༈  རྒྱ་གར་ལྷོ་ཕྱོགས་མོན་གོར་དུ་མཛད་འཕྲིན་བསྐྱངས་པ།

༄༅།།  ༢༠༡༩ ཕྱི་ཟླ་ ༡༢ ཚེས་ ༡༠ ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཧུབ་ལི་གནམ་ཐང་དུ་ཕེབས་འབྱོར་སྐབས་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་ཚོགས་མི་དང་།  བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད།  འབྲས་སྤུངས་ཚ་བ་ཁམས་ཚན་གྱི་ལས་སྣེ་སོགས་ཀྱིས་བསུས་ཏེ་མོར་གོར་འབྲས་སྤུངས་བློ་གསལ་གླིང་ཚ་བ་ཁམས་ཚན་དུ་གདན་འདྲེན་ཞུས།

ཚེས་ ༡༡ ཉིན་མཇལ་བཅར་བ་རྣམས་ལ་དུས་ཚོད་བསྩལ།

ཚེས་ ༡༢ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མོར་གོར་དུ་ཆིབས་བསྒྱུར་སྐབས་འབྲས་སྤུངས་བླ་སྤྱིར་ཕེབས་བསུར་བཅར།  ཉིན་རྒྱབ་མཇལ་བཅར་བ་རྣམས་ལ་དུས་ཚོད་གནང་།

ཚེས་ ༡༣ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་དུ་གནས་ཆུང་ཆོས་སྐྱོང་ཆེན་མོ་སྤྱན་འདྲེན་ལ་བཅར།  དེ་རྗེས་མཇལ་བཅར་བ་རྣམས་ལ་དུས་ཚོད་གནང་།  ཉིན་རྒྱབ་རྒྱ་གར་བ་དཔོན་རིགས་འགའ་ཤས་དང་མཇལ། དེའི་མཚན་མོ་བློ་གསལ་གླིང་གི་མཚན་ཕུད་དམ་བཅར་ཕེབས་ཏེ་ཚོུད་གཉིས་ཙམ་གཟིགས་ཞིབ་གནང་།

ཚེས་ ༡༤ ཉིན་སྔ་དྲོ་༧གོང་ས་མཆོག་གིས་འབྲས་སྤུངས་སྒོ་མང་ཆོས་རྭ་གསར་པའི་དབུ་འབྱེད་མཛད་སྒོ་སོགས་དང་། ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་བཅས་སུ་བཅར།  ཉིན་རྒྱབ་མཇལ་བཅར་བ་རྣམས་ལ་དུས་ཚོད་བསྩལ།

ཚེས་ ༡༥ ཉིན་སྔ་དྲོ་༧གོང་ས་མཆོག་འབྲས་སྤུངས་སྒོ་མང་ནས་འབྲས་སྤུངས་བློ་གསལ་གླིང་དུ་༧ཞབས་སོར་འཁོད་སྐབས་བློ་གསལ་གླིང་གི་ཕེབས་སྟོན་མཛད་སྒོར་བཅར།  ཉིན་རྒྱབ་མོན་སྐྱིད་མོ་ལྗོངས་ནས་ཕེབས་པའི་ཆོས་ཞུ་བ་ ༣༠༠ ཙམ་དང་།  ཨ་རི་ནས་ཕེབས་པའི་ཚོ་ཁག་ཅིག  དེ་བཞིན་མཇལ་མི་གཞན་རྣམས་ལ་རིམ་བཞིན་མཇལ་ཁའི་གོ་སྐབས་གནང་།

ཚེས་ ༡༦ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་དུ་༧གོང་ས་མཆོག་གིས་རྗེ་ཚད་འཛིན་མའི་ཚེ་དབང་བསྩལ་བར་བཅར།  ཉིན་རྒྱབ་སོག་པོ་དང་། ཨ་རི། ཨོ་གླིང་། ཐའི་ཝན་སོགས་ནས་ཕེབས་པའི་མི་ཚོགས་དང་།  དེ་བཞིན་མཇལ་བཅར་བ་གཞན་ལ་དུས་ཚོད་གནང་།

ཚེས་ ༡༧ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པ་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་བའི་ཕོ་བྲང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་མཇལ་ཞུར་བཅར་སྐབས་ལྷན་བཅར་ཞུས།  ཉིན་རྒྱབ་མཇལ་བཅར་བ་རྣམས་ལ་དུས་ཚོད་གནང་།  ཕྱི་དྲོ་ཐའི་ཝན་ཚོ་ཁག་ཅིག་ལ་མཇལ་ཞུའི་གོ་སྐབས་དང་།  དེ་རྗེས་ཨ་རིའི་ཚོ་ཁག་ཅིག་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་བཅས་རིམ་བཞིན་བསྩལ།

ཚེས་ ༡༨ ཉིན་སྔ་དྲོ་༧གོང་ས་མཆོག་འབྲས་སྤུངས་བློ་གསལ་གླིང་ནས་དགའ་ལྡན་དུ་ཆིབས་ཞལ་བསྒྱུར་སྐབས་བློ་གསལ་གླིང་དུ་བཅར།

