༈ རྒྱ་གར་གྲོང་ཁྱེར་པུ་ཎེ་རུ་ཕྱོགས་ཕེབས་གནང་བ།
༄༅།། ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་དིལླཱི་ནས་པུ་ཎེ་རུ་ཕེབས་འབྱོར་གྱིས། ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་སྔ་དྲོ་རྒྱ་གར་གྱི་རང་དབང་ལས་འགུལ་ (Indian Freedom Movement) དང་འབྲེལ་བ་གཏིང་ཟབ་ཡོད་པ་ཨ་གཱ་ཁཱན་རྒྱལ་ཁང་ (Agha Khan Palace) དུ་གནས་གཟིགས་སུ་ཕེབས་སྐབས་དེར་སྣེ་ཤན་པས་སྣེ་ལེན་གྱིས་ཁང་ཁུངས་རེར་འགྲེལ་བཤད་ཞིབ་ཚགས་ཞུས་ཤིང་།
རྒྱལ་ཁང་དེ་ནི་རྒྱ་གར་གློད་བཀྲོལ་ལས་འགུལ་ (Quit India Movement) སྤེལ་སྐབས་ཨིན་ཇིའི་སྲིད་གཞུང་གིས་ ༡༩༤༢ ཕྱི་ཟླ་ ༨ ཚེས་ ༩ ནས་ ༡༩༤༤ ཕྱི་ཟླ་ ༥ ཚེས་ ༦ བར་ཟླ་བ་ཉེར་གཅིག་རིང་བདག་ཉིད་ཆེན་པོ་གཱཾདྡྷཱི་དང་། ཁོང་གི་ཆུང་མ་ཀསྟཱུརྦཱ། ཁོང་གི་སྒེར་དྲུང་མཧཱ་དེབ་དེསཱཨཱི། སརོཇིནཱི་ནཱཡ་ཌཱུ། མཱི་རཱ་བེན་སོགས་བཙོན་འཇུག་ཞུ་ས་ཡིན་པ་མ་ཟད། ཁོང་གི་ཆུང་མ་ཀསྟཱུརྦཱ་དང་སྒེར་དྲུང་མཧཱ་དེབ་དེསཱཨཱི་འདས་གྲོངས་སོང་བའི་གནས་དེའང་ཡིན་འདུག
ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨེས་ཨེམ་ཇོ་ཤཱི་སྤྱི་ཚོགས་རིང་ལུགས་པའི་ཐེབས་རྩའི་ཚོགས་ཁང་དུ་བདག་ཉིད་ཆེན་པོ་གཱཾདྷཱི་འཁྲུངས་ཏེ་ལོ་བརྒྱ་དང་ལྔ་བཅུ་འཁོར་བའི་དུས་དྲན་དུ་ “གཱཾདྷཱི་༡༥༠” ཞེས་པའི་ལོ་གསུམ་ཧྲིལ་པོའི་རིང་ལས་འགུལ་སྣ་ཚོགས་སྤེལ་རྒྱུའི་ལས་འགུལ་དབུ་འབྱེད་བསྐྱངས་ཡོད། དེའང་ཐོག་མར་རིན་པོ་ཆེས་གཙོས་སྐུ་མགྲོན་རྣམ་པས་སྣང་གསལ་མར་མེ་ཞལ་དབྱེ་གནང་ཞིང་། དེ་ནས་སྐུ་ཞབས་སུ་གན་བ་རན་ཋ་ (Dr. Sugan Baranth) ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གནང་རྗེས། སྐུ་མགྲོན་རྣམས་ལ་དགའ་བསུ་མཚོན་ཆེད་ཁཱ་དཱི་སྐུད་པའི་ཕྲེང་བ་དང་རས་གོས་རེ་བསྐོན། དེ་ནས་གཱཾདྡྷཱིའི་རྗེས་འཇུག་པ་གྲགས་ཅན་ལྕམ་སྐུ་རཱདྷཱ་བྷཊྚ་དང་བཻདྱ་གཉིས་ནས་གསུང་བཤད་གནང་རྗེས། མཧཱརཱཥྚྲ་སརྦོདཡ་མཎྜལ་གྱི་དུས་དེབ་ཀྱི་དམིགས་བསལ་འདོན་ཐེངས་དབུ་འབྱེད་བསྐྱངས། དེ་རྗེས་བརྡྷཱ་སེབཱ་གྲཱམ་བསྟི་གནས་ཀྱི་ཚོགས་གཙོ་ཇཡ་བནྟ་མཏཀར་ (Jaywant Matkar, President, Sevagram Ashram Pratishthan) ནས་གསུང་བཤད་གྲུབ་འཕྲལ། ལས་འགུལ་དབུ་འབྱེད་མཛད་པོ་རིན་པོ་ཆེས་གསུང་བཤད་གནང་སྟེ། འདི་ལྟ་བུའི་གོ་སྒྲིག་གནང་བ་ནི་རྒྱ་གར་ཙམ་མ་ཟད། འཇིག་རྟེན་སྤྱི་ལ་གལ་ཆེའི་རང་བཞིན་ཡིན་ཚུལ་དང་། ལས་འགན་ནི་སྐྱེས་ཙམ་ཉིད་ནས་གྲུབ་པ་ཡིན་ལུགས། དཀའ་རྙོག་སེལ་སྟངས་སྐོར་བདེན་པ་བཞིའི་རང་བཞིན་དེ་དགོས་ཚུལ། དེང་རབས་ཀྱིས་ཆ་མི་སྙོམ་པ་ལྔ་ (ལུས་དང་སེམས། རང་དང་གཞན།
གང་ཟག་དང་སྤྱི་ཚོགས། འགྲན་བསྡུར་དང་མཉམ་ལས། ཐོབ་ཐང་དང་ལས་འགན།) བསྐྲུན་ཚུལ། དེ་དག་མི་སྙོམ་པ་ལས་དབུལ་ཕྱུག་གི་ཁྱད་པར་ཇེ་ཆེ་དང་། འཚེ་བ་ཇེ་འཕེལ། ཁོར་ཡུག་ཉམས་ཆག་ཇེ་སོང་། ཆོས་ལ་བརྟེན་ནས་བཟོད་བསྲན་མེད་པ་ཇེ་འཕེལ་བཅས་བྱུང་ཚུལ། དེ་དག་མེད་པ་བཟོ་ཐབས་ཚན་རིག་དང་། འཕྲུལ་ལས། མགོ་ཁྲིད་བཅས་ལ་མེད་ཚུལ། ༡༥༠ ལས་འགུལ་འདིའི་ཐོག་ནས་འབྱུང་འགྱུར་ལོ་ ༥༠༠ རིང་གི་འཆར་གཞི་བསྒྲིག་ཐུབ་དགོས་པ། དེའི་ཆེད་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་གྱི་ཉེས་སྐྱོན་ལེགས་པར་ཤེས་དགོས་པ། གྲོང་གསེབ་ཀྱི་རང་སྐྱོང་ལག་བསྟར་དགོས་པ། ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་དགོས་པ་སོགས་ཟབ་རྒྱས་གསུངས་ཏེ་ལས་འགུལ་དབུ་འཛུགས་བསྐྱངས་པའི་གསལ་བསྒྲགས་ཀྱང་གནང་།
དེ་ནས་ཁྲིམས་རྩོད་པ་སྐུ་ཞབས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲུབ། དེ་ནི་རྒྱ་གར་རྒྱལ་ཡོངས་གཱཾདྷཱི་དང་འབྲེལ་བའི་ཚོགས་པ་གྲགས་ཆེ་འགའ་ཤས་མཉམ་འདུས་ཀྱིས་སྤེལ་བའི་ལས་འགུལ་ཞིག་ཡིན་པ་དང་། སྐབས་དེར་གཱཾདྷཱིའི་རྗེས་འཇུག་གྲགས་ཆེ་བ་མང་པོ་ཕེབས་འཛོམས་འདུག་པ་བཅས།