༈ དེཧརཱ་དཱུན་འབྲི་གུང་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་དུ་གསུང་བཤད་ཁག་གནང་བ།
༄༅།། ༢༠༡༩ ཕྱི་ཟླ་ ༤ ཚེས་ ༡༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླཱི་ནས་མེ་འཁོར་བརྒྱུད་ཕེབས་ཐོན་གྱིས་ཉིན་རྒྱབ་དེཧརཱདཱུན་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་དུ་འབྱོར། ཕྱི་ཚེས་ ༡༢ ཉིན་རྒྱབ་དབུ་འབྱེད་མཛད་སྒོ་མདོར་བསྡུས་ཤིག་གནང་རྗེས། དེང་དུས་རབ་བྱུང་བའི་སྤྱི་ཚོགས་དང་འབྲེལ་ནས་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་གསུང་བཤད་དང་། དེ་བཞིན་དྲི་བ་ཁག་ལ་ལན་འདེབས་གནང་།
ཕྱི་ཚེས་ ༡༣ ཉིན་གནའ་དེང་དགོན་སྡེའི་སློབ་གསོའི་ཐད་ལེགས་བཅོས་ཇི་ལྟར་གནང་དགོས་མིན་སྐོར་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་། ཕྱི་ཚེས་ ༡༤ ཉིན་དགེ་རྒན་མཚན་ཉིད་པ་ཞིག་འགྱུར་རྒྱུར་མ་མཐའི་ཆ་རྐྱེན་གང་ཞིག་ཚང་དགོས་མིན་སྐོར་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་། ཕྱི་ཚེས་ ༡༥ ཉིན་གནའ་བོའི་རྒྱ་གར་གྲུབ་མཐའ་སྨྲ་བ་བཞིའི་བཞེད་མཚམས་དང་བྱུང་འཕེལ་སྐོར་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་། ཕྱི་ཚེས་ ༡༦ ཉིན་དེཧརཱ་དཱུན་ནས་དིལླཱིར་ཕེབས་འབྱོར་བྱུང་བ་བཅས།