༄༅། །དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་འཇམ་དཔལ་མཚན་བརྗོད་ཀྱི་བཀའ་ཁྲིད་ལེགས་པར་གྲུབ་པ།
དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༣ ཚེས་ ༧ ཉིན་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་<<འཇམ་དཔལ་མཚན་བརྗོད་རྩ་བ་>>དང་། <<༧རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་དེའི་རྒྱ་ཆེར་བཤད་པ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་ཉི་མ་ཆེན་པོ་>>བཅས་ཀྱི་བཀའ་ཁྲིད་དབུ་འཛུགས་གནང་རྒྱུའི་ཉིན་དང་པོར་སྔོན་འགྲོའི་གསུང་ཆོས་གནང་། ཐོག་མར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་བྱ་དོ་རིན་པོ་ཆེ་མཆོག་ནས་མནྜལ་རྟེན་གསུམ་འདེགས་འབུལ་དང་། ཐེངས་འདིར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གཙོ་བོར་གྱུར་བའི་གདན་ས་གྲྭ་ཚང་ཁག་གི་བླ་སྤྲུལ་དགེ་བཤེས་སོགས་ཁྱོན་དགེ་འདུན་པ་དང་། ཕྱི་རྒྱལ་བ། གཞན་ཡང་ཧི་མ་ལའི་རི་བརྒྱུད་དང་དྷ་ས་སོགས་ས་གནས་གང་ས་ནས་ཕེབས་པའི་མང་ཚོགས་བཅས་ཁྱོན་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྔོན་འགྲོའི་གསུང་ཆོས་བསྩལ་དོན།
དལ་རྟེན་འདི་རྙེད་དཀའ་བ་དང་། དོན་ཆེ་བ། འཇིག་སླ་བས། ད་ལྟ་ནས་སྙིང་པོ་བླང་དགོས་ཚུལ་སོགས་དང་། ཀུན་སློང་རྣམ་དག་གིས་ཆོས་འཆད་ཉན་དགོས་པ། འཇམ་དཔལ་མཚན་བརྗོད་རྣལ་འབྱོར་རྒྱུད་དང་། བླ་མེད་ཀྱི་རྒྱུད། དུས་འཁོར་ལུགས་སུ་བཀྲལ་ཚུལ་ལས། འདིར་རྒྱལ་བ་དགེ་འདུན་རྒྱ་མཚོའི་རྒྱ་ཆེར་བཤད་པ་དེས་དུས་འཁོར་ལུགས་སུ་བཀྲལ་ཚུལ། དེ་ནས་འཇམ་དཔལ་མཚན་བརྗོད་གསུངས་པའི་གནས་དང་དུས། དེ་བོད་སྐད་དང་སྐད་ཡིག་གཞན་དུ་སྒྱུར་ཚུལ། ལེགས་སྦྱར་གྱི་སྐད་དུ་བཞུགས་པ་ཇི་ཡོད། དེའི་གཞུང་ཚད། དེའི་འགྲེལ་པ་ཇི་ཡོད་སོགས་དང་། བཀའ་ཁྲིད་ཀྱི་དམིགས་ཡུལ་ནི་གཞུང་འདིའི་བཤད་ཁྲིད་མི་ཉམས་པ་དང་། འབྱུང་འགྱུར་ན་གཞོན་དགེ་བཤེས་རྣམས་དུས་འཁོར་ཐོག་གཏིང་ཟབ་ཀྱི་རིགས་གཅིག་རྐང་འཛིན་གནང་རྒྱུའི་ཕྱོགས་སུ་ཐུགས་སྣང་དྲང་ཆེད་ཡིན་ཚུལ་སོགས་རྒྱས་པར་གསུངས།
