༈ སྤོན་ཊ་ས་གནས་སུ་གསུང་བཤད་དང་གསུང་ཆོས་སོགས་གནང་བ།
༄༅།། ཇི་ལྟར་དཔལ་ཞ་ལུ་དགོན་པ་དང་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཐུན་མོང་ནས་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཞ་ལུ་དགོན་གྱི་ཕྱག་མཛོད་དང་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་བརྒྱ་དཔོན་དང་བཅས་ ༢༠༡༩ ཕྱི་ཟླ་ ༨ ཚེས་ ༢༥ ཉིན་སྔ་དྲོ་བཞུགས་སྒར་དྷ་ས་ནས་སྣུམ་འཁོར་ཐོག་ཕེབས་ཐོན་གྱིས་ཕྱི་དྲོ་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་འབྱོར་སྐབས་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སོགས་ལས་སྣེ་རྣམ་པ་དང་། ཞ་ལུ་དགོན་གྱི་ལས་སྣེ་རྣམ་པ། སྤོན་ཊ་སཾབྷོཊ་གཏན་སློབ་ཀྱི་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག དེ་བཞིན་མང་ཚོགས་བཅས་ཀྱིས་བཟོ་ཚོགས་མགྲོན་ཁང་དུ་བསུས།
སྤོན་ཊ་སཾབྷོཊ་གཏན་སློབ་ནས་ཞུས་པ་བཞིན་ ༢༠༡༩ ཕྱི་ཟླ་ ༨ ཚེས་ ༢༦ ཉིན་ཕྱི་དྲོ་སྤོན་ཊ་སཾབྷོཊ་གཏན་སློབ་ཏུ་ཆེད་ཕེབས་ཀྱིས་ཐོག་མར་སློབ་སྤྱི་མཆོག་གིས་དགའ་བསུའི་གསུང་བཤད་དང་འབྲེལ་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་གནང་། དེ་ནས་སློབ་ཕྲུག་ཁག་ཅིག་གིས་བློ་རིག་སྡོམ་ཚིག་ངག་ཐོག་ནས་རྒྱུགས་འབུལ་དང་། སློབ་ཕྲུག་གཞན་ཁག་གཉིས་ཀྱིས་རིགས་ལམ་བགྲོ་གླེང་གནང་། དེ་ནས་རིན་པོ་ཆེ་མཆོག་གིས་གང་བློ་མའི་འགྲེལ་བཤད་དང་ལྗགས་ལུང་བཅས་གནང་ཞིང་། དེ་ནས་བླང་དོར་ལམ་སྟོན་གྱི་གསུང་བཤད་ཕེབས་དོན་དུ། ད་ལྟའི་འཛམ་གླིང་ནང་དཀའ་ངལ་མང་པོ་ཡོད་པའི་ནང་ནས་འཚེ་བ་དང་ཁོར་ཡུག་གི་གནས་སྟངས་བཅས་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་པའི་སྐོར་གཉིས་ཟུར་བཏོན་དང་། ད་ལྟ་སློབ་ཕྲུག་ཚོས་སློབ་གཉེར་གནང་བཞིན་པ་དེས་དཀའ་ངལ་དེ་གཉིས་སེལ་ཐབས་སུ་འབྲེལ་ཆགས་ཡོད་མེད་སྐོར་དགོངས་པ་བཞེས་དགོས་ཚུལ་སོགས་རྒྱས་པར་གསུངས། དེ་རྗེས་དྲི་བར་ལན་འདེབས་གནང་ཞིང་། མཐར་སློབ་གྲྭའི་དགེ་རྒན་ཆེན་མོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ།
དེ་ནས་སྤོན་ཊ་ས་གནས་འགོ་འཛིན་གྱིས་གསོལ་འདེབས་ཞུས་པ་བཞིན་སྤོན་ཊ་གཞིས་ཆགས་ཀྱི་རྒས་འཁོགས་དགུང་ལོ་ ༧༤ ཡན་སོན་པ་རྣམས་མཇལ་འཕྲད་ཀྱིས་སྐུ་གཟུགས་ཡག་པོ་བདག་གཅེས་དང་། འཕྲོད་བསྟེན་ཐོག་ཐུགས་སྣང་། ཐུགས་སེམས་གུ་ཡངས། ཁ་འདོན་དགེ་སྦྱོར་སོགས་གང་ལེགས་གནང་དགོས་པའི་ལམ་སྟོན་གནང་།