དེ་རྗེས་བྲག་གཡབ་ཆུང་ཚང་རིན་པོ་ཆེས་གསོལ་འདེབས་ཞུས་པ་བཞིན་མོན་གོར་བོད་མིའི་གཞིས་ཀེམ་བཞི་པའི་ཉེ་འགྲམ་དུ་ཆགས་པའི་བསངས་གསོལ་གནས་ནོར་བུ་རིར་གསར་དུ་བཞེངས་པའི་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་ཞལ་ཕྱེ་དང་།  དེར་འདུས་སྦྱིན་བདག་དང་མང་ཚོགས་བཅས་ལ་གསུང་བཤད་གནང་།

ཉིན་རྒྱབ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་དུ་ “༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་།  བོད་མི་མང་གི་འགན་ཁུར་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་།  དྲི་བ་ཁག་ལ་ལན་འདེབས་བཅས་གནང་།

ཕྱི་དྲོ་མཇལ་བཅར་བ་རྣམས་ལ་དུས་ཚོད་བསྩལ། ཚེས་ ༡༩ ཉིན་སྔ་དྲོ་མཇལ་བཅར་བ་རྣམས་ལ་དུས་ཚོད་གནང་། དེ་རྗེས་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཟངས་འབུམ་བླ་བྲང་དུ་བློ་གསལ་གླིང་གི་སྤྲུལ་སྐུ་རྣམ་པ་འདུ་འཛོམས་སར་བཅར།

ཕྱི་དྲོ་ཐའི་ཝན་ནས་ཕེབས་པའི་ཚོ་ཁག་ཅིག་དང་།  དེ་བཞིན་མཇལ་བཅར་བ་གཞན་རྣམས་ལ་རིམ་བཞིན་དུས་ཚོད་བསྩལ།

ཚེས་ ༢༠ ཉིན་སྔ་དྲོ་དགའ་ལྡན་བླ་སྤྱིར་༧གོང་ས་མཆོག་གིས་རྗེ་ཙོང་ཁ་པའི་ཐོག་རྒྱལ་སྤྱིའི་ཚོགས་ཆེན་དབུ་འབྱེད་གནང་བའི་མཛད་སྒོར་བཅར།

ཉིན་རྒྱབ་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ལས་ཐོག་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལམ་སྟོན་གསུང་བཤད་གནད་སྨིན་བསྩལ།

ཕྱི་དྲོ་རྒྱ་རིགས་ཚོ་ཁག་ཅིག་དང་། སོག་པོའི་ཚོ་ཁག་ཅིག། དེ་བཞིན་གཞན་རྣམས་ལ་རིམ་བཞིན་མཇལ་ཁའི་དུས་ཚོད་གནང་།

ཚེས་ ༢༡ ཉིན་སྔ་དྲོ་དགའ་ལྡན་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་རྗེ་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་བཅར།

ཕྱི་དྲོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་རིན་པོ་ཆེའི་རྣམ་ཐར་སྐོར་བགྲོ་གླེང་ཚོགས་འདུའི་ཐོག་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་སྐོར་གསུང་བཤད་གནང་བ་མ་ཟད།  དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཞིང་།  སྐབས་དེར་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་།  སྤྱི་ཟུར་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཀྱང་གསུང་བཤད་གནང་ཡོད།

ཚེས་ ༢༢ ཉིན་སྔ་དྲོ་དགའ་ལྡན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་སར་བཅར།

ཕྱི་དྲོ་སིང་ག་པུར་ནས་ཕེབས་པའི་རྒྱ་རིགས་ཚོ་ཁག་ཅིག་སོགས་མཇལ་བཅར་བ་རྣམས་ལ་རིམ་བཞིན་དུས་ཚོད་བསྩལ།

ཚེས་ ༢༣ ཉིན་མཇལ་བཅར་བ་མང་པོ་ཞིག་ལ་རིམ་བཞིན་མཇལ་ཞུའི་དུས་ཚོད་གནང་།

ཚེས་ ༢༤ ཉིན་སྔ་དྲོ་༧གོང་ས་མཆོག་མོན་གོར་ནས་ཆིབས་ཞལ་བསྒྱུར་སྐབས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཕེབས་སྐྱེལ་ཞུ་བར་བཅར།

ཚེས་ ༢༥ ཉིན་སྔ་དྲོ་མོན་གོར་འབྲས་སྤུངས་བློ་གསལ་གླིང་ཚྭ་བ་ཁམས་ཚན་ནས་སྣུམ་འཁོར་ཐོག་ཕེབས་ཐོན་གྱིས་ཕྱི་དྲོ་སྦེང་ལོར་དུ་རྟེན་གཞི་བྱས་པའི་ Valley School ལ་འབྱོར་བ་བཅས།