ཕྱི་ཚེས་ ༨ གསུང་ཆོས་ཀྱི་ཉིན་གཉིས་པར། ཐོག་མར་ཀུན་སློང་རྣམ་དག་གིས་ཆོས་འཆད་ཉན་དགོས་ཚུལ་དང་། མ་མཐའ་ཡང་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་གྱིས་གསལ་བཏབ་དགོས་ཚུལ་སོགས་ཀྱི་སྔོན་འགྲོའི་གསུང་ཆོས་རྗེས། འཇམ་དཔལ་མཚན་བརྗོད་ཀྱི་རྩ་བའི་ལེའུ་བཞི་པ་སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པའི་ལེའུའི་བར་བཤད་ལུང་དང་། དེའི་རྒྱ་ཆེར་བཤད་པ་ལས་བླ་མེད་ཀྱི་རྒྱུད་སྤྱིའི་དགོངས་པ་འགྲེལ་ཚུལ་མདོ་ཙམ་དུ་བརྗོད་པ་དང་། མཚན་ཡང་དག་པར་བརྗོད་པའི་དགོངས་པ་འགྲེལ་ཚུལ་བྱེ་བྲག་ཏུ་བཤད་པ་བཅས་སྤྱིའི་རྣམ་པར་གཞག་པའི་ཐོག་བཀའ་ཁྲིད་ལེགས་པར་བསྩལ།
གསུང་ཆོས་ཀྱི་ཉིན་གསུམ་པར། ཐོག་མར་ཆོས་འཆད་ཉན་གྱི་ཀུན་སློང་ཀུན་བཅོས་ཀྱི་རིམ་པ་རྣམས་གསུངས་རྗེས། རྒྱ་ཆེར་བཤད་པའི་ལེའུ་དང་པོ་ཞུས་པའི་ལེའུ་ལས་རྩ་བའི་ཚིག་དོན་བཤད་པ་དངོས་ལ་འཇུག་པ་ནས་བརྩམས་ཏེ་ལེའུ་གཉིས་པ་ལན་སླར་གསུངས་པའི་ལེའུ་བར་བཀའ་ཁྲིད་གནང་བ་མ་ཟད། འཇམ་དཔལ་མཚན་བརྗོད་རྩ་བའི་ལེའུ་དང་པོ་ཞུས་པའི་ལེའུའི་ཚིགས་བཅད་རྣམས་རིམ་བཞིན་ཚིག་དོན་ཧ་ཅང་གོ་བདེའི་ངང་བཀྲལ་བར་མཛད།
གསུང་ཆོས་ཀྱི་ཉིན་བཞི་པར། ཐོག་མར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཆེད་ཐེག་པ་ཆེན་པོ་དང་། ལྷག་པར་ཟབ་ལམ་རྡོ་རྗེ་ཐེག་པའི་ཆོས་གསན་པར་བྱ་སྙམ་པའི་ཀུན་སློང་སྔོན་དུ་གཏང་དགོས་པར་གདམས་ཏེ། འཇམ་དཔལ་མཚན་བརྗོད་རྩ་བའི་ལེའུ་དང་པོ་ཞུས་པའི་ལེའུའི་སྙིང་པོའི་དོན་གྱི་བཤད་པའམ་ངེས་དོན་གྱི་བཤད་པ་དང་། རྩ་ཚིག་ལེའུ་གཉིས་པ་སླར་གསུངས་པའི་ལེའུ་དང་ལེའུ་གསུམ་པ་རིགས་དྲུག་ལ་གཟིགས་པའི་ལེའུའི་སྒྲ་ཇི་བཞིན་པའི་བཤད་པ། དེ་ནས་རྒྱ་ཆེར་བཤད་པའི་ལེའུ་གསུམ་པའི་བར་བཤད་ཁྲིད་ཟིན་པར་མཛད།
གསུང་ཆོས་ཀྱི་ཉིན་ལྔ་པར། ཐོག་མར་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་དམ་ཆོས་ཟབ་མོ་གསན་པར་བྱ་སྙམ་པའི་ཀུན་སློང་ཀུན་བཅོས་ཀྱི་རིམ་པ་རྣམས་སྔོན་དུ་བཏང་སྟེ་ཆོས་གསན་པར་བྱ་བར་གདམས་ཏེ། འཇམ་དཔལ་མཚན་བརྗོད་རྩ་བའི་ལེའུ་གསུམ་པ་རིགས་དྲུག་ལ་གཟིགས་པ་ནས་ལེའུ་ལྔ་པ་བྱང་སེམས་རྡོ་རྗེའི་བར་སྒྲ་ཇི་བཞིན་པའི་བཤད་པ་དང་། དེ་བཞིན་འཇམ་དཔལ་མཚན་བརྗོད་རྩ་བའི་ལེའུ་ལྔ་པ་བྱང་སེམས་རྡོ་རྗེ་ནས་ལེའུ་བརྒྱད་པ་སོ་སོར་རྟོགས་པའི་ཡེ་ཤེས་ལ་བསྟོད་པའི་བར་ལུང་འདོན། དེ་ནས་རྒྱ་ཆེར་བཤད་པའི་ལེའུ་བཞི་པ་སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པ་དང་ལེའུ་ལྔ་པ་བྱང་སེམས་རྡོ་རྗེའི་བར་བཤད་ཁྲིད་བཅས་བསྩལ།
