༈  ཅེནྣཨི་དང་སྦེང་ལོར་དུ་མཛད་འཕྲིན་བསྐྱངས་པ།

༄༅།།  སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༧ ཕྱི་ཟླ་ ༩ ཚེས་ ༢༠ ཉིན་དྷརྨ་ཤཱ་ལཱ་ནས་ཕེབས་ཐོན་གྱིས་དིལླཱི་དང་།  དེ་ནས་ ༢༠༡༧ ཕྱི་ཟླ་ ༩ ཚེས་ ༢༡ ཉིན་ཅེནྣཨི་ (Chennai) ལ་འབྱོར།

༢༠༡༧ ཕྱི་ཟླ་ ༩ ཚེས་ ༢༢ དང་ ༢༣ བཅས་ཉིན་གཉིས་རིང་བསནྟ་བིཧཱར་ (Vasanta Vihara) དུ་ཆགས་པའི་རྒྱ་གར་གྱི་ཀྲྀཥྞམཱུརྟྟི་ཐེབས་རྩ་ཁང་གི་དབུས་ལས་ཁུངས་ (Headquarter of Krishnamurti Foundation, India) སུ་རྒྱ་གར་གྱི་ཀྲྀཥྞམཱུརྟྟི་ཐེབས་རྩ་ཁང་ (Krishnamurti Foundation, India) གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ (Governing Body meeting) ཞུགས་པ་མ་ཟད། ཚོགས་འདུའི་གཙོ་སྐྱོང་ཡང་གནང་།

༢༠༡༧ ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ཅེནྣཨི་ནས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཀྲྀཥྞམཱུརྟྟི་ཐེབས་རྩ་ཁང་ (Krishnamurti Foundation, Bangalore) དུ་འབྱོར།

 

༢༠༡༧ ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༩ བར་ཟུར་སྦྱོང་ཉིན་ལྔའི་རིང་སྔ་དྲོ་སྒོམ་དང་། གསུང་བཤད་དང་བགྲོ་གླེང་གི་ཐུན་དང་པོ། ཀྲྀཥྞམཱུརྟྟི་མཆོག་གི་གསུང་ལ་ལྟ་ཉན། ཕྱི་དྲོ་གསུང་བཤད་དང་བགྲོ་གླེང་གི་ཐུན་གཉིས་པ། དེ་ནས་སྒོམ་བཅས་གནང་ཞིང་། ད་རེས་ཟུར་སྦྱོང་དེ་ཀྲྀཥྞམཱུརྟྟི་མཆོག་གི་གསུང་ལ་དོན་གཉེར་ཅན་ཟུར་དབྱེ་ཉུང་ཤས་ལ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་།  དེའི་སྣེ་ཁྲིད་རིན་པོ་ཆེ་མཆོག་ནས་གནང་འདུག  དེའང་རིན་པོ་ཆེ་མཆོག་ནས་ཐོག་མར་ཀྲྀཥྞམཱུརྟྟི་མཆོག་གི་གསུང་ལ་འཇུག་པའི་རིམ་པ་རྣམས་ལམ་སྟོན་གནང་བ་མ་ཟད།  ཀྲྀཥྞམཱུརྟྟི་མཆོག་གི་གསུང་ལས་བྱུང་བའི་བདག་འཛིན་འཇོམས་ཚུལ་དང་། རྟོག་པ། མངོན་སུམ། སྒོམ། འཆི་བ་སོགས་ཀྱི་སྐོར་འགྲེལ་བརྗོད་དང་། དེ་བཞིན་བགྲོ་གླེང་གི་བརྒྱུད་རིམ་ནང་བྱུང་བའི་དྭོགས་འདྲི་མང་དག་ལ་ལན་འདེབས་དང་གསལ་བཤད་མཐིལ་ཕྱིན་གནང་སྟེ་དོན་གཉེར་ཅན་རྣམས་ཀྱི་ཡིད་ཀྱི་འདོད་དོན་བསྐངས།  ད་རེས་ཀྱི་ཟུར་སྦྱོང་དེའི་ནང་དགེ་རྒན་དང་། ཚན་རིག་པ། ཤེས་ཡོན་པ། ཚོང་པ་སོགས་རྒྱབ་ལྗོངས་སྣ་ཚོགས་ནས་ཕེབས་འདུག

༢༠༡༧ ཕྱི་ཟླ་ ༩ ཚེས་ ༣༠ ཉིན་སྔ་དྲོ་སྦེང་ལོར་ནས་དིལླཱི་བརྒྱུད་ཕྱི་དྲོ་དྷརྨ་ཤཱ་ལཱར་འབྱོར།