༢༠༡༩ ཕྱི་ཟླ་ ༨ ཚེས་ ༢༧ ཉིན་སྔ་དྲོ་ཐོག་མར་དཔལ་ཞ་ལུ་དགོན་པའི་ནང་བྱང་ཆུབ་མཆོད་རྟེན་ལ་རབ་གནས་བཀའ་དྲིན་བསྐྱངས་རྗེས། དགེ་འདུན་པ་དང་། མི་མང་། དགེ་ལས་སློབ་ཕྲུག་ཡོངས་ལ་སྐྱབས་འགྲོ་དང་། ལས་རྒྱུ་འབྲས། སེམས་བསྐྱེད་བཅས་ཀྱི་སྐོར་གསུང་ཆོས་གནང་ཞིང་། སྐབས་དེར་སྤོན་ཊ་ས་གནས་མ་ཟད། གཡས་གཡོན་གྱི་གཞིས་ཆགས་ཁག་ནས་ཀྱང་མང་ཚོགས་ཕེབས་འདུག
༢༠༡༩ ཕྱི་ཟླ་ ༨ ཚེས་ ༢༨ ཉིན་སྔ་དྲོ་དཔལ་ཞ་ལུ་དགོན་པའི་གཙུག་ལག་ཁང་གི་མདུན་ཐང་དུ་ཆེད་ཕེབས་ཀྱིས་ཚེ་མཇུག་ཏུ་བསམ་བློ་ཇི་ལྟར་གཏང་དགོས་མིན་སྐོར་གསུང་བཤད་གནང་ཞིང་། དེ་ཡང་ཐོག་མར་ས་གནས་འགོ་འཛིན་གྱིས་དགའ་བསུའི་གསུང་བཤད་དང་། དེ་ནས་རིན་པོ་ཆེས་ཚེ་མཇུག་ཏུ་བསམ་བློ་ཇི་ལྟར་གཏོང་རྒྱུ་དེའང་གཙོ་བོ་ཚེ་སྟོད་ལ་ཇི་ལྟར་གནང་མིན་ལ་ཐུག་ཡོད་ཚུལ་དང་། ཚེ་མཇུག་དེའང་མཐར་ཐུག་ན་འཆི་ཁ་མ་དེ་ཡིན་ཚུལ། འཆི་ཁ་མ་ཇི་ལྟར་བསམ་བློ་གཏོང་དགོས་ཚུལ་སོགས་ལས་བརྩམས་ཏེ་གསུང་བཤད་རྒྱས་པར་གནང་སོང་། མཐར་དཔལ་ཞ་ལུ་དགོན་པའི་དགེ་བཤེས་རྣམ་རྒྱལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གྲོལ། སྐབས་དེར་སྤོན་ཊའི་ཁུལ་གྱི་དགེ་འདུན་པ་དང་། མི་མང་། དགེ་ལས་སློབ་ཕྲུག་སོགས་ཕེབས་པ་མ་ཟད། ཉེ་འགྲམ་གྱི་དགོན་སྡེ་དང་ས་ཁུལ་ནས་ཀྱང་མང་ཚོགས་ཕེབས་འདུག
ཇི་ལྟར་དཔལ་ཞ་ལུ་དགོན་པས་གསོལ་འདེབས་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༩ ཕྱི་ཟླ་ ༨ ཚེས་ ༢༨ ཉིན་རྒྱབ་དཔལ་ཞ་ལུ་དགོན་པའི་ཚོགས་ཁང་དུ་དཔལ་ཞ་ལུ་དགོན་པའི་ལས་སྣེ་རྣམས་ལ་ལམ་སྟོན་གསུང་བཤད་གནང་འདུག
༢༠༡༩ ཕྱི་ཟླ་ ༨ ཚེས་ ༢༩ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ནས་ཕེབས་ཐོན་གྱིས་ལམ་བར་དུ་ལ་ཁན་ཝཱ་ལ་གཞིས་ཆགས་སུ་དཔལ་གོང་དཀར་ཆོས་སྡེའི་ཚེ་སྒྲུབ་ལྷ་ཁང་སོགས་ལ་རབ་གནས་བསྐྱངས་པ་མ་ཟད། གོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེས་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་གནམ་ཐོག་དེཧརཱ་དཱུན་ནས་མུམྦཨཱི་ཕྱོགས་སུ་ཐོན་སྐབས་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་། དཔལ་ཞ་ལུ་དགོན། ལ་ཁན་ཝཱ་ལ་བོད་མིའི་གཞིས་ཆགས། དཔལ་གོང་དཀར་ཆོས་སྡེ་བཅས་ཀྱི་ལས་སྣེ་རྣམས་ཀྱིས་དེཧརཱ་དཱུན་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།།