༈ གནས་མཆོག་རྡོ་རྗེ་གདན་དུ་མཛད་འཕྲིན་བསྐྱངས་པ་དང་། ནང་པའི་གནས་ཆེན་ཁག་ལ་གནས་སྐོར་དུ་ཕེབས་པ།
༄༅།། ༢༠༡༩ ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བོདྷ་གཡཱ་རི་ཇེན་སི་ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པའི་དབུ་འབྱེད་མཛད་སྒོར་ཕེབས་པ་མ་ཟད། ཚིག་མཛོད་ཀྱི་གལ་གནད་ཐོག་གསུང་བཤད་གནང་ཞིང་།
སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གསུང་བཤད་བསྩལ་བ་དང་། དེ་བཞིན་མཁན་རིན་པོ་ཆེ་རྣམ་པ་དང་། བླ་སྤྲུལ་དགེ་བཤེས་རྣམ་པ་སོགས་གསན་མཁན་མང་པོ་ཕེབས་འདུག
ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པ་དང་ལྷན་དུ་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཕེབས། ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་རྒྱབ་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པ་དང་ལྷན་དུ་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འགྲམ་དུ་ཆགས་པའི་དཔལ་ལྡན་ཤ་བ་རི་དབང་ཕྱུག་གི་སྒྲུབ་ཕུག་ལ་གནས་མཇལ་དུ་ཕེབས།
ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་རྒྱབ་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པ་དང་ལྷན་དུ་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འགྲམ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ལོ་དྲུག་དཀའ་བ་སྤྱད་སའི་གནས་མཇལ་གནང་། ཕྱི་ཟླ་ ༡༢ ཚེས་ ༣༡ བོད་ཟླ་ ༡༡ ཚེས་ ༢༥ ཉིན་རྒྱབ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག་གིས་དབུས་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པས་གནས་མཆོག་རྡོ་རྗེ་གདན་གྱི་ Buddha Residency གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བླ་མ་མཆོད་པའི་ཚོགས་འབུལ་ཞུས།
༢༠༡༩ ཕྱི་ཟླ་ ༡ ཚེས་ ༡ ཉིན་སྔ་དྲོ་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་། བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ཀྱིས་དབུས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་མཆོད་འབུལ་དང་། སྨོན་ལམ་གསུང་འདོན་གནང་།
ཕྱི་ཟླ་ ༡ ཚེས་ ༢ ཉིན་སྔ་དྲོ་བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག་དང་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པ་དང་ལྷན་དུ་གནས་མཆོག་རྡོ་རྗེ་གདན་ནས་ཕེབས་ཐོན་གྱིས་ཨོ་ཏནྟ་པུ་རིར་གནས་མཇལ་གནང་།
ཕྱི་ཟླ་ ༡ ཚེས་ ༣ ཉིན་ཕྱི་དྲོ་སྔོན་རྒྱ་གར་གྱི་གདན་ས་ཆེན་པོ་བིཀྲམ་ཤཱིལར་མཆོད་མཇལ་གནང་།
ཕྱི་ཟླ ༡ ཚེས་ ༤ ནས་ ༨ བར་ཡངས་པ་ཅན་དང་། ཡངས་པ་ཅན་ནས་རྩ་མཆོག་གྲོང་གི་ཕེབས་ལམ་དུ་ཀེ་ས་རི་ཡའི་མཆོད་རྟེན། རྩྭ་མཆོག་གྲོང་། སེར་སྐྱའི་གྲོང་། མཉན་ཡོད་བཅས་ནང་གནས་མཇལ་གནང་།
ཇི་ལྟར་འབྲས་སྤུངས་བློ་གསལ་སྤྲུལ་སྐུ་ལྷན་ཚོགས་ནས་གསོལ་འདེབས་ཞུས་པ་བཞིན་ ༢༠༡༩ ཕྱི་ཟླ་ ༡ ཚེས་ ༡༠ ནས་ ༡༤ བར་ཉིན་ལྔའི་རིང་མཉན་ཡོད་ཀྱི་ཀོ་རི་ཡ་དགོན་པའི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་བླ་སྤྲུལ་རྣམས་ལ་ཅོ་ནེ་བླ་མ་རིན་པོ་ཆེ་བློ་བཟང་རྒྱ་མཚོ་མཆོག་གིས་མཛད་པའི་ལེགས་པར་བཤད་པའི་སྙིང་པོ་ལས་བརྩམས་ཏེ་སྤེལ་མར་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེ་བའི་བཀའ་ཁྲིད་བསྐྱངས་མཐར། བླ་སྤྲུལ་རྣམས་ཀྱི་ལྷན་དུ་སྨོན་ལམ་གསུང་འདོན་གནང་རྗེས། མཇུག་བསྡོམས་སུ་ལམ་སྟོན་གསུང་བཤད་རྒྱས་པར་བསྩལ།
ཕྱི་ཟླ་ ༡ ཚེས་ ༡༤ ཉིན་སྔ་དྲོ་གནས་མཆོག་མཉན་ཡོད་ཀྱི་ཀོ་རི་ཡ་དགོན་པའི་ཚོགས་ཁང་དུ་ཀོ་རི་ཡ་ནས་ཕེབས་པའི་གནས་སྐོར་བ་རྣམས་ལ་ལམ་སྟོན་གསུང་བཤད་གནང་བ་བཅས།