང་དགོན་གྱི་འདུས་མང་ནས་ཕེབས་སྐྱེལ་ཞུས་ཤིང་། དེ་ནས་ཟེ་ལའི་ཉེ་འགྲམ་དུ་གསོལ་ཇ་འདེགས་འབུལ་དང་། འདི་རང་ས་གནས་སུ་དེ་གའི་མང་ཚོགས་ནས་ཕེབས་བསུས་ཀྱིས་ཉིན་གུང་གསོལ་ཚིགས་ཕུལ་བ། འབུམ་སྡེ་ལ་འབྱོར་སྐབས་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་ཕེབས་བསུས་ཀྱིས་གསོལ་ཇ་འདེགས་འབུལ། ཕྱི་དྲོ་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་འབྱོར་སྐབས་ཕྱག་མཛོད་གཙོས་ལས་སྣེ་རྣམས་ཀྱིས་ཕེབས་བསུ་ཞུས།
༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༧ ཉིན་སྔ་དྲོ་བསྟན་འཛིན་སྒང་ནས་ཆིབས་ཞལ་བསྒྱུར་ཏེ་ཕྱི་དྲོ་གུཝཱཧཱཊཱི་དང་། དེ་ནས་གནམ་ཐོག་དིལླཱིར་འབྱོར།
༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༨ ཉིན་དིལླཱིར་དུས་ཚོད་སྔོན་བཟོས་གཞི་བཟུང་མི་སྣ་མཇལ་འཕྲད་ཀྱི་གོ་སྐབས་བསྩལ།
༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༩ ཉིན་དིལླཱི་ནས་བཞུགས་སྒར་དྷ་སར་བདེ་ཕེབས་བྱུང་བའི་གནས་ཚུལ་དུ།