གསུང་ཆོས་ཀྱི་ཉིན་དྲུག་པར། ཐོག་མར་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་གསན་པར་བྱ་སྙམ་པའི་ཀུན་སློང་ཀུན་བཅོས་ཀྱི་རིམ་པ་རྣམས་སྔོན་དུ་བཏང་སྟེ་ཆོས་གསན་པར་བྱ་བར་གདམས་ཏེ། རྒྱ་ཆེར་བཤད་པའི་ལེའུ་དྲུག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པའི་བཤད་ཁྲིད་དང་། འཇམ་དཔལ་མཚན་བརྗོད་རྩ་བའི་ལེའུ་དྲུག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་བཅད་དགུ་པའི་བར་སྒྲ་ཇི་བཞིན་པའི་བཤད་པ་བཅས་བཀའ་དྲིན་ཆེ་བར་མཛད།
གསུང་ཆོས་ཀྱི་ཉིན་བདུན་པར། ཐོག་མར་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་གསན་པར་བྱ་སྙམ་པའི་ཀུན་སློང་ཀུན་བཅོས་ཀྱི་རིམ་པ་རྣམས་སྔོན་དུ་གཏང་དགོས་པར་གདམས་ཏེ། འཇམ་དཔལ་མཚན་བརྗོད་རྩ་བའི་ལེའུ་དྲུག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་བཅད་བཅུ་པ་ནས་ཆ་ཚང་དང་། ལེའུ་བདུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་བཅས་ཀྱི་སྒྲ་ཇི་བཞིན་པའི་བཤད་པ་གནང་བ་མ་ཟད། རྒྱ་ཆེར་བཤད་པའི་ལེའུ་བདུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་དང་། ལེའུ་བརྒྱད་པ་སོ་སོར་རྟོགས་པའི་ཡེ་ཤེས་ལ་བསྟོད་པ་བཅས་ཀྱི་བཤད་ཁྲིད་ཀྱང་བསྩལ།
གསུང་ཆོས་ཀྱི་ཉིན་བརྒྱད་པར། ཐོག་མར་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་གསན་པར་བྱ་སྙམ་པའི་སྣོད་ཀྱི་སྐྱོན་གསུམ་སྤོང་བ་དང་གཉེན་པོ་འདུ་བྱེད་དྲུག་བསྟེན་པའི་ཀུན་སློང་ཀུན་བཅོས་ཀྱི་རིམ་པ་རྣམས་སྔོན་དུ་གཏང་དགོས་པར་གདམས་ཏེ། འཇམ་དཔལ་མཚན་བརྗོད་རྩ་བའི་ལེའུ་བརྒྱད་པ་སོ་སོར་རྟོགས་པའི་ཡེ་ཤེས་ལ་བསྟོད་པའི་སྒྲ་ཇི་བཞིན་པའི་བཤད་པ་དང་། རྩ་བའི་ལེའུ་དགུ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ལེའུ་བཅུ་པ་བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ། ལེའུ་བཅུ་གཅིག་པ་ཡེ་ཤེས་ལྔའི་སྒོ་ནས་རིགས་ལྔ་ལ་བསྟོད་པ་བཅས་ཀྱི་ལུང་འདོན། དེ་བཞིན་རྒྱ་ཆེར་བཤད་པའི་ལེའུ་དགུ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ལེའུ་བཅུ་པ་བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ། ལེའུ་བཅུ་གཅིག་པ་ཡེ་ཤེས་ལྔའི་སྒོ་ནས་རིགས་ལྔ་ལ་བསྟོད་པ། ལེའུ་བཅུ་གཉིས་པ་སྔགས་ཀྱི་ལེའུ། ལེའུ་བཅུ་གསུམ་པ་རྗེས་སུ་ཡི་རང་བ་བཅས་ཀྱི་བཤད་ཁྲིད་ཀྱང་བསྩལ།
ཕྱི་ཚེས་ ༡༧ ཉིན་སྔ་དྲོ་དཔལ་ལྡན་གསང་ཆེན་རྒྱུད་སྟོད་གྲྭ་ཚང་གིས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེར་གནས་བརྟན་ཕྱག་མཆོད་སྒོ་ནས་བརྟན་བཞུགས་མདོར་བསྡུས་བསྟར་འབུལ་ཞུས།
ཚེས་ ༡༧ ཉིན་གྱི་ཕྱི་དྲོར་གསུང་ཆོས་ཀྱི་ཉིན་དགུ་པ་སྟེ་མཐའ་མར། ཐོག་མར་རྙེད་དཀའ་བའི་དལ་རྟེན་ཐོབ་པ་དང་། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དང་མཇལ་བ། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་བ། རང་ལ་བླང་དོར་འབྱེད་པའི་ནུས་པ་ཕྲན་བུ་ཡོད་པ་བཅས་ཀྱི་སྐབས་འདིར་དགའ་བ་བསྒོམས་ཏེ་སྐྱོན་གསུམ་སྤངས་པའི་སྒོ་ནས་ཆོས་འཆད་ཉན་དགོས་པར་གདམས་ཏེ། འཇམ་དཔལ་མཚན་བརྗོད་རྩ་བའི་ལེའུ་དགུ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ལེའུ་བཅུ་པ་བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པ། ལེའུ་བཅུ་གཅིག་པ་ཡེ་ཤེས་ལྔའི་སྒོ་ནས་རིགས་ལྔ་ལ་བསྟོད་པ། ལེའུ་བཅུ་གཉིས་པ་སྔགས་ཀྱི་ལེའུ། ལེའུ་བཅུ་གསུམ་པ་རྗེས་སུ་ཡི་རང་བ་བཅས་ཀྱི་སྒྲ་ཇི་བཞིན་པའི་བཤད་པ་བཀའ་ཁྲིད་བསྐྱངས་པ་མ་ཟད། མཐར་འཇམ་དཔལ་མཚན་བརྗོད་འདི་བཞིན་རྒྱུད་ཀྱི་རྒྱལ་པོའམ་སྙིང་པ་ལྟ་བུ་ཡིན་རུང་། འདོན་ཆོས་ཙམ་ལས་ཐོས་བསམ་གནང་མཁན་དཀོན་ཚུལ་དང་། འདིའི་རྒྱ་འགྲེལ་དང་བོད་འགྲེལ་རྣམས་ཀྱི་སྐོར་དང་དེ་དག་ལ་སློབ་སྦྱོང་གནང་དགོས་ཚུལ། འཇམ་དཔལ་མཚན་བརྗོད་འདོན་ཐབས་དང་ཁྲིད་རྒྱུན་སྐོར། ཐོག་མར་ཀུན་སློང་གལ་ཆེ་བ་བཞིན་མཐར་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་དགོས་ཚུལ་ཇི་ཙམ་གལ་ཆེ་ཡིན་པ་བཅས་ཀྱི་སྐོར་རྒྱས་པར་གསུངས་ཏེ་གསུང་ཆོས་གྲུབ་བོ།།